ཆོས་འཁོར་སྤྱིའི་ངོ་བོ་དང་།  བྱེ་བྲག་འཁོར་ལོ་སོ་སོའི་དོན།  ཆོས་འཁོར་གསུམ་སྐོར་བའི་དུས་ཏེ་ས་བཅད་གསུམ་མོ།། དང་པོ་ཆོས་འཁོར་སྤྱིའི་ངོ་བ་ནི།  སྐབས་དང་པོའི་སྤྱི་དོན་རོལ་མཚོ་ལས།①  རང་ལུགས་ནི། བཀའ་དང་ལམ་ཞུགས་ཀྱི་མངོན་པར་རྟོགས་པ་གང་རུང་གིས་བསྡུས་པའི་རྣམ་དཀར་གྱི་ཡོན་ཏན། ཆོས་འཁོར་གྱི་ངོ་བོ། ཞེས་ཆོས་འཁོར་ལ་བཀའ་དང་ལམ་ཞུགས་ཀྱི་མངོན་རྟོགས་གང་རུང་གིས་ཁྱབ་པར་གསུངས་སོ།།  ཀུན་མཁྱེན་ཡིག་ཆ་ལས་ནི་དེ་ལྟར་མ་ཁྱབ་པར་གསུངས་ཏེ།  ཕར་ཕྱིན་མཐའ་དཔྱོད་ལས།②  རང་ལུགས་ལ།  ལུང་རྟོགས་ཀྱི་དམ་ཆོས་གཉིས་གང་རུང་གིས་བསྡུས་པའི་ཡོན་ཏན་དེ། ཆོས་འཁོར་གྱི་མཚན་ཉིད་ཡིན་ཏེ། ཞེས་ལུང་རྟོགས་ཀྱི་དམ་ཆོས་ཐམས་ཅད་ཆོས་འཁོར་དུ་གསུངས་པའི་ཕྱིར་རོ།།  ཡང་དེ་ཉིད་ལས།③ ཁ་ཅིག། བཀའ་དང་ལམ་ཞུགས་ཀྱི་མངོན་རྟོགས་གང་རུང་གིས་བསྡུས་པའི་དམ་ཆོས་དེ་ཆོས་འཁོར་གྱི་མཚན་ཉིད། སངས་རྒྱས་ཀྱི་བཀས་བསྡུས་པའི་དམ་ཆོས་དེ་ལུང་གི་ཆོས་འཁོར་གྱི་མཚན་ཉིད། ལམ་ཞུགས་ཀྱི་མངོན་རྟོགས་ཀྱིས་བསྡུས་པའི་དམ་ཆོས་དེ་རྟོགས་པའི་ཆོས་འཁོར་གྱི་མཚན་ཉིད་ཟེར་ན། འགྲེལ་བ་དོན་གསལ་ཆོས་ཅན། བཀའ་ཡིན་པར་ཐལ། ལུང་གི་ཆོས་འཁོར་ཡིན་པའི་ཕྱིར།  དེར་ཐལ། བཀའ་དང་བསྟན་བཅོས་གང་རུང་ཡིན་པའི་ཕྱིར། ཁྱབ་སྟེ།  ལྷའི་བུ་བློ་གྲོས་རབ་གནོན་གྱིས་ཞུས་པའི་མདོ་ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུ།། ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ།། དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་ཡང་།། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར།། ཞེས་གསུངས་པའི་ཕྱིར། ཞེས་དང་།  གཞན་ཡང་། འགོག་བདེན་ཆོས་ཅན། མངོན་རྟོགས་ཡིན་པར་ཐལ། རྟོགས་པའི་ཆོས་འཁོར་ཡིན་པའི་ཕྱིར། དེར་ཐལ། རྟོགས་པའི་བསྟན་པ་ལ་ཐོབ་བྱེད་ལམ་བདེན་དང་ཐོབ་བྱའི་འབྲས་བུ་འགོག་བདེན་གཉིས་ཡོད་པའི་ཕྱིར་ཏེ། ཀུན་བཏུས་ལས། རྟོགས་པའི་བསྟན་པ་ཡང་རྒྱུ་དང་འབྲས་བུའི་དབྱེ་བས་འགོག་པ་དང་ལམ་གྱི་བདེན་པ་དག་གོ།  ཞེས་གསུངས་པའི་ཕྱིར།  ཞེས་མདོ་དང་ཀུན་བཏུས་ཁུངས་སུ་དྲངས་ཏེ་འགྲེལ་བ་དོན་གསལ་དང་འགོག་བདེན་སོགས་ཆོས་འཁོར་དུ་བསྒྲུབས་པར་མཛད་ཅིང་། དེས་ནི་ལུང་རྟོགས་ཀྱི་བསྟན་པ་དང་ལུང་རྟོགས་ཀྱི་ཆོས་འཁོར་ཁྱད་མེད་དུ་བཞེད་དོ།།  རང་རེའི་ཡིག་ཆ་ལས་འགྲེལ་བ་དོན་གསལ་དང་།  འགོག་བདེན་སོགས་ཆོས་འཁོར་མིན་པར་གསུངས་པ་ཙམ་ལས་སྒྲུབ་བྱེད་གཞན་དྲངས་པ་མ་མཐོང་པས་དེ་དག་གི་སྒྲུབ་བྱེད་གང་ཡིན་འཚོལ་དགོས་ལ།  དེ་ཉིད་ལེགས་བཤད་གསེར་ཕྲེང་ལས།④  