[ནང་དོན་གནད་བསྡུས]  དཔྱད་རྩོམ་འདིས་བོད་ཀྱི་རྣམ་ཐར་ཟློས་གར་བྱུང་འཕེལ་སྐོར་དང་།  རྣམ་ཐར་ཟློས་གར་གྱི་ཁྱས་ཆོས་ཏེ།འཁྲབ་གཞུང་དང་འཁྲབ་སྟོན། ཟློས་གར་གྱི་རོལ་དབྱངས། ཟློས་གར་གྱི་རོལ་ཆས་སོགས་དང་། སྒོས་སུ་མཚོ་སྔོན་རྨ་ལྷོའི་ཕྱོགས་སུ་བོད་ཀྱི་རྣམ་ཐར་ཟློས་གར་ཇི་ལྟར་བྱུང་བ་དང་འཕེལ་རྒྱས་སུ་སོང་བའི་སྐོར་དང་།  དེའི་རྒྱུད་འཛིན་མི་སྣའི་སྐོར་སོགས་ནས་ཅུང་ཙམ་ངོ་སྤྲོད་མདོར་བསྡུས་སུ་བྱས་ཡོད།

 [བརྡ་ཆད་གཙོ་བོ]  རྣམ་ཐར་ཟློས་གར།  བྱུང་འཕེལ། ཁྱད་ཆོས། རྒྱུད་འཛིན་མི་སྣ།

དང་པོ། བོད་ཀྱི་རྣམ་ཐར་ཟློས་གར་གྱི་བྱུང་འཕེལ།

ངག་རྒྱུན་ལྟར་ན་བསྐལ་བ་རྫོགས་ལྡན་གྱི་མཇུག་ཏུ་ལྷ་ཆེན་ཚངས་པས་ལྷ་རྣམས་ཀྱི་སྡུག་བསྔལ་བསལ་ནས་བདེ་བ་ལ་འགོད་པའི་ཆེད་དུ་ཟློས་གར་གྱི་རིག་བྱེད་གསར་བཏོད་བྱས་པར་གྲགས་ལ། དེ་ནས་རིམ་བཞིན་དུ་འཛམ་བུ་གླིང་དུའང་ཟློས་གར་གྱི་རིག་བྱེད་དར་བར་བྱས་ཏེ་མི་རྣམས་ཀྱི་དབུགས་འབྱུང་བར་བྱའོ་སྙམ་ནས། ཚངས་པས་བྷ་ར་ཏ་མུ་ནིའི་ཕྱག་ཏུ་ཟློས་གར་གྱི་གཞུང་གཏད། བྷ་ར་ཏ་མུ་ནིས་སྤྱི་ལོ་སྔོན་གྱི་ལོ ༢༠༠༠ ཡས་སུ་ཟློས་གར་གྱི་མཚན་ཉིད་དམ་ངོ་བོ་སྟོན་པའི་གཞུང་བརྩམས་ཏེ་དར་ཞེས་གྲགས་པ་གང་ཡིན་རུང་། ཟློས་གར་གྱི་གཞུང་འདི་དར་ཚུལ་ཧ་ཅང་སྔ་བར་འདོད་དེ་མི་རྣམས་ཀྱིས་སྐད་ཆ་བཤད་མ་ཤེས་གོང་ནས་རྐང་ལག་གི་བརྡ་སྟོན་པ་སོགས་ལུས་ཀྱི་ཉམས་འགྱུར་བྱུང་ཡོད་པས་ན། མིང་ལ་ཟློས་གར་ཞེས་བརྗོད་དཀའ་རུང་དེ་མཚུངས་ཀྱི་ཕན་ཚུན་བརྡ་སྟོན་བྱེད་ཀྱི་རྣམ་འགྱུར་བྱུང་ཡོད་ངེས་ཡིན། “སྟོན་པ་གཤེན་རབ་ཀྱིས་མཛད་པའི《ཀུན་གསལ་བྱམས་མའི་སྨོན་ལམ》ལས། གྲངས་ཀྱི་གནས་རྣམས་ཤེས་པའི་སྐར་རྩིས་དང་། །རྩོམ་པའི་རྒྱན་དུ་གྱུར་བའི་སྙན་ངག་དང་། །མིང་གི་གནས་ལ་མི་རྨོངས་མངོན་བརྗོད་དང་། །བཅད་ལྷུག་ཚིག་ལ་མི་རྨོངས་སྡེབ་སྦྱོར་དང་། སྐད་རིགས་སྒྲ་ལ་མི་རྨོངས་ཟློས་གར་དང་། །ཞེས་པ་དེས་ཐོག་མར་བོན་གྱི་བསྟན་པ་དར་བ་དང་དུས་མཚུངས་སུ་འཆམ་དང་ཞབས་བྲོ གཞས་དང་གླུ་སོགས་དར་ཡོད་པར་མ་ཟད་བཅུ་ཕྲག་རིག་པའི་རྨང་ཙམ་ཡོད་པར་བཤད། ལོ་རྒྱུས་རྣམས་སུ་ཡང་དེ་རྗེས་ཟ་རམ་སྐྱེས་དྲུག་གིས་དབང་བྱས། །ཡུལ་མིང་སྟོང་སྡེ་བཅོ་བརྒྱད་ཅེས། །སྔ་རྟགས་མགོ་ཆ་འདོགས་པ་དང་། །གླུ་རོལ་རྩེ་བ་དགའ་སྟོན་བྱེད་པ་བྱུང་། །ཞེས་ཀྱང་གསལ་ལ། ཡང་གཤེན་གྱི་གསུང་རབ《བོན་སྒོ་གསེར་འོད་ནོར་བུ་འབར》ལེའུ་བརྒྱད་པར།  ཕྱྭ་ཡི་སྣང་བ་འོད་ལྡན་དེ། །ཕྱྭ་ཡི་གཤིན་པོ་ཀུན་བསྡུས་ནས། །བདག་ཉིད་གཤེན་རབ་བསུ་ཚུལ་བྱས། །ལ་ལས་ཁྲོ་རྒྱལ་འཛིན་གར་བསྒྱུར། །ལ་ལས་མཁའ་འགྲོའི་མཛེས་གར་བསྒྱུར། །ལ་ལས་གླང་ཆེན་འགྱིང་གར་བསྒྱུར། །”[༡] ཞེས་སོགས་གསུངས་པ་དེའི་སྟེང་ནས་སྔ་མོ་ཞིག་ནས་ཟློས་གར་གྱི་འཁྲབ་ཚུལ་དང་ཉེ་བའི་བྲོ་གར་གྱི་ཉམས་འགྱུར་དེ་འདྲ་དར་ཡོད་པར་སྣང་། དེ་བཞིན་དུ་བསམ་ཡས་གཙུག་ལག་ཁང་གི་འགྲུབ་སྟོན་ལ་གླུ་གར་འཁྲབ་སྟོན་བྱས་ཚུལ་བསམ་ཡས་གཙུག་ཁང་གི་སྡེབས་རིས་རྙིང་བ་དག་ན་གསལ་པོར་བཞུགས་ལ《རྒྱལ་རབས་གསལ་བའི་མེ་ལོང་》དུ“ཆོས་རྒྱལ་ཆེན་པོའི་སྐུ་ཡི་སྐྱོ་སངས་ལ། །འབག་དང་སེང་གེ་གཡག་སེང་སྟག་སེང་དང་། །རྔ་བྲོ་མཁན་དང་གར་མཁན་ལ་སོགས་ཀྱིས། །རེ་རེ་བཞིན་དུ་གར་དང་རྩེ་མོ་འབུལ། །”[༢] ཞེས་པར་བརྟག་ན་སྲོང་བཙན་སྒམ་པོའི་དུས་ནས་གླུ་གར་བྲོ་གསུམ་དར་ཡོད་པ་ཤེས་ནུས་ལ། 《རྦ་བཞེད》དུའང་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་དུས“སྐྱིད་ཀྱི་བྲོ་མོ་ཆེ་བརྡུངས། མི་རེས་གླུ་རེ་བླངས།”ཞེས་པ་སོགས་ལས་གསལ་པོར་རྟོགས་སླ།

དེ་ཡང་ང་ཚོས་གླེང་བཞིན་པའི་ཟློས་གར་ནི་གཙོ་བོ་གར་སྟེགས་ལ་དམིགས་པའི་འཁྲབ་སྟོན་སྒྱུ་རྩལ་ཞིག་ཏུ་གོ་བ་ཡིན་ལ། དེ་ལ་ལུས་ཀྱི་ཉམས་འགྱུར་དང་། རྐང་ལག་གི་སྟངས་སྟབས། ངག་གི་སྨྲ་བརྗོད་སོགས་ཡང་ཡང་ཟློས་ཤིང་གར་བྱེད་པས་ན་ཟློས་གར་ཞེས་མིང་དུ་གདགས་པར་མཛད། དེ་ཡང་ང་ཚོས་ཐོག་མར་གླེང་དགོས་རྒྱུ་ནི་གཏམ་རྒྱུད་ཟློས་གར་ཡིན་ཏེ། དེ་ལ་བསྟན་བྱའི་ཟློས་གར་དང་བལྟ་བའི་ཟློས་གར་ཞེས་རིགས་གཉིས་སུ་དབྱེ་བ་ཡིན། བསྟན་བྱའི་ཟློས་གར་ཞེས་པ་ནི་ཟློས་གར་འཁྲབ་སྟོན་བྱེད་པ་སོགས་མེད་པར་མི་གཅིག་གིས་སྒྲུང་བཤད་པ་ལྟར། ཡུལ་ཕྱོགས་སོ་སོར་ངག་ཐོག་ནས་བཤད་པའི་ཟློས་གར་གྱི་རྣམ་པ་དེ་ལ་ཟེར། བལྟ་བའི་ཟློས་གར་ཞེས་པ་ནི་གཟུགས་ཀྱི་རྣམ་པའི་འཁྲབ་སྟོན་ཏེ“མི་སྣ་གང་ཞིག་གཟུགས་ཀྱི་རྣམ་པར་བཀོད་པ་སྟེ་ཆས་སྤྲས་པའམ་རྣམ་འགྱུར་སོགས་དེ་དང་འདྲ་བར་སྟོན་པས་ན་གཟུགས་ཀྱི་ཟློས་གར་ཞེས་བྱའོ”[༣] ཞེས་པ་ལྟར་འཁྲབ་སྟོན་པས་རང་ཉིད་འཁྲབ་གཞུང་ནང་གི་མི་སྣར་སྤྲས་ཏེ་ལད་ཟློས་བྱེད་པ་དེ་འདྲ་ཞིག་གོ།

བོད་ཀྱི་ཟློས་གར་ནི་བོད་རང་ས་ནས་རྩ་བ་ཚུགས་ཤིང་རིམ་བཞིན་རྒྱ་གར་གྱི《ཀླུ་ཀུན་ཏུ་དགའ་བའི་ཟློས་གར》དང་《འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར》གཉིས་བོད་སྐད་དུ་འགྱུར་བ་དང་། ཐུབ་པའི་སྐྱེས་རབས་སོགས་ཀྱི་ཤན་ཤུགས་ཐེབས་པ་ལ་བརྟེན་ནས་ད་ལྟ་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་སུ་ས་ཁྱབ་རྡོ་ཁྱབ་དུ་སོང་ཡོད་པར་མ་ཟད། བོད་མི་རིགས་ཀྱི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཏུ་གྱུར་འདུག ས་སྐྱ་པཎ་ཌྲི་ཏའི《ཟློས་གར་རབ་དགའི་འཇུག་པ》དང་《རོལ་མོའི་བསྟན་བཅོས》གཉིས་ནི་བོད་རང་སའི་མཁས་པས་བརྩམས་པའི་ཟློས་གར་གྱི་གཞུང་ངམ་བསྟན་བཅོས་ཐོག་མ་རུ་བརྩི། བོད་ཀྱི་ཟློས་གར་ལ་ལྷ་ས་བས་ཨ་ཅེ་ལྷ་མོ་རུ་འབོད་ལ། སྤྱི་ལོའི་དུས་རབས་བཅུ་བཞི་བར་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ལྕགས་ཟམ་བསྐྲུན་སྐབས་འཕྱོངས་རྒྱས་ནས་གླུ་གར་ལ་དགའ་བའི་བུ་མོ་སྤུན་བདུན་རྩ་འཛུགས་བྱས་ཏེ་ལྷ་མོ་ཚོགས་པ་ཞིག་བཙུགས་ཤིང་། དེའི་ནང་ནས་བུ་མོ་གཉིས་ཀྱིས་རྔོན་པ་དང་། བུ་མོ་བཞིས་ལྷ་མོ། བུ་མོ་གཅིག་གིས་རོལ་མོ་དཀྲོལ་བ། གྲུབ་ཐོབ་རང་ཉིད་རྔ་བརྡུངས་མཁན་བཅས་བྱས་ཏེ་བོད་ཀྱི་ལོ་རྒྱུས་སྟེང་གི་ཡར་ཀླུང་འཕྱོངས་རྒྱས་སྤུན་བདུན་པ་ཞེས་པའི་ཟློས་གར་ཚོགས་པ་དེ་ཐོག་མར་གསར་འཛུགས་བྱས་ཤིང་། དེ་དང་བསྟུན་ནས་ཡར་ཀླུང་བཀྲ་ཤིས་ཞོལ་པ། སྐྱོར་མོ་ལུང་ལྷ་མོའི་ཚོགས་པ། རྒྱལ་མཁར་ཆོས་རྫོང་ལྷ་མོ། ཤངས་རྣམ་གླིང་བཀྲ་ཤིས་རྩེ་བ། གཅུང་རི་བོ་ཆེའི་ལྷ་མོ། སྙེ་མོ་དར་གྲོང་ལྷ་མོ། འབྲི་གུང་ལྷ་མོའི་ཚོགས་པ་སོགས་བྱུང་བ་དང་། རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོས(སྤྱི་ལོ༡༦༡༧—༡༦༨༢)ལོ་རེའི་ཞོ་སྟོན་སྐབས་སུ་ས་ཁུལ་སོ་སོའི་ཟློས་གར་ཚོགས་པ་རྣམས་གཅིག་ཏུ་བསྡུས་ཏེ་འཁྲབ་སྟོན་བྱེད་དུ་བཅུག་པས་ཟློས་གར་ཚོགས་པ་ཕན་ཚུན་བར་མཉམ་མྱོང་བརྗེ་རེས་དང་འཁྲབ་སྟོན་གྱི་གོ་སྐབས་གསར་བ་ཐོབ་པས་མྱུར་ཏུ་འཕེལ་རྒྱས་བྱུང་ཞིང་། ལྷ་མོ་སྤུན་བདུན་བཙུགས་པ་ནས་རིམ་བཞིན་ལྷ་མོ་ཁག་བཅུ་གཉིས་བྱུང་བ་ནི། “ ༡ འཕྱོངས་རྒྱས་ལྷ་མོ་སྤུན་བདུན།  ༢རྒྱལ་མཁར་ཆོས་རྫོང་ལྷ་མོ།  ༣ ཡར་ཀླུང་བཀྲ་ཤིས་ཞོལ་བ།  ༤ ར་གཡང་ལྷ་མོ།  ༥ གཅུང་རི་བོ་ཆེའི་ལྷ་མོ།  ༦ ཤངས་པ་ལྷ་མོ།  ༧ སྟོད་ལུང་སྣང་རྩེ་ལྷ་མོ།  ༨ གཙང་ཤེལ་བྲག་འོད་དཀར་ལྷ་མོ།  ༩ སྐྱོར་མོ་ལུང་ལྷ་མོ།  ༡༠ ཡེར་པ་ལྷ་མོ།  ༡༡ ཆུ་ཤུར་ཤེལ་གྲོང་འབྲོང་རྩེད།  ༡༢ ལྷ་སའི་རག་བརྒྱབ་པའི་ལྷ་མོ།”[༤]  བཅས་བྱུང་བ་མ་ཟད། དབུས་གཙང་དུ་ད་དུང་“(༡)རྒྱལ་མཁར་ལྷ་མོ་དང་(༢)གཅུང་རི་བོ་ཆེའི་ལྷ་མོ།  (༣)རྣམ་གླིང་ཤངས་པ་ལྷ་མོ།  (༤)རྒྱལ་རྩེའི་ཁ་སྟོད་ལྷ་མོ།(གསར་པ)(༥)པ་སྣམ་དགའ་བ་གདོང་ལྷ་མོ།  (༦)བྱམས་ཆེན་ཞོལ་ལྷ་མོ།  (གསར་པ)(༧)སྙེ་མོ་ལྷུན་གྲུབ་སྒང་ལྷ་མོ།  (༨)སྙེ་མོ་དར་གྲོང་ལྷ་མོ།  (༩)ཆུ་ཤུར་ལྷ་མོ། (གསར་པ)(༡༠)ཚལ་པ་ནང་ལྷ་མོ། (གསར་པ)(༡༡)སྟོད་ལུང་ལྷ་མོ། (གསར་པ)(༡༢)ཞོལ་ལྷ་མོ། (གསར་པ)(༡༣)ཉང་བྲན་ལྷ་མོ།(གསར་པ)(༡༤)ལྷོ་ཁ་ལྕེ་བདེ་ཞོལ་ལྷ་མོ།(གསར་པ)(༡༥)ལྷོ་ཁ་འཕྱོངས་རྒྱས་ལྷ་མོ།  (༡༦)ལྷ་སའི་གྲིབ་ལྷ་མོ།(ཚེ་ལྕོག་གླིང་ལྷ་མོ་ཡང་ཟེར)སོགས་ཡོད་པ་དང་།  དམངས་གཙོའི་བཅོས་སྒྱུར་གོང་ལྷ་མོ་ཚོགས་པ་སྐད་གྲགས་ཆེ་བ་ལྔ་ཡོད་པ་ནི།  ༡ ཤངས་པ་ལྷ་མོ་དང་།  ༢ རྒྱལ་མཁར་ལྷ་མོ།  ༣ སྐྱོར་མོ་ལུང་ལྷ་མོ།  ༤ གཅུང་རི་བོ་ཆེའི་ལྷ་མོ།  ༥ འཕྱོངས་རྒྱས་ལྷ་མོ་བཅས་ཡིན་པར་གསུངས།”[༥]  ད་དུང་བོད་ཤར་ཁུལ་གྱི་འབའ་ཐང་དང་ཆབ་མདོ། རྒྱལ་རོང་སོགས་སུའང་དར་ཁྱབ་ཆེན་པོ་བྱུང་བ་མ་ཟད་རྒྱང་རིང་གི་བལ་བོ་དང་འབྲུག་ཡུལ། འབྲས་ལྗོངས། རྒྱ་གར་གྱི་བྱང་ཕྱོགས་སུའང་དར་ཁྱབ་བྱུང་།

