སྤྱི་ལོ་༢༠༢༡ལོའི་ཟླ་༧པའི་ཚེས་༢༡ཉིན་ནས་བཟུང་ནང་ཆེན་ཟླ་མོ་དགོན་དུ་འགྲོ་མགོན་དུལ་མོ་ཆོས་རྗེ་ནས་རྒྱ་ཆེན་བཀའ་མཛོད་ཀྱི་བཀའ་དབང་ཟབ་ཆོས་སོགས་བསྩལ་སྐབས། ཆ་རྒྱུས་མེད་པའི་གྲོགས་གཅིག་ཏུ་མཉམ་དུ་བསྡད་ནས་དབང་ལུང་ཞུས། གྲོལ་ཁར་ཕྱག་ཆེན་སྨོན་ལམ་སོགས་སྨོན་ལམ་བཀྲ་ཤིས་དཔལ་འབར་གྱིས་མཐའ་བརྒྱན་སྐབས། ངས་སྐད་གསང་མཐོན་པོ་བྱས་ཏེ། ཆོས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བ་དང་། །སོགས་བཏོན་དུས། རྒྱུས་མེད་གྲོགས་དེས་ཁྲེལ་དགོད་དང་བཅས་ཏེ། ཧེ་ཧེ་ཁྱེད་བཤད་པ་མི་དགོས་མཁན་དེ་རེད་འདུག་བ་ཟེར། དེ་དུས་ངས་མར་པའི་གསུང་ལས་ཕྱིན་ཅི་ལོག་ཅིག་འདོན་འགྲོ་བ་མེད་དམ་སྙམ་ནས།  མར་སྟོན་རང་གི་གསུང་ཚད་མ་དེ་ཆོས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བ་དང་ཡིན་ནམ། ཡང་ན་ཁོ་ཚོས་གསུང་བཞིན་པའི་ཆོས་བཤད་སྒྲུབ་ཀྱི་བསྟན་པ་དར་བ་དང་དེ་གཉིས་གང་དག་མ་ཡིན་སྙམ་ཏེ་ཞིབ་འཇུག་དང་དཔྱད་པའི་རྒྱུར་སོང་ནས་དོ་སྣང་བྱས། བཀའ་བརྒྱུད་ཀྱི་མཁས་དབང་འགའ་རེ་ལའང་དྲིས་པ་དང་། བཀའ་བརྒྱུད་ཆོས་སྤྱོད་རབ་གསལ་སོགས་ཡིག་རྙིང་དུ་མ་མཐོང་བས་རྐྱེན་བྱས་ཏེ་དཔྱད་རྩོམ་འདི་འདྲ་ཞིག་སྤེལ་བ་ལགས་ན། གང་ཟག་འགའ་རེ་ལ་ཕན་ཐོག་རེ་འབྱུང་སྲིད་སྙམ་སྟེ་བྲིས་པ་ནི་འདི་ལྟ་སྟེ།

 

སྒྲ་སྒྱུར་གྱི་རྒྱལ་པོ་མར་སྟོན་རྡོ་རྗེ་འཆང་གི་སྨོན་ལམ་བཀྲ་ཤིས་དཔལ་འབར་ནི།

 

བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན། །

མངའ་རིས་རྒྱལ་ཁམས་བོད་ཀྱི་ཡུལ། །

ཁ་བ་ཅན་གྱི་བྱང་ཕྱོགས་སུ། །

“ཆོས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བ་དང་། །”