ལུགས་དེ་དག་དོར་ལ་འདིར་ནི་ལུང་དང་རྟོགས་པའི་ཆོས་ཐམས་ཅད་ཆོས་འཁོར་དུ་འདོད་པར་བྱ་སྟེ། ཞེས་པ་དང་སྒྲས་ཟིན་མི་མཐུན་པས་དཔྱད་དགོས་སོ།།  འདིའི་དོན་སངས་རྒྱས་ཀྱི་བཀས་བསྡུས་པའི་ལུང་དང་ལམ་ཞུགས་ཀྱི་མངོན་པར་རྟོགས་པའི་ཆོས་ཐམས་ཅད་ཆོས་འཁོར་དུ་འདོད་པར་བྱ་སྟེ། ཞེས་པའི་དོན་དུ་བཀྲལ་བའང་མཐོང་ངོ་།།  འཇམ་དབྱངས་བཞད་པས་འགྲེལ་བ་དོན་གསལ་ཆོས་འཁོར་དུ་ཁས་བླངས་ཤིང་། སེང་གེ་བཟང་པོ་ཆོས་འཁོར་སྐོར་བ་པོ་མིན་པར་འདོད་པ་ནི་ཇི་སྲིད་སྐྱོན་སྤོང་བྱས་ཀྱང་ནང་འགལ་བར་སེམས་སོ།།  རང་ལུགས་ལྟར་ན་སེང་གེ་བཟང་པོ་ཆོས་འཁོར་སྐོར་བ་པོ་མིན་པས་འགྲེལ་བ་དོན་གསལ་ལུང་གི་ཆོས་འཁོར་མིན་པར་སྒྲུབ་ནུས་སམ་སྙམ།  སློབ་དཔོན་སེང་གེ་བཟང་པོ་ཆོས་ཅན། ཆོས་འཁོར་སྐོར་བ་པོ་མིན་པར་ཐལ། ཁྱོད་རྣམ་མཁྱེན་རྒྱུད་ལ་མི་ལྡན་པའི་གང་ཟག་ཡིན་པའི་ཕྱིར།  ཁྱབ་སྟེ།  མདོ་ལས།⑤ རྣམ་པ་ཐམས་ཅད་མཁྱེད་པ་ཉིད་ཐོབ་པར་མ་བགྱིས་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ།། ཞེས་གསུངས་པའི་ཕྱིར་རོ།། འོན་ཀྱང་གསེར་ཕྲེང་ལས།⑥  དེ་རྣམ་མཁྱེན་གྱི་ཡེ་ཤེས་ཐོབ་ནས་ཀྱང་ཉན་རང་ཐམས་ཅད་དང་། ལྷ་ནས་མི་དང་མི་མིན་དང་བཅས་པའི་འཇིག་རྟེན་གྱིས་བསྐོར་བར་མི་ནུས་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། ། ཞེས་ཆོས་འཁོར་ལ་འཇིག་རྟེན་པས་བསྐོར་བར་ནུས་མི་ནུས་གཉིས་བཤད་པས་ཆོས་འཁོར་སྐོར་བ་པོ་ལ་འཇིག་རྟེན་པ་ཡོད་པར་གསུངས་སོ།། དེ་ནི་གོང་དུ་དྲངས་པ་ལྟར་ལུང་རྟོགས་ཀྱི་ཆོས་ཐམས་ཅད་ཆོས་འཁོར་དུ་འདོད་པའི་དབང་དུ་བྱས་པར་སེམས་སོ།།  མཁས་གྲུབ་སྨྲ་བའི་ཉི་མ་ཡིས་ཚོགས་སྦྱོར་གྱི་ལམ་གཉིས་ཆོས་འཁོར་དུ་མི་བཞེད་པར་མངོན་ཏེ།  རྟོགས་དཀའི་སྣང་བ་ལས།⑦ འདིར་ནི་ཆོས་ཀྱི་འཁོར་ལོ་གཉིས་ལས། རྟོགས་པའི་ཆོས་ཀྱི་འཁོར་ལོ་ནི། མཐོང་ལམ་དང་སྒོམ་ལམ་དག་ཡིན་ལ། ཚོགས་སྦྱོར་ནི་མིན་ཏེ། མི་མཐུན་ཕྱོགས་ཀྱི་ས་བོན་གཅོད་མི་ནུས་པའི་ཕྱིར་རོ།། ཞེས་གསུངས་པས་ནའོ།།  རྣམ་བཤད་སྙིང་པོ་རྒྱན་ལས།⑧  དེ་ལ་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་རྒྱུད་ཀྱི་མི་མཐུན་པའི་ཕྱོགས་བཅད་པའི་ཆེད་དུ་གསུངས་པའི་ལུང་དང་མངོན་པར་རྟོགས་པའི་ཆོས་ཇི་སྙེད་པ་དེ་ཐམས་ཅད་ཆོས་ཀྱི་འཁོར་ལོ་ཡིན་ལ། ཞེས་བཅོམ་ལྡན་འདས་ཀྱི་ལུང་དང་མངོན་པར་རྟོགས་པའམ་ལམ་མཐའ་དག་ཆོས་འཁོར་དུ་གསུངས་ཤིང་། ཆོས་འཁོར་གྱི་མཚན་གཞི་གཞན་མ་མཛད་དོ།།  རང་རེའི་ཡིག་ཆའི་བཞེད་པ་ནི་རྒྱལ་ཚབ་ཆོས་རྗེའི་ལེགས་བཤད་འདི་དང་གསུང་ཟིན་ཤིན་ཏུ་མཐུན་པས་དེའི་རྗེས་སུ་འབྲངས་སོ།།

