༡.དཔེ་ཆའི་མིང་།-ཁ་ཆེ་ཕ་ལུ། 

༢.རྩོམ་པ་བོ།  -འབྲོང་རྩེ་མཁས་པ་ཆེན་པོ་བློ་བཟང་ཚུལ་ཁྲིམས།

༣.ཡོངས་ཁུངས།   -བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 

༤.དཔར་ལོ་དང་དཔར་ཐེངས།  ༢༠༡༨ལོའི་༡༠བར་པར་ཐེངས་༡༠་བཏབ།

༥.ཤོག་གྲངས།  ༣༢

༦.ཡིག་འབྲུ།_ ཚིག་རྐང་དྲུག་བརྒྱ་དང་བཅུ་གཉིས། 

༧.བཀླགས་པའི་དུས་ཚོད།  ༢༠༢༢.༤་༢༣ཉིན་ཐེངས་བདུན་པ་བཀླགས་གྲུབ།

༨.རྩོམ་པ་བོ་གླེང་བ། 


ཁ་ཆེ་ཕ་ལུའི་བསླབ་བྱ་འདིའི་རྩོམ་པ་བོ་སུ་ཡིན་མཁས་དབང་ཚོར་འདོད་ཚུལ་མི་འདྲ་བ་གང་མང་ཞིག་མཆིས་ལ།མཁས་དབང་འགའ་ཞིག་གིས་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་ཡིན་པ་དང་ཡང་འགའ་རེས་འབྲོང་རྩེ་མཁས་པ་ཆེན་པོ་བློ་བཟང་ཚུལ་ཁྲིམས་དང་།  ཕ་ལུ་སོགས་ཡིན་པར་འདོད།  བསླབ་བྱ་འདི་ནི་དུས་རབས་བཅུ་དགུ་བ་ནས་དུས་རབས་ཉི་ཤུ་བའི་དུས་མགོར་བོད་དུ་དར་ཁྱབ་ཆེ་བའི་བསླབ་བྱ་ལེགས་ཤོས་ཤིག་རེད།  བསླབ་བྱ་འདིའི་རྩོམ་པ་བོ་རང་ཉིད་ནི་ཁ་ཆེའི་མི་ཡིན་ཚུལ་བརྗོད་ཡོད་པར་མ་ཟད།  ད་དུང་བསླབ་བྱ་འདིའི་ལེའུ་དང་བོར་“བོད་ཀྱི་སྐད་དུ་དཀོན་མཆོག་རིན་པོ་ཆེ།  །རང་རེའི་སྐད་དུ་གོ་བརྡཱ་ལ་ཕྱག་འཚལ་ལོ།། “ཞེས་དང་གཞན་ཡང་ལེའུ་བཅུ་གཅིག་པ་རུ་“གོང་ན་གོ་བརྡ་གཤམ་ན་ཕ་མ་གཉིས།།  དེ་གསུམ་ལས་ལྷག་སུ་ཡང་ཡོད་པ་མིན། །  ”ཞེས་པའི་ཚིག་ཟུར་ལ་བལྟས་ན་རྩོམ་པ་བོ་ནི་ཨི་ས་ལེམ་གྱི་ཆོས་ལ་དད་པ་བྱེད་པའི་ཁ་ཆེ་ཞིག་གམ།  ཡང་ན་ཡེ་ཤུའི་ཆོས་ལུགས་ལ་དད་པ་བྱེད་མཁན་ཞིག་ལོས་ཡིན་སྙམ་པའི་དོགས་པ་ཞིག་སྐྱེ་མོད།  འོན་ཀྱང་བསླབ་བྱ་འདིའི་བརྗོད་བྱ་ནི་ནང་བའི་ཆོས་ལུགས་ཁོ་ན་ཡིན་པས་དོན་དམ་པར་རྩོམ་པ་བོ་ནང་པ་ཡིན་ནམ་ཕྱི་རོལ་བ་ཞིག་ཡིན་ནམ་ལ་དོགས་པ་ཆེན་པོ་སྐྱེ་ཡོང་།  རེད་དེ་ཧོར་ཁང་བསོད་ནམས་དཔལ་འབར་གྱི་གསུང་རྩོམ་ཕྱོགས་་བསྒྲིགས་དེར་བལྟས་ན་བསླབ་བྱ་འདིའི་རྩོམ་པ་བོ་སུ་ཞིག་ཡིན་པ་དང་ཡིན་པའི་རྒྱུ་མཚན་བཅས་ཞིབ་ཅིང་ཕྲ་བ་ཞིག་ཤེས་ཐུབ་པར་སྣང་།  