【ནང་དོན་གནད་བསྡུས།】རྩོམ་ཡིག་འདི་ནི་(སྣར་ཐང་གི་གདན་རབས་གསེར་ཕྲེང་།)བཅོམ་ལྡན་རིགས་པའི་རལ་གྲིའི་རྣམ་ཐར་(དད་པའི་ལྗོན་ཤིང་།)ཀུན་མཁྱེན་དོལ་པོ་པའི་རྣམ་ཐར་(སྐྱེས་རབ་ཁྱད་འཕགས།) འགོས་ལོ་ཙཱ་བའི་(དེབ་ཐེར་སྔོན་པོ།)་རྣམས་གཙོ་བོར་བཟུང་ནས་མཆིམས་ཀྱི་མཁས་པ་འདི་དག་རྣམ་ཐར་ལ་དཔྱད་འཇོག་བྱས་པ་ཙམ་ཡིན།

【གནད་ཚིག།】མཆིམས་ནམ་མཁའ་གྲགས། མཆིམས་འཇམ་པའི་དབྱངས། མཆིམས་བློ་བཟང་གྲགས་པ།

ཁོ་བོས་མངོན་པ་མཛོད་སྦྱོང་སྐབས་མཆིམས་ཀྱི་མཁས་པ་ཁ་ཤས་ཤིག་ལ་དོ་སྣང་བྱུང་བ་ཡིན། དེ་དག་ནི་མཆིམས་ནམ་མཁའ་གྲགས། མཆིམས་འཇམ་པའི་དབྱངས། མཆིམས་བློ་བཟང་གྲགས་པ་བཅས་རེད། མཁས་པ་འདི་གསུམ་གྱི་སྐོར་ནས་ལོ་རྒྱུས་གསལ་ཁ་བཏོད་པ་དེ་ཙམ་མེད་ཅིང་། ཁ་ཤས་ཀྱིས་འདི་དག་གི་གོང་འོག་ནོར་བ། མཆིམས་ནམ་མཁའ་གྲགས་དང་མཆིམས་འཇམ་པའི་དབྱངས་གཉིས་གཅིག་ཏུ་འཁྲུལ་བ། ས་སྐྱའི་འཇམ་སྒེག་པ་དང་མཆིམས་འཇམ་དབྱངས་གཉིས་མི་གཅིག་ཏུ་འདོད་པ་སོགས་བཞེད་པ་མང་།  ཁོ་བོས་ཡང་དེའི་སྐོར་ནས་རོབ་ཙམ་གླེང་བར་བྱ། མཆིམས་ནམ་མཁའ་གྲགས་ནི་སྤྱི་ལོ་༡༢༡༠་ལ་སྐུ་འཁྲུངས་ཤིང་༡༢༨༥་ལ་སྐུ་གཤེགས་དགུང་ལོ་བདུན་ཅུ་དོན་དྲུག་ལ་བཞུགས། དཔལ་སྣར་ཐང་གི་གདན་རབས་བདུན་པ་ཡིན། བཅོམ་ལྡན་རིགས་པའི་རལ་གྲི་ཁོང་གི་སློབ་མ་ཡིན་ཞིང་བཅོལ་རལ་གྱིས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་སྐབས་ཁོང་གི་ལས་ཀྱི་སློབ་དཔོན་མཛད་པ་བཅོམ་རལ་གྱི་རྣམ་ཐར་(དད་པའི་ལྗོན་ཤིང་།)ན་“དབྱར་ཉི་མ་ལ་མཁན་པོ་དང་། མཁན་ཆེན་མཆིམས་ལ་ལས་ཆོག་དང་། ཀྱི་སྟོན་གྱི་གསང་སྟོན་བྱས་ནས་དགའ་བ་གདོང་དུ་བསྙེན་པར་རྫོགས།”ཞེས་པར་གསལ། བཅོམ་རལ་འདི་སྤྱི་ལོ་༡༢༢༧་ལ་འཁྲུངས་ཤིང་༡༣༠༧་ལོར་འདས། དགུང་ལོ་བརྒྱ་ཅུ་ལ་བཞུགས་པ་བཙུན་པ་བསམ་གཏན་བཟང་པོས་བརྩམས་པའི་རྣམ་ཐར་ལ་ལྟོས་དང་ཧ་གོ།  