སྤྱི་ལོའི་དུས་རབས་བཅོ་བརྒྱད་པར་བླ་བྲང་དགོན་པའི་སྐྱབས་མགོན་སྐུ་ཕྲེང་གཉིས་པ་ཀུན་མཁྱེན་འཇིགས་མེད་དབང་པོའི(སྤྱི་ལོ༡༧༢༨—༡༧༩༡)དུས་སུ། གུང་ཐང་བསྟན་པའི་སྒྲོན་མེ(སྤྱི་ལོ ༡༧༦༢—༡༨༢༣)རྒྱལ་རོང་དུ་ཕེབས་ཏེ་ཟློས་གར་འཁྲབ་སྟོན་ལ་གཟིགས་པས་སྤྲོ་བ་ཆེན་པོ་བརྟས། སོ་མང་རྒྱལ་པོ་སྒྲོལ་མ་འཚོས་སེང་གེ་དང་གདོང་འབག  རྔ་སྦུབས་སོགས་ཟློས་གར་གྱི་འཁྲབ་ཆས་ཕུལ་བས་རྟེན་འབྲེལ་ཤིན་ཏུ་ལེགས་པར་དགོངས་སྟེ། ཕྱིར་རང་དགོན་དུ་ལོག་ནས་ཀུན་མཁྱེན་སྐུ་ཕྲེང་གཉིས་པའི་བཀའ་མོལ་ལྟར་རྗེ་བཙུན་མི་ལ་རས་པའི་མགུར་གླུ་ཞེས་པའི་དཔེ་ཆ་བརྩམས་ཤིང་། དེར་བརྟེན་ནས“ཤ་འཆམ”སྒྱུར་སྒྲིག་དང་འཁྲབ་སྟོན་བྱས་ཏེ། བླ་བྲང་ལ་རྣམ་ཐར་ཟློས་གར་གྱི་ས་བོན་ཐོག་མར་བསྐྲུན། དུས་རབས་ཉི་ཤུ་བའི་དུས་མགོར་སྐྱབས་མགོན་སྐུ་ཕྲེང་ལྔ་བ་འཇམ་དབྱངས་བསྟན་པའི་རྒྱན་མཚན(སྤྱི་ལོ ༡༩༡༠—༡༩༤༧)མཆོག་ལྷ་སར་མཆོད་མཇལ་དུ་ཕེབས་ཤིང་དེ་གའི་རྣམ་ཐར་ཟློས་གར་གྱིས་ཁོང་གི་ཡིད་སེམས་དབང་མེད་དུ་དྲངས།  སྤྱི་ལོ ༡༩༤༠ ལོར་ཕྱིར་ཕ་ཡུལ་བླ་བྲང་དུ་ཕེབས་རྗེས་བླ་མ་གླིང་ཚང་ལ་འཁྲབ་གཞུང་འབྲི་རུ་བཅུག་སྟེ《སྲོང་བཙན་སྒམ་པོ》དང་རྗེ་མི་ལའི་མགུར་འབུམ་ལ་བརྟེན་ནས་བསྒྲིགས་པའི《ཤ་འཆམ》སོགས་རྣམ་ཐར་ཟློས་གར་དེ་དག་མདོ་སྨད་བླ་བྲང་ནས་རྒྱ་ཆེར་སྤེལ།

བཅིངས་འགྲོལ་ཚུན་གྱི་སྤྱི་ལོ ༡༩༥༢ ལོར་དམར་དམག་ཅུན་བཅོ་བརྒྱད་པའི་རིག་རྩལ་ཚོགས་པའི་རྨང་གཞིའི་སྟེང་བོད་དམག་ཁུལ་གྱི་རིག་རྩལ་ཚོགས་པ་བཙུགས་ཤིང་། སྤྱི་ལོ ༡༩༥༣ ལོར་ལྷ་ས་སློབ་ཆུང་དང་པོ་དང་། གཞོན་ནུ་མཐུན་གྲོགས་ཚོགས་པ། དེ་བཞིན་བོད་ས་གནས་ཁག་ནས་དམངས་ཁྲོད་ཀྱི་ཟློས་གར་ལ་དགའ་བའི་ན་གཞོན་སྐོར་ཞིག་གདམ་གསེས་ཀྱིས་བོད་ལྗོངས་ལྟ་སྐོར་ཚོགས་པ་དང་། བོད་ལྗོངས་གླུ་གར་ཚོགས་པ་ཞེས་པ་བཙུགས་ཤིང་། རིམ་བཞིན་ས་ཕྱོགས་མང་པོར་འཕེལ་རྒྱས་སུ་བཏང་།

སྤྱི་ལོ ༡༩༥༥ ལོར་བླ་བྲང་དགོན་པས་རྣམ་ཐར་ཟློས་གར《དད་པ་བརྟན་པོ》དང《དྲི་མེད་ཀུན་ལྡན》《འགྲོ་བ་བཟང་མོ》སོགས་འཁྲབ་སྟོན་བྱས་ཤིང་། རིམ་བཞིན་ཉེ་འཁོར་གྱི་ཀླུ་ཆུ་དང་རྨ་ཆུ། ཅོ་ནེ། ཐེ་བོ། འབྲུག་ཆུ་སོགས་རྫོང་དང་དགོན་པ། སྡེ་བ་སོགས་སུ་དར་ཁྱབ་བྱུང་སྟེ། ལོ་རབས་ལྔ་བཅུ་བའི་མཇུག་ཏུ་ཀན་ལྷོ་ཁུལ་ཁོ་ནར་ཟློས་གར་ཚོགས་པ ༣༦ ལ་འཕར་བ་དང་། ཟློས་གར་འཁྲབ་གཞུང ༡༠ ཙམ་ཡོད། དེ་ནས་རིམ་བཞིན་སྤྱི་ཚོགས་འཕེལ་བའི་འགྲོས་དང་བསྟུན་ཏེ། སྔ་རྗེས་སུ་ཀྲུང་དབྱངས་མི་རིགས་གླུ་གར་ཚོགས་པ་དང་། བོད་ལྗོངས་མི་རིགས་ཟློས་གར་ཚོགས་པ། མཚོ་སྔོན་མི་རིགས་ཟློས་གར་ཚོགས་པ། ཀན་སུའུ་མི་རིགས་ཟློས་གར་ཚོགས་པ་སོགས་རང་རང་གི་ཟློས་གར་ཚོགས་པ་དབུ་བརྙེས་ཤིང་། ད་ལྟ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མངོན་འདུག  “༢༠༠༦ ལོར་ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་མཐར། བོད་ཀྱི་ལྷ་མོའི་ཟློས་གར་ཀྲུང་གོའི་རྒྱལ་ཁབ་རིམ་པའི་རྫས་མིན་རིག་གནས་ཤུལ་བཞག་གི་ཁག་དང་པོའི་ཁོངས་སུ་ཚུད་པ་དང་། ༢༠༠༩ ལོར་བོད་ཀྱི་ལྷ་མོའི་ཟློས་གར་དང་ལོ་རྒྱུས་སྙན་རྩོམ་རིང་མོ《གེ་སར་རྒྱལ་པོའི་སྒྲུང》གཉིས་འཛམ་གླིང་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་རྫས་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བཀོད་པ་རེད།”[༦] བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། མིག་སྔའི་བར་བོད་ལྗོངས་སུ་བསྡོམས་པས་ལྷ་མོའི་ཟློས་གར་ཚོགས་པ༡༦༠ ལྷག་དང་། མཚོ་སྔོན་རེབ་གོང་ཁོ་ནར་རྣམ་ཐར་ཟློས་གར་ཚོགས་པ ༢༠ ལྷག་དང་། ཀན་ལྷོ་ས་ཁུལ་དུ་རྣམ་ཐར་ཚོགས་པ ༣༦ཡོད་ཟེར།

གཉིས་པ། བོད་ཀྱི་ཟློས་གར་གྱི་ཁྱད་ཆོས།

བརྗོད་བྱའི་ཆ་ནས་བོད་ཀྱི་ཟློས་གར་ལ་གདོད་མའི་རང་བཞིན་དང་ནང་འདྲེན་རང་བཞིན། རྒྱུད་འཛིན་རང་བཞིན་བཅས་ལྡན་པ་རེད།གཅིག་ནས་བོད་རང་སའི《སྣང་ས་འོད་འབུམ》ལྟ་བུ་གདོད་མའི་རང་བཞིན་ལྡན་པའི་ལྷ་མོའི་ཟློས་གར་དང་། 《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར》དང《དྲི་མེད་ཀུན་ལྡན》《པད་མ་འོད་འབར》《གཟུགས་ཀྱི་ཉི་མ》སོགས་གནའ་བོའི་རྒྱ་གར་གྱི་ས་བོན་དང་རིག་གནས་ནང་འདྲེན་བྱས་ཏེ་འཁྲབ་གཞུང་དུ་བཅོས་ཤིང་། དུས་སྐབས་རེ་རེར་དེ་དག་རྒྱུད་འཛིན་དང་འཕེལ་རྒྱས་སུ་བཏང་སྟེ་ད་ལྟའི་རྣམ་པ་གསར་བའི་ཟློས་གར་ཚོགས་པ་འདི་དག་བྱུང་བ་རེད། བོད་ཀྱི་ཟློས་གར་ལ་གཙོ་བོ《རྒྱ་བཟའ་དང་བལ་བཟའ》《ཆོས་རྒྱལ་ནོར་བཟང་》《གཟུགས་ཀྱི་ཉི་མ》《དོན་ཡོད་དོན་གྲུབ》《སྣང་ས་འོད་འབུམ》《འགྲོ་བ་བཟང་མོ》《དྲི་མེད་ཀུན་ལྡན》《པདྨ་འོད་འབར》བཅས་བོད་ཀྱི་རྣམ་ཐར་ཆེན་མོ་བརྒྱད་དང་། ད་དུང་སྤྲིན་གྱི་ཕོ་ཉ་དང་རས་ཆུང་བ།  མཁྱེན་པ་ཆེན་པོ་སོགས་མང་པོ་ཞིག་སྣང་ལ། གཞི་རྩའི་སྟངས་སྟབས་ལའང“རྟིང་ཚགས་ཆུང་ཆུང”དང་“མགོ་གཡུག་རྒྱག་པ”“གཡས་གཡོན་སྐེ་གཅུ”“མགྲིན་པ་བསྐྱངས་སྐུམ”སོགས་ཡོད། ལྷ་མོའི་ཟློས་གར་ལ་མཚོན་ན“ལྷ་མོར་འབག་སྔོན་ལྷ་མོ་དང་། འབག་དཀར་ལྷ་མོ་གཉིས་ཡོད། ལྷ་མོ་འཁྲབ་སྟོན་བྱེད་སྐབས་དུམ་མཚམས་གསུམ་དུ་དབྱེ་སྲོལ་ཡོད་པ་སྟེ། དུམ་མཚམས་དང་པོ་ནི་སྔོན་འགྲོ་སྟེ“འདོན”ཞེས་པ་ནི་ཟློས་གར་གྱི་སྔོན་འགྲོ་ལྟ་བུ་ཡིན་ཏེ། དེ་ལ“རྔོན་པའི་འདོན”དང་“རྒྱ་ལིའི་བྱིན་འབེབས”“ཨ་ཅེ་ལྷ་མོ”སྟེ་གསུམ་གྱིས་གྲུབ་བོ། དེས་འཁྲབ་སྟོན་ངོ་སྤྲོད་དང་། ལྟད་མོ་བསྐོང་བསྡུ། གཞུང་སྲོང་བཅས་བྱས་ནས་གཞུང་དངོས་འཁྲབ་གཞུང་གི་གྲ་སྒྲིག་བྱ་རྒྱུ། དུམ་མཚམས་གཉིས་པ། “གཞུང་”དངོས་ཡིན་ཞིང་། ཐོག་མར་རྔོན་པས་འཁྲབ་གཞུང་གི་ནང་དོན་དང་འཁྲབ་མཁན་ངོ་སྤྲོད་བྱས་རྗེས་འཁྲབ་གཞུང་གི་དངོས་གཞི་འགོ་འཛུགས་རྒྱུ། དུམ་མཚམས་གསུམ་པ། “བཀྲ་ཤིས”ཏེ་མཇུག་འགྲིལ་གྲབས་ཡོད་པའི་མཇུག་གདངས་ལའོ། །དེ་ནི་འཁྲབ་གཞུང་དངོས་དང་འབྲེལ་བ་ཆེར་མེད་ཅིང་། བསྔོ་བ་སྨོན་ལམ་དང་རྟེན་འབྲེལ་གྱི་ཆོ་ག་མི་ཉམས་པའི་ཐོག་ལྟད་མོ་བའི་ལེགས་དར་དང་སྦྱིན་དངོས་ལེན་རྒྱུ་ཙམ་དུ་ཟད་དོ།།”[༧] ཟློས་གར་གྱི་རྣམ་གྲངས་ལ། ༡ ལོ་རྒྱུས། ༢ ལྷ་སྒྲུང་།  ༣ འཇིག་རྟེན་འགྲོ་ལུགས་ཀྱི་ནང་དོན། ༤ ནང་ཆོས་ཀྱི་བསམ་བློ་སྤེལ་བ། ༥ བོད་མི་ཐབས་མཁས་ཅན་ལ་བསྔགས་བརྗོད་བྱེད་པ། ༦རྒྱལ་པོའི་ཕོ་བྲང་ནང་གི་འཐབ་རྩོད་བཅས་གཙོ་བོ་ཁག་དྲུག་དུ་དབྱེ་བར་བཤད། མདོ་འཛིན་པ་དང་། རོལ་མོ་བ། ཆས་སུ་ཞུགས་པ།བཞད་གད་པ། ཟློས་གར་བ་བཅས་ནི་ཟློས་གར་གྱི་ཡན་ལག་ལྔ་རུ་བཤད་ལ། འབུད་བརྡུང་དཀྲོལ་གསུམ་ནི་བོད་ཀྱི་ཟློས་གར་ལ་མཚོན་ན་ཆེས་མེད་དུ་མི་རུང་བའི་ཟློས་གར་གྱི་ཡན་ལག་གཙོ་བོར་གྱུར་ཡོད། དེ་ལ་དབྱེ་ན་རྒྱ་གླིང་དང་། གླིང་བུ། དུང་། ཤུ་སྒྲ་བཅས་འབུད་པའི་རོལ་མོ་བཞི་དང་། རྔ་ཆེན་དང་རྔ་ཟླུམ། རྫ་རྔ་གཅིག་པ། རྫ་རྔ་ཁ་གཉིས་མ། མཁར་རྔ་ཆེ་ཆུང་རྡུང་བའི་རོལ་མོ་དང་། སྦུག་ཆལ་དང་སིལ་སྙན། ཆ་ལང་། ཏིང་ཤག དྲིལ་བུ། ཅང་ཏེའུ་བཅས་དཀྲོལ་བའི་རོལ་མོ་དྲུག་སོགས་རིགས་མི་འདྲ་བ་ཧ་ཅང་མང་པོ་ཞིག་ཡོད།གཞན་ཡང་ཟློས་གར་གྱི་མཚམས་སྦྱོར་ལྔ་དང་དེའི་ཡན་ལག་དང་བཅས་ང་དགུ་ནི“མཚམས་སྦྱོར་ལྔ་ནི། སྒོ ། ལན་གྱི་སྒོ ། སྙིང་པོ། མི་བཟད་པ། ངེས་ཐུབ་བོ། ཟློས་དེའི་ཡན་ལག་ལ། “༡ ཉེ་བར་ལེན་པ། ཉེ་བར་མཁོ་བ། ཡོངས་སུ་འཇོག་པ། རྣམ་པར་སྲེད་པ། རིག་པ།ཐོབ་པ། མཉམ་པར་འཇོག་པ། སྒྲུབ་པ། བརྙེས་པ། དབྱེ་བ། དབྱེ་བར་བྱེད་པའོ།  ། ༢ ཡོངས་སུ་འགྲོ་བ། རྣམ་པར་འདར་བ། གདུང་བ། རྩེད་མོ། རྩེད་མོའི་མདངས། རབ་ཏུ་འགྲོ་བ། འགལ་བ། ཉེ་བར་གནས་པ། མ་དག་པ། སྐྱེ་བོ་འགོད་པར་རྩོམ་པ། ཡི་གེ་བསྡུ་བའོ།། ༣ མ་བྱུང་བ། དཔེར་བརྗོད་པ། ལམ་གྱི་རང་བཞིན་དཔེར་བརྗོད་པའི་རིམ་པ་བསྡུ་བ། རྗེས་སུ་དཔག་པ། སློང་བ། བརྟག་དཔྱད།གཟེར་བ། སྟོབས་ལྷག་པ། ཡིད་འབྱུང་བ། འཚབ་པའོ། ། ༤ རྒོལ་བ། འཐོར་བ། འཛག་པ། ནུས་པ། ཕན་ཚུན་དུ་གནས་པ། འགྲོ་བ་པ་གསལ་བ། འབྱེད་པ། འགོག་པ། འགལ་བ་ལེན་པ། འདྲིད་པ། རབ་ཏུ་སྲེད་པ། ༥ མཚམས་སྦྱོར། འགོག་པ། སྤེལ་བ། གཏན་ལ་ཕབ་པ། སྨོད་པ་གསལ་བ། རབ་དྭངས། ཀུན་དགའ། དུས། ཉེ་བར་སྤེད་པ། བསམ་པ་སྔ་མ་འཆད་པ། སྙན་ངག་བསྡུ་བ། ངང་གིས་སྟོན་པ་བཅས་སོ། །”[༨] ཟློས་གར་ནི་གཙོ་བོ་གར་སྟེགས་ཀྱི་སྒྱུ་རྩལ་ཡིན་ལ། འཁྲབ་སྟོན་གྱི་སྒྱུ་རྩལ་གཙོ་བོ་གར་གྱི་ཉམས་འགྱུར་སོགས་ལ་བྱེད་དགོས་ཏེ།

