【ནང་དོན་གནད་བསྡུས】
དབེན་གནས་ལྷུན་གྲུབ་རྩེའི་ཕྱོགས་ཀྱི་རྔེགས་ཡུལ་ཞེས་པ་དེ། རུས་མིང་རྔེགས་ཅེས་པ་ཡུལ་ལ་ཐོག་པ་ཡིན་པ་དང་། ར་སེ་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས ཏུན་ཧོང་ཡིག་རྙིང་ནང་དུ་བྱུང་བའི་རྔེགས་ཅེས་པའི་ཐ་སྙད་དེ། དོན་དུ་རུས་རྙགས་ཅེས་པ་དེ་རེད་ཅེས་སྒྲུབ་བྱེད་འགའ་བཏང་འདུག་པ་རྣམས་མི་འཐད་ཚུལ་དང་། རྔེགས་ཅེས་པའི་རུས་མིང་འདི་ཏུན་ཧོང་མ་ཡིག་ནང་སོགས་གནའ་སྔ་ནས་ཡོད་པའི་ཁུངས་དང་སྒྲུབ་བྱེད་འགའ་ཞིག་བཀོད་ཡོད།
【གནད་ཚིག】
དབེན་གནས་ལྷུན་རྩེ། རུས་རྔེགས། ཏུན་ཧོང་ཡིག་རྙིང་།
.
ཉིན་འགའ་ཞིག་གི་སྔོན་ལ(1)ཆབ་མདོ་འགུ་རོ་གྲོང་གི་ཕྱོགས་སུ་ཕྱིན་པས། དེའི་ཕྱོགས་ཀྱི་དབེན་གནས་ལྷུན་གྲུབ་རྩེའི་སྐོར་ལ་ཡང་བསྐྱར་དོ་སྣང་བྱུང་། ཞལ་སྔ་ཆོས་འབྱུང་འཕྲོ་མཐུད་དང(2)། ཆབ་མདོའི་གདན་རབས(3)། འཕགས་པ་ལྷ་བདུན་པའི་རྣམ་ཐར་ཆེན་མོ(4)རྣམས་ཀྱི་ནང་དུ། ལྷུན་རྩེའི་སྐོར་གསལ་བས། དེ་རྣམས་ཀློག་སྐབས་ཞལ་སྔ་ཆོས་འབྱུང་འཕྲོ་མཐུད་ཀྱི་ནང་དུ“རྔེ་ཕུ་ལྷུན་གྲུབ་ཡང་རྩེ”ཞེས་འཁོད་འདུག ། ཡོངས་གྲགས་སུ་རྔེ་ཕུ་ཟེར་བ་ནི་ཆབ་མདོའི་ཤར་ཕྱོགས། རྔེགས་གཤིས་ཤང་ཁོངས་སུ་ཡོད་པའི་རྔེ་ཕུ་མ་ཟེར་བ་ལ་དེ་ལྟར་འབོད་པ་གོམས་སྟབས། ངོམ་ཆུའི་རྒྱུད་ཀྱི་འགུ་རོའི་ཐད་ལ་རྔེ་ཕུ་ཞེས་འབོད་པ་ནི་ནོར་འདུག་སྙམ་ནས། དབེན་གནས་ལྷུན་རྩེ་ཡོད་པའི་གནས། ཆབ་མདོའི་གདན་རབས་ལས་བྲིས་པའི“རྡོ་ཕུ་ལྷུན་གྲུབ་ཡང་རྩེ”བྱ་བ་དེ་དག་པ་ལས། ཞལ་སྔ་ཆོས་འབྱུང་འཕྲོ་མཐུད་ནང་དེ་ནོར་བ་ཡིན་པའི་གསལ་བཤད་ཐུང་ངུ་ཞིག་བྲིས་ནས་སྤེལ།
སྤྱིར་ལྷུན་གྲུབ་ཡང་རྩེ་བྱ་བ་འདི་ལ་དབེན་གནས་ལྷུན་གྲུབ་རྩེ་ཡང་ཟེར། གནས་འདི་ནི་འཕགས་པ་ལྷ་སྐུ་ཕྲེང་ལྔ་པས(༡༦༤༤_༡༧༡༣)གསར་བཞེངས་མཛད་པ་ནས། འཕགས་པ་ལྷ་བདུན་པས(༡༧༥༥_༡༧༩༤)གཟིམས་ཁང་བླ་བྲང་གསང་སྔགས་བྱང་ཆུབ་དགའ་ཚལ་ཡང་གསར་བཞེངས་མཛད་དེ། ཞལ་སྔ་ཡབ་སྲས་སྐུ་ཕྲེང་རིམ་བྱོན་ཐུགས་ཡིད་གཅིག་འདྲེས་ཀྱི་སྐུ་མཚམས་ཐུགས་དམ་མཛད་སའི་གནས་ཁྱད་པར་ཅན་ཞིག་ཡིན་འདུག །