གཉིས་པ་བྱེ་བྲག་འཁོར་ལོ་སོ་སོའི་དོན་ནི།  སྐབས་དང་པོའི་སྤྱི་དོན་ལས།⑨ ཡང་དེ་ལ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར། བར་པ་མཚན་ཉིད་མེད་པའི་ཆོས་འཁོར། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་དང་གསུམ་ལས། བདེན་བཞི་དངོས་ཀྱི་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་ཐེག་དམན་ཐུན་མོང་མ་ཡིན་པའི་མདོ། དང་པོའི་མཚན་ཉིད། ཆོས་ཀྱི་འཁོར་ལོའི་མདོ་ལྟ་བུ། སྟོང་ཉིད་དངོས་ཀྱི་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་ཐེག་ཆེན་ཐུན་མོང་མ་ཡིན་པའི་མདོ། གཉིས་པའི་མཚན་ཉིད། དེ་ལ་དྲང་ངེས་ཀྱི་ཆ་གཉིས་ཡོད་དེ། ཤེས་རབ་སྙིང་པོ་དྲང་དོན་དང་། རྒྱས་འབྲིང་བསྡུས་གསུམ་ངེས་དོན་གྱི་མདོ་ཡིན་པའི་ཕྱིར། མཚན་ཉིད་གསུམ་ལ་སེམས་ཙམ་པའི་འདོད་པ་ལྟར་གྱི་བདེན་པར་ཡོད་མེད་ཀྱི་ཁྱད་པར་གསལ་བར་ཕྱེ་ནས་སྟོན་པའི་སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་མདོ། གསུམ་པའི་མཚན་ཉིད། མདོ་སྡེ་དགོངས་འགྲེལ་ལྟ་བུ། ཞེས་བཀའ་དང་པོ་བདེན་བཞི་ཆོས་འཁོར་དང་། བར་མཚན་ཉིད་མེད་པའི་ཆོས་འཁོར། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གསུམ་སོ་སོའི་མཚན་ཉིད་བཞག་ལ།   སྤྱིར་འཁོར་ལོ་དང་མཐའ་གསུམ་གྱི་མཚན་ཉིད་བཞག་པ་མེད་དོ།།  བྱེས་པའི་མཁས་པ་སྐོར་ཞིག་གིས་འཁོར་ལོ་དང་པོ་ལ་བདེན་བཞི་ཆོས་འཁོར་དང་། བར་པ་ལ་མཚན་ཉིད་མེད་པའི་ཆོས་འཁོར། ཐ་མ་ལ་ལེགས་ཕྱེའི་ཆོས་འཁོར་གྱིས་ཁྱབ་པར་བཞེད་པའང་མཐོང་ལ།  འཇིགས་མེད་དམ་ཆོས་རྒྱ་མཚོའི་དྲང་ངེས་ལས་ཀྱང་། བློ་རྗེ་སོགས་ཀྱིས་འཁོར་ལོ་དང་པོ་ཡིན་ན་བདེན་བཞིའི་ཆོས་འཁོར་དང་། དེ་ཡིན་ན་བདེན་བཞི་ལས་བརྩམས་པས་ཁྱབ་པ་ཁས་ལེན་པར་གསུངས་མོད།  བླ་མ་རྗེ་བཙུན་པའི་ཡིག་ཆ་རང་དུ་གསལ་ཁ་མེད་དོ།།   མངོན་འབྱུང་གི་མདོར་རལ་བ་ཅན་ལྔ་བརྒྱ་དང་འོད་སྲུང་ཆེན་པོ་སོགས་ལ་གདམས་པ་དང་། ཁམས་མང་པོའི་མདོ། དྲན་པ་ཉེར་བཞག་གི་མདོ་རྣམས་འཁོར་ལོ་དང་པོ་ཡིན་ཡང་བདེན་བཞི་ཆོས་འཁོར་མ་ཡིན་པར་འདོད་རིགས་ཏེ། ད་ལྟ་བཀའ་འགྱུར་ན་བཞུགས་པའི་བདེན་བཞི་ཆོས་འཁོར་ཏེ་ཆོས་ཀྱི་འཁོར་ལོའི་མདོ་མ་ཡིན་པ་ནི་སྨོས་མེད་ཡིན་ལ།  