འཛམ་གླིང་བདེ་བའི་བཀྲ་ཤིས་ཤོག །

འཛམ་བུ་གླིང་བདེ་བར་མཛད་དུ་གསོལ། །

  ཞེས་པའི་ཚིག་རྐང་བཞི་པའི་ཆོས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བ་དང་གསུངས་པ་ལས་ཆོས་བཤད་སྒྲུབ་ཀྱི་བསྟན་པ་དར་བ་དང་མ་གསུངས་ཀྱང་། གང་ཟག་འགའ་རེས་ཆོས་བཤད་སྒྲུབ་ཀྱི་བསྟན་པ་དར་བ་དང་ཟེར་ནས་མར་སྟོན་རྡོ་རྗེ་འཆང་གི་གསུང་ལའང་བཟོ་བཅོས་བཏང་ནས་མ་དག་རྒྱུན་འབྱམས་སུ་སོང་བར་མངོན་ནོ།། ཁ་ཅིག་གིས་བཤད་སྒྲུབ་གཉིས་ཀྱང་གལ་ཆེ་བས་དེ་ལྟར་འདོན་ཀྱང་རུང་ངོ་ཟེར་ན།  དེ་ནི་ཤིན་ཏུ་མི་རུང་སྟེ་མར་སྟོན་རྡོ་རྗེ་འཆང་གི་གསུང་འདི་ལ་རྟེན་འབྲེལ་གྱིས་གནད་ཁྱད་པར་ཅན་ཡོད་དེ། མར་སྟོན་རྡོ་རྗེ་འཆང་གི་ཞལ་ནས། །ང་མི་རྒན་གྱི་བྱ་བ་བྱས་ཤིང་ཚར། །ད་ཁྱེད་བུ་སློབ་ཀྱི་དུས་ལ་བབ་ནས་གདའ། །ང་མི་རྒན་གྱི་ཁ་ལ་གཏད་ཡོད་ན། །ཕྱིས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་ནས་ཡོང༌། །ཞེས་དང་། མར་སྟོན་རྡོ་རྗེ་འཆང་གི་ཐུགས་དགོངས་ལ། བོད་དུ་སྤྱིར་སངས་རྒྱས་ཀྱི་བསྟན་པ། སྒོས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བ་ཞིག་ཅིས་ཀྱང་བྱེད་དགོས་དགོངས་པ་དང་།  པཎ་ཆེན་ནཱ་རོའི་ཞལ་ནས་ཀྱང་། མ་འོངས་པ་ན་ཁྱོད་ཀྱི་ཆོས་བརྒྱུད་ལ། ཕྱི་ཉན་ཐོས་ཀྱི་རྣམ་པ་ཅན་ལ། ནང་ཐེག་ཆེན་གྱི་དོན་རྟོགས་པའི་སར་གནས་ཀྱི་སེམས་དཔའ་འཁོར་བཅས་ཡང་མང་པོ་འབྱུང་ཞིང༌།  གཞན་ཆ་ལུགས་ངེས་མེད་ཀྱིས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་རྒྱས་སུ་བྱེད་པར་འགྱུར་ལ། ཞེས་གསུངས་པས་འདི་ལ་སྣང་མེད་དང་རང་འགར་བཟོ་བཅོས་གཏོང་ཆོག་ཆོག་ཅིག་གཏན་ནས་མིན་ནོ།། རྗེ་བཙུན་མི་ལ་རས་པའི་ཞལ་ནས། སྒྲུབ་བརྒྱུད་ཀྱི་གདམས་ངག་ལ་བརྟེན་ནས་ཐམས་ཅད་རྡོས་ཐག་ཆོད་པར་འདུག། ཅེས་གསུངས། དྭགས་པོ་ལྷ་རྗེས། སྒྲུབ་པ་པོས་ནི་སྒྲུབ་བརྒྱུད་ཀྱི་བླ་མའི་ཡོན་ཏན་སྤྱད་ནས་ཡིད་ཆེས་པར་བྱ་སྟེ། གུས་པས་གསོལ་བ་འདེབས་དགོས་པ་ཡིན་པས་དེའི་ཕྱིར་མཉེས་པར་བྱ་དགོས་སོ།། ཞེས་གསུངས།  