༡ མཛེས་ཤིང་སྒེག་པའི་ཉམས། ༢ བརྗིད་ཅིང་དཔའ་བའི་ཉམས། ༣ ཡིད་དུ་མི་འོངས་ཤིང་མི་སྡུག་པའི་ཉམས། ༤ ཡ་མཚན་ཞིང་དགོད་བྲོ་བའི་ཉམས། ༥ དབང་བཙན་ཞིང་དྲག་ཤུལ་གྱི་ཉམས། ༦ མཐོང་པ་དང་ཐོས་པ་ཙམ་གྱིས་དངངས་ཤིང་འཇིགས་པའི་ཉམས།༧ སྡུག་བསྔལ་གྱིས་ཉམ་ཐག་ཅིང་སྙིང་རྗེ་བའི་ཉམས། ༨ འདོད་པ་རྔམས་ཤིང་ཆགས་པའི་ཉམས། ༩ དུལ་ཞིང་འཇམ་ལ་ཞི་བའི་ཉམས་བཅས་ཟློས་གར་གྱི་ལུས་ངག་ཡིད་གསུམ་གྱི་ཉམས་འགྱུར་དགུ་ལས་དང་པོ་གསུམ་ནི་ལུས་ཀྱི་ཉམས་འགྱུར་རྐྱང་པ་དང་། རྗེས་མ་དྲུག་པོ་དེ་ལ་ལུས་ངག་ཡིད་གསུམ་གའི་ཉམས་འགྱུར་ཡོད་དེ། དེ་དག་ནི་ཟློས་གར་འཁྲབ་སྟོན་པའི་རང་སྟེང་གི་སྒྱུ་རྩལ་ཁྱད་ཆོས་གཙོ་བོར་གྱུར་ཡོད།

སྐུ་ཞབས་ཟོན་ཐར་རྒྱལ་གྱིས《ཟློས་གར་འཁྲབ་གཞུང་གི་ཁྱད་ཆོས་སྤྱིར་གླེང་བ》ཞེས་པར་ཟློས་གར་གྱི་སྐད་ཆའི་རྣམ་པ་མི་འདྲ་ནའང་། དེར་ཐུན་མོང་གི་ཁྱད་ཆོས་འགའ་ཡོད་པར་འདོད་དེ། “ གཅིག ཟློས་གར་གྱི་སྐད་ཆ་ནི་ཟློས་གར་གྱི་གདོང་ཐུག་མཚོན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། གར་ཚིག་ལ་ངེས་པར་དུ་བྱ་བྱེད་ཀྱིས་ཕྱུག་དགོས་ལ། འཁྲབ་གཞུང་གི་ནང་དོན་གོང་དུ་སྤེལ་ཐུབ་པ་ཞིག་ཀྱང་ཡིན་དགོས།

གཉིས། ཟློས་གར་གྱི་སྐད་ཆ་ལ་རང་གཤིས་དང་མཚོན་ཤུགས་ཡོད་དགོས། ཟློས་གར་ནང་གི་མི་སྣའི་སྐད་ཆ་དེས་ཡང་དག་ཅིང་གནད་ལ་ཁེལ་བ་དང་། གསོན་ཉམས་ལྡན་པའི་སྒོ་ནས་མི་སྣ་རང་ག་བའི་བསམ་བློའི་བརྩེ་དུང་དང་འདོད་མོས་མཚོན་དགོས་པར་མ་ཟད། མི་སྣ་གང་དེའི་ཐོབ་ཐང་དང་གཤིས་ཀ ལོ་ན། དེ་བཞིན་ཁོ་ཚོ་གནས་སའི་ཁོར་ཡུག་ཁྱད་པར་བ་དང་བཅས་འཚམ་དགོས། རྩོམ་པ་པོས་ཁོ་ཚོར་རང་གཤིས་ཅན་གྱི་སྐད་ཆ་བཤད་དུ་འཇུག་པ་ལས། མི་སྣ་མི་འདྲ་བ་མང་པོ་ཞིག་གིས་རིགས་མཐུན་གྱི་སྐད་ཆ་བཤད་མི་ཆོག་ལ།ཁོ་ཚོར་རྩོམ་པ་པོ་རང་ཉིད་ཀྱི་ངག་གི་འགྲོས་དང་ཉམས་ཁོ་ན་འདོན་དུའང་འཇུག་མི་ཆོག  མི་སྣའི་སྐད་ཆ་ལ་གཏམ་གླེང་ལས་གཞན་ད་དུང་ཁེར་བཤད་ཀྱང་ཡོད་པས། མི་སྣའི་ནང་སེམས་ཀྱི་འཇིག་རྟེན་ཕྱིར་མངོན་པ་ལ་ཕན་ཆེ་བའི་ཐབས་གང་འཚམ་སྤྱོད་དགོས།

གསུམ། ཟློས་གར་གྱི་སྐད་ཆ་ནི་ཚིག་རྣོ་ཞིང་སྡུད་ཆེ་བ་ཞིག་ཡིན་དགོས་ལ། ཤུགས་བསྟན་གྱི་གར་ཚིག་ཀྱང་ཡོད་དགོས། དེ་ནི་འཚོ་བ་ལས་བྱུང་བ་ཞིག་ཡིན་ནའང་། རྩོམ་པ་པོས་བསྲེགས་བཅད་བརྡར་གསུམ་གྱིས་ལས་སྣོན་བྱས་ཡོད། གར་ཚིག་ལེགས་པོ་ཞིག་ཡིན་ན་སྐད་ཆ་ཉུང་ངུ་ཞིག་གིས་ནང་དོན་ཆེས་ཕུན་སུམ་ཚོགས་པ་ཞིག་མཚོན་པ་ཡིན།

བཞི་བ། ཟློས་གར་གྱི་སྐད་ཆ་དེ་སྙན་ཞིང་འཇེབས་ལ། ངག་ལ་བདེ་བ་དང་གོ་སླ་བ་བཅས་ཡིན་དགོས། དེ་ལྟ་ན་ལྟ་མཁན་གྱིས་གོ་སླ་བ་དང་འཁྲབ་མཁན་གྱིས་འཁྲབ་བདེ་བས། དེས་ཟློས་གར་གྱི་སྒྱུ་རྩལ་ཕན་འབྲས་ཇེ་ལེགས་སུ་གཏོང་སྲིད་དོ། །”[༩] བོད་ཀྱི་ཟློས་གར་ལ་དངོས་ཡོད་འཚོ་བ་མཚོན་སྟངས་དང་། རྟོག་པ་འཆར་ཡན་རིང་ལུགས་ཀྱི་ཐབས་རྩལ་སོགས་ཁྱད་ཆོས་མང་པོ་ཞིག་ཡོད་པས་རྒྱ་ཆེའི་མང་ཚོགས་ཀྱིས་གནའ་ནས་ད་བར་དུ་རྒྱུད་འཛིན་དང་འཕེལ་རྒྱས་སུ་བཏང་བར་མ་ཟད། ཁོ་ཚོའི་འཚོ་བའི་ཁྲོད་ཀྱི་ཆེས་མེད་དུ་མི་རུང་བའི་བསམ་པའི་རྒྱགས་ཕྱེ་རུ་གྱུར་ཡོད། འདི་ནི་བོད་ཀྱི་ལྷ་མོའི་ཟློས་གར་གྱི་ཁྱད་ཆོས་ཡིན་ལ་རིན་ཐང་ཡང་ཡིན། ཁོ་བོའི་བསམ་པར་བོད་ཀྱི་ཟློས་གར་ལ་ད་དུང་རང་སྟེང་གི་ཁྱད་ཆོས་འདི་དག་ཡོད་པར་འདོད་དེ།

དང་པོ། བོད་ཀྱི་ཟློས་གར་གྱིས་འཆར་ཡན་རིང་ལུགས་ཀྱི་རྩོམ་ཐབས་སྤྱད་པ་མང་ཞིང་། སྒྲོ་འདོགས་དང་འུད་བརྗོད་སོགས་ཀྱི་ཐབས་ལ་བརྟེན་ནས་བྱུང་རིམ་ལ་ཀྱག་ཀྱོག་མང་ཞིང་། གཏམ་རྒྱུད་རྙོག་འཛིང་ཅན་དང་། ཛ་དྲག་ཅན་དུ་བྱས་པ་དང་། ལྷ་སྒྲུང་གི་རྒྱན་གོས་མང་པོས་མཛེས་པར་སྤྲས་པས་རྒྱ་ཆེའི་མང་ཚོགས་ཀྱི་ཁམས་དང་མོས་པར་མཐུན་ཡོད།

གཉིས་པ། བརྗོད་བྱའི་སྲོག་གི་ཐད་ནས་དྲང་ཕྱོགས་ཀྱི་མི་སྣ་ཡིད་འཕྲོག་ལྷ་མོ་དང་། སྣང་ས་འོད་འབུམ། པདྨ་འོད་འབར། གཟིགས་ཀྱི་ཉི་མ་སོགས་དང་། ལྡོག་ཕྱོགས་ཀྱི་མི་སྣ་བདུད་མོ་ཧ་ཅང་དང་། ཨ་མཆོད་ཧ་རི་ནག་པོ། མ་གཡར་པདྨ་ཅན་སོགས་ཀྱི་སྣང་བརྙན་བཞེངས་པ་གསོན་ཉམས་ལྡན་ཞིང་། མི་སྣ་དེ་དག་རང་གཤིས་ཅན་དུ་འགུལ་སྐྱོད་བྱེད་ཐུབ་ཡོད་ཅིང་། དེ་ལས་ཀྱང་གཏམ་རྒྱུད་ནང་གི་མི་སྣ་གཙོ་བོ་དག་གིས་འཁོར་བར་སྙིང་པོ་མེད་པ་དང་། འཆི་བ་མི་རྟག་པ་བསམ་ནས། འཁོར་བར་ངེས་འབྱུང་སྐྱེས་ཏེ་དམ་པའི་ལྷ་ཆོས་བསྒྲུབ་འདོད་ཀྱི་བསམ་བློ་དང་ངེས་འབྱུང་དྲག་ཏུ་གཡོས་པ་དང་། ཅིག་ཤས་དེ་ལས་ལྡོག་པར་གྱུར་བས། ཟློས་གར་གྱི་དྲང་ལྡོག་གཉིས་ཀྱི་མི་སྣའི་གཤིས་ཀ་དང་། སེམས་ཁམས་ཀྱི་འགྱུར་བ་མངོན་པར་མཚོན་ཐུབ་ཡོད་པ།

གསུམ་པ། ལྷ་འདྲེ་སོགས་ཀྱི་ཞལ་འབག་དང་། གར་གྱི་སྟངས་སྟབས། དབྱངས་ཀྱི་འདེགས་འཇོག་སོགས་ཀྱིས་གར་སྟེགས་ཧྲིལ་བོའི་འཁྲབ་སྟོན་སྒྱུ་རྩལ་གྱི་ཆུ་ཚད་མཐོ་རུ་བཏེགས་འདུག

བཞི་བ། རྣམ་ཐར་དུ་འབོད་པའི་ཟློས་གར་འཁྲབ་གཞུང་འདི་དག་ལ་ད་དུང་ཐུན་མོང་གི་ཁྱད་ཆོས་ཤིག་མངའ་བ་ནི། “རྨི་ལམ”གྱི་བཀོད་འབྲི་རེད། གཏམ་རྒྱུད་ཀྱི་འཕེལ་རིམ་ཛ་དྲག་ཏུ་འགྱུར་སྐབས་མ་འོངས་ལུང་བསྟན་ལྟ་བུའི“རྨི་ལམ”གྱི་བཀོད་འབྲི་རེ་རེས།གཏམ་རྒྱུད་ཀྱི་ཤོངས་ཚད་དང་ཟབ་ཚད་དེ་དེ་བས་ཀྱང་མཐོ་རླབས་སུ་བསྐྲུན་འདུག

འདི་དག་ནི་བོད་ཀྱི་ཟློས་གར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པར་འདོད་ལ། འདི་ལས་བོད་ཀྱི་ཟློས་གར་གྱི་རིན་ཐང་གི་ལྟ་བ་ཡང་མཚོན་པར་འདོད་དོ། བོད་ཀྱི་ཟློས་གར་ལ་ད་དུང་འཁྲབ་གཞུང་དང་འཁྲབ་སྟོན། དབྱངས་རྟ། རོལ་ཆས། སྐད་ཆའི་སྒྱུ་རྩལ་སོགས་ཀྱི་ཁྱད་ཆོས་སོགས་ཧ་ཅང་མང་པོ་ཞིག་ཡོད་པས། དེ་དག་ས་བཅད་མ་སྟོང་ཙམ་གྱི་ཆེད་དུ་ངོ་སྤྲོད་རགས་ཙམ་བྱེད་པ་ལ།