དེ་ལྟ་ན་ནམ་མཁའ་གྲགས་དང་མཆིམས་འཇམ་པའི་དབྱངས་གཉིས་མི་གཅིག་མིན་པ་ཧ་ཅང་གསལ་ཏེ། མཆིམས་འཇམ་དབྱངས་ནི་བཅོམ་ལྡན་པའི་སློབ་མ་ཡིན་ཚུལ་འགོས་ལོའི་(དེབ་ཐེར་སྔོན་པོ།) ལས་“མཁས་པ་ཆེན་པོ་འཇམ་པའི་དབྱངས་ཀྱང་ཁོང་གི་སློབ་མ་ཡིན་པ་ལས”ཞེས་སོགས་ལོ་རྒྱུས་རྣམས་ལས་གཅིག་མཐུན་དུ་འདོད་དོ།།  མཆིམས་འཇམ་པའི་དབྱངས་ཀྱིས་མཛད་པའི་མཛོད་ཀྱི་འགྲེལ་བ་(མངོན་པའི་རྒྱན།) གྱི་མཇུག་བྱང་དུ་“ཤེས་བྱའི་ནམ་མཁའ་ལ་མཁྱེན་པའི་དཀྱིལ་འཁོར་རབ་ཏུ་རྒྱས་ཤིང་སྙན་གྲགས་ཀྱི་འོད་ཟེར་གྱིས་ཕྱོགས་མ་ལུས་པ་ཁྱབ་པར་གྱུར་པས་སྡོམ་བརྩོན་མཁས་པ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་ཅིང་།”   འདིའི་ཚིག་ཟུར་ཏུ་ནམ་མཁའ་གྲགས་ཞེས་གསལ་བོར་བཤད་མི་འདུག་གམ་དཔྱོད། “གངས་ཅན་རྒྱུད་ཀྱི་གནས་བརྟན་ཆེན་པོ་མཆིམས་ཐམས་ཅད་མཁྱེན་པ་ལ་སོགས་པའི་ཞབས་ཀྱི་རྡུལ་རྙོག་པ་མེད་པ་སྤྱི་བོས་ལེན་པ་མང་དུ་ཐོས་པ་ཤཱཀྱའི་དགེ་སློང་འཇམ་པའི་དབྱངས་ཀྱིས། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོ་ནས་དབུ་བརྩམས་ནས།  སའི་དབང་ཕྱུག་རྒྱལ་པོ་ཆེན་པོའི་ཕོ་བྲང་ཅོང་ཏུའི་མཁར་དུ་ལེགས་པར་གྲུབ་པར་བྱས་པའོ།།”ཞེས་གསུངས་ཡོད། ་མཆིམས་ཐམས་ཅད་མཁྱེན་པ་འདི་མཆིམས་ནམ་མཁའ་གྲགས་ཀྱི་ཁུ་བོ་བླ་མ་མཆིམས་བློ་གྲོས་བརྟན་པ་འེ་ཡིན་སྙམ་སྟེ། (སྣར་ཐང་གི་གདན་རབས་གསེར་ཕྲེང་།) ལས་མཆིམས་ནམ་མཁའ་གྲགས་ཀྱི་རྣམ་ཐར་ནང་ཁོང་གི་ཁུ་བོ་མཆིམས་བློ་གྲོས་བརྟན་པ་ལ་མཆིམས་ཐམས་ཅད་མཁྱེན་པ་ཞེས་ཡང་ཡང་བཤད་པས།  དེར་བརྟག་ན་མཆིམས་བློ་གྲོས་བརྟན་པ་འདི་ལ་མཆིམས་ཐམས་ཅད་མཁྱེན་པ་ཞེས་ཆེ་བརྗོད་ཐ་སྙད་འདི་སྐབས་དེ་དུས་ཡོངས་གྲགས་ཤིག་རེད། མཆིམས་ཐམས་ཅད་མཁྱེན་པ་བློ་བརྟན་འདི་ཡང་མཛོད་ལ་ཧ་ཅང་མཁས་པ་ཆེན་པོ་ཡིན།   མཆིམས་མཛོད་མཇུག་བྱང་ནང་གི་མཆིམས་ཐམས་ཅད་མཁྱེན་པ་དེ་ཁོང་གཉིས་གང་ཡིན་དཔྱད་དགོས།  (གངས་ལྗོངས་ལོ་རྒྱུས་ཐོག་གི་མི་སྣ་གྲགས་ཅན།)ཞེས་པའི་ནང་མཆིམས་མཛོད་འདི་ནམ་མཁའ་གྲགས་ཀྱིས་བརྩམས་པར་བཤད་པ་ནོར་འདུག  