བསལ་བཤད་དེ་བྲིས་པའི་ཞག་འགའི་རྗེས་སུ་ཤེས་རྟོགས་གསར་པ་ཞིག་བྱུང་བ་ནི། དབེན་གནས་ལྷུན་གྲུབ་ཡང་རྩེ་ཡོད་པའི་ནགས་རི་དེའི་ཞོལ་དུ། དུད་ཚང་འགའ་ཞིག་གིས་གྲུབ་པའི་གྲོང་ཚོ(5)ཞིག་ཡོད་འདུག་པ་ལ། “རྔེགས་པ་གྲོང་ཚོ”ཟེར་གྱི་ཡོད་འདུག ། སྔར་དུད་གྲངས་མི་ཉུང་བ་ཞིག་ཡོད་པ་མ་ཟད། རྔེགས་ཚང་མ་ཟེར་བའི་དུད་ཚང་ཡང་ཡོད་པ་རེད་ཟེར། གཏམ་དེས་ཞལ་སྔ་ཆོས་འབྱུང་འཕྲོ་མཐུད་ནང་དུ་རྔེ་ཕུ་ཞེས་བྲིས་པ་དེ་ནོར་བ་མིན་པ་མ་ཟད། དུས་རབས་བཅུ་བདུན་པའི་ནང་དུ་ཐ་སྙད་རྔེགས་པ་གྲོང་ཞེས། “རུས་རྔེགས”ཀྱི་ཐ་སྙད་མ་ཉམས་པ་འབོད་ཀྱི་ཡོད་པ་གསལ་བོར་ཆགས་སོང་། དེས་ན་གནས་འདི་ལ་རུས“རྔེགས”ཀྱི་རྒྱུད་པ་ཞིག་འཚོ་སྡོད་བྱས་ནས། རུས་མིང་མི་དང་། མི་མིང་ཡུལ་ལ་ཐོག་པ་ཡིན་པ་ཐེ་ཚོམ་ཁྱོན་ནས་མི་དགོས་པ་འདྲ། རུས་རྔེགས་ཀྱི་རྒྱུད་པ་འདི་ཏུན་ཧོང་ཡིག་རྙིང(6)ཁྲོད་ལ་བརྟག་ན། རྗེ་གཉའ་ཁྲིའི་སྐབས་ནས་ཡོད་པའི་ཤིན་ཏུ་ནས་དར་ཚན་ཆེ་བའི་རུས་ཤིག་ཡིན་འདུག་སྟེ། ཏུན་ཧོང་ཡིག་རྙིང་ནང་དུ། “ཡུལ་རྔེགས་ཡུལ་སེ་མོ་གྲུ་བཞི་ན། རྗེ་རྔེགས་རྗེ་ལ་བྲང་”ཞེས་དང་། བློན་པོ་ཡང་རྔེགས་རུས་ཀྱི། “རྔེགས་ཀྱི་དུས་མང་པོ་རྗེ། རྔེགས་ཐང་ཡོང་ཐང་རྗེ། རྔེགས་མང་ཞམ་སྟག་ཚབ།”ཅེས་མང་པོ་ཡོད་འདུག ། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་རུས“རྔེགས”ཅེས་པ་འདི། བྲིས་ནོར་བ་ལས་རྔེགས་ཅེས་པའི་རུས་ཤིག་མེད་ཚུལ་གསུངས་ཡོད་པ་ལ་འཐད་མིན་གྱི་དབྱེ་ཞིབ་ཅུང་ཙམ་བྱས་ན།

ལོ་རྒྱུས་མཁས་པ་ར་སེ་དཀོན་མཆོག་རྒྱ་མཚོ་ལགས་ཀྱི། 《ཏུན་ཧོང་ཡིག་ཚགས་སུ་རྔེགས་ཞེས་པ་དེ་གཉགས་ཞེས་པའི་དོན་ཡིན་ཚུལ།》(7)ཞེས་པ་ལས།“རྔེགས”ཞེས་པའི་ཐ་སྙད་མཐོང་དཀའ་ཞིང་འགྲེལ་མ་བདེ་བ་འདི། དོན་དུ་ཏུན་ཧོང་ཡིག་རྙིང་ཕབ་བཤུ་བྱེད་སྐབས། གཉགས་ཀྱི་བརྡ་རྙིང“རྙགས་”དང“རྔེགས”གཟུགས་འདྲ་པོ་ཡོད་པས། ནོར་ནས་རྙགས་ཞེས་པའི་རུས་མིང་དེ་རྔེགས་ལ་ཕབ་ནོར་བྱས་པ་ལས། དོན་དངོས་མིན་པའི་སྒྲུབ་བྱེད། ལོ་རྒྱུས་ཡིག་རྙིང་རི་འདྲ་བ་མང་པོ་ཞིག་ཁུངས་དྲངས་ནས། ཐག་པ་གྲིས་བྲེག་པ་ནང་བཞིན་ཐག་བཅད་ནས། ཀུན་གྱི་སྤྱན་ལམ་དུ་ཁྲ་ལམ་མེར་བཤམས་མཛད་འདུག་ཀྱང་། སྒྲུབ་བྱེད་རྣམས་གནད་ལ་ཁེལ་ཡོད་མེད་སུས་ཀྱང་དོགས་སློང་ཙམ་བྱས་མེད་པ་འདྲ།