སྔོན་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་ཀུན་གཟིགས་པཎ་ཆེན་བསྟན་པའི་ཉི་མ་མཆོག་གི་ཡོངས་འཛིན་དགེ་བའི་བཤེས་གཉེན་འབྲོང་རྩེ་མཁས་པ་ཆེན་པོ་བློ་བཟང་ཚུལ་ཁྲིམས་བྱ་བ་ཞིག་བྱུང་།  དེའི་དུས་གྲོང་ཁྱེར་དུ་འཁོད་པའི་སྐྱེ་བོ་ཁྲི་ཁྲག་གི་ཁྲོད་དུ་དོན་མཐུན་ལ་བྱང་ཆུབ་པའི་ཁ་ཆེ་ཕ་ལུ་འཇུ་ཡི་བྱ་བ་ཞིག་བྱུང་ཞིང་། དེས་རང་གི་དཔལ་འབྱོར་རྒྱས་པའི་ཕྱིར་དུ་བླ་བྲང་རྒྱལ་མཚན་མཐོན་པོའི་ཕོ་བྲང་གི་ཕྱོགས་ཤིག་ཏུ་ཡོངས་འཛིན་འབྲོང་རྩེ་མཁས་པ་ཆེན་པོ་བཞུགས་སའི་གཟིམས་ཤག་ག་ལ་བ་དེར་ཡང་ནས་ཡང་དུ་བསྐྱོད་གཤིས།  ཡོངས་འཛིན་ཆེན་པོས་ཀྱང་དེ་ལ་བརྩེ་གཟིགས་མི་དམན་པ་མཛད། ཉིན་ཞིག་ལ་ཡོངས་འཛིན་མཆོག་གིས་ཕ་ལུར་རང་ཅག་ཕྱི་ནང་ཐུན་མོང་དུ་དད་མོས་བྱེད་པའི་དཀོན་མཆོག་དང་ཕ་མ།  ལས་འབྲས་ཞེས་པ་དེའི་བླང་དོར་ལག་ལེན་དུ་བསྟར་བདེ་བའི་བསླབ་བྱ་ཞིག་ཕྲིས་དང་།ངས་ཀྱང་མཉམ་དུ་ཀུན་ལ་ཕན་ཕྱིར་རོགས་རམ་བགྱི་བར་བྱེད་ཅེས་གསུངས་ཤིང་།  ཕ་ལུས་ཀྱང་ཡོངས་འཛིན་གྱི་བཀའ་བཞིན་དུ་ཞུ་བར་འདོད་ཀྱང་། རང་ཉིད་སྒྲ་རིག་པའི་ཤེས་ཚད་དམན་པ་ར་བརྟེན་ཏེ་མཁས་དབང་ཆེན་པོ་དེ་ལ་ཁྱེད་ཉིས་ཀྱིས་མཛད་རོགས་ཞེས་བསྐུལ།  དེ་ནས་འབྲོང་རྩེ་མཁས་པས་ཕ་ལུའི་ཚབ་ལྟ་བུ་མཛད་དེ་བསླབ་བྱ་ལེའུ་བཅུ་གཅིག་གསུངས།  རྗེས་སུ་ཐམས་ཅད་ཀྱིས་ཁ་ཆེ་ཕ་ལུ་ཞེས་བཏགས་ཏེ་རྨད་དུ་བྱུང་བ་ཞིག་ཏུ་བརྩིས་པར་མ་ཟད།   བསླབ་བྱ་དེ་ནི་སོ་སོའི་སྤྱོད་ཚུལ་ངན་པ་ལྕགས་གང་འདྲ་བར་འབུར་བརྡུང་གཏོང་བའི་ཐོ་བ་ལྟ་བུ་ཞིག་ཡིན་པར་མགྲིན་གཅིག་གིས་ཁས་ལེན་པར་གྱུར།  གཏམ་རྙོག་བསྐྱུར་ནས་དོན་གྱི་རྡོ་ཁ་བསྟན་ན་ཁ་ཆེ་ཕ་ལུ་ཞེས་བྱ་བ་འདི་ནི་དུས་རབས་བཅོ་བརྒྱད་པའི་དུས་མཇུག་གམ་ཡང་ན་དུས་རབས་བཅུ་དགུའི་ནང་དུ་འབྲོང་རྩེ་མཁས་པ་ཆེན་པོ་བློ་བཟང་ཚུལ་ཁྲིམས་ཀྱིས་ཁ་ཆེ་ཕ་ལའི་ཚབ་ཏུ་མཛད་པ་ཞིག་རེད།