ཁ་ཤས་ཀྱིས་མཆིམས་ཐམས་མཁྱེན་པ་ཟེར་བ་མཆིམས་བློ་བཟང་གྲགས་པ་རེད་ཟེར་བ་ཡོད་མོད་དེ་མིན་པའི་སྒྲུབ་བྱེད་གཤམ་དུ་འགོད།  རྭ་ལོའི་རྣམ་ཐར་(ཀུན་ཁྱབ་སྙན་པའི་རྔ་སྒྲ།) རུ་བྱ་ཡུལ་བ་ནམ་མཁའ་གྲགས་དང་ཕོ་རེ་བ་པདྨའི་གོ་ཆ་སོགས་ལ་རྭ་ལོས་དབང་སྐུར་བའི་སྐོར་ཅིག་གསུངས་ཡོད།  ནམ་མཁའ་གྲགས་དེ་དང་མཆིམས་ནམ་མཁའ་གྲགས་འདི་གཉིས་གཅིག་མིན་དཔྱད་དགོས།  མཆིམས་ནམ་གྲགས་འདི་བཀའ་གདམས་པའི་དགེ་བཤེས་བྱ་ཡུལ་བ་གཞོན་ནུ་འོད་ཀྱི་སློབ་མ་ཡིན་སྲིད་ཀྱང་། ཁོང་གི་རྣམ་ཐར་ནང་འཁོད་པའི་དངོས་བགྲངས་ཀྱི་བླ་མའི་གྲས་སུ་བྱ་ཡུལ་བ་གཞོན་ནུ་འོད་ཟེར་བ་ཞིག་མི་འདུག  འོན་ཏེ། ཁོང་ལ་རྣམ་ཐར་ནང་མི་གསལ་བའི་བླ་མ་མང་དུ་ཡོད་ངེས་སོ།།

མཆིམས་འཇམ་པའི་དབྱངས་འདིའི་འཁྲུངས་འདས་ལོ་ཚིགས་ནི་ད་ལྟའི་བར་སུས་ཀྱང་གསལ་བོར་བརྗོད་པ་མ་མཐོང་། བཅོམ་རལ་གྱི་དངོས་སློབ་ཡིན་པས་དུས་རབས་བཅུ་གཉིས་པའི་དུས་མགོར་བྱུང་བ་ཞིག་ཡིན། ཁོ་བོས་ནི་ས་སྐྱའི་སློབ་དཔོན་འཇམ་སྒེག་པ་ཟེར་བ་དང་འདི་གཉིས་གཅིག་མིན་སྐོར་ནས་བཤད་འདོད།  སློབ་དཔོན་འཇམ་སྒེག་པ་འདི་ཀུན་མཁྱེན་དོལ་པོ་པའི་སྐྱེས་རབས་རྣམ་ཐར་ལས་ས་སྐྱའི་བླ་མ་ཞིག་ཡིན་པ་གསལ་བོར་གསུངས་ཡོད། ཀུན་མཁྱེན་དོལ་པོ་པ་ནི་སྤྱི་ལོ་༡༢༩༢་ལ་འཁྲུངས་ཤིང་༡༣༦༥་ལ་སྐུ་གཤེགས་དགུང་ལོ་བདུན་ཅུ་ལ་བཞུགས།  དེ་ལྟར་ན་དུས་རབས་བཅུ་གཉིས་པའི་དུས་མཇུག་དང་དུས་རབས་བཅུ་གསུམ་པའི་དུས་མགོར་བྱོན་པ་ཡིན། སྤྱིར་བཅོམ་རལ་དགུང་ལོ་བརྒྱ་ཅུ་ལ་བཞུགས།   བཅོམ་རལ་མཁས་པ་ཆེན་པོ་གྱུར་སྐབས་མཆིམས་འཇམ་དབྱངས་ཀྱིས་བླ་མ་བསྟེན་པ་ཡིན་ངེས། བཅོམ་རལ་དགུང་ལོ་སོ་དྲུག་བཞེས་སྐབས་མཆིམས་ནམ་མཁའ་གྲགས་དང་། མཆིམས་འཇམ་དབྱངས་སོགས་དགེ་བཤེས་མང་པོས་སྤྱན་དྲངས་ཏེ། ཆུ་ཕོ་ཁྱིའི་ལོ་ལ་ཕྱག་ཕེབས་ནས་ཤིང་མོ་སྦྲུལ་གྱི་བར་དུ་ལོ་བཞི་བཅུ་ཞེ་བཞིར་སྣར་ཐང་གཙོས་པའི་དགོན་སྡེ་མང་པོར་འཆད་ཉན་སྤེལ་བ་ཡིན་ཚུལ་ཁོང་གི་རྣམ་ཐར་ན་ཧ་ཅང་གསལ། དེར་བརྟག་ན་བཅོམ་རལ་དགུང་ལོ་སོ་དྲུག་མ་བཞེས་གོང་ནས་མཆིམས་འཇམ་དབྱངས་ཀྱིས་བླ་མར་བསྟེན་ཚར་ཡོད་པ་ཤེས་ནུས་ཏེ། རྣམ་ཐར་དད་པའི་ལྗོན་ཤིང་ལས། “བུ་སློབ་རྣམས་ཀྱི་ཞུ་བ་བསྐུར་བ་ལ།  