ཁོང་གིས་སྒྲུབ་བྱེད་བཀོད་པ་རྣམས་ཕྱོགས་གསུམ་དུ་འདུ་འདུག་པས། དེ་རྣམས་རིམ་པ་བཞིན་དུ་འཐད་མིན་གྱི་དཔྱད་གླེང་རེ་བྱས་ན། ཁོང་གི་སྒྲུབ་བྱེད་དང་པོ་ནི། ལྡེའུ་ཆོས་འབྱུང་རྒྱས་པ(8)།དང་། ཆོས་འབྱུང་མཁས་པའི་དགའ་སྟོན(9)། གཉིས་ཀྱི་ནང་དུ་མཛངས་བློན་བདུན་ནང་གི །ཁྲི་བཟང་ཡར་སྟོན་ལ་རྙགས་ཁྲི་བཟང་ཡར་སྟོན། ཞེས་རུས“རྙགས”གསུངས་པ་འདུག་པ་དེ་སྒྲུབ་བྱེད་དུ་བཀོད་འདུག ། འོན་ཀྱང་ཆོས་འབྱུང་དེ་གཉིས་ཀྱིས་ཏུན་ཧོང་ཡིག་རྙིང་ནང་གི “རྗེ་རྔེགས་རྗེ་ལ་བྲང”ཞེས་པ་སོགས་ཀྱི་རུས་རྔེགས་གསུངས་པ་དེ། རྙགས་ཀྱི་དོན་ཡིན་པ་ཅི་ལྟར་སྒྲུབ་ནུས། མཛངས་བློན་ཁྲི་བཟང་ཡར་སྟོན་ཡང་ཏུན་ཧོང་ཡིག་ཚགས་ནང་དུ་རུས“རྔེགས”ཡིན་པ་གསུངས་པའི་ཁུངས་མེད་ན། སྔོན་གྱི་གཏམ་མེ་ཏོག་ཕྲེང་བའི་ནང་དུ། “རྔོགས་ཁྲི་བཟང་ཡར་སྟོན”ཟེར་བྲིས་ནོར་ཤོར་ཡོད་པ་ཙམ་གྱིས། ཏུན་ཧོང་ཡིག་རྙིང་ནང་གི་རུས་རྙགས་ཞེས་པའི་དོན་རྔེགས་ལ་བྲིས་ནོར་བ་བསྒྲུབས་མི་ཐུབ་པ་རེད། རྙགས་ཅེས་པའི་རུས་མིང་གང་ལ་བྲིས་པ་ཚང་མ་ཁྱེར་ཡོང་ན། ཏུན་ཧོང་ཡིག་རྙིང་ནང་གི་རྔེགས་ཅེས་པའི་ཐ་སྙད་འབྲི་ནོར་སྒྲུབ་ག་བ་ནུས།
ཁོང་གིས་བཀོད་པའི་སྒྲུབ་བྱེད་གཉིས་པ། ཏུན་ཧོང་ཡིག་རྙིང་ནང་། (10)“ཡུལ་རྔེགས་ཡུལ་སེ་མོ་གྲུ་བཞི་ན། ལྷ་རྔེགས་ལྷ་བྱ་མངས། རྗེ་རྔེགས་རྗེ་ལ་གྲང་།” ཞེས་པ་དང་དོན་འདྲ་བར། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། “སེ་མོ་གྲུ་བཞི་ན། གཉགས་རྗེ་ལ་བྲང་།”ཞེས་པ་དང་། ལྡེའུ་ཆོས་འབྱུང་རྒྱས་པ་ནང་དུ། “ཡུལ་སྲེག་ཡུལ་ས་མོ་གྲུ་བཞི་ན། རྒྱལ་པོ་རྔོག་རྗེ་ཚེའུ་ཀླུ་འབྲང་།”ཞེས། གསུངས་པ་རྣམས་ཏུན་ཧོང་ཡིག་རྙིང་ནང་གི“རྔེགས”ཅེས་པ་དེ་ནོར་བའི་སྒྲུབ་བྱེད་དུ་དྲངས་འདུག ། འདི་གཉིས་ཀྱི་ནང་དུ་འཁོད་པ་འདི། ཏུན་ཧོང་ཡིག་རྙིང་ནང་གི། ཐ་སྙད“རྔེགས”ཅེས་པ་ཕབ་བཤུས་བྱེད་ནོར་ཤོར་ཡོང་བའི་སྒྲུབ་བྱེད་དང་དཔང་པོ་རུ་འགྲོ་མི་ཐུབ་པ་མ་ཟད། ཆོས་འབྱུང་འདི་གཉིས་ཀྱི་ནང་དུ། རུས་མིང་འབྲི་སྟངས་མ་མཐུན་པ་གསལ་བ་འདིས། ཡིག་ཆ་འདི་གཉིས་ཀྱི་ནང་དུ་འབྲི་སྟངས་ནོར་འཁྲུལ་ཡོད་པ་མངོན་པ་རེད། འདི་གཉིས་ཀྱི་ནང་དུ་གང་འཐད་པ་དང་། གང་ཞིག་དག་པ་སྒྲུབ་བྱ་ཡིན་འདུག་པས། འདི་གཉིས་སྒྲུབ་བྱེད་དུ་མི་འགྲོ་བ་ནི་བསྒྲུབ་བྱ་སྒྲུབ་བྱེད་དུ་མི་འགྲོ་བའི་གནད་ཀྱིས་རེད། པ་ཚབ་སངས་རྒྱས་དབང་འདུས་ཀྱིས་ཀྱང་།(11) “སྲེགས་ཡུལ་ས་མོ་གྲུ་བཞི་འམ་སེ་མོ་གྲུ་བཞི་གཉིས་ལས་དག་པ་ནི། རྔེགས་ཡུལ་སེ་མོ་གྲུ་བཞི་ཡིན་པའོ།”ཞེས། གོང་དུ་དྲངས་པའི་ལྡེའུ་ཆོས་འབྱུང་དང་ཆོས་འབྱུང་མཁས་དགའ་གཉིས་ཀྱི་ལུང་དེ་རྣམས་དྲངས་ནས་རྔེགས་ཡུལ་ཞེས་དག་པར་གསུངས་འདུག་གོ །