དང་པོ། བོད་ཀྱི་ཟློས་གར་གྱི་འཁྲབ་གཞུང་གླེང་བ།

བོད་ཀྱི་ཟློས་གར་གྱི་འཁྲབ་གཞུང་དེ་ཐོག་མར་དམངས་ཁྲོད་ནས་རྩ་བ་ཚུགས་ཤིང་། རིམ་བཞིན་དགོན་སྡེའི་རིག་གནས་དང་མཉམ་འདྲེས་བྱུང་བ་དང་། མཐའ་མར་ཆེད་ལས་རང་བཞིན་དུ་གྱུར་ཏེ། ཕུན་སུམ་ཚོགས་པའི་ཟློས་གར་རིག་གནས་ཀྱི་མ་ལག་ཧྲིལ་བོ་ཞིག་གྲུབ་པ་རེད། འཁྲབ་གཞུང་ནི་ཟློས་གར་གྱི་བླའམ་སྲོག་གི་དབང་པོ་དེ་ཡིན། རྣམ་ཐར་ཟློས་གར་ཞིག་གི་ཡག་བཙོག་དང་ལེགས་ཉེས་དེ་གཙོ་བོ་འཁྲབ་གཞུང་གིས་ཐག་གཅོད་བྱས་པ་རེད། འཁྲབ་གཞུང་ཡག་པོ་ཞིག་མིན་ན། འཁྲབ་མཁན་ལ་ཇི་འདྲའི་སྒྱུ་རྩལ་གྱི་འཇོན་ནུས་ལྡན་རུང་ཚང་མ་བར་སྣང་སྟོང་བར་ལག་གཡུག་བྱས་པ་ཙམ་ལས་མ་འདས། བོད་ཀྱི་ཟློས་གར་གྱི་འཁྲབ་གཞུང་ལ་མཚོན་ན།  ད་སྔ་ཟློས་གར་ཆེན་མོ་བརྒྱད་ཀྱིས་མཚོན་པའི་སྲོལ་རྒྱུན་གྱི་ཟློས་གར་རྩོམ་རིག་བརྩམས་ཆོས《བོད་ཀྱི་རྣམ་ཐར་འཁྲབ་གཞུང་ཕྱོགས་བསྒྲིགས》ལྟ་བུ་དང་།  རྡོ་རྗེ་ཐར་དང་དཔལ་འབུལ་རྒྱལ། ཀའོ་ཕིང་བཅས་ཀྱིས་བརྩམས་པའི་གནའ་དེང་ཟུང་འབྲེལ་གྱི་ཟློས་གར་རྩོམ་རིག་གི་བརྩམས་ཆོས་ཕྱོགས་བསྒྲིགས《བོད་ཀྱི་ཟློས་གར་འཁྲབ་གཞུང་འཇིག་རྟེན་དགྱེས་པའི་མཆོད་སྤྲིན》(༢༠༠༤ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ) ཅེས་པ་དང་། པདྨ་ཐེག་ལོས་རྩོམ་སྒྲིག་མཛད་པའི《བོད་ཀྱི་རྣམ་ཐར་འཁྲབ་གཞུང་ཕྱོགས་བསྒྲིགས》(༢༠༡༨ ལོར་སི་ཁྲོམ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ)སོགས་ཧ་ཅང་མང་སྟེ“བོད་ལྗོངས་དབུ་བརྙེས་ནས་ལོ་འཁོར་ཉི་ཤུ་འགོར་བའི་རྟེན་འབྲེལ་དུ་ཕུལ་བའི《བོད་ཀྱི་ཟློས་གར་གཞས་གཏམ་འདེམས་སྒྲིག》ཅེས་པ(༡༩༥༤ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བཏབ)དང་། མགོན་པོ་བཀྲ་ཤིས་ཀྱིས་བརྩམས་པའི་གཏམ་བརྗོད་ཟློས་གར་འཁྲབ་གཞུང《སུ་རུའི་མེ་ཏོག》ཅེས་པ(༡༩༨༨ ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ)དང་། འགྱུར་མེད་ལགས་ཀྱིས་བསྒྲིགས་པའི《བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས》ཅེས་པ་ལས་འཁྲབ་གཞུང་གི་དེབ《ལྷོ་ཡི་དྲི་གཞོན》(༡༩༩༣ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ)ཞེས་པ་དང་། བསོད་ཚེ་ལགས་ཀྱིས་བརྩམས་པའི《བཞད་གད་དཔྱིད་ཀྱི་ཕོ་ཉ》(༡༩༩༤ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བཏབ)ཞེས་པ་དང་། སྦྱིན་པ་བློ་གྲོས་ལགས་ཀྱིས་བརྩམས་པའི《བཞད་གད་དཔྱིད་ཀྱི་མེ་ཏོག》(༡༩༩༧ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བཏབ)ཞེས་པ་དང་། མཁས་གྲུབ་ལགས་ཀྱིས་བརྩམས་པའི《བཞད་གད་དཔྱིད་ཀྱི་འབྲུག་སྒྲ》ཞེས་པ(༡༩༩༨ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བཏབ)ཞེས་པ་དང་། ཕུན་ཚོགས་བཀྲ་ཤིས་ལགས་ཀྱིས་བརྩམས་པའི《འཁྲབ་གཞུང་འཛུམ་ཤོར་དོན་ལྡན》(༡༩༩༩ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བཏབ)ཞེས་པ་དང་། ཡང་ཁོང་གིས་བརྩམས་པའི《འཁྲབ་གཞུང་བཞད་གད་ཧ་ཧ་ཧ》(༢༠༠༦ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བཏབ)ཞེས་པ་དང་། ཡོན་ཏན་ལྷུན་གྲུབ་ཀྱིས་གཙོ་སྒྲིག་བྱས་པའི་དེབ་གསུམ་ཅན་གྱི《བོད་ཀྱི་ཟློས་གར་འཁྲབ་གཞུང་གངས་དཀར་མཛེས་རྒྱན》(༢༠༡༠ལོར་ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་པར་དུ་བཏབ)ཞེས་པ་དང་། 《མང་ཚོགས་སྒྱུ་རྩལ》རྩོམ་སྒྲིག་ཁང་གིས་བསྒྲིགས་པའི《གར་གཞུང་པད་དཀར་ཆུན་པོ》(༢༠༡༣ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ)ཞེས་པ་དང་། བཀའ་མ་མཁའ་འབུམ་དང་ཚེ་རྒྱལ་གཉིས་ཀྱིས་བསྒྲིགས་པའི《གཞས་གར་ངོ་མཚར་ལྟད་མོ》(༢༠༡༢ ལོར་ཀྲུང་གོའོ་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བཏབ)ཞེས་པ་སོགས་བྱུང་ཡོད། ”[༡༠] ལྷག་པར་དུ་དུས་སྐབས་གསར་པའི་བོད་ཀྱི་ཟློས་གར་རྩོམ་རིག་གི་གར་སྟེགས་སུ། དཔལ་བློ་བཟང་གི《བུ་མོ་གནས་ལ་སྟེར་བ》དང་ནགས་པོ་སྐལ་བཟང་གི《མི་རེ་རེའི་མདུན་ན་ལམ་རེ་ཡོད》ཞེས་པ།  བསོད་ཚེ་ཡི《གསེར་འཇིགས་དང་དཔལ་སྐྱིད》སོགས་ཆར་རྗེས་ཀྱི་ཤྭ་མོ་བརྡོལ་བ་ལྟར་བྱུང་ཞིང་། “རིག་འཛིན་བསྟན་སྲུང་གི《ཟློས་གར་ལ་འཇུག་པའི་སྒོ》 ཞེས་པ་དང་།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས ༢༠༡༦ ལོར་པར་སྐྲུན་བྱས་པའི་བོད་ཀྱི་སློབ་འབྲིང་སློབ་མའི་ངེས་བཀླག་དེབ་ཕྲེང《བོད་ཀྱི་ཟློས་གར་ཆེན་མོ་བརྒྱད》ཞེས་པའི་སྨད་ཆའི་ནང་གི་བོད་ཀྱི་ཟློས་གར་སྐོར་བཤད་པ།  ༢༠༡༤ ལོར་པར་དུ་བསྐྲུན་པའི《བོད་ཀྱི་ཟློས་གར་ངོ་སྤྲོད》ཅེས་པ། ༢༠༡༧ ལོར་པར་དུ་བསྐྲུན་པའི《བོད་ཀྱི་དེང་རྩོམ་སྤྱི་བཤད》སོགས་ཡིན།” [༡༡] དེ་ལས་གཞན་ད་དུང་།  བྱམས་པ་ཚུལ་ཁྲིམས་ཀྱིས་རྩོམ་སྒྲིག་བྱས་པའི《བོད་ཡིག་རྩོམ་འབྲིའི་གཞུང་ལུགས》དང་།  བྱ་མདོ་དོབ་གྲུབ་ཚེ་རིང་གིས་རྩོམ་སྒྲིག་བྱས་པའི《བོད་ཡིག་འཁྲབ་གཞུང་གི་གསར་རྩོམ་དང་མྱོང་རོལ》ཁྲི་བསམ་གཏན་དང་རྣམ་སྲས་གཉིས་ཀྱིས་བརྩམས་པའི《རྩོམ་ལ་འཇུག་ཚུལ་རིག་བརྒྱའི་སྒོ་འབྱེད་ངོ་མཚར་འཕྲུལ་གྱི་ལྡེ་མིག》དང་།  ཀུན་དགས་བརྩམས་པའི《བོད་ཀྱི་རྩོམ་རིག་གཞུང་ལུགས་སྐོར་གྱི་རྣམ་བཤད》སྟོབས་རྒྱལ་གྱིས་བརྩམས་པའི《རྩོམ་རིག་རྣམ་བཤད》རིན་ཆེན་བཀྲ་ཤིས་ཀྱིས་བརྩམས་པའི《རྩོམ་རིག་གསར་རྩོམ་གྱི་རྣམ་བཤད》སོགས་བོད་ཀྱི་རྩོམ་རིག་གཞུང་ལུགས་ཀྱི་ཆེད་དེབ་དག་ན་ཟློས་གར་རྩོམ་རིག་གི་འཁྲབ་གཞུང་སྐོར་ངོ་སྤྲོད་བྱས་པ་ཧ་ཅང་མང་ལ།  “《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》དང་《མང་ཚོགས་སྒྱུ་རྩལ》《མང་ཚོགས་སྒྱུ་རྩལ》རྨང་གཞི་བྱས་ཏེ་འཕེལ་བའི་དེང་གི《བོད་ཀྱི་དམངས་སྲོལ་རིག་གནས》《རྩེར་སྙེག》《སྤང་རྒྱན་མེ་ཏོག》《བོད་ལྗོངས་ཞིབ་འཇུག》《ཀྲུང་གོའི་བོད་རིག་པ》《གངས་ལྗོངས་རིག་གནས》སོགས་དང་།  གཞན་ཡང་།  སློབ་གྲྭ་ཆེན་མོ་ཁག་གི་རིག་གཞུང་དུས་དེབ་སོགས་དུས་དེབ་ཁག་ཏུ་བོད་ཀྱི་ཟློས་གར་འཁྲབ་གཞུང་ལ་དཔྱད་པའི་དཔྱད་རྩོམ་སྟེ།  《བོད་ཀྱི་ཟློས་གར་ཆེན་པོ་བརྒྱད་ཀྱི་རྣམ་ཐར་ངོ་སྤྲོད་མདོར་བསྡུས》དང་《བོད་ཀྱི་ཟློས་གར་འཁྲབ་གཞུང་ལས་གཟུགས་ཀྱི་ཉི་མའི་རྣམ་ཐར་གྱི་བྱུང་རིམ་དང་མི་སྣའི་བཟོ་བཀོད་ལ་ཅུང་ཙམ་དཔྱད་པ》ཞེས་པ་དང་།  《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་དང་ཀྲའོ་ཧྲུའུ་ཐུང་གི་གཏམ་རྒྱུད་བར་གྱི་འབྲེལ་བའི་སྐོར་གླེང་བ》ལྟ་བུའི་བོད་ཀྱི་ཟློས་གར་རྩོམ་རིག་སྐོར་གྱི་དཔྱད་པ་དང་།  《ལྷ་མོའི་རྣམ་ཐར་བརྒྱད་ཀྱི་ཁུངས་བསྟན་པ་འཕྲུལ་གྱི་རྒྱང་ཤེལ》ལྟ་བུའི་བོད་ཀྱི་ཟློས་གར་རྩོམ་རིག་ལོ་རྒྱུས་ཀྱི་དཔྱད་པར་གཏོགས་པའི་དཔྱད་རྩོམ་ཡང་མི་ཉུང་བ་ཞིག་བྱུང་ཡོད་པ་རེད།” [༡༢] དེ་མིན་གཞན་ཡང་།བོད་ཀྱི་ལྷ་མོའི་ཟློས་གར་ལ་ཞིབ་འཇུག་བྱེད་མཁན་སྤྱི་དང་།  སྒོས་སུ་ཨ་རི་དང་ཧྥ་རན་ཟི། ཁ་ན་ཊ་སོགས་འཛམ་གླིང་ནུབ་ཕྱོགས་ཀྱི་མཁས་པ་མང་པོས་ཀྱང་ཞིབ་འཇུག་བྱེད་དང་བྱེད་མུས་ལགས་སོ། །

གཉིས་པ། བོད་ཀྱི་ཟློས་གར་གྱི་འཁྲབ་སྟོན་གླེང་བ།

ཟློས་གར་གྱི་འཁྲབ་སྟོན་ནི་ལད་ཟློས་སྒྱུ་རྩལ་ཡིན་ལ་ཧ་ཅང་རྙོག་འཛིང་ཆེ་བའི་བྱ་བ་ཞིག་ཀྱང་ཡིན། ཟློས་གར་འཁྲབ་སྟོན་ཞིག་ལེགས་པོ་འཁྱོངས་མིན་དེ། གཙོ་བོ་འཁྲབ་སྟོན་སྒྱུ་རྩལ་པ་རྣམས་ལ་རག་ལས་ཡོད་ལ། དེའང་གསལ་པོར་བཤད་ན་གར་གྱི་ཉམས་འདོན་རྒྱུ་དེ་ལས་མ་འདས། ཉམས་ཞེས་པ་ནི་ལུས་ཀྱི་སྟངས་སྟབས་དང་མཉེན་འགུག་ལས་གཞན་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཕྱི་རུ་མངོན་པ་དེ་ལ་ཟེར། དེ་ལ་གཙོ་བོ་གར་གྱི་ཉམས་དགུ་འམ། གར་གྱི་ཆ་བྱད་དགུ་སྟེ། ༡ སྒེག་པ། ༢ དཔའ་བ། ༣ མི་སྡུག་པ། ༤ རྒོད་པ། ༥ དྲག་ཤུལ། ༦ འཇིགས་རུང་། ༧ སྙིང་རྗེ། ༨ རྔམ་པ། ༩ ཞི་བ་བཅས་ཡིན་ཅིང་། གར་གྱི་ཉམས་དགུ་བོ་དེ་སྒྱུ་རྩལ་པ་རང་རང་གིས་ལུས་ངག་གི་རྩལ་གྱིས་མཚོན་ཐུབ་མིན་ནི་འཁྲབ་སྟོན་ལེགས་འགྲུབ་འབྱུང་མིན་ལ་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན། འདི་ལ་ད་དུང་གསལ་ཁ་བཏོད་ན། ཁོང་ནས་དགའ་བའི་འགྱུར་བ་ཕྱི་རོལ་ཏུ་མངོན་པ་སྒེག་པའམ་རྩེད་འཇོའི་ཉམས། དགོད་བྲོ་བ་ལ་བཞད་གད་དམ་གད་མོའི་ཉམས། ཤི་འབྲལ་སོགས་ཀྱི་མྱ་ངན་ལ་བཞིན་མདངས་ཉམས་ཤིང་སྙིང་རྗེ་བའི་ཉམས། ཁྲོ་བ་ལ་དྲག་ཤུལ་ལམ་ཁྲོ་གཉེར་བསྡུས་པའི་ཉམས། སེམས་ཀྱི་གཟེངས་མཐོ་བ་ལ་སྤོབས་པ་ཆེ་ཞིང་བློ་སྟོབས་ལྡན་པའི་ཉམས། སྐྲག་པ་ལ་འཇིགས་ཤིང་བག་འཁུམ་པའི་ཉམས། སྐྱུགས་བྲོ་བ་ལ་ཞེ་མེར་ཞིང་མི་སྡུག་ཉམས། ངོ་མཚར་བ་ལ་རྨད་བྱུང་ངམ་རྔམ་པའི་ཉམས་སོ། ཞེས་གར་གྱི་ཉམས་བརྒྱད་དུ་བཤད་པ་དང་། ༡ ལུས་ཀྱི་སྟོད་ལ་སེང་ཆགས་དང་། ༢ སྐེད་པ་ལ་ནི་འཁྲིལ་ཆགས་དང་། ༣ ཚིགས་བཞི་ལ་ནི་འཁྲུལ་ཆགས་དང་། ༤བཞག་ཤ་ལ་ནི་ལྷོད་ཆགས་དང་། ༥ ཤ་འགྱུར་ལ་ནི་མེར་ཆགས་དང་། ༦ རྣམ་འགྱུར་ལ་ནི་འགྱིང་ཆགས་དང་། ༧ སྤྱོད་པ་ལ་ནི་དལ་ཆགས་དང་། ༨ སྒྱིད་པ་ལ་ནི་ལྡེམ་ཆགས་དང་། ༩ རྐང་མགོ་ལ་ནི་བདེ་ཆགས་དང་། ༡༠ ཀུན་ཏུ་དཔའ་ཞིང་བརྗིད་ཆགས་པའོ། ཞེས་གར་གྱི་ཉམས་བཅུ་རུ་བཤད་པ་སོགས་སྔོན་གྱི《ཟློས་གར་གྱི་བསྟན་བཅོས》དག་ལས་གསུངས་སོ། ཟློས་གར་འཁྲབ་སྟོན་པ་ཞིག་ལ་མཚོན་ན། མ་མཐའ་ཡང་ཉམས་དང་འགྱུར་བ་ལ་ནང་བྱན་ཆུད་དགོས་ཤིང་། ཆུང་དུས་ནས་འདིའི་ཐད་ཀྱི་སྦྱངས་པ་སྔོན་དུ་མ་སོང་ཚེ།  རིམ་བཞིན་ལོ་རྒས་པ་དང་བསྟུན་ནས་དེ་འདྲའི་ཡར་སྐྱེད་ཞིག་འབྱུང་རྒྱུ་ཧ་ཅང་དཀའ་བ་ཡིན། འཁྲབ་སྟོན་པ་ཞིག་ཡིན་ན། ལྷག་པར་དུ་གར་གྱི་སྐྱོན་ལྔ་ལ་གཟབ་དགོས་པ་ཡིན་ཏེ། འཇིགས་ཤིང་རྔམས་པའི་ཉམས་ལ། ཧ་ཅང་གསོར་ན་སྐྱོན་ཡིན་ནོ། འགྱིང་ཤིང་མཉེན་པའི་གར་རྣམས་ལ། ཧ་ཅང་གཅོས་ཆུང་སྐྱོན་ཡིན་ནོ། འཁྱུག་ཅིང་བདེ་བའི་གར་རྣམས་ལ། ཧ་ཅང་རྟབ་རྟོབ་སྐྱོན་ཡིན་ནོ། དལ་ཞིང་ལྷོད་པའི་གར་རྣམས་ལ། ཧ་ཅང་སྒྱིད་ལུགས་སྐྱོན་ཡིན་ནོ། སྒེག་ཅིང་ཆགས་པའི་གར་རྣམས་ལ། ཧ་ཅང་བསྒྱུར་ན་སྐྱོན་ཡིན་ནོ། ཞེས《ཟློས་གར་གྱི་བསྟན་བཅོས》ལས་བཤད་དོ། །