དགེ་བའི་བཤེས་གཉེན་འཇམ་རྒག་དང་། དགེ་བཤེས་འབུམ་ལེ། འབྲེ་སྒང་པ་གཞོན་རྡོར་རྣམས་ཀྱིས་སྤྱན་དྲངས།”ཞེས་པས་སོ།།  ས་སྐྱའི་འཇམ་སྒེག་པ་དང་མཆིམས་འཇམ་དབྱངས་གཉིས་གཅིག་པར་འདོད་ན་བཅོམ་རོལ་དགུང་ལོ་སོ་དྲུག་མ་བཞེས་གོང་ནས་འཇམ་སྒེག་པས་བླ་མར་བསྟེན་ཚར་བར་འདོད་དགོས་པ་མ་ཟད། ཁོང་སྐྱེས་ནས་བཟུང་བཅོལ་རལ་གྱི་སློབ་མ་ཡིན་མི་སྲིད་པས་བཅོམ་རལ་མ་བསྟེང་གོང་དུ་ལོ་བཅུ་ལྷག་ཅིག་སོང་ངེས། གལ་ཏེ། འཇམ་སྒེག་པས་བཅོམ་རལ་དགུང་ལོ་སུམ་བཅུའི་སྐབས་བསྟེན་པའི་དབང་དུ་བྱས་ཏེ་བཤད་ན། མ་བསྟེན་གོང་གི་ལོ་བཅུ་དང་། བཅོམ་རལ་གྱི་དགུང་ལོ་སུམ་བཅུ་ནས་བརྒྱ་ཅུའི་བར་མི་ལོ་ལྔ་བཅུ།  དེའི་སྟེང་ཀུན་མཁྱེན་དོལ་པོ་པའི་དགུང་ལོ་དྲུག་ཅུ་རེ་དགུ་བསྣན་པའི་སྡོམ་ན། ལོ་ངོ་བརྒྱ་དང་ཉེར་དགུ་སོང་ཟིན་པས་དེ་འདྲ་ཞིག་ལ་བཞུགས་ཡོད་མེད་ཐེ་ཚོམ་གྱི་ཡུལ་དུ་མི་གྱུར་རམ། བཅོམ་རལ་དགུང་ལོ་སོ་དྲུག་བཞེས་སྐབས་མཆིམས་འཇམ་དབྱངས་ཀྱིས་གསར་དུ་བླ་མ་བསྟེན་པའི་དབང་དུ་བྱས་ན་འང་མ་བསྟེན་གོང་གི་ལོ་བཅུ། བཅོམ་རལ་གྱི་དགུང་ལོ་སོ་དྲུག་ནས་བརྒྱ་ཅུའི་བར་ལོ་ཞེ་དྲུག། ཀུན་མཁྱེན་གྱི་དགུང་ལོ་དྲུག་ཅུ་རེ་དགུ་བསྣན་པའི་མི་ལོ་བརྒྱ་དང་ཉི་ཤུ་རྩ་ལྔ་འགོར་འདུག  ས་སྐྱའི་འཇམ་སྒེག་པ་དང་མཆིམས་འཇམ་པའི་དབྱངས་གཅིག་པར་ཁས་ལེན་ན་གོང་དུ་བཀོད་པའི་ལོ་ངོ་དེ་ཙམ་ལ་བཞུགས་པ་མི་འདོད་རང་དབང་མེད་དོ།།  ཀུན་མཁྱེན་ཆེན་པོ་དགུང་ལོ་རེ་དགུའི་སྐབས་ས་སྐྱའི་སློབ་དཔོན་འཇམ་སྒེག་པ་འདི་ཡོད་པའི་ཁུངས་(ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པའི་སྐྱེས་རབས་ཁྱད་འཕགས་པ།) ལས་“དེ་ནས་བྱི་བ་ལོ་ཡི་སྟོན་ཀར་ས་སྐྱར་གདན་དྲངས་ནས། མཁན་ཆེན་གཏོར་རྒྱལ།  