ཁོང་གིས་བཀོད་མཛད་པའི་སྒྲུབ་བྱེད་གསུམ་པ། ཏུན་ཧོང་ཡིག་རྙིང་ནང་། “ཡུལ་རྔེགས་ཡུལ་སེ་མོ་གྲུ་བཞི་ན། ལྷ་རྔེགས་ལྷ་བྱ་མངས། རྗེ་རྔེགས་རྗེ་ལ་གྲང་།” ཞེས་པའི། ལྷ་རྔེགས་ལྷ་བྱ་མང་། ཞེས་པ་དེ་ཡིག་ཚང་ནང་དུ་མཐོང་དཀོན་པ་འདུག་པ་དང་གཅིག ། སྲིད་པ་ཆགས་པའི་ལྷ་དགུ་ནང་གི་གཉགས་ལྷ་བྱ་མང་ཞེས་པ་དེ། ཏུན་ཧོང་ཡིག་ཚགས་ནང་གི་རྔེགས་ལྷ་བྱ་མངས་ཅེས་པ་དེ་དང་མིང་འདྲ་བས། ཏུན་ཧོང་ཡིག་རྙིང་གི“རྔེགས་ལྷ་བྱ་མངས”དེ་ནི། སྲིད་པ་ཆགས་པའི་ལྷ་དགུའི་ནང་གི་གཉགས་ལྷ་བྱང་མངས་ཟེར་པ། དྭགས་པོའི་ས་མཚམས་ན་ཡོད་པ་འདི་ཡིན་མིན་ཐེ་ཚོམ་ཁྱོན་ནས་མི་དགོས་གསུངས་འདུག །འདི་ཡང་བསྒྲུབ་བྱ་སྒྲུབ་བྱེད་དུ་བཀོད་པ་ཡིན་ཏེ། ཏུན་ཧོང་ཡིག་རྙིང་ནང་གི“རྔེགས་ལྷ་བྱང་མངས”ཞེས་པ་དེ། སྲིད་པ་ཆགས་པའི་ལྷ་དགུ་ལས་གཉགས་ལྷ་བྱང་མངས་ཞེས་པ་དེ་ཡིན་པ་བསྒྲུབ་བྱ་དང་། གལ་སྲིད་ཡིན་ན་ཡང་དེའི་རུས་གཉགས་ཡིན་པ་གང་ཞིག་ཏུ་བྲིས་ཡོད་པ་དང་། བྲི་སྟངས་དེ་ཁུངས་དག་མིན་ད་དུང་བསྒྲུབ་བྱ་རུ་འདུག་གོ །ལྡེའུ་ཆོས་འབྱུང་རྒྱས་པའི་ནང་གི །ཡབ་འབངས་རུས་དྲུག་ལས། “བཙན་ལ་ལྷོ་དང་རྙགས”ཞེས་བྲིས་འདུག་པས། ཏུན་ཧོང་ཡིག་ཚགས་ཁྲོད་ན་“ལྷོ་རྔེགས”ཞེས་ཡང་ཡང་འབྱུང་བ་འདི་ཉིད་ཡིན་འདུག་ཅེས་སྒྲུབ་བྱེད་བཀོད་པ་ཡང་གོང་མཚུངས། གང་ཞིག་དག་མིན་སྒྲུབ་བྱ་ལས་གཅིག་གིས་གཅིག་མ་དག་པ་སྒྲུབ་ནུས་མི་འདུག་སྙམ། ལར“ལྷོ་རྔེགས་”ཅེས་པའི་དོན་ལ། བན་ཤུལ་དཔལ་མཁར་རྒྱལ་གྱིས། (12)“ལྷོ་དང་རྔེགས”བྱ་བའི་མཆན་ནང་། བོན་གྱི་ཡིག་རྙིང་སྲིད་པ་རྒྱུད་ཀྱི་ཁ་བྱང་ཁུངས་སུ་དྲངས་ནས། བློན་པོ་ལྷོ་དང་རྔེགས་གཉིས་ལས། ལྷོ་བྱ་བ་ནི་ལྷོ་རི་བགྲེས་པོ་ཡིན་པ་ལས། རུས་ཚན་རྔེགས་ཞེས་པ་འདི་གསལ་བོར་མ་ངེས་གསུངས་ནས་བཞག་འདུག །ལྡེའུ་ཆོས་འབྱུང་རྒྱས་པ་དང་། མཁས་པའི་དགའ་སྟོན་གཉིས་ལས། སྤུར་རྒྱལ་རྒྱལ་བློན་རིམ་བྱོན་གྱི་སྐོར། བཀའ་ཐང་སྡེ་ལྔ་དང་མཐུན་པའི་ཆ་ཤིན་ཏུ་མང་པོ་ཡོད་པའི་བཟོ་ཞིག་མཐོང་སོང་། བཀའ་ཐང་དང་། (13)ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད། ལྡེའུ་ཆོས་འབྱུང་རྒྱས་པ། མཁས་པའི་དགའ་སྟོན་སོགས་རྙིང་གྲས་འདི་ཚོའི་ཁྲོད་ནས། རྔེགས་ཞེས་པའི་ཐ་སྙད་འདི་མཐོང་དཀའ་བ་འདུག་པ་དང་། དེ་ཚོའི་ནང་དུ་ལོ་ཙཱ་བ་རྙགས་ཛྙ་ན་ཀུ་མ་ར་ལ་རྙགས་ཞེས་མ་ནོར་བ་གསལ་བོར་འཁོད་འདུག་གོ །