གཞན་དེ་དག་གིས་བདེན་བཞི་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་ཚུལ་ཡང་མེད་པའི་ཕྱིར་རོ།།  བདེན་བཞི་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་མ་བསྟན་ཀྱང་དེ་དང་བརྗོད་བྱ་ཕྱོགས་མཐུན་གྱི་མདོ་རྣམས་སྤྱིར་འཁོར་ལོ་དང་པོའི་མཚན་གཞིར་འཇོག་རིགས་ཏེ།  མཁས་གྲུབ་རྗེའི་རྣམ་བཤད་རྟོགས་དཀའི་སྣང་བ་ལས།10  འཁོར་ལོ་འདིའི་མདོ་དངོས་ནི། ལྔ་སྡེ་བཟང་པོ་ལ་བསྟན་པ་བདེན་བཞིའི་མདོ་ཞེས་བྱ་བ་དེ་ཉིད་ཡིན་ལ། དེ་དང་བརྗོད་བྱ་ཕྱོགས་མཐུན་གྱི་མདོ་རྣམས་འཁོར་ལོ་དེར་སྡུད་པ་ཡིན་གྱི། འཁོར་ལོ་དང་པོར་གཏོགས་པའི་མདོ་ཡིན་ན་དུས་སྔར་གསུངས་པས་ཁྱབ་པ་མིན་ཏེ། འདུལ་བ་རུང་མཐུན་གྱི་མདོ་མྱང་ངན་ལས་འདའ་ཁར་གསུངས་པའི་ཕྱིར་རོ།། ཞེས་དང་།  རྒྱུད་སྡེ་སྤྱི་རྣམ་ལས་ཀྱང་།11  དེ་ལ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ་ནི། འཁོར་ལོ་དང་པོའི་མདོ་དངོས་ཡིན་ཞིང་། དེ་དང་བརྗོད་བྱ་ཕྱོགས་མཐུན་གྱི་སྒོ་ནས། འདུལ་བ་ལུང་དང་། མདོ་དྲན་པ་ཉེར་བཞག་དང་། མདོ་རྒྱ་ཆེར་རོལ་པ་དང་། མདོ་སྡེ་ལས་བརྒྱ་པ་དང་། མདོ་སྡེ་རྟོགས་བརྗོད་བརྒྱ་པ་ལ་སོགས་པ་ཡང་འཁོར་ལོ་དང་པོའི་མདོར་གཏོགས་སོ།། ཞེས་གསུངས་པའི་ཕྱིར།  དེ་བཞིན་འཁོར་ལོ་བར་པ་དང་། ཐ་མ་ལའང་སྟོང་ཉིད་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པ་དང་།  མཚན་ཉིད་གསུམ་ལ་བདེན་པར་ཡོད་མེད་ཀྱི་ཁྱད་པར་གསལ་བར་ཕྱེས་ནས་བསྟན་པས་མ་ཁྱབ་བོ།།   འོན་ཀྱང་འདིར་འདུལ་བ་ལུང་འཁོར་ལོ་དང་པོར་བཤད་པ་ནི་དཔྱད་པའི་གཞི་སྟེ། དེ་ལས་སྟོང་ཉིད་བསྟན་པར་གསུངས་པས་འཁོར་ལོ་དང་པོར་མི་རིགས་པར་སྙམ་མོ།།  སྤྱིར་བཅོམ་ལྡན་འདས་ཀྱི་མདོ་ལ་འཁོར་ལོ་གསུམ་དུ་གྲངས་མ་ངེས་པ་ཡང་ཤེས་དགོས་ཏེ།  སྟོང་ཐུན་སྐལ་བཟང་མིག་འབྱེད་ལས།12 དེའི་ཕྱིར་གསུང་རབ་ཡིན་ན་འཁོར་ལོ་གསུམ་གང་རུང་གི་མདོ་ཡིན་པས་མ་ཁྱབ་ཀྱི། གསུམ་དུ་ཕྱེ་བ་ནི་གཙོ་བོའི་དབང་དུ་བྱས་བའི་དབྱེ་བའོ།། ཞེས་གསུངས་སོ།།