གནས་དྲུག་པ། འཇམ་སྟོན། འཇམ་སྒེག་ལ་སོགས་པ་ས་སྐྱ་པ་བརྒྱ་སྟོང་དུ་མ་ལ་ཁྲིད་བཙུགས།”ཞེས་གསུངས་ཡོད།  བྱི་བ་ལོ་འདིར་ཀུན་མཁྱེན་ཆེན་པོ་དགུང་ལོ་རེ་དགུ་ལོ་ཐོན་དགོས་དེ།  དུས་ཕྱི་ལོ་བདུན་ཅུ་པ་ལྕགས་མོ་གླང་ལ་སྐུ་གཤེགས་པའི་ཕྱིར། འགོས་ལོ་ཙཱ་བའི་(དེབ་ཐེར་སྔོན་པོ།) ལས་འགོས་ལོའི་བླ་མ་སངས་རྒྱས་རིན་ཆེན་བྱ་བའི་“སློབ་དཔོན་འཇམ་སྒེག་ལ་དོན་དམ་བསྙེན་པ་དང་ལྟ་འདོད་མདོར་བསྟན་གསན་”པར་བཤད་ཡོད་པ་དང་། ཀུན་མཁྱེན་ཕྱོགས་རྒྱལ་བའི་རྣམ་ཐར་(དྲན་པའི་གདུང་དབྱངས།)ལས་ཁོང་ཉིད་དཔལ་ལྡན་ས་སྐྱར་གྲྭ་སྐོར་བྱོན་པ་ན་ཁོང་དང་བགྲོ་གླེང་གནང་སའི་ས་སྐྱའི་དགེ་བཤེས་“ བླ་ཆེན་ཀུན་དགའ་རྒྱལ་མཚན། མཁན་ཆེན་བྱང་ཆུབ་དཔལ།  སློབ་དཔོན་འཇམ་ཉེག་ལ་སོགས་མང་རབས་དང་། གཞན་སྟོན་བཟང་གི་གྲགས་པ་ཐོབ་པ་བཅུ་གཅིག་ལ་བགྲོ་གླེང་མཛད་”པར་གསུངས།   འོན་ཀྱང་། མཆིམས་ཀྱི་མཁས་པ་བཙུན་པ་བསམ་གཏན་བཟང་པོས་བརྩམས་པའི་བཅོམ་རལ་གྱི་རྣམ་ཐར་(དད་པའི་ལྗོན་ཤིང་།) ནང་ཁོང་གི་སློབ་མ་“དགེ་བའི་བཤེས་གཉེན་འཇམ་རྒག་”ཟེར་བ་ཞིག་ཡོད་པར་བཤད་འདུག  ཁོ་བོས་ནི་གོང་དུ་བཀོད་པའི་སྒྲུབ་བྱེད་ཀྱི་ལུང་དང་ལོ་ཚིགས་གང་ལ་བརྟག་ཀྱང་དགེ་བཤེས་འཇམ་རྒག་འདི་དང་ས་སྐྱའི་སློབ་དཔོན་འཇམ་སྒེག་གམ་འཇམ་ཉེག་ཟེར་བ་གཉིས་གཅིག་མ་རེད་སྙམ་མོ།།

ངས་གོང་ནས་ཞུས་པ་བཞིན་མཆིམས་མཛོད་མཇུག་བྱང་གི་མཆིམས་ཐམས་ཅད་མཁྱེན་པ་ཟེར་བ་དེ་དང་གནས་ལྔ་བའི་འགྲེལ་བར་(མཆིམས་གསུང་ངོ།)མཆིམས་བློ་བཟང་གྲགས་པ་མིན་པའི་སྒྲུབ་བྱེད་འགའ་འགོད། མཆིམས་བློ་བཟང་གྲགས་པ་ནི་མཆིམས་འཇམ་པའི་དབྱངས་ཀྱི་སྔ་རོལ་ཏུ་བྱུང་བ་མིན་ཏེ། ཁོང་ཀུན་མཁྱེན་དོལ་པོའི་ལས་ལོ་འགའ་ཤས་ཀྱི་རྗེས་སུ་བྱུང་ཞིང་མཁས་པ་གནས་དྲུག་པ་དང་ཡང་དུས་མཉམ་པས་ཁོང་གི་མཛད་པའི་མཛོད་ཀྱི་འགྲེལ་བ་(ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ།) འདི་མཁས་པ་གནས་དྲུག་པས་རྩོལ་བསྐུལ་གནང་ནས་བྲིས་པ་ཡིན་པར་མཛོད་འགྲེལ་དེའི་མཇུག་བྱང་དུ་“ལྔ་རིག་པའི་པཎ་ཆེན་ལྷུན་གྱིས་གྲུབ་པའི་སྡེ་སྣོད་འཛིན་པ་ཆེན་པོ་གནས་དྲུག་པ་བློ་གྲོས་མཚུངས་མེད་ལ་སོགས་པ་རྣམས་ཀྱིས་བསྐུལ་བའི་ངོར་མཁས་བཙུན་སྟོང་ཕྲག་དུ་མ་རིམ་པར་བྱོན་པའི་གནས་ཆོས་གྲྭ་ཆེན་པོ་དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་ཤཱཀྱའི་བཙུན་པ་དཔལ་ལྡན་མཆིམས་ཀྱིས་སྦྱར་བའོ།།”ཞེས་གསུངས་ཡོད།  ཀུན་མཁྱེན་དོལ་པོ་ལས་ཕྱིས་སུ་བྱུང་བ་ཡིན་ཏེ། མཆིམས་བློ་བཟང་གྲགས་པ་ཁོང་༡༢༩༩་ལ་སྐུ་འཁྲུངས་ཤིང་༡༣༧༥་ལ་སྐུ་གཤེགས་དགུང་ལོ་བདུན་ཅུ་དོན་བདུན་ལ་བཞུགས་པ་དུང་དཀར་ཚིག་མཛོད་སོགས་ཁོང་གི་ལོ་རྒྱུས་དག་ལས་གསལ་བར་བཤད་ལ་ཀུན་མཁྱེན་ཆེན་པོའི་སློབ་མ་འང་ཡིན། དེ་བས་ཀུན་མཁྱེན་དོལ་པོ་ལས་འཕྱི་བ་གོ་ནུས། (དེབ་སྔོན།)ལས་དཔལ་སྣང་ཐང་གི་ཆོས་གྲྭ་ཆེན་པོའི་གདན་རབས་རྣམས་རིམ་བཞིན་བགྲང་སྐབས་“མཁན་ཆེན་བློ་བཟང་གྲགས་པས་ལོ་བཞི་བཅུ།”ཞེས་གདན་རབས་བཅུ་གཉིས་པར་བགྲང་། དོན་དག་གཞན་ཞིག་ཡོད་པ་དེ་ (མངོན་པའི་རྒྱན།)གྱི་གནས་ལྔ་བའི་འགྲེལ་བར་“འོན་ཀྱང་ལུགས་ཕྱི་མ་གཉིས་ནི་རྣམ་པ་འགལ་ཙམ་དང་དངོས་སུ་འགལ་བའི་དབང་དུ་བྱས་ནས་བཤད་པ་ཡིན་ནོ་ཞེས་མཆིམས་གསུང་ངོ་།”ཞེས་པའི་ཚིག་ཟུར་གྱི་མཆིམས་དེ་འང་མཆིམས་བློ་བཟང་གྲགས་མིན་པར་མཆིམས་ནམ་མཁའ་གྲགས་ཡིན་ཏེ། མཆིམས་བློ་བཟང་གྲགས་པའི་མཛོད་ཀྱི་ཚིག་ཟིན་ལ་དེ་ལྟར་མེད།  མཆིམས་ནམ་མཁའ་གྲགས་ཀྱི་མཛོད་འགྲེལ་གྱི་ཚིག་ཟིན་ལས་“སེམས་ཙམ་པ་དང་མདོ་སྡེ་པའི་ཡིན་ཞེས་འཆད་ཀྱང་རྣམ་པ་འགལ་ཙམ་དང་དངོས་སུ་འགལ་བ་ལ་དགོངས་སོ་གསུང་ངོ་།”ཞེས་གསལ་བས་སོ།།  