གོང་དུ་ཏུན་ཧོང་ཡིག་རྙིང་ནང་གི། རྙགས་ཞེས་པའི་ཐ་སྙད་དེ། མཁས་པ་ཚོས་ཀློག་བདེ་བའི་ཕྱིར་ཏུ། ཕབ་བཤུ་བྱེད་སྐབས་ནོར་ནས་རྔེགས་ཞེས་ཕབ་པ་ལས། མ་ཡིག་ནང་དུ་གཉགས་སམ་རྙགས་ཡིན་པའི་སྒྲུབ་བྱེད་མང་པོ་ཞིག་འདྲེན་མཛད་འདུག་པ་རྣམས། སྒྲུབ་བྱེད་འདང་ངེས་སུ་མི་འདུག་ཅེས་བགྲོ་གླེང་གི་ཚུལ་དུ་གསལ་བཤད་ཐན་ཐུན་ཞིག་བྱས་ནས། གཤམ་དུ་ཏུན་ཧོང་ཡིག་ཚགས་ཁྲོད་ཀྱི“རྔེགས་”ཞེས་པའི་རུས་ཚན་དང་ཐ་སྙད་འདི་ཕབ་ནོར་མ་ཡིན་པ་སོགས་ཀྱི་སྒྲུབ་བྱེད་འགའ་འགོད་པར་བྱ་སྟེ།
སྤྱིར་བཏང་རུས་མིང་མང་པོ་ཞིག་རུས་རྒྱུད་ཙམ་དུ་མ་ཟད། ཡུལ་ལུང་དང་། གནས་རི་ཆུ་བོ་ཡན་གྱི་ཉར་ཚགས་བྱས་ཡོད་པ་ལྟར། “རྔེགས”ཞེས་པའི་རུས་ཚན་འདིའི་ཐ་སྙད་ཀྱང་ཆབ་མདོའི་ཕྱོགས་སུ། རི་ལུང་དང་གྲོང་པ་དུད་ཚང་ཡན་ལ་མིང་གིས་བསྙད་ནས་ཉར་ཚག་བྱས་ཡོད། དེ་ཡང་ཆབ་མདོ་གྲོང་ཁྱེར་གྱི་གཡས་ངོས་ལེ་བར་བཅུ་ལྷག་གི་མཚམས་ན། རྔེགས་པ་གྲོང་ཚོ་ཟེར་བ་དང་། རྔེགས་ཚང་མ་ཟེར་བ་སྒྲ་མ་ཉམས་པ་ད་ལྟའི་དུས་སུ་ཡང་ཡོད་འདུག་པ་དང་། ཆབ་མདོ་རྫོང་གི་ཤར་ཕྱོགས་རྔེགས་གཤིས་ཤང་གི་ཁོངས་སུ། རྔེགས་ཡུལ་སྟོད་སྨད་གཉིས། ཆུ་ལ་རྔེགས་ཆུ་དང་། རི་ལ་རྔེགས་རྒྱལ་ཟེར་བའི་ཡུལ་ལྷ་ཞིག་ཀྱང་ཡོད། གཞི་བདག་དེ་ནི་ཆབ་དགོན་གྱི་ཤར་གྱི་ཕྱོགས་སྐྱོང་གི་ཚུལ་དུ་ཡོད་པ་ཆབ་མདོའི་གདན་རབས་ལས་གསུངས(14)ཡོད་པ་མ་ཟད། བསང་ཡིག་ཀྱང་ཡོད།(15) དེ་ཡང་ཆབ་མདོའི་ཡིག་ཚང་ལས། ཤར་ཕྱོགས་སུ་དཔའ་བོ་རྔེགས་རྒྱལ་སྟག་རྩེ། བཙན་དར་མ་སོ་ལ་བུད་འདྲ། ཞེས་གསུངས། རྔེགས་རྒྱལ་ཟེར་བ་འདི་སྔོན་སྤུར་རྒྱལ་སྐབས་ཀྱི་དམག་དཔོན་ནམ། རུས་རྔེགས་ཅན་གྱི་མི་དབང་ཐང་དང་གོ་གནས་ཆེན་པོ་ཅན་ཞིག་འདས་གྲོངས་སོང་བ་ནས། རི་འདི་ལ་གནས་ཡོད་པ་གང་དེ་ལ། རུས་ཚན་རྔེགས་ཀྱི་རྗེས་རབས་རྣམས་ཀྱིས་གདོང་གྲོགས་ཀྱི་འཕྲིན་ལས་བཅོལ་ནས། བསང་གསོལ་གྱི་ཆོ་ག་རྒྱུན་མ་ཆད་པ་སྤེལ་བའི་ཡུལ་སྲོལ་གོམ་གཤིས་ད་ལྟ་ཡང་རྒྱུན་མ་ཆད་པར་གནས་ཡོད་འདུག་པ་འདི་ཡིན་ནམ་སྙམ། ཡུལ་ལྷ་གཞི་བདག་གི་བྱུང་བ་མཁར་རྨེ་འུ་བསམ་གཏན་གྱི་མདའ་དང་འཕང་ལས་ཞིབ་པར་གསུངས་འདུག་པས་དེར་གཟིགས། གང་ལྟར་རྔེགས་ཞེས་སྒྲ་མ་ཉམས་པ་ཡོད་འདུག་པ་འདི་ནི། རྔེགས་ཞེས་པའི་རུས་ཚན་ཞིག་ཡོད་པའི་ཁུངས་སུ་འགྲོ་ཆོག་པར་འདུག་གོ །