ཟློས་གར་འཁྲབ་སྟོན་ལ་ད་དུང་མེད་དུ་མི་རུང་བ་ཞིག་ནི་འཁྲབ་ཆས་ཡིན་ཏེ། འཁྲབ་གཞུང་གི་མི་སྣའི་ཐོབ་ཐང་དང་གནས་བབས་མི་འདྲ་བས། རྒྱན་གོས་ཀྱི་སྐོར་དང་ཞལ་འབག་ཀྱང་མི་འདྲ་བ་སྣ་ཚོགས་སུ་འབྱུང་། དེས་ན་འདིར་ཨ་མདོའི་རྣམ་ཐར་ནང་གི་མི་སྣའི་འཁྲབ་གོས་རྒྱན་ཆ་དང་འཁྲབ་ཆས་གཙོ་བོ་འགའ་ངོ་སྤྲོད་ཞུ་བ་ལ།

“༡ དབྱར་རྩེ་བ—དབུ་ལ་ཐོབ་ཞྭ་གྱོན་ཞིང་དེའི་སྟེང་དུ་རིན་པོ་ཆེའི་གཙུག་རྒྱན་བཙུགས་ཡོད། གོས་ཆེན་སེར་པོའི་སྟོད་གོས་དང་ལྗང་ནག་གི་ལྭ་རིང་སྲམ་མཐའ་ཅན་ལ་གསེར་སྐུད་སྣ་ཚོགས་ཀྱིས་རྒྱན་རིས་ཕབ་ཅིང་། སྐ་རགས་སྣ་ལྔ་བཅིངས་པ་དེས་སྟོང་དཔོན་ཡན་གྱི་དབང་ཐང་མཚོན་ཡོད་ལ། བ་སོའི་རྣ་ལུང་བཏགས་ཤིང་། སྐེད་དུ་ཐམ་ཀའི་ཁུག་མ་དང་གྲི་ཆུང་གིས་བརྒྱན་ཏེ་ཕྱག་ཏུ་བེར་ཀ་བཟུང་བ་དེས་འཁྲབ་སྟོན་པ་སྤྱི་ལ་དབང་ཐང་ཆེ་བའི་ཉམས་སྣང་མངོན།

༢ ཨ་རྒྱ—དབུ་ལ་སོ་ནམ་པའི་ཆ་བྱད་ཀྱི་ཐོར་ཅོག་བཅིངས་ཤིང་། དངུལ་གྱི་རྣ་ལུང་བཏགས། སྟོད་གོས་དཀར་པོ་དང་གྲོང་ལྭའི་སྟེང་སྐ་རགས་སྣ་གསུམ་བཅིགས་ཏེ། གསེར་དངུལ་གྱིས་ཕྲ་བཏབ་པའི་གྲི་རིང་འདོགས་ཤིང་། རྐང་ལ་གྲོང་ལྷམ་གྱོན་ནས་ཕྱག་ཏུ་བེར་ཀ་བཟུང་བས། མཐོང་མ་ཐག་གྲོང་ཁྱིམ་ཕལ་བའི་བཟའ་དཔོན་གྱི་ཉམས་སྣང་མངོན།

༣ ཕུར་མ—མགོ་ལ་པྲོག་ཞུ་དང་གོས་ཆེན་དམར་སེར་གྱི་སྟོད་གོས། འཇའ་གུར་ཁོབས་ཆེན་མའི་སྨད་གཡོག་ཕུར་མ་འདྲ་བ་གྱོན་ཞིང་།རྐང་ལ་འཇའ་ཆེན་གྱོན་ཏེ་རལ་གྲི་དང་དགྲ་སྟ། མདའ་གཞུ་དང་ལྕགས་ཐག་འཛིན་པ་དེས་མོ་ལྷའི་དྲག་འཁོར་ཞིག་ས་ལ་བབས་པའི་སྣང་བ་སྟེར།

༤ སྔགས་པ—སྔགས་འཆང་རྒྱལ་བོའི་ཞྭ་ནག་འོག་ཏུ་སྣ་གཉིས་དར་ནག་གིས་སྒྲིབ། ཕྲུག་ལ་དམར་ནག་ལ་ཁྲོ་བོའི་གདོང་གི་པང་ཁེབས་གཡོགས་ཤིང་། སྐེ་ལ་ཀེང་རུས་བསྟར་བའི་ཕྲེང་བ་གསོལ། སྐེད་ལ་ལྕུག་ཕྲ་བཅིངས་ཤིང་མདུན་རྒྱབ་དག་ན་དམར་པོ་མེ་རི་འབར་བའི་དར་དཔྱངས་བཞི་རེ་དང་། ཐོད་ཕྲེང་གི་མཐའ་རིས་བརྩེགས་པའི་ཕྲག་ཁེབས་མནབས་ཏེ། ཕྱག་གཡས་པར་རྡོ་རྗེ་དང་ཕུར་བུ་འཛིན། གཡོན་པར་ཐོད་ཕོར་བཟུང་ནས་རླུང་ནག་འཚུབ་རིས་ཀྱི་གར་སྟབས་ལ་ཞུགས་ཚེ་ཉྭ་འདར་ཞིང་སྤ་བཀོང་བར་བྱེད་པའི་ཉམས་སྣང་རྒྱས།

༥ རྔོན་པ—སྐྲ་རིང་གཙུག་ཏུ་བསྡམས་ཤིང་སྐྲ་ཐུང་མར་དཔྱངས་ཏེ་ཐོད་པ་ཡང་སྒྲིབ་ཙམ་བྱས། གཟིག་ལྤགས་ཀྱི་སྟོད་གོས་དང་རས་ཕྲུག་ཁམ་ནག་གི་ལྭ་བ་གྱོན། རྐང་སྣམ་ནག་པོ་བརླ་རྩར་བརྫེས་ཤིང་། རྐང་ལ་ལྷམ་ཡུ་མེད་གྱོན་ཏེ་མེ་རི་འབར་བའི་རལ་གྲི་ཐོགས་པ།  དཔའ་ངར་དང་རྩལ་སྟོབས་རྫོགས་པའི་གཟུགས་ཉམས་མངོན།

༦ ལྷ་མོ—སྐྲ་ལོའི་ནང་དུ་དར་ཟབ་དང་གོས་སྐུད་ཀྱིས་བརྒྱན་ཞིང་དབུ་ལ་རིགས་ལྔའི་ཅོད་པན་དང་གཙུག་རྒྱན་རྣམས་ལན་བུའི་སྟེང་དུ་མུ་ཏིག་སོགས་ཀྱི་དོ་ཤལ་སྤྲས། སྨད་ལ་འཇའ་རིས་བརྩེགས་མའི་རྐང་སྣམ་གྱི་མདུན་རྒྱབ་གཡས་གཡོན་དུ་དར་ཟབ་ཀྱི་ཅོད་པན་རིང་བར་དཔྱངས་ནས་མཆོད་པའི་ལྷ་མོ་ས་ལ་བབས་པའི་གར་སྟབས་བསྒྱུར།

༧ མགོན་པོ་རྡོ་རྗེ—ཞལ་ལ་གདོང་འབག་དམར་ནག་ཨ་མདོ་འབྲོག་པའི་བཞིན་རས་འདྲ་བ་ཞིག་གྱོན་ཞིང་། དགོ་ལྤགས་ཕྱིར་མངོན་པའི་ལྭ་བ་གྱོན། སྐེད་དུ་གྲི་རིང་བཏགས་ཏེ་འུར་ཆ་དང་མདའ་གཞུ་ཕྱག་ཏུ་བཟུང་། དཔུང་རྗེན་དུ་འགྲོ་ཞིང་ཕར་བལྟས་ཚོད་ཀྱིས་འབྲོག་ཁུལ་གྱི་རྔོན་པ་ཞིག་ཡིན་པའི་ཉམས་མངོན།”[༡༣] འདི་ནི་འཁྲབ་གོས་ཀྱི་མཚོན་བྱེད་ཙམ་ཡིན་ལ། དེ་ལ་ད་དུང་ཞལ་འབག་གི་ཁ་དོག་དང་མཚོན་ཐབས་ཀྱང་མི་འདྲ་བ་སྣ་ཚོགས་སུ་སྣང་བ་དཔེར་ན། 《རེབ་གོང་སྒྱུ་རྩལ་ཞེས་བྱ་བའི་ཕ་ཕོག་རིན་ཆེན་བང་མཛོད》ལས་མཚམས་སྦྱོར་བྱས་པ་ལྟར་ན། “༡ འབག་སེར་པོ་ནི་རྒྱས་པའི་མདངས་དང་ཡོན་ཏན་གྱི་རང་བཞིན་མཚོན་རྟགས་ཡིན། དེ་ནི་རིགས་བཟང་ཞིང་ཐོས་པ་མང་པ། བརྩོན་འགྲུས་ཆེ་ལ་རྒྱུད་བཟང་ཞིང་། རྟོགས་པ་མཐོ་བ་བཅས་ཀྱི་མཚོན་བྱེད་ཡིན།

༢ འབག་དམར་པོ་ནི་དབང་གི་མཚོན་བྱེད་ཡིན། བློ་གྲོས་ཀྱི་རྩལ་རྫོགས་ཤིང་། ཞི་དྲག་གཉིས་ཀྱིས་ཕྱི་ནང་གི་བྱ་བ་ཡོངས་ལ་བཀའ་བཀོད་གནང་མཁན་གྱིས་གྱོན་པ་ཡིན། ༣ འབག་ལྗང་ཁུ་ནི་འཕྲིན་ལས་ཀྱི་མཚོན་བྱེད་ཡིན། ༤ འབག་ཕྱེད་དཀར་ཕྱེད་ནག་ནི་ཡིད་རྟོན་མི་རུང་བའམ། ངོ་གཉིས་མའི་མཚོན་བྱེད་ཡིན། ༥ འབག་ནག་པོ་ནི་ངན་པ་ཐ་ཤལ་གྱི་མཚོན་བྱེད་ཡིན། ༦ འབག་དམར་སྨུག་ནི་ཁྲོ་བོའི་མཚོན་བྱེད་ཡིན། ༧ ཁྱུ་མཆོག་རྟ་ཡི་མགོ་བརྙན་ནི་ལྷ་མིན་དྲི་ཟའི་མཚོན་རྟགས་ཡིན། ༨ རྒད་པོ་སྤུན་ཚོང་གི་འབག་ནི་རྒུད་པའི་ཉམས་མཚོན་བྱེད་ཡིན། ༩ འབྲོག་མོའི་འབག་ནི་ལྗང་གུ་འཕྲིན་ལས་ཀྱི་མཚོན་བྱེད་ཡིན། ༡༠ འབག་དཀར་པོ་ནི་ཞི་དྲག་གཉིས་ལས་ཞི་བ་མཚོན་བྱེད་ཡིན།  ༡༡ འབག་སྔོ་ནག་ནི་དྲག་པོ་དང་དཔའ་བོ་མཚོན་བྱེད་ཡིན།”[༡༤]  གདོང་འབག་གི་ཕྱོགས་ནས་འབག་སེར་པོ་དང་དམར་པོ། ལྗང་ཁུ་སོགས་ཁ་དོག་འདྲ་མིན་དང་། དེ་དག་གི་མཚོན་དོན་ལའང་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་བཤད་པ་ཡོད། ཚང་མས་ཤེས་གསལ་ལྟར་འབག་འདི་དག་གི་ཁ་དོག་ཁོ་ནས་ཀྱང་མི་གཤིས་ཀྱི་སྣང་བརྙན་གསལ་པོར་བསྐྲུན་ཡོད།ང་ཚོས་འབག་འདི་དག་གི་ཁ་དོག་མཐོང་བས་ཀྱང་མི་སྣ་འདི་དག་གིས་མ་འོངས་པར་ཅི་ཞིག་བསྒྲུབ་རྒྱུ་ཡིན་པ་དང་། ཅི་ཞིག་བསྒྲུབས་ངེས་པའི་ཚོད་དཔག་བྱེད་ཐུབ་པ་ཡིན། འཁྲབ་སྟོན་ལ་མཚོན་ན། ཕྱིའི་འཁྲབ་གོས་དང་རྒྱན་ཆ། ཞལ་འབག་སོགས་གཙོ་བོ་ཡིན་པ་མ་ཟད། ལྷག་པར་དུ་འཁྲབ་སྟོན་པའི་སྒྱུ་རྩལ་ཁྱད་ཆོས་གཙོ་བོ་ཡིན། འཁྲབ་སྟོན་པས་རང་གི་འཁྲབ་རྩལ་གྱིས་གཟིགས་མོ་བ་འགུགས་མ་ཐུབ་ཚེ། འཁྲབ་སྟོན་དེ་ནི་ལེགས་འགྲུབ་མ་བྱུང་བའི་འཁྲབ་སྟོན་ཞིག་ལས་མ་འདས་ལ། འཁྲབ་གོས་དང་རྒྱན་ཆ། ཞལ་འབག་སོགས་ཇི་འདྲ་མཛེས་ནའང་དེ་ཙམ་གྱིས་འཁྲབ་སྟོན་གྱི་དམིགས་ཡུལ་རྫོགས་པ་མིན་ནོ། །

གསུམ་པ། བོད་ཀྱི་ཟློས་གར་གྱི་དབྱངས་རྟ་གླེང་བ།

བོད་ཀྱི་ལྷ་མོའི་ཟློས་གར་ལ་དབྱངས་རྟ་ཡང་ཧ་ཅང་ཕུན་སུམ་ཚོགས་ལ། རགས་རྩིས་བྱས་ན་ཉི་ཤུ་ལྷག་དང་། དེ་དག་ཀྱང་“རྟ་རིང་”དང་“རྟ་ཐུང་”“སྐྱོ་གླུ”“དང་ལྷོད”སོགས་རིགས་ཧ་ཅང་མང་པོར་དགར་རྒྱུ་འདུག