ཟུར་གཞན་ཞིག་ནས་བཤད་ན་མཆིམས་མཛོད་མངོན་པའི་རྒྱན་གྱི་མཆན་དེ་ཁོང་གིས་བཏབ་པ་ཡིན་མིན་དཔྱད་རྒྱུ་ཞིག་ཡོད་དེ། ཁོང་གི་བརྩམས་པའི་མཛོད་གྱི་འགྲེལ་བར་’’འདི་ལས་འཕྲོས་པའི་དོན་ཁོ་བོས་བྲིས་པའི་ཡིག་ཆུང་དུ་བལྟ་བར་བྱའོ།།”ཞེས་པའི་ཚིག་འདི་ཡང་ཡང་འབྱུང་། མཆིམས་བློ་བཟང་གྲགས་པ་རང་གིས་བརྩམས་པའི་མཛོད་འགྲེལ་གོང་འོག་ཀུན་ཏུ་མཆན་གཅིག་ཀྱང་མེད་པ་དང་ཁོང་གིས་མཛོད་ཀྱི་མཆན་ཞིག་ཡོད་ངེས་ཤིང་དེ་ནི་མངོན་རྒྱན་གྱི་མཆན་རྣམས་འེ་ཡི་སྙམ། འོན་ཀྱང་ཚིག་འདི་ཙམ་གྱི་མཆིམས་མཆན་དེ་མཆིམས་བློ་བཟང་གྲགས་པས་གསུངས་ཡིན་ཟེར་ན་ཐག་ཆོད་དཀའ། གལ་ཏེ། མཆན་དེ་ཁོང་གིས་བཏབ་པ་ཡིན་ན་མཆིམས་མཛོད་འདི་ལ་ཁོང་གིས་དམིགས་བསལ་གྱིས་རྩིས་ཆེ་བར་གནང་ཡོད་པས་ཁོང་གིས་མཇུག་རྩོམ་དུ་གླེང་སློང་བྱ་ངེས། འོན་ཏེ། མཆིམས་བློ་བཟང་གྲགས་པའི་མཛོད་འགྲེལ་མཇུག་རྩོམ་དུ་རྒྱ་འགྲེལ་གཉིས་དང་བོད་འགྲེལ་མཆིམས་ནམ་མཁའ་གྲགས་ཀྱི་མཛོད་འགྲེལ་དེ་སངས་རྒྱས་ཀྱི་གསུངས་བཞིན་གུས་པའི་བླངས་བར་བཤད་པས་དམིགས་བསལ་གྱིས་གླེང་བ་ལས་གཞན་རྒྱས་བསྡུས་འཚམས་པའི་བོད་འགྲེལ་ཁ་ཤས་ཡོད་ཚུལ་ཞིག་ལས་མེད་དོ།།  མཆིམས་མཆན་དེ་བཙུན་པ་འཇམ་དབྱངས་ཀྱིས་བཏབ་པ་ནི་མིན་སྙམ་སྟེ། མཆན་དང་ཡིག་ཆེན་འགལ་བའི་སྣང་ཚུལ་དང་སྐབས་འགར་བསྐྱར་ཟློས་ཀྱི་རྣམ་པ་མང་བས་མཁས་པ་ཁོང་ལ་དེ་འདྲའི་སྐྱོན་ཡོད་མི་སྲིད་དོ།།  དེ་ལྟར་ན་མཆིམས་བློ་བཟང་གྲགས་པ་ནི་མཆིམས་ནམ་མཁའ་གྲགས་དང་བཅོམ་ལྡན་རིགས་རལ་མཆིམས་འཇམ་པའི་དབྱངས་སོགས་དང་དུས་ཙམ་ཡང་མི་མཚུངས་པ་བཅས་ཀྱི་རྒྱུ་མཚན་སོགས་ལ་རྟེན་ནས་ཁོང་ཉིད་མཆིམས་མཛོད་མཇུག་བྱང་གི་མཆིམས་ཐམས་ཅད་མཁྱེན་པ་མིན་པར་གསལ་ལོ།།

མཇུག་བསྡུ་བ།

མདོར་ན་མཆིམས་ཀྱི་མཁས་པ་འདི་དག་ནི་མངོན་པ་འོག་མ་མཛོད་ཀྱི་བསྟན་པ་དར་བར་བྱེད་པ་ལ་འཕྲིན་ལས་ཤིན་ཏུ་ཆེ་ཞིང་བཀའ་དྲིན་གཞན་ལས་ཁྱད་པར་ཏུ་འཕགས། འདི་རྣམས་ཀྱིས་བརྩམས་པའི་མཛོད་ཀྱི་འགྲེལ་བ་རྣམས་ནི་ཁྱད་ཆོས་ལྷག་པར་ཆེ་བས་དུས་ད་ལྟའི་བར་ཏུ་འང་འཆད་ཉན་གྱི་སྒོ་ནས་བོད་གངས་ཅན་གྱི་ཡུལ་དུ་མ་ཉམས་གནས་འདུག་མོད།   