འདིར་འཁོར་ལོ་དང་པོ་ལ་ཐེག་དམན་ཐུན་མོང་མ་ཡིན་པའི་མདོ་དང་།  བར་པ་ལ་ཐེག་ཆེན་ཐུན་མོང་མ་ཡིན་པའི་མདོ། ཐ་མ་ལ་སེམས་ཙམ་ཐུན་མོང་མིན་པའི་མདོ་ཞེས་གསུངས་པའི་ཐེག་པ་དམན་པ་དང་ཐེག་པ་ཆེན་པོ་ལ་འཇོག་ཚུལ་མི་མཐུན་པ་དུ་མ་ཞིག་སྣང་སྟེ། ཁ་ཅིག།  དེ་གྲུབ་མཐའི་དབང་དུ་བྱས་པའི་ཐེག་པ་དམན་མཆོག་ལ་འཇོག་ཅེས་ཟེར་རོ།།  དེ་ལྟར་ན།  ལུང་ཕྲན་ཚེགས་ཀྱི་ནང་ཚན་དུ་གྱུར་པའི་ཀཱཏྱཱ་ཡ་ན་ལ་གདམས་པའི་མདོ་ལྟ་བུ་ཐེག་པ་ཐུན་མོང་གི་མདོ་མིན་པར་ཐལ།  དེའི་ཆེད་དུ་བྱ་བའི་གདུལ་བྱ་ལ་གྲུབ་མཐའི་དབང་དུ་བྱས་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་མེད་པའི་ཕྱིར་ཏེ། སྟོང་ཉིད་བསྟན་པའི་སྣོད་རུང་དུ་གྱུར་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་མེད་པའི་ཕྱིར་རོ།།  གཞན་ཡང་།  མདོ་སྡེ་དགོངས་འགྲེལ་ཐེག་ཆེན་ཐུན་མོང་མིན་པའི་མདོ་ཡིན་པར་ཐལ། དེའི་ཆེད་དུ་བྱ་བའི་གདུལ་བྱ་ལ་གྲུབ་མཐའི་དབང་དུ་བྱས་པའི་ཐེག་ཆེན་པ་ཡིན་པས་ཁྱབ་པའི་ཕྱིར་ཏེ། དེ་ཡིན་ན་སེམས་ཙམ་པ་ཡིན་པས་ཁྱབ་པའི་ཕྱིར།  འདོད་མི་ནུས་ཏེ། དེ་ཐེག་པ་ཐུན་མོང་གི་མདོ་ཡིན་པའི་ཕྱིར་ཏེ།  དགོངས་འགྲེལ་རང་ལས།13  ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། ཞེས་དེའི་ཆེད་དུ་བྱ་བའི་གདུལ་བྱ་ལ་ཐེག་པ་ཆེ་ཆུང་གཉིས་ཀ་ཡོད་པར་གསུངས་པའི་ཕྱིར་རོ།།  ཡང་ཁ་ཅིག། དེ་ཐེག་པའི་དབང་དུ་བྱས་པའི་ཐེག་པ་དམན་མཆོག་ལ་འཇོག་ཅེས་ཟེར་ཡང་འཐད་པར་མི་མངོན་ཏེ། སྟོང་ཉིད་བསྟན་པའི་མདོ་ཡིན་ན་ཁྱོད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ལ་བྱང་སེམས་ཡོད་པས་ཁྱབ་པར་ཐལ།  དེ་ཡིན་ན་ཐེག་པ་ཐུན་མོང་གི་མདོ་དང་ཐེག་ཆེན་ཐུན་མོང་མིན་པའི་མདོ་གང་རུང་ཡིན་དགོས་པའི་ཕྱིར།  ཁྱབ་པ་ཁས། རྟགས་གྲུབ་སྟེ།  ཐེག་དམན་ཐུན་མོང་མིན་པའི་མདོ་ལས་སྟོང་ཉིད་བསྟན་པ་མེད་པའི་ཕྱིར་རོ།།  འདོད་ན།  སྟོང་ཉིད་རྟོགས་པའི་ཉན་ཐོས་ཀྱི་རིགས་ཅན་དབང་པོ་རྣོན་པོ་ཁོ་ནར་གདམས་པའི་སྟོང་ཉིད་བསྟན་པའི་མདོ་མེད་པར་ཁྱོད་ཀྱིས་ཇི་ལྟར་སྒྲུབ་སྨོས་ཤིག།   དེ་བས་བདེན་བཞི་ཆོས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱ་ལ་ཐེག་པ་དང་གྲུབ་མཐའ་གཉིས་ཀའི་དབང་དུ་བྱས་པའི་ཐེག་དམན་པ་དང་། མཚན་ཉིད་མེད་པའི་ཆོས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱ་ལ་ཐེག་པ་དང་གྲུབ་མཐའ་གཉིས་ཀའི་དབང་དུ་བྱས་པའི་ཐེག་ཆེན་པ་ཡིན་པས་ཁྱབ་ཅིང་། ལེགས་ཕྱེའི་ཆོས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱ་ལ་གྲུབ་མཐའི་དབང་དུ་བྱས་ན་ཐེག་ཆེན་པ་དང་ཐེག་པའི་དབང་དུ་བྱས་ན་ཐེག་པ་ཆེ་ཆུང་གཉིས་ཀ་ཡོད་པས། དང་པོ་ཐེག་དམན་ཐུན་མོང་མིན་པ་དང་། བར་པ་ཐེག་ཆེན་ཐུན་མོང་མིན་པ། ཐ་མ་ཐེག་པ་ཐུན་མོང་གི་མདོར་བཞག་གམ་སྙམ་མོ།།  འོན་ཀྱང་མཁས་གྲུབ་རྗེའི་རྟོགས་སྣང་ལས།14 ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་ཞེས་པ་ནི། རྐྱེན་གྱི་དབང་གིས་ཐེག་པ་གང་དུ་ཡང་བསྒྱུར་དུ་རུང་བ་ལ་ངེས་པའི་རིགས་ཅན་གྱི་བྱང་སེམས་སོ།། ཞེས་འཁོར་ལོ་ཐ་མའི་ཆེད་དུ་བྱ་བའི་གདུལ་བྱ་ལ་ཐེག་ཆེན་པ་འབའ་ཞིག་བཤད་པས།  དེ་ནི་རེ་ཞིག་ཁས་ལེན་པར་མི་བྱེད་ལ། སྐབས་དང་པོའི་སྤྱི་དོན་ལས།15 དེ་ཆོས་ཅན། ཁྱོད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་དེ་ལ་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་ལ་ཐེག་པ་ཆེ་ཆུང་གི་རིགས་ཅན་གཉིས་ཀ་ཡོད་པས་དེ་ལྟར་བརྗོད་པའི་ཕྱིར། ཞེས་དང་། རྗེའི་དྲང་ངེས་ལེགས་བཤད་སྙིང་པོ་ལས་ཀྱང་།16 འཁོར་ལོ་གསུམ་པ་ལ་བརྗོད་བྱ་གང་ལས་བརྩམས་པ་བར་པ་དང་འདྲ་ཞིང༌། གདུལ་བྱ་ནི་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་སྟེ་སྔ་མ་གཉིས་ནི་ཐེག་པ་ཆེ་ཆུང་སོ་སོ་བ་ཡིན་ལ་འདི་ནི་གཉི་གའི་དབང་དུ་བྱས་པའོ། ། ཞེས་གསུངས་པས་འཁོར་ལོ་ཐ་མའི་ཆེད་དུ་བྱ་བའི་གདུལ་བྱ་ལ་ཐེག་པ་ཆེ་ཆུང་གཉིས་ཀ་ཡོད་པར་བཞེད་རིགས་སོ།།  སྤྱིར་བཅོམ་ལྡན་འདས་ཀྱི་གསུང་ཡིན་ན་དེའི་ཆེད་དུ་བྱ་བའི་གདུལ་བྱ་ལ་ལམ་ཞུགས་ཀྱི་གང་ཟག་དང་། གྲུབ་མཐའ་སྨྲ་བ་ཡིན་པས་ཁྱབ་མིན་སོགས་དཔྱད་བྱ་མང་ངོ་།།