 ༩.ནང་དོན་མདོར་བསྡུས།

བསླབ་བྱ་འདི་ལ་བསྡོམས་པས་ལེའུ་བཅུ་གཅིག་དང་།  ཚིག་རྐང་དྲུག་བརྒྱ་དང་བཅུ་གཉིས་ཡོད། ལེའུ་དང་བོ་རུ་ཆོས་ཀྱི་སྙིང་བོ་གླེང་བ་དང་དེ་ལ་ཉམས་སུ་ལེན་དགོས་པར་གདམས་ཡོད་ལ། ལེའུ་གཉིས་པར་སྐྱིད་སྡུག་གིས་གྲུབ་པའི་འཁོར་བ་མི་རྟག་པ་ནི་རྟག་པ་དང་བདེན་པ་བརྟན་པ་སོགས་ཅི་ཡང་མེད་པས་ཞེན་ཆགས་རྒྱབ་ཏུ་བོར་ནས་ཆོས་ལ་གཞོལ་དགོས་པ་གདམས་ཡོད།  ལེའུ་གསུམ་པར་རྒྱལ་བོ་བཟང་བོ་ཇི་་ལྟར་བྱེད་དགོས་པ་དང་རྒྱབ་སྲིད་ནོར་དང་དཔུང་ལ་བརྟེན།  ཞི་དྲག་འདྲེས་མའི་ཐབས་སོགས་ཀྱིས་སྐྱོང་དགོས་པར་གདམས་ཡོད།  ལེའུ་བཞི་བར་ཆོག་ཤེས་ཡོད་དགོས་པ་་དང་སྔོན་གྱི་ལས་བཟློག་ཏུ་མེད་པའི་ལྟ་བ་བརྗོད་འདུག  ལེའུ་ལྔ་བར་སྙིང་གཏམ་ཡོད་ཚད་གཞན་ལ་ལབ་མི་ཉན་པས་ཁ་ལ་སྒོ་ལྕགས་དགོས་པ་གདམས་ཡོད།  ལེའུ་དྲུག་པར་བཟང་ལ་བཟང་ལན་དང་ངན་ལ་ངན་ལན་འཁོར་ཡོང་བའི་གནས་ལུགས་དང་ལས་བཟང་བོ་བསྒྲུབས་ནས་ངན་པ་དོར་དགོས་པར་གདམས་ཡོད།  ལེའུ་བདུན་པར་དམན་ས་འཛིན་དགོས་པ་དང་བྱ་བ་གང་ཞིག་སྒྲུབ་ན་ཚོད་འཛིན་ཤེས་དགོས་པར་གདམས་ཡོད།  ལེའུ་བརྒྱད་པར་ཞིམ་ཚད་ཟ་མི་ཉན་ལ་མཐོང་ཚད་བཤད་མི་ཉན་པའི་བསླབ་བྱ་གདམས་ཡོད།  ལེའུ་དགུ་བ་ནི་དྲིན་ཆེན་ཕ་དག་ལ་གདམས་པའི་བསླབ་བྱ་ཞིག་སྟེ།  ཕ་རྣམས་ཀྱིས་རང་རང་གི་ཕྲུ་གུར་ལོ་ན་གཞོན་དུས་ཡོན་ཏན་སློབ་ཏུ་བཅུག་སྟེ་བྱ་ལུགས་བྱེད་ལུགས་དང་གནས་ལུགས་རྟོགས་སུ་འཇུག་དགོས་པའི་བསླབ་བྱའམ་རེ་བ་བཏོན་ཡོད།  ལེའུ་བཅུ་བ་ནི་དྲིན་ཆེན་མ་དག་ལ་གདམས་པའི་བསླབ་བྱ་ཞིག་སྟེ།  མ་ཡིས་བུ་ཕྲུག་ལང་ཤོར་ལ་བཏང་བའི་ཉེ་དམིགས་དང་དེ་དང་དེ་འབྲེལ་བའི་སྙིང་གཏམ་གླེང་ཡོད།  ལེའུ་བཅུ་གཅིག་པར་བུ་ཕྲུག་ཚོས་ཕ་མའི་དྲིན་ལན་བསམས་ནས་ཕ་མར་སྲི་ཞུ་བསྒྲུབ་དགོས་པ་སོགས་གདམས་ཡོད།