སྒྲུབ་བྱེད་གཉིས་པ། མངའ་རིས་ས་ཁུལ། རུ་ཐོག་རྫོང་། རོག་གསུམ་ཤང་ན་གནས་པའི་གནའ་བོའི་བྲག་རྐོས་རི་མོའི་ནང་གི་གཡོན་གྱི་བྲག་ངོས་ཤིག་གི་དུམ་ཚན་བཞི་པའི་ནང་དུ“རྔེགས”ཞེས་གསལ་བོར་འཁོད་ཡོད་འདུག་པ་འདི་རེད། (16)འདིས་ནི། གནའ་ནས་རྔེགས་ཞེས་པའི་རུས་ཚན་སྟོད་ཀྱི་མངའ་རིས་ཕྱོགས་སུ་ཡང་ཡོད་པའི་ཁུངས་གསལ་པོ་བསྟན་པ་ཡིན། བྲག་རྐོས་ཡིག་རྙིང་དེ་དག་གི་གཟུགས་དབྱིབས། ཏུན་ཧོང་ཡིག་རྙིང་དང་རྡོ་རིང་སོགས་ཀྱི་ཡིག་གཟུགས་རིས་དང་ཧ་ཅང་འདྲ་བ་གསུངས་འདུག(17)། བྲག་རིས་ནང་གི་སྲོག་ཆགས་ཀྱི་གཟུགས་བརྙན་དེ་དག་ལ་ལོ་སུམ་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་ཡང་བཤད་ཡོད་འདུག་སྟེ། ཀྲང་ཡ་ཧྲ་བྱ་བས་བརྩམས་པའི། བོད་ཀྱི་བྲག་རྐོས་རི་མོ། ཞེས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ༢༠༠༦ལོ། ༥༥། གསལ། གང་ལྟར་རྔེགས་ཞེས་པའི་ཐ་སྙད་དེ་ཏུན་ཧོང་ཡིག་རྙིང་མ་ཟད། གནའ་བོའི་བྲག་རྐོས་རི་མོ་ལས་ཀྱང་མཐོང་རྒྱུ་ཡོད་འདུག་གོ །

སྒྲུབ་བྱེད་གསུམ་པ། ཏུན་ཧོང་ཡིག་རྙིང་ནང་གི“རྔེགས”ཞེས་པ་ཕབ་ནོར་བྱས་པ་མ་ཡིན་པ། ཡིག་རྙིང་མ་ཡིག་རང་གི་ནང་དུ“རྔེགས”ཞེས་མངོན་འདུག་པ་བཤམ་དུ་བཀོད་ཡོད་པ་འདི་རེད། འདི་ནི་སྒྲུབ་བྱེད་ཧ་ཅང་ཁུངས་བརྟན་པོ་ཞིག་རེད། དེས་ཡི་གེ་ཕབ་ནོར་བ་ལས། དོན་ལ“རྔེགས”ཞེས་པ“རྙགས”ཡིན་ཞེས་པའི་དམ་བཅའ་དེ་རྨེག་མེད་དུ་གཏོར་བ་རེད་སྙམ།
(ཏུན་ཧོང་ཡིག་ཆའི་མ་ཡིག་པར་རིས་འདི་རྣམས་འབྲི་གུང་ཆེ་ཚང་གིས་མཛད་པའི་རྒྱལ་རབས་ལས་བླངས)
འདི་རྣམས་ནི་རིམ་པ་བཞིན་ཏུན་ཧོང་ཡིག་རྙིང་ནང་གི་རྔེགས་ཞེས་པའི་ཐ་སྙད་དེ་རེད། ཏུན་ཧོང་མ་ཡིག་ནང་གི་འདི་གང་ནས་བརྟག་ན། རྙགས་དང་ནོར་དོན་ཡེ་ནས་མི་འདུག་སྙམ་པ་ཞིག་རེད། ཡིག་རྙིང་ནང་གི་ཉ་ཡིག་གི་མཇུག་མ་གཡས་སུ་བྲིས་འདུག་པ་ལས། རྔ་ཡིག་གི་མཇུག་མ་ལྟར་གཡོན་ཕྱོགས་སུ་བྲིས་འདུག་པ་མཐོང་གི་མི་འདུག །ཏུན་ཧོང་ཡིག་རྙིང་སྤུར་རྒྱལ་སྐོར་འདི་དག་འགྲེལ་མཛད་ལ་བཀའ་དྲིན་ཆེ་བའི་གཙུག་རྒྱན། འབྲི་གུང་ཆེ་ཚང་གིས་ཀྱང་ཐ་སྙད་དེ་ལྟར་བཞག་མཛད་འདུག་པ་ལས་བཅོས་པ་སོགས་གང་བྱས་མི་འདུག ། གཞན་ཡང་ཏུན་ཧོང་ཡིག་རྙིང་ནས་བྱུང་བའི“རྔེགས་ཡུལ”ཞེས་པའི་ཡུལ་དེ། དེང་གི་ཡར་ལུང་གི་ཕྱོགས་ཤིག་ལ་མི་འགྲོ་ཞེས། འབྲི་གུང་ཆེ་ཚང་དང་པ་ཚབ་སངས་རྒྱས་དབང་འདུན་གཉིས་ཞལ་གཅིག་མཐུན་དུ་གསུངས་འདུག་པ་ཙམ་ལས། གཞན་ཡིག་རྙིང་བརྡ་འགྲེལ་དང་ཡུལ་མིང་གི་འགྲེལ་བ་སོགས་ལས་མི་གསལ་འདུག་གོ།
མཇུག་སྡོམ།
ཆབ་མདོ་གྲོང་ཁྱེར་འགུ་རོ་གྲོང་གི །ལྷོ་ངོས་ཀྱི་དབེན་པའི་ནགས་རི་མཐོ་པོའི་རྩེ་ཐོག་གི །འཕགས་པ་ལྷ་ན་རིམ་གྱི་ཐུགས་དམ་གྱི་གནས་ལྷུན་གྲུབ་ཡང་རྩེ་ནི། རྔེགས་པ་གྲོང་གི་སྟོད་ན་ཡོད་ཅིང་རྔེགས་པ་བྱ་བ་ཡང་། སྔར་རུས་ཚན་རྔེགས་ཅན་གྱི་མི་འཚོ་སྡོད་བྱས་པ་ལས། ས་མིང་ཡུལ་མིང་དེ་ལྟར་ཆགས་པར་མ་ཟད། ཆབ་མདོའི་ཤར་ཕྱོགས་སུ་ཡང་རྔེགས་རྒྱལ་རྡོ་རྗེ་ཐོག་རྒོད་ཅེས། བསང་གསོལ་གྱི་ཡུལ་དུ་རུས་རྔེགས་ཅན་གྱི་ཡུལ་ལྷ་ཞིག་ཀྱང་ཡོད། ཡུལ་ལྷ་དེ་གཞན་ལྟར་རུས་རྔེགས་ཀྱི་མི་ཁྱད་པར་ཅན་ཞིག་ལས་བྱུང་བ་འདྲ། རུས་རྔེགས་ཅན་གྱི་གཞི་བདག་དེ་གནས་པའི་རི་ལ་རྔེགས་རྒྱལ་དང་། དེ་ནས་བབས་པའི་ཆུ་ལ་རྔེགས་ཆུ། ལུང་པའི་སྟོད་ལ་རྔེགས་ཕུ་དང་སྨད་ལ་རྔེགས་གཤིས་ཞེས་གྲགས་སོ། །
རྔེགས་ཞེས་པའི་རུས་ཚན་འདི་ནི། ཏུན་ཧོང་ཡིག་ཚགས་ཁྲོད་ནས་ཡང་ཡང་མངོན་ཡོང་པའི་ཐ་སྙད་གལ་ཆེན་ཞིག་ཀྱང་ཡིན། ཐ་སྙད་འདི་ནི་ཏུན་ཧོང་མ་ཡིག་གི་ནང་དུ་ཤིན་ཏུ་གསལ་བ་མ་ཟད། མངའ་རིས་རུ་ཐོག་རྫོང་ན་ཡོད་པའི་གནའ་བོའི་བྲག་རྐོས་རི་མོ་ལས་ཀྱང་འབྱུང་བ་གསུངས་འདུག་ན། རུས་ཚན་འདི་དང་ཐ་སྙད་འདི་ཆེས་སྔ་མོ་ནས་ཡོད་པ་གསལ་པོར་ཆགས་པ་ཡིན་ནོ། །
༢༠༢༢/༡/༡༡/ ཤར་ལྡོང་།
ཁུངས་ལུང་གི་མཆན།
【1】ཕྱི་ལོ༡༠༢༢/༡/༦/ཉིན་ཆབ་མདོ་གྲོང་ཁྱེར་འགུ་གྲོང་གི་ཕྱོགས་སུ་སོང་།
【2】ཞལ་སྔ་ཆོས་འབྱུང་འཕྲོ་མཐུད། ཕན་བདེ་ཤཱཀྱ་ལྷ་དབང་གིས་མཛད། དགེ་ལྡན་གློག་རྡུལ་རྩིས་འཕྲུལ་ཁང་ནས(༢༠༢༠)ལོ་དཔར། ཤོག་གྲངས༤༧ནང་དུ་གསལ།
【3】ཆབ་མདོའི་གདན་རབས། མཁན་ཆེན་བྱམས་པ་ཆོས་གྲགས་ཀྱི་གསུང་འབུམ་པོད་ལྔ་པའི་ནང་གི། ཤོག་གྲངས(༢༧)ནང་དུ་གསལ། བོད་ལྗོངས་མི་རིགས་དཔེ་བསྐྲུན་ཁང་གིས་ཕྱི་ལོ(༢༠༡༠)ལོ་དཔར།
【4】འཕགས་པ་ལྷ་བདུན་པའི་རྣམ་ཐར་ཆེན་མོ། དཀའ་བཅུ་བྱམས་པ་བློ་གྲོས་ཀྱིས་མཛད་པའི་ནང་དུ་གསལ། དཔར་བསྐྲུན་ཚར་མེད།