སྒྲུབ་བརྒྱུད་ཀྱི་བསྟན་པ་ཟེར་དུས་བཤད་པ་དེ་མི་དགོས་པར་ལོགས་སུ་བཀར་སོང་བ་མ་ཡིན་ཏེ། སྔོན་གྱི་བཀའ་བརྒྱུད་གོང་མ་རྣམས་ཀྱི་གསུང་གི་ཁྲོད་དུ། སྒྲུབ་བརྒྱུད་འདི་པའི་ལུགས་སུ་གསུངས་ནས་རྩལ་འདོན་མཛད་ཡོད་པ་ཤིན་ཏུ་མང་བ་དང་། བཤད་སྒྲུབ་གཉིས་ཀྱི་ནང་ནས་གཙོ་བོ་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་གྲུབ་པའི་ས་མཐོར་གཤེགས་པ་མང་བའི་བརྒྱུད་འཛིན་ལ་སྒྲུབ་བརྒྱུད་པ་ཞེས་ས་གསུམ་ན་མཚན་ཉི་ཟླ་ལྟར་གྲགས་ཤིང་གྲུབ་པས་སོ། །སྒྲུབ་བརྒྱུད་པ་ཟེར་དུས་བཤད་པ་ཡེ་ནས་མི་དགོས་པར་གོ་བ་ནི་སྒྲུབ་བརྒྱུད་པ་ཞེས་པའི་མཚན་མཆོག་ཐོས་པ་དོན་ལྡན་གྱི་གནད་མ་གོ་ནས་མཁས་མདོག་གིས་མར་སྟོན་རྡོ་རྗེ་འཆང་གི་གསུང་ལ་ཆད་སྐྱོན་དུ་སྣང་ནས་བཟོ་བཅོས་བཏང་བ་ཙམ་དུ་ཟད་དོ།།  བཀའ་བརྒྱུད་ཞལ་འདོན་གཙོ་བོར་དྭགས་པོ་བཤད་སྒྲུབ་གླིང་གི་པར་མ་ཉིད་གཞིར་བཟུང་ནས་སི་ཏུ་བསྟན་པའི་ཉིན་བྱེད་ཀྱི་ལྗགས་སྒྲིགས་གནང་བའི་ཆོས་སྤྱོད་རབ་གསལ་ལས་ཀྱང་། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན། །མངའ་རིས་རྒྱལ་ཁམས་བོད་ཀྱི་ཡུལ། །ཁ་བ་ཅན་གྱི་བྱང་ཕྱོགས་སུ། །ཆོས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བ་དང་། །འཛམ་གླིང་བདེ་བའི་བཀྲ་ཤིས་ཤོག །འཛམ་བུ་གླིང་བདེ་བར་མཛད་དུ་གསོལ། །ཞེས་མར་སྟོན་རྡོ་རྗེ་འཆང་གི་ཚིག་ཇི་མ་ཇི་བཞིན་དུ་བྲིས་པ་ལས་བཟོ་བཅོས་གནང་མེད་པ་མཁྱེན་པར་མཛོད།  ད་དུང་ཆོས་སྤྱོད་རབ་གསལ་ལས། ཐུགས་རྗེའི་བྱིན་རླབས་བཀྲ་ཤིས་ཀྱི། །བསྟན་པ་ཡུན་རིང་གནས་པ་དང་། །སྒྲུབ་བརྒྱུད་བསྟན་པ་འབར་གྱུར་ཅིག །ཅེས་པའི་ཚིག་རྐང་གསུམ་པོ་རྡོ་རྗེ་འཆང་ནས་བཟུང་ཏཻ་ནཱ་མར་མི་དྭགས་སོགས་བཀའ་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་འདེབས་རེ་དང་སྦྱར་ནས་མཛད་ཡོད་པའང་གནད་ཆེ་བས་ཡིན་ནོ།།