སྤྱིར་ན་དབྱངས་ལ ༡ དྲུག་སྐྱེས(རྨ་བྱ) ༢ བར་མ(ངང་པ) ༣ དྲང་སྲོང་(ཁྱུ་མཆོག) ༤ ས་འཛིན(ར) ༥ རྔ་པ(ཁུ་བྱུག) ༦ བློ་གསལ(རྟ) ༧ འཁོར་ཉན(གླང་ཆེན) བཅས་བདུན་པ་ཡོད་པ་དེ་དག་དེང་སྐབས་ཀྱི་རོལ་མོའི་གཞུང་ལུགས་ནང་གི་ཏོའོ། རའི། རྨིའི།ཧྥ། སོའོ། ལཱ། ཤིའི་ཞེས་སྒྲ་མཐོ་དམའི་ཁྱད་པར་གྱི་བྱེད་ལས་ནུས་པ་དང་མཚུངས་ལ། ཟློས་གར་གྱི་བྱ་བ་བསྒྲུབ་མཁན་ཞིག་ཡིན་ན།དབྱངས་ཀྱི་མ་མཐའི་རྩ་བའི་ཤེས་བྱ་ཞིག་མ་ཤེས་ཐབས་མེད་ཡིན། ལྷག་པར་དུ་སྨིན་གླིང་ལོ་ཆེན་གྱིས་བརྩམས་པའི《སྡེབ་སྦྱོར་རིན་ཆེན་འབྱུང་གནས》ལས“དྲུག་ལས་སྐྱེས་དང་ལྡན་པ་ཞིག་དགོས་པས་ན། འདེགས་དང་འཇོག་གཉིས། འགྱུར་དང་ཁུག་གཉིས། ཕྲ་དང་སྦོམ་གཉིས་བཅས་སོ། དེའི་རྒྱུ་མཚན་ནི་གླུ་གཞས་གང་ཞིག་བརྩམས་ཚེ་དབྱངས་སྦྱོར་གྱི་སྒྲུབ་ཆར་ཁྱད་ཆོས་གོང་གསལ་དེ་དག་རང་བཞིན་གྱིས་ཡོང་བ་ཡིན།” [༡༥] ཞེས་གསལ་བར་གསུངས་ཡོད་པས་རྨང་གཞིའི་ཤེས་བྱ་འདི་དག་ལ་འཇུག་རྒྱུ་ཧ་ཅང་གལ་ཆེན་ཡིན། དེ་དང་བསྟུན་ནས་རིམ་བཞིན་ཆེད་ལས་དགེ་རྒན་བསྟེན་ཏེ། དབྱངས་ཀྱི་གྲོང་གསུམ་དང་། རྒྱལ་བ་ཉི་ཤུ་རྩ་གཅིག ཏ་ན་བཞི་བཅུ་ཞེ་དགུ་སོགས་རིམ་གྱིས་བསླབ་ན་ཤེས་པར་འགྱུར་ལ། དབྱངས་ལ་ཅུང་ཙམ་ངེས་ཤེས་འདྲོངས་ངེས་རེད། ཟློས་གར་གྱི་དབྱངས་རྟ་དག་གཙོ་བོ་དམངས་ཁྲོད་ནས་བྱུང་བ་ཡིན་ཞིང་། དམངས་ཁྲོད་ནི་ཤེས་རིག་ཡོད་ཚད་འབྱུང་གནས་ཀྱི་ས་ཤིང་གཤིན་པོ་དེ་ཡིན། དུས་ཡུན་རིང་པོའི་སྤྱི་ཚོགས་ཀྱི་ལག་ལེན་ཁྲོད་དམངས་ཁྲོད་ཀྱི་དབྱངས་རྟ་མང་པོ་ཞིག་ལ་ཡང་ནས་ཡང་དུ་ལས་སྣོན་བྱས་ཏེ་ཟློས་གར་གྱི་དབྱངས་རྟར་སྦྱར་བ་དང་། དབྱངས་དེ་དག་ཀྱང་རྟ་དབྱངས་དང་གར་དབྱངས། བར་གསེབ་ཀྱི་དབྱངས་ཏེ་སྡེ་ཚན་གསུམ་དུ་ཕྱེས་ནས་འཁྲབ་སྟོན་ལ་ཞུགས་པ་རེད། “དང་པོ་རྟ་དབྱངས་ནི་རྣམ་ཐར་འཁྲབ་སྟོན་གྱི་སྲོག་ཏུ་གྲུབ་ཡོད་དེ། དེའི་རྣམ་པ་དང་ངང་འགུགས།གྲུབ་སྟངས་སོགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཆེན་པོ་ཡོད་པར་མ་ཟད། འཁྲབ་གཞུང་མི་སྣའི་སེམས་ཁམས་དང་ཁོར་ཡུག  རྒྱབ་ལྗོངས་སོགས་ཀྱི་ཚུར་སྣང་ལ་བརྟེན་ནས་བྱུང་བའི་དགའ་སྡང་སྐྱོ་གསུམ་གྱི་དབྱངས་འགྲོས་ཤིན་ཏུ་མང་། མི་སྣའི་ཕྱི་ནང་གི་ཉམས་འགྱུར་ལ་བརྟེན་ནས་ལེན་པའི་དབྱངས་རྟའི་རིགས་འདི་ནི་སྙན་འཇེབས་ལྡན་ཞིང་ཡིད་འགུག་གི་ཁྱད་ནུས་འབུར་དུ་ཐོན་པ་ཞིག་ཡིན་པས། རྣམ་ཐར་རང་གི་འཁྲབ་སྟངས་དང་ཡོངས་སུ་འཚམས་པ་ཞིག་ཡིན་པར་མ་ཟད། དེ་ལ་ཟློས་གར་རང་བཞིན་ཅན་གྱི་དབྱངས་རྟ་དང་བརྩེ་དུང་རང་བཞིན་ཅན་གྱི་ཟློས་གར། དོན་བརྗོད་རང་བཞིན་ཅན་གྱི་དབྱངས་རྟ། བཤད་ལེན་མཉམ་སྡེབ་ཀྱི་དབྱངས་རྟ། མགུར་རྟ་དང་སྤྲོ་བའི་དབྱངས་རྟ། སྐྱོ་བའི་དབྱངས་རྟ། ཆོས་ཀྱི་དབྱངས་རྟ་སོགས་རྣམ་ཐར་ཟློས་གར་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ཡོངས་སུ་ཕྱུག་གོ།

གཉིས་པ་གར་དབྱངས་ནི་རྣམ་ཐར་ཟློས་གར་ནང་དགའ་སྟོན་ནམ་བཀྲ་ཤིས་བདེ་ལེགས་ཞུ་བའི་འཁྲབ་རིམ་ལ་བརྟེན་ནས་སྒྲིག་པ་ཡིན། དེ་ལ་རིགས་གཉིས་ཡོད། གཅིག་ནི་རང་དབང་ཅན་གྱི་གར་དབྱངས་དང་། གཞན་ཞིག་ནི་དབྱངས་འགྲོས་གཏན་འཁེལ་རང་བཞིན་གྱི་གར་དབྱངས་ཡིན། དེ་ལས་རང་དབང་ཅན་གྱི་གར་དབྱངས་དེ་འཁྲབ་སྟོན་པས་གང་ལ་གང་མཚམས་སུ་སྦྱར་ཆོག་པ་མ་ཟད།  དལ་མགྱོགས་གྲིམ་ལྷོད་ཀྱི་ཆ་ནས་ཀྱང་རང་དབང་ཆེན་པོ་ཡོད་དེ། དེས་འཁྲབ་རྩལ་དང་སྐད་གདངས་ལྷན་དུ་སྡེབ་པའི་ནུས་པ་ཆེས་ཆེར་ཐོན་ཐུབ་པ་ལས་གཞན། འཁྲབ་སྟོན་པ་ཚོའི་ནང་སེམས་དང་ཕྱི་གར་ཉམས་འབུར་ཐོན་ཡོང་བ་ལ་རམ་འདེགས་ཀྱང་བྱེད་ཐུབ་པས་ཟློས་གར་འཁྲབ་སྟོན་ནང་གོ་གནས་གལ་ཆེན་ཟིན་ཡོད། ཡང་དབྱངས་འགྲོས་གཏན་འཁེལ་རང་བཞིན་ཅན་གྱི་གར་དབྱངས་དེ་རྣམས་ཟློས་གར་ནང་བཀོལ་བ་ཧ་ཅང་ཁྱབ་ཆེ་ལ་གཏན་འཁེལ་གྱི་རི་མོ་དང་གཏན་འཁེལ་གྱི་གར་སྟབས་བསྒྱུར་ནས་འཁྲབ་གཞུང་ནང་གི་དགའ་སྤྲོའི་ཁོར་ཡུག་དེ་མཚོན་པ་ཡིན་པས། དེ་ཡང་རྣམ་ཐར་ནང་གི་ཁྱད་ཆོས་གཙོ་བོ་ཞིག་ཏུ་གྱུར་ཡོད།

གསུམ་པ་བར་དབྱངས་ནི་རྣམ་ཐར་ཟློས་གར་ནང་གི་བར་གསེང་རོལ་མོ་རུ་བརྗོད་པ་ཡིན་ལ། མི་སྣ་འཁྲབ་རར་ཞུགས་པ་དང་ཕྱིར་འགྲོ་བ། འཁྲབ་ལྗོངས་བརྗེ་བའི་སྐབས་སུ་དཀྲོལ་བ་ཡིན། ཨ་མདོའི་དམངས་གཞས་ཀྱི་སྐོར་ལས་བདམས་གསེས་བྱས་ནས་རྣམ་ཐར་ཟློས་གར་གྱི་བར་དབྱངས་གཏན་ཆགས་བྱུང་ཡོད་པ་ནི《ཆོས་ལྷ་བཟང་པོ》དང་《ཨ་མ་ལོ་ལོ》《ཁ་བ་གངས་ཀྱི་མེ་ཏོག》སོགས་ཡིན་ལ། དེ་དག་ཟློས་གར་གྱི་ནང་དོན་ལྟར་བཀོལ་བ་ཡིན་པས་རྣམ་ཐར་རང་གི་འབུར་ཐོན་གྱི་ཁྱད་ཆོས་སུ་རྩིས་ཆོག”[༡༦] ད་དུང་ས་ཁུལ་སོ་སོ་དང་ལྷ་མོ་ཚོགས་པ་སོ་སོ། ཟློས་གར་ཚོགས་པ་སོ་སོར་རང་རང་གི་དབྱངས་རྟ་མི་འདྲ་བ་ཡོད་ལ། དེ་དག་ལ་མགུར་རྟ་དང་། རྟ་རིང་། རྟ་ཐུང་སོགས་ཀྱང་མང་པོ་དབྱེ་རྒྱུ་འདུག 《བོད་ཀྱི་ལྷ་མོའི་ཟློས་གར་བློ་གསལ་འཇུག་སྒོ》( ༢༠༡༧ ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར)ལས་བོད་ཀྱི་ལྷ་མོའི་ཟློས་གར་གྱི་དབྱངས་རྟ་ཕུན་སུམ་ཚོགས་པ་དང་ཧ་ལམ་རིགས་ཉི་ཤུ་ལྷག་ཡོད་ཟེར། དབྱངས་རྟ་རེ་རེ་ལ་མིང་རེ་ཡོད་དེ། དཔེར་ན་སྣང་བ་སྐྱིད་པའི་སེམས་ཁམས་མཚོན་བྱེད་ཀྱི“རྟ་རིང་”དང་།  སྐྱོ་སྣང་མཚོན་བྱེད་ཀྱི“སྐྱོ་གླུ”འགྱུར་ལྡོག་ངེས་མེད་བརྩེ་དུང་མཚོན་བྱེད་ཀྱི“དང་ལྷོད”སོགས་ཡོད་ཟེར། འདི་དག་ནི་གཙོ་བོ་རྣམ་ཐར་ཚོགས་པ་རང་རང་གི་ཐུན་མོང་མ་ཡིན་པའི་འཁྲབ་སྟོན་ཁྱད་ཆོས་དང་རང་ཚུགས་ཡོད་པའི་དབྱངས་རྟ་ལས་གྲུབ་པ་རེད།

སྤྱིར་ན་སྲོལ་རྒྱུན་དབྱངས་རྟ་ལ་གདོད་མའི་བོན་གྱི་ཆོས་སྤྱོད་ཀྱི་དབྱངས་རྟ་དང་། དགེ་ལུགས་པའི་ཕྱག་ཆེན་རོལ་དབྱངས་སོགས་མང་པོ་བྱུང་ཡོད་ལ། དབྱངས་ཡིག་གི་བརྩམས་ཆོས་ཁོ་ནར་ཡང་《གསང་ཆེན་རིག་པ་འཛིན་པ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་རིན་ཆེན་འཕྲེང་བ་མཁས་པའི་ཡིད་འཕྲོག་དམ་ཅན་ཆོས་སྲུང་དགྱེས་པ་སྐྱེས་པའི་དབྱར་རྔས་གླུས་བསྐུལ་ཞེས་བྱ་བའི་དབྱངས་ཡིག》དང་《དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཕྱག་བཞེས་ཆོས་སྤྱོད་ཀྱི་རིམ་པ་ལས་རྟ་ཆེན་བརྒྱད་ཀྱི་དབྱངས་ཡིག》《དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཞལ་འདོན་ཆོས་སྤྱོད་ཀྱི་དབྱངས་ཡིག》《སེར་སྨད་དྲི་ཟའི་དབྱངས་ཀྱི་དབྱངས་ཡིག》《འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ནང་ཚན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་བསྐང་གསོའི་དབྱངས་ཡིག་ཐུན་མོང་མ་ཡིན་པའི་དགྲ་བགེགས་དཔུང་འཇོམས་ཞེས་བྱ་བ་བཞུགས་སོ།》སོགས་ཧ་ཅང་མང་པོ་བཞུགས་པ་དེ་དག《བོད་ཀྱི་རོལ་དབྱངས་ལོ་རྒྱུས་བསྡུས་གསལ་དཔྱིད་ཀྱི་ཕོ་ཉ》(དགེ་འདུན་འཕེལ་རྒྱས་ཀྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས ༢༠༡༣ ལོར་དཔར) སོགས་སུ་གསལ་བ་ལྟར་རོ།།

བཞི་བ། བོད་ཀྱི་ཟློས་གར་གྱི་རོལ་ཆས་གླེང་བ།

རོལ་ཆས་ནི་ཟློས་གར་འཁྲབ་སྟོན་བྱེད་པར་ངེས་པར་མཁོ་བའི་ཡན་ལག་གཙོ་བོ་ཞིག་སྟེ། རོལ་ཆས་ཀྱིས་ཟློས་གར་འཁྲབ་སྟོན་གྱི་ཡུལ་དངོས་ཀྱི་གོ་གནས་གལ་ཆེན་བཟུང་ཡོད། གདོད་མའི་དུས་སུ་མི་རྣམས་ཀྱི་རིག་པ་རིམ་བཞིན་ནར་སོན་པ་དང་། རླུང་ཆེན་ལྡང་བ་དང་འབྲུག་སྒྲ་གྲག་པ། ཕན་ཚུན་ཁ་ཤུ་འདེབས་པ་སོགས་ཀྱི་སྒྲ་ལས་རོལ་ཆས་ཞེས་པའི་ངེས་ཤེས་རྙེད་ཅིང་། རྡོ་ཆས་རྙིང་མའི་དུས་སུ་རྡོ་ཆས་སྤྱོད་པའི་ཤེས་རབ་བྱུང་བ་ནས་རྡོ་དང་རྡོ་བརྡར་བ་དང་། བརྡུང་ནས་རྡོ་རྡུང་ལྟ་བུའི་རྡོ་ཆས་ཀྱི་སྒྲ་བྱུང་བ་ཡིན་ངེས་ལ། རུས་ཆས་སྣ་ཚོགས་སྤྱོད་པའི་དུས་རབས་སུ་བྱ་རྒོད་ཀྱི་དིང་རུ་ལ་བུ་ག་གཏོད་དེ་འབུད་ཤེས་པ་ནས་དིང་གླིང་སོགས་བྱུང་བ་ཡིན་ངེས། “བོན་གྱི་དཔེ་རྙིང་《ཁམས་བརྒྱད་གཏན་ལ་ཕབ་པའི་རྩ་བ་དོན་རྣམ་པ་ངེས་པ》ལས“རྔ་བརྡུང་གཤང་དཀྲོལ་དར་འཕྱར་དུང་འབུད་ཅག་པར་རྡེབས། སྒོང་བསྒྱུར་རྒྱུད་སྦྲེང་ལྷ་ཡི་གླིང་བུ་འབུད་དོ།”ཞེས་དང་། 《མདོ་གཟེར་མིག》ཅེས་པར། “སྐད་བཅོ་བརྒྱད་ཀྱི་གཏང་རག་ཤིན་ཏུ་སྙན་པར་བསྒྱུར། ལྷ་གཤེན་སྟོང་གི་མཚན་བརྗོད། རྔ་དང་གཤང་དང་དུང་དང་གླིང་བུ་དང་། ཏམ་བུ་ར་དང་པི་ཝང་སིལ་སྙན་ཐམས་ཅད་ཀྱིས་སྙན་པའི་སྒྲ་བསྒྲགས།”ཞེས་དང་། 《མི་ནུབ་པའི་མདོ》ཞེས་པར“ལ་ལ་ཞིག་ནི་རྔ་བརྡུང་ངོ་། ལ་ལ་ཞིག་ནི་གཤང་ཁྲོལ་ལོ། ལ་ལ་ཞིག་ནི་དུང་འབུད་དོ། ལ་ལ་ཞིག་ནི་ངྷ་བུ་ར་སྒྲོགས་སོ། ལ་ལ་ཞིག་ནི་ཅོང་ཆེན་བརྡུང་ངོ་། ལ་ལ་ཞིག་ནི་བིང་ཆེན་བསྒྲིལ་ལོ། ལ་ལ་ཞིག་ནི་གྷན་ངྷི་སྒྲོགས་སོ། ལ་ལ་ཞིག་ནི་ཅག་པར་རྡེབས་སོ”ཞེས་འཁོད་ཡོད། ”[༡༧] གོང་གསལ་ལས་ང་ཚོས་ཤེས་ཐུབ་པར་བོད་དུ་གདོད་མའི་དུས་ཡུན་རིང་མོ་ཞིག་ནས་བཟུང་རོལ་ཆས་འདྲ་མིན་བྱུང་མྱོང་བར་མ་ཟད། ཐ་ན་དེ་དུས་ཀྱི་བརྡུང་བྱའི་རོལ་མོའི་རྣམ་གྲངས་ལའང་རྔ་སྟོང་རི་ཐེམ་པ་ཅན། རྔ་ཕོ་ལོང་། གཡུ་རྔ། དིང་པ། རྔ་ཕྱེད་སྦུབ་ཕྱེད་དུ་གྲགས་པའི་རྔ་ངོས་གཅིག་མ་སོགས་བྱུང་ཡོད་པར་བཤད་དོ།།