༡༠.ནང་དོན་གནད་བསྡུས།

བསླབ་བྱ་འདིའི་ནང་དོན་གཙོ་བོ་ནི་ཆོས་དང་འཇིག་རྟེན་གང་གི་ཕྱོགས་ནས་ཡིན་ནའང་ལས་རྒྱུ་འབྲས།ཁྲེལ་ངོ་ཚ།བྱམས་སྙིང་རྗེ།ལམ་ལུགས་སྲོལ་སོགས་ཡོད་པ་ནི་ཆེས་གཙོ་བོ་ཞིག་ཡིན་པ་བརྗོད་ཡོད་པར་མ་ཟད།ཚེ་འདི་ཕྱི་གཉིས་ལ་ཕན་པའི་མགོན་ནམ་སྐྱབས་ནི་དཀོན་མཆོག་གསུམ་ལས་མ་འདས་པ་དང་དོན་གྱིས་ནང་བའི་ཆོས་ལུགས་ཀྱི་ལས་རྒྱུ་འབྲས་ཀྱི་ལྟ་བ་ལ་བརྟེན་ནས་སྐྱེ་འགྲོ་རྣམས་ལ་ལམ་དང་ལུགས་སྲོལ་ཐད་དུ་བསླབ་བྱ་གནང་བའི་བསླབ་བྱ་ལེགས་གྲས་ཤིག་རེད།

༡༡.འབྲི་རྩོམ་གྱི་ཁྱད་ཆོས།

བསླབ་བྱ་འདི་ནི་མི་ཚོགས་ཀྱི་ཁྲོད་དུ་དར་ཁྱབ་ཧ་ཅང་ཆེ་བ་དེ་རྒྱུ་མཚན་མེད་པ་ཞིག་ག་ལ་ཡིན།དེ་ནི་བསླབ་བྱ་འདིའི་རྩོམ་པ་བོ་ནི་བསམ་བློའི་རིག་གནས་ཕུན་སུམ་ཚོགས་པའི་མཁས་དབང་ཞིག་ཡིན་པ་དང་།བསླབ་བྱ་འདི་ནི་བརྗོད་བྱ་ཡག་ལ་གནས་ལུགས་ལྡན་པ།བརྗོད་བྱ་རྟོགས་སླ་ཞིང་གསོན་ཉམས་ལྡན་པ།འཇིག་རྟེན་གྱི་དངོས་ཡོད་དམ་འཚོ་བའི་བྲོ་བ་མངོན་པར་ལྡན་པ།ད་དུང་ཚིག་ཉུང་ལ་དོན་འདུས་པ་སོགས་ཀྱི་ཁྱད་ཆོས་བླ་མེད་ཅིག་ཡོད་པས་ཡིན།དེ་ནི་བསླབ་བྱ་འདིའི་འབྲི་རྩོམ་གྱི་ཁྱད་ཆོས་ཀྱང་ཡིན།

༡༢•ཚིག་སྦྱོར་ཁྱད་པར་བ།

༣ང་ང་ང་རྒྱལ་ཟེར་བའི་ང་རྒྱལ་ཅན།། གསེར་དངུལ་ང་དང་གཏམ་དོན་ང་ཟེར་ཞིང་།། ཞིམ་པོ་ང་དང་འཇམ་པོ་ང་ཟེར་གྱི།། ལེགས་པོ་ང་དང་མཛེས་པོ་ང་ཟེར་གྱི།།