ཀུན་མཁྱེན་མི་བསྐྱོད་རྡོ་རྗེས། ཇི་སྲིད་དེ་ལྟའི་དབང་ཕྱུག་མ་ཐོབ་པར། །བཀའ་བརྒྱུད་རྣམས་ལས་དྭགས་པོ་བཀའ་བརྒྱུད་དང་། །སྒྲུབ་བརྒྱུད་རྣམས་ལས་ཀརྨ་བཀའ་བརྒྱུད་ཀྱི། །གདམས་ངག་མ་ལུས་རྫོགས་པའི་སྣོད་གྱུར་ཅིག །ཅེས་དང་། ཐུན་བཞི་བླ་མའི་རྣལ་འབྱོར་ལས་ཀྱང་། སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་ལ་གསོལ་བ་འདེབས་སོ། ། ཞེས་དང་། ཡང་ཀུན་མཁྱེན་མི་བསྐྱོད་རྒྱལ་བས། མཉམ་མེད་དྭགས་པོ་བཀའ་བརྒྱུད་དང་། །སྒྲུབ་བརྒྱུད་སྙིང་པོ་ཀརྨ་ཀཾ་ཚང་གི། །ཐུགས་རྗེར་ལྡན་པའི་བླ་མ་ཐམས་ཅད་ཀྱིས། །བདག་ལ་ལྟོས་བཅས་སློབ་མ་རྣམས་ལ་གཟིགས། །ཞེས་གསུངས། ཡང་ཀུན་མཁྱེན་བླ་མ་མི་བསྐྱོད་རྡོ་རྗེས། དལ་འབྱོར་སྐྱོན་མེད་སྒྲུབ་བརྒྱུད་ཚད་མར་བཅས། །ལེགས་པའི་རྟེན་འབྲེལ་འཛོམས་པའི་གནས་སྐབས་འདིར། །བཀའ་བརྒྱུད་གོང་མའི་རྣམ་ཐར་མི་བསྙེགས་ན། །ནོར་བུའི་གླིང་ནས་མི་གཙང་བླངས་དང་མཚུངས། །ཞེས་གསུངས། འཇམ་མགོན་བླ་མ་བློ་གྲོས་མཐའ་ཡས་ཀྱིས་ཀྱང་། སྒྲུབ་བརྒྱུད་བསྟན་པ་ཕྱོགས་མཐར་རྒྱས་པ་དང་། །འབྲེལ་ཚད་གཉུག་མའི་གཏན་སྲིད་ཟིན་པར་ཤོག །ཅེས་གསུངས་སོ།། ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། བཀའ་བརྒྱུད་ནོར་བུའི་ཕྲེང་བ་མ་ལུས་པའི། །མཁྱེན་བརྩེ་ནུས་པ་གཅིག་ཏུ་བསྡུས་པའི་གཟུགས། །སྒྲུབ་བརྒྱུད་བསྟན་པ་ཉིན་མོར་མཛད་པའི་མགོན། ། གཙུག་ལག་ཆོས་ཀྱི་སྣང་བར་གསོལ་བ་འདེབས། །ཞེས་དང་། མཁས་གྲུབ་རཱ་ག་ཨ་སྱའི་བདེ་མཆོག་ལྷ་ལྔའི་ཚིགས་བཅད་ཟིན་བྲིས་ལས། སྒྲུབ་ཚུགས་བཟུང་བས་སྒྲུབ་བརྒྱུད་བསྟན་པའི་རྒྱན། ཞེས་དང་། གྲུབ་ཆེན་ཀརྨ་ནོར་བུའི་ཞལ་ནས། བཀའ་བརྒྱུད་ཀརྨ་ཀཾ་ཚང་འདི། །བཤད་བརྒྱུད་མ་ཡིན་སྒྲུབ་བརྒྱུད་ཡིན། །སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་ཡིན། །ཞེས་སོགས་ལུང་མཐའ་ཡས་སོ།།