སྤྱི་ཚོགས་འཕེལ་བའི་འགྲོས་དང་བསྟུན་ནས་ས་ཁུལ་ཕན་ཚུན་བར་དང་རྒྱལ་ཁབ་ཕན་ཚུན་བར་འགྲོ་འོང་དང་། རིག་གནས་བརྗེ་རེས་བྱུང་བ་བརྒྱུད་དེ། རིམ་བཞིན་བོད་དུ་དར་བའི་རོལ་ཆས་ལ་རྒྱ་གར་གྱི་རིག་གཞུང་ལས་བཤད་པའི་རོལ་མོའི་བྱེ་བྲག་བཅོ་བརྒྱད་དེ། ༡གར་མཁན། ༢ བྲོ། ༣ རྫ་རྔ་། ༤ རྔ་ཆུང་། ༥ རྔ་ཟླུམ། ༦  རྔ་བོ་ཆེ། ༧ འཁར་རྔ་། ༨ པི་ཝཾ་རྒྱུད་གཅིག་པ། ༩ རྫ་ཁ་རྔ་གཅིག་པ། ༡༠ལྕགས་ཀྱི་སིལ་འཁྲོལ། ༡༡ འཁར་བའི་སིལ་འཁྲོལ། ༡༢    པི་ཝཾ་རྒྱུད་གསུམ་པ། ༡༣ རྔ་མུ་ཀུནྡ། ༡༤ སིལ་སྙན་གླུ་དབྱངས་དང་བསྟུན་པ། ༡༥ ཕེག་རྡེབ། ༡༦ རོལ་མོ་སྤྱིའི་རིགས། ༡༧ པི་ཝཾ། ༡༨ གླིང་བུ་བཅས་དང་། གོང་དུ་མ་འདུས་པ་ད་དུང་དུང་ཆེན་དང་ཅང་ཏེའུ། དྲིལ་བུ། ཆ་ལང་སོགས་ཡོད།  རོལ་ཆས་འདི་དག་ལ་འབུད་རྡུང་དཀྲོལ་གསུམ་དུ་ཕྱེས་ཡོད་ཅིང་། དེ་ཡང་བོད་ཀྱི་རྣམ་ཐར་ཟློས་གར་ལ་གདོད་མ་ནས་ཡོད་པའི་རོལ་ཆས་ནི་གཙོ་བོ་རྔ་སྦུབ་གཉིས་ཡིན་མོད། རིམ་བཞིན་ཟློས་གར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས།སྒྲ་སྙན་དང་དུང་ཆེན། ཟངས་དུང་། དུང་དཀར། གླིང་བུ་སོགས་ཁར་བསྣན་པ་དང་། གཞན་ཡང་། དེང་རབས་ཀྱི་རོལ་ཆས་ཧྥིན་ཆིན་དང་ཡང་ཆིན། ཅིས་ཐཱ་སོགས་རྒྱལ་ཁབ་ཕྱི་ནང་གི་རོལ་ཆས་མང་པོ་ཞིག་ཀྱང་གང་ལ་གང་འཚམས་སུ་བཀོལ་སྤྱོད་བྱེད་བཞིན་ཡོད།  རོལ་ཆས་དེ་དག་གཙོ་བོ་རྣམ་ཐར་ཚོགས་པ་རང་རང་གི་འཁྲབ་སྟོན་གྱི་དགོས་མཁོ་དང་བསྟུན་ཏེ་སྡེབ་སྒྲིག་དང་བཀོལ་སྤྱོད་བྱེད་པ་ཡིན།

ལྔ་བ། བོད་ཀྱི་ཟློས་གར་གྱི་སྐད་ཆའི་སྒྱུ་རྩལ་གླེང་བ།

ཟློས་གར་གྱི་སྐད་ཆ་ནི་ཆེས་ཉིང་བཏུས་ཡིན་དགོས་ཏེ། མི་སྣ་ཕན་ཚུན་གྱི་བརྗོད་པ་གསལ་ཞིང་ལྡབ་ལྡིབ་མིན་པ། བསྐྱར་ཟློས་མེད་པ།  ཚིག་གི་དག་ཆ་དང་དོན་གྱི་བརྗོད་དོན་གནད་ལ་ཁེལ་དགོས་ཤིང་། ཉུང་ཞིང་ཉིང་བཅུད་ལྡན་པ་ཞིག་ཡིན་དགོས། ཟློས་གར་ནང་གི་མི་སྣ་ལ་མཚོན་ན་ས་ཆ་འདྲ་མིན་དང་། ལོ་ན་རྒན་དར་གཞོན་གསུམ་ཅི་རིགས་ཡོད་པས་སྐད་ཆའང་འདྲ་མིན་སྣ་ཚོགས་སུ་སྣང་། ཟློས་གར་གྱི་གཏམ་རྒྱུད་དུ་རྒྱལ་བོ་དང་བཙུན་མོ། བློན་པོ། འབངས་མི་སེར་སོགས་རིགས་མཐོ་དམན་གྱི་མི་སྣ་འཁྲབ་དགོས་པས། སྐད་རིགས་ཆེན་པོ་བཞི་སྟེ། སཾསྐྲི་ཏའི་སྐད་དང་པྲ་ཀྲྀ་ཏིའི་སྐད། ཨ་བ་བྷྲཾའི་སྐད། པི་ཤ་ཙི་སྐད་བཅས་བཞི་བོ་དེ་མ་ཤེས་ཐབས་མེད་ཡིན། དེ་ཡང་“ ༡ སཾསྐྲྀ་ཏ་སྟེ། ལེགས་སྦྱར་ལྷ་ཡི་སྐད་ཀྱི་ཐོག་ནས་གཏམ་སྨྲ་བ་དེ་ཡིན། སྐད་རིགས་དེའི་ངག་གི་བརྗོད་ལུགས་ཇི་ལྟ་བུ་ཞེ་ན།  འཁྲབ་གཞུང་གི་མི་སྣ་གཙོ་བོ་སྟེ། རྒྱལ་བོ་དང་། བཙུན་མོ། བློན་ཆེན། དཔོན་རིགས་དག་གིས་ལེགས་པར་སྦྱར་བའི་སྐད་ཀྱི་ཐོག་ནས་གཏམ་སྨྲ་བ་ནི་གུས་ཞབས་དང་། ཡ་རབས། ལུགས་མཐུན་ཡིན་པ་དང་། བརྗོད་དོན་ཕུན་སུམ་ཚོགས་ལ་གཏིང་ཟབ་པ་དང་། སྡེབ་སྦྱོར་དང་སྙན་ངག་གིས་བརྒྱན་པ། ཞེ་ས་དང་བཅས་པ་ཡིན་དགོས། མདོར་བསྡུས་ན། སྨྲ་བའི་སྒྱུ་རྩལ་ཡོངས་སུ་རྫོགས་ལ་དཔལ་དང་ཡོན་ཏན་ལྡན་པའི་ཤོད་སྲོལ་ལྟར་བྱེད་དགོས། དེ་བཞིན་གོང་གསལ་མི་སྣ་སོ་སོའི་ངག་གི་སྦྱོར་བའི་ཐད་ལ་དཔེར་ན། རྒྱལ་པོ་དང་བཙུན་མོའི་དབར་དང་། རྒྱལ་པོ་དང་བློན་པོའི་བར། བཙུན་མོ་དང་བློན་པོའི་བར། བློན་ཆེན་དང་བློན་ཆེན་བར། བློན་པོ་ཕན་ཚུན་གྱི་བར་ལ་གོ་བབས་དང་བསྟུན་ནས་གུས་ཞབས་དང་ཞེ་ས་མ་འཛོལ་བ་བྱེད་དགོས་པ་དེ་ཡིན། ལུས་ཀྱི་སྒོ་ནས་སྐྱེས་པ་རྣམས་ཀྱིས་ཉམས་དང་ལྡན་པ་དང་དཔའ་བོའི་ཚུལ་སྟོན་པ་སོགས་དང་། བུད་མེད་རྣམས་ཀྱིས་སྒེག་པ་དང་། བབ་ཆགས་པའི་སྒོ་ནས་རང་བཞིན་གྱི་མཛེས་ཆོས་ངོམ་པ། མདོར་ན་མཛངས་མའི་ཡོན་ཏན་བརྒྱད་དང་ལྡན་པའི་རྣམ་པ་སྟོན་དགོས་པ་དེ་ཡིན།

༢ པྲ་ཀྲྀ་ཏི་སྟེ། ཡུལ་མི་རང་བཞིན་པའི་སྐད་དེ་ལ་ཟེར། དེ་ཡང་ཕོ་བྲང་ནང་འཁོར་གྱི་རྒྱལ་པོའི་སྲས་སྲོས་དང་། དཔོན་ཆུང་། ཡུལ་དཔོན་དག་གིས་ཡུལ་མི་རང་བཞིན་པའི་གཏམ་སྨྲ་ཞིང་། དེའི་བརྗོད་ལུགས་དཔེར་ན། རང་རེའི་བོད་ལ་ཆ་མཚོན་ན་དེ་སྔ་ལྷ་སའི་ཡུལ་མིའི་སྐད་ལུགས་བརྗོད་ཚུལ་དེ་ཡུལ་མི་རང་བཞིན་པའི་སྐད་ལུགས་དང་འཚམས་པོ་ཡོད་པ་ལྟར་ཡིན། དེ་བཞིན་དབུས་གཙང་ཁུལ་དུ་གཞིས་རྩེ་གྲོང་དང་། ལྷོ་ཁར་རྩེད་ཐང་ལ་སོགས་པའི་ཡུལ་གྲོང་སོ་སོའི་སྐད་ལུགས་དང་མཐུན་པའི་ཡུལ་མི་རང་བཞིན་པའི་སྐད་ལུགས་ཡོད། དེའི་ཐད་ལ་ཕན་ཚུན་གུས་ཞབས་ཡོད་ལ་ཐལ་དྲགས་པའང་མ་ཡིན་པར་བརྗོད་ཚུལ་བབ་ཆགས་ཡིན་ལ་ཞེ་ས་དང་། རྒན་གཞོན་དབར་ལའང་ལར་རྒྱ་མ་འཛོལ་བའི་ཡ་རབས་ཀྱི་རྣམ་པ་མཚོན་པར་བྱེད་པའི་ཤོད་སྟངས་དེ་ཡིན། མདོར་ན། རིག་གནས་ཀྱི་ཤེས་བྱ་ཡོད་མེད་ལ་མ་ལྟོས་པར་སྐད་ཆ་ཤོད་སྟངས་དེ་རིགས་ཡ་རབས་སྲོལ་རྒྱུན་གྱི་གོམས་གཤིས་སུ་ཆགས་པ་ལྟར་ཡོད།

༣ ཨ་བ་བྷྲཾ་ཤ་སྟེ། ཟུར་ཆག་གི་སྐད་དེ་ལ་ཟེར། ཟུར་ཆག་ཟེར་བ་དེ་ཡི་གེའི་སྒྲ་དག་ཆ་ཚང་བ་དེ་ལས་ཟུར་གཅིག་བསྒྱུར་ནས་བཤད་པ་དེ་ལ་ཟེར་བ་དཔེར་ན། སྤྲིན་པ་ཟེར་བ་ལ་ཡ་བཏགས་བསྐྱུར་ནས་སྤེན་པ་ཟེར་བ་དང་། འབྲས་སྤུངས་ཟེར་དགོས་པར། འབས་སྤུངས་ཟེར་བ། སྦྲ་ནག་ཞོལ་ལ་སྦ་ནག་ཞོལ་ཟེར་བ་སོགས་ཤོད་ཚུལ་དེ་དང་དེ་འདྲ་བ་མང་པོ་ཡོད། ཤོད་ཚུལ་དེ་དག་དེ་སྔ་ལྷ་སའི་གྲོང་མི་ཕལ་པ་ཁག་གཅིག་གི་ནང་དུ་ཁྱབ་གདལ་ཆེ་བ་ཡིན། ཟུར་ཆག་གི་གཏམ་དེ་གཏམ་རྒྱུད་རྒྱལ་རབས་ཟློས་གར་ནང་ཕོ་བྲང་ནང་འཁོར་བའི་ནང་ལ་བྲན་གཡོག་ཕོ་མོ་རྣམས་ཀྱི་ཤོད་སྟངས་དེ་ཡིན། ཁོང་ཚོས་གཙོ་བོ་འཁྲབ་གཞུང་གི་ནང་དོན་དང་མཐུན་པའི་ཆ་ལུགས་དང་།རྣམ་ཐར་གཏོང་བ་དེ་ལྟར་ཡང་། ཞར་དུ་བཞད་བགད་དང་ཅོ་འདྲི་བ། ཞེ་སྡང་བྱེད་པ། ཕན་ཚུན་ཐོ་འཚམ་བྱེད་པ། ཕན་ཚུན་དམའ་འབེབས་པ། གཞན་ལ་གནོད་པ་སྐྱེལ་བ། གླེང་སློང་བ། གཏམ་གྱི་འགོ་སློང་བའམ་ཕན་ཚུན་དབྱེན་སྦྱོར་བ་སྟེ་དཀྲུག་ཤིང་བརྒྱབ་ནས་འཁྲུག་རྐྱེན་སློང་བ་སོགས་བྱེད་དོ།

༤  པི་ཤ་ཙི་སྟེ། ཤ་ཟའི་སྐད་ཅེས་པ་དེའི་གཏམ་སྨྲ་ཞིང་དེ་དག་འབྱུང་པོ་དང་། གནོད་སྦྱིན། རོ་ལངས་སོགས་མི་མ་ཡིན་པའི་ཆ་ལུགས་ཅན་རྣམས་ལ་ཟེར་བ་ཡིན་པས། དེ་དག་གི་སྨྲ་ཚུལ་ལ་ཤ་ཟའི་སྐད་ཅེས་གྲགས། དེ་དག་གཞི་རྐང་མི་རང་ཡིན་ལ་མིའི་སྐད་རང་བརྗོད་རུང་། ཤོད་སྟངས་ཀྱི་ཆ་ནས་དཔལ་ཡོན་གྱི་དྲི་མ་ཙམ་ཡང་མེད་པར་ཧ་ཅང་གི་མ་རབས་དང་། ཐ་ཤལ། ཚིག་རྩུབ་ཀྱི་སྒོ་ནས་མི་རྣམས་ཀྱི་རྣ་བར་ཐོས་པ་ཙམ་གྱིས་མི་བཟོད་པའི་ཚོར་སྣང་སྐྱེས་པར་བྱེད། དེར་བརྟེན་ནས་བརྗོད་མ་ཐག་པའི་འབྱུང་པོ་ལ་སོགས་པའི་ཐ་སྙད་དེ་དག་ཐོགས་པ་ཡིན། གཏམ་རྒྱུད་ཟློས་གར་འཁྲབ་གཞུང་ནང་ཉེས་ཅན་ཁྲིམས་ཕོག་པའི་མི་སྣ་མཚོན་པར་བྱེད་པ་དེ་དག་ཤ་ཟའི་གཏམ་སྨྲ་བ་པོ་རྣམས་ལ་རྩིས་སྤྲད་ནས་ལུས་ཐོག་ཉེས་པ་གཅོད་པ་དང་། སྲོག་འཕྲོག་པ་སོགས་བྱེད། ཁོ་བ་ཚོའི་རྒྱུན་ལྡན་གྱི་འཚོ་བའི་ནང་གསོད་པ་དང་། བཅོམ་པ། སྡིགས་པ། ཁྲོ་བ། འཇིགས་སྐུལ་དང་མི་འདོད་པའི་བཞད་བགད་ཆེན་པོ་སོགས་བྱེད་པ་ཡིན་ནོ།”[༡༨] ཟློས་གར་གྱི་སྐད་ཆ་ལ་མི་སྣ་རང་རང་གི་སེམས་ཁམས་མངོན་དགོས་པར་མ་ཟད། དགའ་སྐྱོ་ཆགས་སྡང་གི་ཕྱི་ལུས་ཀྱི་ཉམས་འགྱུར་ཀྱང་སྐད་ཆའི་བབ་དང་བསྟུན་མངོན་དགོས་པ་ཡིན། དེ་ལྟར་ཡིན་ཚེ་གཞི་ནས་གསོན་ཉམས་ལྡན་པའི་ཟློས་གར་ཞིག་འཁྲབ་སྟོན་བྱེད་ཐུབ་པ་ཡིན་ནོ།།