༤རྒྱལ་བོ་ཞོ་ལྟར་ཆགས་ནས་ཉལ་བསྡད་ན།། ཡུལ་སྡེ་ཁྲག་ལྟར་འཁྲུགས་པ་མི་ཤེས་སོ།།  ལུག་རྫི་ཇ་ཆང་གཉིས་ལ་མགོ་འཁོར་ན།། ལུ་གུ་སྤྱང་ཀིས་འཁྱེར་བ་དངོས་བདེན་རེད།།

༥ལོ་མང་སོང་བའི་རྒན་པོའི་ཁ་ལ་ཉོན།། སྐྱིད་སྡུག་མང་བོ་མྱོང་བའི་མི་རྒན་རེད།། ལྕགས་ཀྱི་ལྕགས་རིའི་མཚམས་སུ་སླེབས་པའི་དུས།། གཞོན་པའི་ཤེད་ལས་རྒད་པོའི་ཇུས་བྱ་བཟང་།།

༦ནར་ནར་ལྕེ་ལ་བདག་པོ་མ་བརྒྱབ་ན།། རིལ་རིལ་དབུ་ལ་འོ་རྒྱལ་བཟོས་ཡོང་ངོ་།།

༧ཡིག་ཡོད་མིག་ཡོད་མཁའ་པ་སྤྲུལ་བའི་རྒྱུད།།ཡིག་མེད་མིག་མེད་ལོང་བ་ལྐུགས་པའི་རྒྱུད།།

 ༨ལྟེ་བ་མ་དང་འབྲེལ་ན་ཡོང་བའི་དུས།།  ཙེར་ཙེར་ཟེར་བ་ཙམ་ལས་ཤ་རྡོག་གཅིག། ནུ་ཞོ་ཁ་ལ་སྦྱར་ཡང་འཐུང་མི་ཤེས།། རྐང་བ་ཡོད་ཀྱང་གོམ་པ་སྤོ་མི་ཤེས།། རྣ་བ་ཡོད་ཀྱང་ཚིག་བརྡ་སྤྲོད་མི་ཤེས།། མིག་གཉིས་ཡོད་ཀྱང་མཐོང་རྒྱུ་མ་ལས་མེད།། སེམས་པ་ཡོད་ཀྱང་བསམ་རྒྱུ་མ་ལས་མེད།། ངོ་ལ་འཁོར་བའི་སྦྲང་མ་དཀྲོག་མི་ཤེས།། མིག་ལ་འཚངས་པའི་ཐལ་བ་འདོན་མི་ཤེས།། གྲང་ངུ་འཁྱག་ངུ་ལྟོགས་ངུ་རྒྱག་པའི་དུས།། ཕ་མ་གཉིས་པོའི་དགོང་མོའི་གཉིད་ཐེབས་བཅག། སྐམ་པ་བུ་དང་རློན་པ་ཕ་མས་བྱེད།། འཇམ་པ་བུ་དང་རྩུབ་པ་ཕ་མས་བྱེད།། ༩ཕ་མ་གནའ་མའི་དབྱེ་འབྱེད་མ་ཤེས་ན།།  མི་ལུས་དེ་འདྲ་ཐོབ་ཀྱང་ཁྱི་ལས་ལོད།།༡༠ལས་འབྲས་ཁ་ནས་ཤོད་མཁན་མང་བོ་ཡོང་།། ལག་ལེན་ལག་ཏུ་ལོན་པ་གསེར་ལས་དཀོན།།

༡༣.ཐ་སྙད་ཁྱད་པར་བ།

ཨེམ་ཆི། གྱོང་རང་། བསྙེལ་གསོ། ར་གན། དོ་ལོ། ཁེ་གྱོང་། ཨོ་ལོ། རྣ་ཅོག རྒྱ་སྨྱུག ལྕོག་རོང་། ཆོག་ཤེས། ཇུས་ཆ། སྲབ་ཁ། གདོང་དྲུག སྤ་ར་ལྕ་མོ། ཇོ་ཇོ། སྐྱ་སེང་སེང་།གྲིབ་སོ། གོ་བརྡ། བཀའ་ཤོག དམ་ཕྲུག རྡོ་ཁ།