  གསུམ་པ་ཆོས་འཁོར་གསུམ་སྐོར་བའི་དུས་ནི།  མཁས་པ་དག་སྤྱིར་འཁོར་ལོ་རིམ་པ་གསུམ་སྐོར་བའི་དུས་ནི་སྟོན་པ་སངས་རྒྱས་ཏེ་མྱ་ངན་ལས་མ་འདས་ཀྱི་བར་མི་ལོ་བཅོ་ལྔ་པ་ཕྲག་གསུམ་དུ་བགོས་ཏེ་དང་པོར་འཁོར་ལོ་དང་པོ་དང་།  གཉིས་པ་དང་གསུམ་པར་རིམ་བཞིན་འཁོར་ལོ་བར་ཐ་གཉིས་གསུངས་སོ།།  ཞེས་བཞེད་ཀྱང་དེ་ནི་རགས་བཤད་ཙམ་གྱི་དབང་དུ་བྱས་པ་ཡིན་གྱི། དུས་དེ་དང་དེར་ངེས་པར་བཟུང་བ་མིན་ཏེ།  སྔོན་གྱི་ལོ་ཙཱ་བ་དག་དུས་ཚིགས་ངོས་འཛིན་ཐད་བཤད་སྲོལ་མི་མཐུན་པ་དུ་མ་བྱུང་ཞིང་།  བུ་སྟོན་ཆོས་འབྱུང་དུ།17 དུས་ཀྱི་ངེས་པ་འདི་རྣམས་ཀྱི་ཁུངས་གསལ་བ་ཁོ་བོས་མ་མཐོང་ངོ་།། ཞེས་གསུངས་སོ།།  འཁོར་ལོ་དང་པོ་ལ་དུས་དང་པོར་གསུངས་པས་མ་ཁྱབ་པར་གོང་དུ་བཤད་ཟིན་ལ། འཁོར་ལོ་བར་པ་ལའང་དུས་བར་པར་གསུངས་པས་མ་ཁྱབ་སྟེ། སྐབས་དང་པོའི་སྤྱི་དོན་རོལ་མཚོ་ལས།18 སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱི་ལོ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་དུས་འཁོར་རྩ་རྒྱུད་གསུངས་པ་གང་ཞིག   དེ་དང་དུས་མཉམ་དུ་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གྱི་མདོ་གསུངས་པའི་ཕྱིར། དང་པོ་གྲུབ་སྟེ། དུས་འཁོར་འགྲེལ་ཆེན་ལས། ས་གའི་ཉའི་སྐྱ་རེངས་འཆར་བའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཐེག་པ་གསུམ་བསྟན་པར་མཛད་ནས། ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ་ཤྲཱི་དྷཱ་ན་ཀ་ཊ་ཀར་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་གསུངས། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དུས་འཁོར་རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བསྟན། །མཆོད་རྟེན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་གསུངས་པ། །ཞེས་གསུངས་པའི་ཕྱིར། ཞེས་བཤད་པའི་ཕྱིར་རོ།། དེ་ལྟར་དུས་དང་པོར་གསུངས་པའི་ཤེར་ཕྱིན་གྱི་མདོ་སྡེ་ཡོད་པར་རྒྱལ་ཚབ་བྱམས་མགོན་གྱིས་ཀྱང་བཞེད་དེ།  རྒྱུད་བླ་མ་ལས།19 སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས།  ། ཞེས་ཤེར་ཕྱིན་གྱི་མདོ་སྡེ་ལས་སྤྲིན་དང་རྨི་ལམ་དང་སྒྱུ་མ་བཞིན་དུ་ཆོས་ཐམས་ཅད་བདེན་སྟོང་དུ་གསུངས་པ་དང་དེའི་རྗེས་སུ་ཡང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་གསུངས་པ་མི་འཐད་ཅེས་བརྩད་ཅིང་། དེའི་ལན་དུ། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང་། །ཡང་དག་མིན་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཅག་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤང་དོན་དུ་གསུངས། ཞེས་མཛད་དོ།། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ནི་སྟོན་པ་སངས་རྒྱས་ཏེ་ལོ་བཅུ་པ་ན་གསུངས་པར་མདོའི་གླེང་གཞི་ལས་འབྱུང་ཞིང་།  དེའི་སྔོན་དུ་ཤེར་ཕྱིན་གྱི་མདོ་སྡེ་གསུངས་པར་རྒྱུད་བླའི་གཞུང་འདིར་ཤིན་ཏུ་གསལ་བའི་ཕྱིར་དུས་དང་པོར་གསུངས་པའི་ཤེར་ཕྱིན་གྱི་མདོ་སྡེ་ཡོད་པར་གྲུབ་བོ།།  ཁ་ཅིག། དགོངས་འགྲེལ་དངོས་བསྟན་གྱི་འཁོར་ལོ་དང་པོ་ཡིན་ན་དུས་དང་པོར་གསུངས་པས་ཁྱབ་པ་དང་། དགོངས་འགྲེལ་དངོས་བསྟན་གྱི་འཁོར་ལོ་བར་པ་ཡིན་ན་དུས་བར་པར་གསུངས་པས་ཁྱབ་ཅེས་སྨྲ་ཡང་འཐད་པར་མི་སེམས་ཏེ།  དྲང་ངེས་ལེགས་བཤད་སྙིང་པོ་ལས།20 དགོངས་འགྲེལ་ལས་འཁོར་ལོ་རིམ་པ་གསུམ་གསུངས་པ་ནི་འཁོར་གྱི་འདུ་ཐེབས་དང་སྟོན་པའི་སྐུ་ཚེའི་ཚིགས་ལ་སོགས་པས་འཇོག་པ་མིན་གྱི་བརྗོད་བྱའི་ངོས་ནས་ཡིན་ནོ། ། ཞེས་གསུངས་པའི་ཕྱིར།  འོ་ན་གཞུང་དེ་ཉིད་ལས།21 ཤུགས་ལ་གནས་པའི་དོན་དེ་ཉིད་དུས་ཀྱི་རིམ་པའི་སྒོ་ནས་འཁོར་ལོ་གསུམ་དང་སྦྱར་བའི་དྲང་ངེས་སུ་འགྱུར་ཚུལ་དོན་དམ་ཡང་དག་འཕགས་ཀྱིས་སྟོན་པ་ལ་ཞུས་པ་ནི་དགོངས་འགྲེལ་ལས། ཞེས་གསུངས་པ་མི་འཐད་པར་ཐལ་ཞེ་ན། སྐྱོན་མེད་དེ།  དེའི་དོན་ནི་སྐབས་དང་པོའི་སྤྱི་དོན་ལས།22 དེ་ནི་དང་པོར་ཝཱ་རཱ་ཎ་སཱིར་ལྔ་སྡེ་ལ་གསུངས་པའི་བདེན་བཞིའི་ཆོས་འཁོར་དང་། བར་དུ་བྱ་རྒོད་ཕུང་པོའི་རིར་གསུངས་པའི་ཤེར་ཕྱིན་གྱི་མདོ་དང་། ཐ་མར་ཡངས་པ་ཅན་དུ་གསུངས་པའི་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གསུམ་དུས་ཀྱི་རིམ་པའི་སྒོ་ནས་འཇོག་པའི་དོན་ཡིན་པའི་ཕྱིར། ཞེས་གསུངས་པ་ལྟར་ཡིན་ནོ།།  རྒྱུ་མཚན་དེ་དག་གི་ཕྱིར་ན་རང་རེའི་ཡིག་ཆ་ལས་ཆོས་འཁོར་གསུམ་ཅིག་ཅར་ཏུ་བསྐོར་བར་གསུངས་པའང་གནད་དུ་ཆེའོ།།