ཁོང་ཅག་ནི་ལོ་རྒྱུས་ཀྱི་སྦས་དོན་གསེང་ནས་ཡུན་རིང་ལ་ཉལ་དྲགས་པས་རྣམ་ཐར་ཁ་ཚང་བ་ཞིག་མཆིམས་ནམ་མཁའ་གྲགས་མ་གཏོགས་བཙུན་པ་འཇམ་དབྱངས་དང་མཆིམས་བློ་བཟང་གྲགས་པ་གཉིས་ལ་མཐོང་དཀོན་པའི་ཚོད་དུ་འདུག དེ་བས་འདིར་བྲིས་པ་ཡང་ཆད་ལྷག་དང་ནོར་འཛོལ་མང་དུ་ཡོད་ངེས་པས་གཟུར་གནས་མཁས་པའི་དྲུང་དུ་འཆགས་སོ།།


ལུང་འདྲེན་དཔྱད་ཡིག

[༡][༡༠] རྣམ་ཐར་དད་པའི་ལྗོན་ཤིང་། ཤོག་ངོས་༡༣___༣༣་པར་གསལ། བཙུན་པ་བསམ་གཏན་བཟང་པོ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས།
[༢][༨][༡༢] དེབ་ཐེར་སྔོན་པོ། ཤོག་ངོས་༤༡༠__༩༡༣__༣༤༤་པར་གསལ། འགོས་ལོ་གཞོན་ནུ་དཔལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོར་དཔར།
[༣] མངོན་པའི་རྒྱན། ཤོག་ངོས་༧༠༥་པར་གསལ། མཆིམས་འཇམ་པའི་དབྱངས། གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་།
[༤] སྣང་ཐང་གི་གདན་རབས་གསེར་ཕྲེང་། ཤོག་ངོས་༣༡༡་པར་གསལ། མཆིམས་ནམ་མཁའ་གྲགས་སོགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
[༥] གངས་ལྗོངས་ལོ་རྒྱུས་ཐོག་གི་མི་སྣ་གྲགས་ཅན། ཤོག་ངོས་༡༠༠་གསལ། དོན་རྡོར། བསྟན་འཛིན་ཆོས་གྲགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
[༦] ཀུན་ཁྱབ་སྙན་པའི་རྔ་སྒྲ། ཤོག་ངོས་༢༧༤་པར་གསལ། རྭ་ཡེ་ཤེས་སེང་གེ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
[༧] ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པའི་སྐྱེས་རབས་ཁྱད་པར་དུ་འཕགས་པ། ཤོག་ངོས་༢༣༧་པར་གསལ། ལོ་ཙཱ་བ་ཆོས་གྲགས་དཔལ། མི་རིགས་དཔེ་སྐྲུན་ཁང་།
[༩] རྣམ་ཐར་དྲན་པའི་གདུང་དབྱངས། ཤོག་ངོས་༡༡་པར་གསལ། སྤོས་ཁང་སྒྲོལ་བཟང་གིས་ཕྱོགས་བསྡུས་ཞུས།
[༡༡] ཆོས་མངོན་པ་ལེགས་པར་བཤད་པའི་རྒྱ་མཚོ། ཤོག་ངོས་༥༥༢་པར་གསལ། མཆིམས་བློ་བཟང་གྲགས་པ། གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2148