༡༤.དཔེ་ཆ་བཀླགས་རྗེས་ཀྱི་མྱོང་ཚོར།

ཁ་ཆེ་ཕ་ལུའམ་འཇིག་རྟེན་ལས་འབྲས་བརྩི་ལུགས་ཀྱི་བསླབ་བྱ་དངོས་གྲུབ་ཆུ་མིག་ཅེས་པ་དེར་བལྟས་རྗེས་ངའི་བསམ་བློ་ལ་འགྱུར་བ་ཆེན་པོ་ཐེབས་ཤིང་།དེ་ལས་ཀྱང་ལེའུ་དང་བོ་དང་གཉིས་པ།བཅུ་གཅིག་བཅས་ཀྱི་ངའི་བསམ་བློ་ལ་བློ་བསྐྱེད་དང་གནས་ལུགས་མང་བོ་ཞིག་རྟོགས་སུ་བཅུག

ངས་བསླབ་བྱ་འདི་ལས་ཚེ་འདི་ཕྱིའི་གཉིས་ལ་ཕན་ཕན་པའི་མགོན་ནམ་སྐྱབས་ནི་དཀོན་མཆོག་གསུམ་ལས་མེད་པ་དང་འཇིག་རྟེན་འདིའི་དོན་དམ་གྱི་གྲོགས་པོ་ནི་དཀར་ནག་ལས་འབྲས་གཉིས་པོ་ཡིན་པར་མ་ཟད།འཇིག་རྟེན་འཁོར་བ་འདི་ནི་དགའ་སྐྱོ་གཉིས་ལྡན་གྱིས་གྲུབ་པའི་མི་རྟག་པ་ཞིག་ཡིན་པ་དང་།དེ་ལ་རྟག་པ་དང་།བདེན་པ།བརྟན་པ་སོགས་ཅི་ཡང་མེད་པས་ཞེན་ཆགས་རྒྱབ་ཏུ་བོར་ནས་ཆོས་ལ་གཞོལ་དགོས་པ་རྟོགས་བྱུང་།