བུ་སྟོན་ཆོས་འབྱུང་ལས།23  དེ་ལ་དང་པོ་ལྔ་གཅིག་ཅར་གསུངས་པ་ཡིན་ཏེ། ཞེས་དང་།  གསུང་གཅིག་ཉིད་དུ་གསུངས་མོད་ཀྱི།། དུ་མ་ཉིད་དུ་སོ་སོར་རིག། ཅེས་པའམ། གསུང་ནི་གཅིག་གཅིག་གསུང་མཛད་ལ།། དུ་མ་ཉིད་དུ་རིག་འགྱུར་ཏེ།། དེ་ནི་བདག་གི་ཆེད་དུའོ་ཞེས།། ཐམས་ཅད་ཀྱིས་ནི་རྟོགས་ཕྱིར་རོ།། ཞེས་པ་བཞིན་དུ་རང་གི་བློ་དབང་པོ་རྟུལ་འབྲིང་རྣོ་གསུམ་གྱིས་རྒྱས་འབྲིང་བསྡུས་གསུམ་དུ་གོ་བ་བཞིན་དུ་སྡུད་པ་པོས་ཀྱང་བསྡུས་པ་ཡིན་ནོ།། ཞེས་ཡུམ་རྒྱས་འབྲིང་བསྡུས་གསུམ་ཅིག་ཅར་གསུངས་པར་བཤད་ཅིང་སྔོན་གྱི་མཁས་པ་དག་དེ་ལྟར་ཁས་ལེན་བྱེད་དོ།།   རྗེ་བཙུན་པའི་སྤྱི་དོན་རོལ་མཚོ་ལས་ནི།24 ཁོ་ན་རེ། སྟོན་པས་རྒྱས་འབྲིང་བསྡུས་གསུམ་ཅིག་ཅར་དུ་གསུངས་པ་དང་། དེ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཅིག་ཅར་དུ་གསུངས་པ་དང་། དེས་འདུལ་བ་ལུང་སྡེ་བཞི་ཅིག་ཅར་དུ་གསུངས་པར་ཐལ། དེས་ཆོས་འཁོར་གསུམ་ཅིག་ཅར་དུ་གསུངས་པའི་ཕྱིར་ན། ཐོག་མཐའ་གཉིས་ལ་མ་ཁྱབ། ཅེས་རྒྱས་འབྲིང་བསྡུས་གསུམ་གཅིག་ཅར་དུ་མ་གསུངས་པར་བཤད་པས་བློ་ལྡན་རྣམས་ཀྱིས་བརྟག་པར་རིགས་སོ།།    མཁས་པ་ཁ་ཅིག།  བཅོམ་ལྡན་འདས་ཀྱི་གསུང་ཡིན་ན་ཆོས་ཐམས་ཅད་སྟོན་པས་ཁྱབ་སྟེ།  གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས།25 ཞི་བའི་བློ་གྲོས་དེ་ལ་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་གསུང་འདི་སྐད་དུ་ཀཽ་དི་ནྱ་མིག་མི་རྟག་གོ། །ཞེས་བཀའ་སྩལ་པ་དེ་ལ་སྡུག་བསྔལ་གྱི་སྒྲས་འདུལ་བ་རྣམས་ཀྱིས་ནི་མིག་སྡུག་བསྔལ་ལོ་ཞེས་ཐོས་སོ། །བདག་མེད་པས་འདུལ་བ་རྣམས་ཀྱིས་ནི་མིག་བདག་མེད་པའོ་ཞེས་ཐོས་སོ། །སྟོང་པ་ཉིད་ཀྱིས་འདུལ་བ་རྣམས་ཀྱིས་ནི་མིག་སྟོང་ངོ་ཞེས་ཐོས་སོ། །ཞི་བས་འདུལ་བ་རྣམས་ཀྱིས་ནི་མིག་ཞི་བའོ་ཞེས་ཐོས་སོ། ། ཞེས་གསུངས་པའི་ཕྱིར།  ཞེས་ཟེར་རོ།།  དེ་ལྟ་ན་ཐེག་དམན་ཐུན་མོང་མ་ཡིན་པའི་མདོ་ལས་སྟོང་ཉིད་བསྟན་པར་ཐལ་ལོ།།  ཡང་ཁ་ཅིག་གིས་གོང་གི་ལུང་དེ་ལ་བསམ་ནས་བཅོམ་ལྡན་འདས་ཀྱི་གསུང་ཡིན་ན་བདེན་བཞི་སྟོན་པས་ཁྱབ་ཅེས་སྨྲ་མོད།  དེ་ཡང་འཐད་པར་དཀའ་སྟེ།  བཅོམ་ལྡན་འདས་ཀྱི་ངག་ཏུ་གྱུར་པའི་ཤ་རིའི་བུ་ཞེས་པའི་གསུང་གིས་བདེན་བཞི་སྟོན་ཚུལ་ཇི་ལྟར་ཡིན་སྨྲ་བར་མི་ནུས་པའི་ཕྱིར།  འོན་ཀྱང་གསང་བ་བསམ་གྱི་མི་ཁྱབ་པའི་མདོའི་ནང་ཚན་དུ་གྱུར་པའི་མི་རྟག་པ་སྟོན་པའི་སྒྲས་བདེན་པ་བཞི་ཀ་བསྟན་པར་གོང་གི་ལུང་དེས་གྲུབ་བོ།།