ཁ་ཅིག་ན་རེ། སྨོན་ལམ་བཀྲ་ཤིས་དཔལ་འབར་མ་འདི་མར་པའི་གསུང་ཡིན་མིན་དོགས་པ་འདུག་ཟེར་ན། དེ་ལྟར་དོགས་པ་ཡོད་དགོས་དོན་མི་འདུག་སྟེ། མར་པ་རང་གིས་སྒྲུབ་བརྒྱུད་ཀྱི་བསྟན་པ་རྩལ་འདོན་མཛད་པར་གཞིགས་ན་འདི་མར་པའི་གསུང་ཡིན་མིན་ལ་ཐེ་ཚོམ་བྲལ། གང་ལྟར་སྐབས་འདིར་འདི་མར་པའི་གསུང་ཡིན་མིན་གླེང་བསླང་བྱ་བ་མིན། འོ་ན་ཅི་ཡིན་ཟེར་ན། འདིའི་ནང་གི་ཚིག་རྐང་གཅིག་ལ། ཆོས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བ་དང་། ཞེས་གསུང་ཡོད་པ་དེ་ལ་ཁ་ཤས་ཀྱིས། ཆོས་བཤད་སྒྲུབ་ཀྱི་བསྟན་པ་དར་བ་དང་ཟེར་ནས་བསྒྱུར་བཅོས་བྱས་པ་དེ་འགྲིག་གི་མི་འདུག་པར་དྲན་སྐུལ་་ཙམ་བྱས་པ་འདིའི་ཁུངས་གཙོ་བོ་གང་ལ་གཏུགས་ནས་བཤད་ཡོད་ཟེར་ན། ཀཾ་ཚང་གི་ཆོས་སྤྱོད་རབ་གསལ་དང་གདན་ས་གོང་འོག་བར་གསུམ་གྱི་ཞལ་འདོན་རྙིང་པ་ཁག་སོགས་དང་། གནའ་ཡིག་མང་པོ་རུ་ཆོས་སྒྲུབ་བརྒྱུད་ཀྱི་ཞེས་གསུངས་ཡོད་དུས། དེ་རང་འགར་བསྒྱུར་བཅོས་མི་ཉན་པར་བཤད་ཕོད་པ་ཞིག་ཏུ་སྣང་ངོ་།། དེང་སང་བཀའ་བརྒྱུད་ཞལ་འདོན་མང་པོ་གསར་ཏུ་བསྒྲིག་གི་འདུག ངས་ཀྱང་བཀའ་བརྒྱུད་ཞལ་འདོན་ཐེངས་བཞི་ཙམ་བསྒྲིགས་ཟིན། ནོར་བ་ཆེ་ཤོས་ནི་ཁུངས་ལུང་མེད་པ་དེ་རེད། གཙོ་བོ་དེང་སང་གི་དགོས་མཁོ་ལ་དམིགས་ནས་བསྒྲིགས་ཤིང་། དེ་ནི་ངས་ནོར་བ་ཡིན་པ་ཁས་ལེན་གྱིན་ཡོད།    མི་ཁ་ཤས་ཀྱིས་ཁྱེད་ཀྱིས་བཀའ་བརྒྱུད་ཞལ་འདོན་བསྒྲིགས་པ་དེ་ཁུངས་གང་ལ་གཏུགས་ཡོད་ཟེར་ནས་དྲིས་དུས་ང་ལ་བཤད་རྒྱུ་མེད་པར་ཆགས་སོང་།   རྒྱུ་མཚན་གང་རེད་ཟེར་ན་ངས་སྣང་བ་གང་ཤར་གྱིས་བསྒྲིགས་ནས་ཁུངས་ལུང་མེད་པར་ཆགས་པ་རེད།  གང་ལྟར་དེང་ཕྱིན་ཆད་བཀའ་བརྒྱུད་ཞལ་འདོན་ཞིག་བསྒྲིག་རྒྱུ་བྱུང་ན་ཁུངས་ལུང་ཡོད་པ་ཞིག་ཨེ་ཐུབ་སྙམ་ནས་རེ་བ་ཡིད་ལ་བཅིང་བཞིན་ཡོད་ཅེས་བཤད་འདོད།།

 

སྤྱི་ལོ་༢༠༢༢ཟླ་༩ཚེས༡༡ཉིན་དྷཱིཿཔདྨ་བཛྲ་གྱིས་བྲིས་པའོ།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2130