འོན་ཀྱང་དེ་སྔ་སོང་བའི་གྲངས་ཀ་མི་ཤེས་འདུག།ད་དུང་འགྲོ་རྒྱུའི་གདེང་ཚོད་སུ་ཡིས་ཤེས།།ཡོང་གིན་ཡོང་གིན་འགྲོ་གིན་འགྲོ་གིན་འདུག།དོན་དུ་ཡོང་མི་ཚང་མ་འགྲོ་མི་རེད།།འཁོར་བ་འདི་ལ་རྟག་པ་གཅིག་ཀྱང་མེད།།རྟག་པ་མེད་པར་བདེན་པ་སུ་ལ་ཡོད།།རྟག་པ་བརྟན་པ་མེད་པའི་མི་ཚེ་འདི།།ལ་འགོའི་ཁ་ཡི་ཁྲི་གདུགས་ཉི་མ་འདྲ།།ཞེས་གསུངས་པ་ལྟར་ངས་ཀྱང་སྐྱིད་སྡུག་གིས་གྲུབ་པའི་འཁོར་བ་འདི་ལ་སྙིང་བོ་ཏིལ་ཙམ་ཡང་མེད་བདེན་དུ་མཐོང་ལ།འཁོར་བ་ཉེས་པ་ཀུན་གྱི་གཞི་དང་གདུག་ཅན་སྦྲུལ་གྱི་ཚང་ལྟ་བུ་ཞིག་ཡིན་པ་འང་ཤེས། འོན་ཀྱང་ལག་ལེན་ལག་ཏུ་ལོན་པ་གསེར་ལས་དཀོན་ཞེས་གསུངས་པ་བཞིན་འདི་ལ་མི་གནས་ཟེར་ན་དེ་ནི་བཤད་སླ་ཞིང་བསྒྲུབ་དཀའ་བ་ཞིག་ཡིན་པར་སྣང་།དཔེ་ཆ་འདིར་“ལྟེ་བ་མ་དང་འབྲེལ་ནས་ཡོང་བའི་དུས།།ཙེར་ཙེར་ཟེར་བ་ཙམ་ཤ་རྡོག་གཅིག།ནུ་ཞོ་ཁ་ལ་སྦྱར་ཡང་འཐུང་མི་ཤེས།།རྐང་བ་ཡོད་ཀྱང་གོམ་པ་སྤོ་མི་ཤེས།།རྣ་བ་ཡོད་ཀྱང་ཚིག་བརྡ་སྤྲོད་མི་ཤེས། །མིག་གཉིས་ཡོད་ཀྱང་མཐོང་རྒྱུ་མ་ལས་མེད།།སེམས་པ་ཡོད་ཀྱང་བསམ་རྒྱུ་མ་ལས་མེད། །ངོ་ལ་སྤྲང་མ་འཁོར་ཡང་དཀྲོག་མི་ཤེས།།མིག་ལ་འཚངས་པའི་ཐལ་བ་འདོན་མི་ཤེས། །གྲང་ངུ་འཁྱག་ངུ་ལྟོགས་ངུ་རྒྱགས་པའི་དུས།།ཕ་མ་གཉིས་པོའི་དགོང་མོའི་གཉིད་ཐབས་བཅག།སྐམ་པ་བུ་དང་རློན་པ་ཕ་མས་བྱེད།།འཇམ་པ་བུ་དང་རྩུབ་པ་ཕ་མས་བྱེད།།”ཅེས་པ་ནི་ཅི་འདྲའི་དོན་ལ་གནས་པའི་བདེན་གྲུབ་ཅིག་རེད་ཨང་།ང་ཚོ་སྐྱེ་འགྲོ་དག་ལྟེ་བ་མ་དང་འབྲེལ་ནས་འཇིག་རྟེན་འདིར་བསླེབས་དུས་ང་ཚོའི་ཨ་མ་ལས་ངོ་མི་ཤེས།སྒྱེད་པུ་ལས་ཐབ་མི་ཤེས་ཞེས་པའི་དཔེ་བཞིན་ཅི་ཡང་ངོ་མི་ཤེས་ལ་ཅི་ཡང་བསྒྲུབ་མི་ཤེས།ཐ་ན་གྲང་བ་དང་ལྟོགས་པའི་སྐབས་སུ་ཡང་སྐད་ཤུགས་ཆེན་པོས་ངུ་བ་ལས་ཅི་ཡང་སྨྲ་མི་ཤེས།ཡིན་ན་ཡང་སྐབས་དེར་འུ་ཅག་གི་སེམས་པ་ཚོར་མཁན་ཞིག་ཡོད་པ་ནི་ཕ་མ་གཉིས་པོ་ཡིན།དེའི་ཕྱིར་ཕ་མའི་བྱམས་བརྩེ་ནི་འཇིག་རྟེན་ཐོག་གི་ཆེས་དྲོད་ཁོལ་ལྡན་པའི་བྱམས་བརྩེ་དེ་ཡིན་པ་ཤེས་བྱུང་།དེ་ལྟར་ནར་སོན་པའི་གོ་རིམ་ཁྲོད་ཕ་མའི་ང་ཚོ་གོས་འཇམ་པོ་བཟོས་ཤིང་ཟས་ཞིམ་པོ་བྱིན་པར་མ་ཟད་འུ་ཅག་གི་དོན་དུ་ཉིན་མཚན་ལ་དབྱེར་བག་མེད་པར་དཀའ་སྡུག་བགྲངས་ཀྱིས་མི་ལོངས་པ་མྱང་ཡོད་པ་སྨོས་མེད་ཅིག་རེད།འོན་ཀྱང་ང་ཚོས་ཕ་མའི་དོན་དུ་ཅི་ཞིག་བསྒྲུབ་མྱོང་ཟེར་བའི་དྲི་བ་དེ་ནི་ང་ལ་མཚོན་ན་ཧ་ཅང་བསམ་གཞིག་བྱ་དགོས་པའི་དྲི་བ་ཞིག་ཡིན་པར་སེམས།