【5】ཆབ་མདོ་རྫོང་འགུ་རོ་ཕྱོགས་ཀྱི་སར།
【6】རྒྱལ་རབས། འབྲི་གུང་ཆེ་ཚང་གིས་མཛད། (༢༠༡༠)ལོར་དཔར། ཤོག་གྲངས༨༨ནང་དུ་གསལ།
【7】ར་སེ་དཀོན་མཆོག་རྒྱ་མཚོས་བརྩམས་གནང་བའི་དཔྱད་རྩོམ། ཏུན་ཧོང་ཡིག་ཚགས་སུ་རྔེགས་ཞེས་པ་དེ་གཉགས་ཅེས་པའི་དོན་ཡིན་ཚུལ། ཞེས་པ། ཡོངས་འཛིན་རིག་མཛོད་ནང་།
【8】མཁས་པ་ལྡེའུ་མཛད། ལྡེའུ་ཆོས་འབྱུང་རྒྱས་པ། ཤོག་གྲངས(༢༡༤)ནང་དུ་གསལ། བོད་ལྗོངས་ཡིག་རྙིང་དཔེ་བསྐྲུན་ཁང་ནས(༢༠༡༢)ལོར་དཔར།
【9】ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་མཛད། བོད་ལྗོངས་མི་རིགས་དཔེ་བསྐྲུན་ཁང་ནས(༢༠༠༦)ལོར་དཔར། ཤོག་གྲངས(༨༤)ནང་དུ་གསལ།
【10】རྒྱལ་རབས། འབྲི་གུང་ཆེ་ཚང་གིས་མཛད། (༢༠༡༠)ལོར་དཔར། ཤོག་གྲངས(༨༨)ནང་དུ་གསལ།
【11】པ་ཚབ་པ་སངས་རྒྱས་དབང་འདུས་ཀྱིས་བརྩམས་པའི། བོད་ཀྱི་གནའ་བོའི་རྒྱལ་ཕྲན་དང་། རྒྱལ་ཕྲན་སིལ་མ། སྟོང་སྡེ། ཡུལ་དཔོན་ཚན་བཅས་ཀྱི་ཞིབ་འཇུག། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས(༢༠༢༠)ལོར་དཔར། ཤོག་གྲངས(༣༨)ནང་དུ་གསལ།
【12】བན་ཤུལ་དཔའ་མཁར་རྒྱལ། བྱང་སྐར་རྨེ་བདུན་འཆར་བའི་བོད་ཡུལ། ཤོག་གྲངས(༡༡༢)ཡོངས་འཛིན་རིག་མཛོད།
【13】བཀའ་ཐང་སྡེ་ལྔ། འགུ་རུ་ཨོ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་གཏོན། མི་རིགས་དཔེ་སྐྲུན་ཁང་ནས(༡༩༨༦)ལོར་དཔར། ཤོག་གྲངས(༤༣༦)ནང་དུ་གསལ།
【14】ཆབ་མདོའི་གདན་རབས། མཁན་ཆེན་བྱམས་པ་ཆོས་གྲགས་ཀྱི་གསུང་འབུམ་པོད་བཞི་པའི་ནང་གི། ཤོག་གྲངས(༤༧)ནང་དུ་གསལ། བོད་ལྗོངས་མི་རིགས་དཔེ་བསྐྲུན་ཁང་གིས་ཕྱི་ལོ(༢༠༡༠)ལོ་དཔར།
【15】རྔེད་རྒྱལ་རྡོ་རྗེ་ཐོག་རྒོད་ཀྱི་བསང་ཡིག། འཕགས་པ་ལྷས་མཛད། ཤོག་གྲངས་དྲུག་བདུན་ཙམ་འདུག །
【16】ལྡན་ཆོས་དབང་བཟང་གི་དཔྱད་རྩོམ། བག་ལ་ཞ་བའི་བྲག་རྐོས་རི་མོ། ཞེས་པར་གསལ། ཡོངས་འཛིན་རིག་མཛོད།
【17】ལྡན་ཆོས་དབང་བཟང་གི་དཔྱད་རྩོམ། བག་ལ་ཞ་བའི་བྲག་རྐོས་རི་མོ། ཞེས་པར་གསལ། ཡོངས་འཛིན་རིག་མཛོད།
【18】མ་ཡིག་པར་རིས་འདི་རྣམས་ནི། འབྲི་གུང་ཆེ་ཚང་གིས་མཛད་པའི་སྤུར་རྒྱལ་རྒྱལ་རབས་ཀྱི་སྐོར་བྲིས་པ། སྲོང་བཙན་དཔེ་མཛོད་ནས(༢༠༡༠)ལོ་དཔར་བའི་ཤོག་གྲངས གསལ།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2172
དཔྱད་མཆན་སྤེལ།