 


① སྐབས་དང་པོའི་སྤྱི་དོན་རོལ་མཚོ།  རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་བརྩམས། ཤོག་གྲངས།78 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།

②ཀུན་མཁྱེན་ཕར་ཕྱིན་མཐའ་དཔྱོད།  ཀུན་མཁྱེན་འཇམ་དབྱངས་བཞད་པས་བརྩམས། ཤོག་གྲངས།122 ཉི་གཞོན་དཔེ་ཚོགས་རྩོམ་སྒྲིག་ཁང་།

③ཀུན་མཁྱེན་ཕར་ཕྱིན་མཐའ་དཔྱོད།  ཀུན་མཁྱེན་འཇམ་དབྱངས་བཞད་པས་བརྩམས། ཤོག་གྲངས།104 ཉི་གཞོན་དཔེ་ཚོགས་རྩོམ་སྒྲིག་ཁང་།

④ལེགས་བཤད་གསེར་ཕྲེང་།  རྗེ་ཙོང་ཁ་པས་བརྩམས། ཤོག་གྲངས།61 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།

⑤  ཉི་ཁྲི། ༼ག༽ཤོག་གྲངས།164 སྡེ་དགེའི་བཀའ་འགྱུར།

⑥ལེགས་བཤད་གསེར་ཕྲེང་།  རྗེ་ཙོང་ཁ་པས་བརྩམས། ཤོག་གྲངས།394 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།

⑦རྣམ་བཤད་རྟོགས་དཀའི་སྣང་བ།  མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་བརྩམས། ཤོག་གྲངས།16 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།

⑧རྣམ་བཤད་སྙིང་པོ་རྒྱན།  རྒྱལ་ཚབ་དར་མ་རིན་ཆེན་གྱིས་བརྩམས། ཤོག་གྲངས།35 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།

⑨སྐབས་དང་པོའི་སྤྱི་དོན་རོལ་མཚོ།  རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་བརྩམས། ཤོག་གྲངས།78 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།

10 རྣམ་བཤད་རྟོགས་དཀའི་སྣང་བ།  མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་བརྩམས། ཤོག་གྲངས། 17 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།

11 མཁས་གྲུབ་རྗེའི་གསུང་འབུམ།  ༼ཉ༽ མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་བརྩམས། ཤོག་གྲངས། 385 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།

12སྟོང་ཐུན་སྐལ་བཟང་མིག་འབྱེད།  མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་བརྩམས། ཤོག་གྲངས།55 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།

13མདོ་སྡེ་དགོངས་པ་ངེས་འགྲེལ། མདོ་སྡེ། ༼ཅ༽ ཤོག་གྲངས། 25 སྡེ་དགེའི་བཀའ་འགྱུར།

14རྣམ་བཤད་རྟོགས་དཀའི་སྣང་བ།  མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་བརྩམས། ཤོག་གྲངས།18 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།

15སྐབས་དང་པོའི་སྤྱི་དོན་རོལ་མཚོ།  རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་བརྩམས། ཤོག་གྲངས།84 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།

16དྲང་ངེས་ལེགས་བཤད་སྙིང་པོ། རྗེ་ཙོང་ཁ་པས་བརྩམས། ཤོག་གྲངས།29 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།

17བུ་སྟོན་ཆོས་འབྱུང་།  བུ་སྟོན་རིན་ཆེན་གྲུབ་ཀྱིས་བརྩམས།  ཤོག་གྲངས།106 ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།

18སྐབས་དང་པོའི་སྤྱི་དོན་རོལ་མཚོ།  རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་བརྩམས། ཤོག་གྲངས།73 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།

19བྱམས་ཆོས་སྡེ་ལྔ། རྒྱལ་ཚབ་བྱམས་པ་མགོན་པོའི་བརྩམས། ཤོག་གྲངས།164སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།

20དྲང་ངེས་ལེགས་བཤད་སྙིང་པོ། རྗེ་ཙོང་ཁ་པས་བརྩམས། ཤོག་གྲངས།95 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།

21དྲང་ངེས་ལེགས་བཤད་སྙིང་པོ། རྗེ་ཙོང་ཁ་པས་བརྩམས། ཤོག་གྲངས།26 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།

22སྐབས་དང་པོའི་སྤྱི་དོན་རོལ་མཚོ།  རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་བརྩམས། ཤོག་གྲངས།72 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།

23བུ་སྟོན་ཆོས་འབྱུང་།  བུ་སྟོན་རིན་ཆེན་གྲུབ་ཀྱིས་བརྩམས།  ཤོག་གྲངས།105 ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།

24སྐབས་དང་པོའི་སྤྱི་དོན་རོལ་མཚོ།  རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་བརྩམས། ཤོག་གྲངས།75 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།

25གསང་བ་བསམ་གྱི་མི་ཁྱབ་པའི་མདོ། དཀོན་བརྩེགས། ༼ཀ༽ ཤོག་གྲངས།159 སྡེ་དགེའི་བཀའ་འགྱུར།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2126