གནས་ལུགས་ལྡན་པའི་བསླབ་འདིའི་ལེའུ་བཅུ་བ་དང་བཅུ་གཅིག་ཀློག་སྐབས་ངས་སླར་ཡང་འདས་ཟིན་པའི་ང་དང་ཨ་མའི་བར་གྱི་གནས་ཚུལ་ཞིག་དྲན་བྱུང་།དེ་ནི་འབྲིང་རིམ་སྐབས་ཀྱི་གཟའ་མཇུག་ཅིག་སྟེ།ཁ་པར་ལག་ཏུ་ཡོད་ཀྱང་ཨ་མ་ལ་ཁ་པར་གཅིག་ཀྱང་མ་བཏང་།ཉིན་དེའི་གཟའ་སྤེན་པའི་ཕྱི་དྲོ་ཨ་མས་ང་ལ་ཁ་པར་བཏང་བྱུང་།འོན་ཀྱང་ང་རང་ཁོམ་མེད་པའི་ཁ་པར་མ་བླངས་པ་ཡིན།དགོང་མོར་ངས་ཨ་མ་ལ་ཁ་པར་གཏོང་བ་ན།ཨ་མས་ངུ་འབོད་བྱེད་ཀྱིན་ཁྱོད་ཀྱིས་ང་ལ་ཁ་པར་མ་བཏང་བར་མ་ཟད་ཕར་ལ་ཅི་ཙམ་གཏོང་ཡང་མ་བླང་།ངའི་སེམས་སུ་ཁྱོད་ལ་གློ་བུར་དུ་དོན་དག་འདྲ་བྱུང་བ་ཡིན་ནམ་སྙམ་ནས་སེམས་སྡུག་གི་ཀློང་ནས་མིག་ཆུ་དབང་མེད་དུ་ཤོར་བ་ཁྱོད་ཀྱིས་རྟོགས་སམ་ཟེར།ཁྱོད་ལ་མཚོན་ན་གཟའ་འཁོར་གཅིག་དང་སློབ་སྐབས་གཅིག་ནི་སྐད་ཅིག་ཙམ་ཡིན་པར་འདོད་ཀྱང་།མོ་ལ་མཚོན་ན་གཟའ་ཁོར་གཅིག་དང་སློབ་སྐབས་གཅིག་ནི་ཧ་ཅང་ཡུན་རིང་གི་སྣང་བ་ཁོ་ན་ཡིན།དགོང་མོ་ངལ་གསོ་བྱེད་སྐབས་ཁྱོད་རང་ཧ་ཅང་དྲན་ལ་ཁྱོད་ཀྱི་རྒྱུ་ལྷག་གི་ནད་དེ་འཕེལ་ཡོང་བར་སེམས་ཁུར་བྱེད་མྱོང་།ཁྱོད་རང་འཁྱག་ཨེ་འགྲོ་དང་ཡང་ན་ལྟོགས་ཨེ་འགྲོ་སྙམ་ནས་ང་རང་སེམས་བདེ་ངང་ནས་ངལ་གསོ་ཐེངས་གཅིག་བྱེད་མ་མྱོང་།འོན་ཀྱང་ཁྱོད་ཀྱིས་ང་ལ་ཁ་པར་ཞིག་ཀྱང་མ་གཏང་བས་ཨ་མ་ང་བརྗེད་སོང་བ་མ་ཡིན་ནམ་ཟེར།སྐབས་དེར་དྲོད་ཀྱིས་ཁེངས་པའི་ངའི་སེམས་པ་ནི་འཁྱག་སིབ་སིབ་ཅིག་ཏུ་འགྱུར་ནས་རང་དབང་མེད་པར་མིག་མཐའ་རབ་རིབ་ཏུ་གྱུར།འོན་ཀྱང་ངས་ཨ་མ་བུ་ང་ནོར་སོང་ཞེས་པའི་སྐད་ཆ་ལས་ཅི་ཡང་བཤད་མ་ཐུབ།དེ་ནས་བཟུང་སྟེ་ངས་རང་ཉིད་སྐྱུགས་བྲོ་བའི་མི་ཞིག་ཡིན་པ་གཞི་ནས་རྟོགས།མ་ཟད་དུས་དེ་ནས་ངས་གཟའ་མཇུག་རེ་རེ་ལ་ཨ་མར་ཁ་པར་མ་བཏང་བ་གཅིག་ཀྱང་མེད།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2156