གསུམ་པ།  བོད་ཀྱི་ཟློས་གར་ལས་འཕྲོས་ཏེ་རྨ་ལྷོའི་རྣམ་ཐར་ཟློས་གར་གྱི་འཕེལ་རྒྱས་ལ་ལྟ་བ།

བོད་ཀྱི་ལྷ་མོའི་ཟློས་གར་དེ་བོད་ལྗོངས་ལྷ་ས་ནས་རིམ་བཞིན་ཁམས་ཀྱི་དཀར་མཛེས་དང་རྔ་བ། མདོ་སྨད་བླ་བྲང་སོགས་སུ་དར་ཞིང་།  མདོ་སྨད་བླ་བྲང་ནས་ཉེ་འཁོར་གྱི་ས་ཁུལ་མང་པོར་དར་བར་བརྟེན། རེབ་གོང་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་པ་རེད། “དེ་ཡང་བོད་རབ་བྱུང་བཅུ་གཅིག་པའི་ལྕགས་རྟ་ལོ་སྟེ། སྤྱི་ལོ ༡༦༣༠ ལོར་ཡབ་རྗེ་སྐུ་ཕྲེང་དང་པོས་རོང་བོར་མཚན་ཉིད་གྲྭ་ཚང་བཙུགས་པ་དང་། དེའི་རྗེས་སུ《སྐལ་ལྡན་མགུར་མ》བརྩམས་ཏེ་མགུར་བཞེངས་པའི་དུས་ཡིན་ལ། སྐལ་ལྡན་སྐུ་ཕྲེང་གཉིས་པ་དགུང་ལོ་ཉི་ཤུའི་སྟེང་དབུས་སུ་ཕེབས་ཏེ། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང་པཎ་ཆེན་བློ་བཟང་ཡེ་ཤེས་གཉིས་ལ་མཇལ་ནས་འབྲས་སྤུངས་སུ་སློབ་གཉེར་གནང་བ་དང་། ཕྱིར་ལོག་རྗེས་དགུང་ལོ་ང་བདུན་པར(སྤྱི་ལོ ༡༧༣༤)རོང་བོ་ནས་རྒྱུད་གྲྭ་བཙུགས་པའི་བར་ནི་རེབ་གོང་གི་རྣམ་ཐར་ཟློས་གར་གྱི་དབུ་དངོས་སུ་ཚུགས་པའི་དུས་ཡིན་ནའང་རྣམ་ཐར་གྱིས་དབྱར་རྩེད(རོང་བོ་དགོན་པར་ལོ་རེའི་བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་བརྒྱད་པའི་ཚེས་གཅིག་བར་གྲྭ་བ་ཚང་མ་དབྱར་གནས་ལ་བརྟེན་དབྱར་སྟོན་གྱི་ཐ་སྙད་བྱུང་)ཅེས་པའི་ཐ་སྙད་དེའི་གོ་སར་ཕེབས་མེད། སྐབས་དེའི་དབྱར་རྩེད་ཆེན་མོའི་རིགས་མང་པོ་ཞིག་གི་སྤྱི་མིང་དང་རྣམ་ཐར་འཁྲབ་པ་ནི་དབྱར་རྩེད་ཀྱི་ནང་གསེས་འཁྲབ་རིམ་ཆེ་ཁག་ཅིག་རེད།”[༡༩] རིམ་བཞིན་ཐུབ་པའི་སྐྱེས་རབས་དང་། སྐྱེས་ཆེན་རྣམས་ཀྱི་མཛད་པ་དང་འཕྲིན་ལས་དབྱར་རྩེད་སྤྱིའི་ནང་དོན་གཙོ་བོར་གྱུར་ལ། “མགུར་རྟ”དང“ས་གཞིའི་ལྷ་མོའི”འཁྲབ་སྟངས་དག་ཀྱང་རྣམ་ཐར་གྱི་དབྱངས་རྟར་སྦྱར་ཏེ། ཟློས་གར་གྱི་འཕེལ་རིམ་དུ་སླེབས་པ་རེད། རིམ་བཞིན་ལོ་རྒྱུས་ཀྱི་འགྲོས་དང་བསྟུན་ནས་རེབ་གོང་རོང་བོ་དགོན་པའི་ཟློས་གར་འཁྲབ་སྟོན་ལ་གཞན་དང་མི་མཚུངས་པའི་རང་གི་སྒྱུ་རྩལ་གྱི་ཐབས་ལམ་དང་ནང་དོན། རྣམ་པ་དང་འགྲོ་ལུགས་སོགས་ཕུན་སུམ་ཚོགས་པར་གྱུར་བ་མ་ཟད། ཚད་ལྡན་རང་བཞིན་གྱི་མ་ལག་ཧྲིལ་བོ་ཞིག་རིམ་པར་ཆགས་པ་རེད། རྣམ་ཐར་ཟློས་གར་གྱི་སྔོན་འགྲོའི་མཆོད་པ་ལའང་རྣམ་པ་དང་གོ་རིམ་འདི་འདྲ་ཡོད་དེ“འཁྲབ་རིམ་དང་པོ་ནི་སྔོན་འགྲོའི་འཁྲབ་ཚན་ཡིན་ལ། དེའང་རྣམ་པ་ཙམ་ལས་ནང་དོན་གྱི་ཆ་ནས་ཡར་ཀླུང་བཀྲ་ཤིས་ཞོལ་པའི་རྔོན་པའི་འདོན་གྱི་ལེ་ཚན་དང་ཁྱད་པར་ཆེ། དཔེར་ན། རྣམ་ཐར་ཟློས་གར་ནང་གི་ཨ་རྒྱ་དེ་ལྷ་མོའི་ཟློས་གར་ནང་གི“རྒྱ་ལུ”དང་དོན་འདྲ་བ་མ་ཟད། རྣམ་ཐར་ཟློས་གར་ནང་གི“ཕུར་མ”རྣམས(སྔར་བཤད་ཟིན་པའི་ས་གཞི་ལྷ་མོ་འཁྲབ་མཁན་ཡིན)ནི་འཁྲབ་གོས་ཕུར་མ་འདྲ་བ་གྱོན་པའི་ཆ་ནས་དེ་ལྟར་མིང་བཏགས་ཀྱང་དོན་ལ་ལྷ་མོའི་ཟློས་གར་ནང་གི“ལྷ་མོའམ་རིགས་ལྔ་དང་འདྲ་ལ། “དབྱར་རྩེད་ཨ་བ”ཞེས་པའི་མི་སྣའི་སྣང་བརྙན་དེ་ཡང་དབྱར་རྩེད་སྐབས་ཀྱི་ཐ་སྙད་རྒྱུན་ཆགས་ཤིག་ཡིན་པ་དང་། ཨ་མདོའི་སྐད་དུ་ཨ་ཕ་ལ་ཨ་བ་ཞེས་འབོད་ཅིང་འདིར་རྩེད་སྟོན་སྤྱིའི་འཁྲབ་དཔོན་ཡིན་པའི་ཆ་ནས་དེ་ལྟར་བཏགས་པ་ཡིན།

རྣམ་ཐར་ཟློས་གར་ཡང་ལྷ་མོའི་ཟློས་གར་དང་འདྲ་བར་མི་མང་ཚོགས་པའི་ཐང་ཆེན་དང་ཚོགས་ར་ནས་འཁྲབ་སྟོན་བྱེད་པ་ཡིན། … … ཕྱི་ཉིན་དགོན་པའི་རྒྱབ་རིའི་སྤང་ཁར་འཁྲབ་སྟོན་བྱེད་པ་ཡིན། དེ་ལ་ཁ་སྐད་ཀྱིས་སྒང་ལ་འབུད་ཅེས་འབོད་ཀྱང་དོན་དངོས་སུ་དགེ་འདུན་པ་རྣམས་དབྱར་གནས་ཆོས་མཚམས་ལས་གྲོལ་བ་ན་རྒྱང་གྲགས་འགའི་ལམ་ལ་ལྗོངས་རྒྱུར་འགྲོ་བའི་ཆོས་ཁྲིམས་ལྟར་ཡིན། ཉིན་འདིར་དགེ་འདུན་ཚོགས་མང་གིས་དབྱར་གནས་སམ་གཞི་གསུམ་གྱི་ཆོ་ག་མཇུག་རྫོགས་པར་བྱས་ཤིང་། ཡབ་རྗེ་སྐལ་ལྡན་རིམ་བྱོན་གཙོ་བྱས་པའི་བླ་མ་ཁྲི་གདན་ཟུར་དང་། དགེ་བའི་བཤེས་གཉེན་རྣམས་ཉི་ཤར་གྱི་དུས་སུ་གནས་དེ་ལ་ཕེབས། དགེ་འདུན་མང་པོ་དང་རེབ་གོང་སྟོད་སྨད་བར་གསུམ་གྱི་དགོན་མ་ལག་སོ་ལྔ། སྒྲུབ་སྡེ་བཅོ་བརྒྱད་ཀྱི་དགེ་འདུན་རྣམས་ཀྱང་ས་དེ་གར་ལྷན་འཛོམས་བགྱིས་ཏེ།  དབྱར་གནས་གྲོལ་བར་རྟེན་འབྲེལ་ཞུ་ཞོར་རྣམ་ཐར་འཁྲབ་པ་ལ་མཇལ་གཟིགས་གནང་བ་ཡིན།”[༢༠] ཞེས་པ་ལྟར་ཐོག་མར་འཁྲབ་སྟོན་པ་རྣམས་ཀྱིས་ཡབ་རྗེ་བླ་མ་དང་ཁྲི་བ། དགེ་བཤེས་སོགས་ལ་ཁ་བཏགས་དང་ཕྱག་འབུལ་ཞུ་ཞིང་། ཐོས་བསམ་གླིང་གི་རྣམ་འགྲེལ་ཞོལ་མའི་འཛིན་གྲྭའི་སྐྱོར་དཔོན་གྱིས་ལས་སྣེའི་མནབ་བཟའ་གསོལ་ཏེ། སྐུ་གསུང་ཐུགས་ཀྱི་དབུ་དྲངས་ནས་མཎྜལ་གྱི་མཆོད་པ་འབུལ་བ་དང་། དབྱར་རྩེད་བ་དང་ཨ་རྒྱ་བཞིས་དབུ་དྲངས་ནས་ཡབ་རྗེ་བླ་མ་རྡོ་རྗེ་འཆང་ལ་མཇལ་ཁ་ཞུས་རྗེས་འཁྲབ་སྟོན་གྱི་དབུ་འཛུགས་པ་ཡིན་ནོ།།

རྣམ་ཐར་ཟློས་གར་གྱི་འཁྲབ་གཞུང་གཙོ་བོར《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར》ལས་ལེའུ་ཁ་ཤས་བདམས་ནས་འཁྲབ་སྟོན་བྱེད་པ་དང་། དེ་ནས་རིམ་བཞིན་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་གསུམ་པ་དགེ་འདུན་འཕྲིན་ལས་རབ་རྒྱས་ཀྱིས་སྤྱི་ལོ ༡༧༧༣ ལོར་དུས་འཁོར་གྲྭ་ཚང་བཏབ་པ་དང་། རྣམ་ཐར་འཁྲབ་པའི་འཛིན་གྲྭ་གཏན་ཁེལ་བྱས་ཏེ། ཟློས་གར་གྱི་རྨང་གཞི་བརྟན་པོ་ཞིག་བཙུགས་པས།  རིམ་བཞིན་འཁྲབ་སྟངས་དང་འཁྲབ་རིམ་སོགས་ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་བྱུང་སྟེ། མ་ལག་ཅུང་ཆ་ཚང་ཞིང་སྒྱུ་རྩལ་བྱང་ཚད་ཅུང་མཐོ་བའི་ད་ལྟའི་རྣམ་ཐར་ཟློས་གར་འདི་བྱུང་བ་རེད། འཁྲབ་གཞུང་གཙོ་བོར《ཆོས་རྒྱལ་ནོར་བཟང་》《དྲི་མེད་ཀུན་ལྡན》《རྒྱ་བཟའ་ཀོང་ཇོ》སོགས་བོད་ཀྱི་རྣམ་ཐར་ཆེན་པོ་བརྒྱད་གཙོ་བོར་འཛིན་ལ། དབྱངས་རྟའི་ཕྱོགས་ནས་དམངས་ཁྲོད་རོལ་དབྱངས་ཀྱི་རྨང་གཞི་ལ་ལས་སྣོན་བྱས་ནས་གྲུབ་པ་དང་། འཁྲབ་སྟོན་གྱི་སྐབས་སུ་དབྱངས་རྟ་དེ་དག་མགུར་དབྱངས་དང་། གར་དབྱངས། གསབ་དབྱངས་ཏེ། སྡེ་ཚན་གསུམ་དུ་ཕྱེས་འདུག རོལ་ཆས་ཀྱི་ཕྱོགས་ནས་སྒྲ་སྙན་དང་། རྔ། སྦུབ། རྒྱ་གླིང་། དུང་ཆེན། ཟངས་དུང་། དུང་དཀར། གླིང་བུ་སོགས་དང་། དེའི་ཁར་ད་དུང་རྒྱ་རིགས་སོགས་མི་རིགས་གཞན་གྱི་རོལ་ཆས་སྤྱོད་པའང་ཡོད།

འདི་ནི་རྣམ་ཐར་ཟློས་གར་གྱི་གཞི་རྩའི་ཁྱད་ཆོས་ཤིག་ཡིན་ལ། རེབ་གོང་ལ་མཚོན་ན།  རོང་བོ་དགོན་པས་རྣམ་ཐར་ཟློས་གར་དེ་དགོན་པ་རང་ནས་འཁྲབ་པ་ལས། དེ་འདྲའི་ཁྲོམ་བསྒྲགས་ཆེན་པོ་མ་བྱས་པས་བླ་བྲང་ལྟ་བུའི་འཕེལ་རྒྱས་ཀྱི་མྱུར་ཚད་ཅིག་མ་བྱུང་ཡང་། རིམ་བཞིན་སྡེ་བ་སོ་སོར་དར་ཁྱབ་བྱུང་སྟེ། དམངས་ཁྲོད་རང་བཞིན་གྱི་གླིང་རྒྱའི་དམངས་ཁྲོད་ཟློས་གར་ཚོགས་པ་དང་ཞོ་འཕོང་དམངས་ཁྲོད་ཟློས་གར་ཚོགས་པ། ལྕང་སྐྱ་དམངས་ཁྲོད་ཟློས་གར་ཚོགས་པ། བཙན་མོ་དམངས་ཁྲོད་ཟློས་གར་ཚོགས་པ། ཧོར་གཏེར་སྟོན་དགོན་པའི་རྣམ་ཐར་ཟློས་གར་སོགས་སྔ་རྗེས་སུ་བྱུང་བ་རེད།

༡༩༦༥ ལོར་རྨ་ལྷོ་མི་རིགས་ཟློས་གར་ཚོགས་པ་བཙུགས་པ་དེས། རྨ་ལྷོའི་ཕྱོགས་སུ་ཆེད་ལས་རང་བཞིན་གྱི་ཟློས་གར་ཚོགས་པ་ཐོག་མར་བྱུང་བ་ཡིན་ལ། བོད་ཀྱི་སྲོལ་རྒྱུན་ཟློས་གར་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བར་ནུས་པ་ཆེན་པོ་བཏོན་པར་མ་ཟད། ཟློས་གར་གསར་རྩོམ་གྱི་ཕྱོགས་ནས་ཀྱང་འཕུར་མཆོང་གི་རྣམ་པ་གསར་བ་ཞིག་ཆགས་པ་རེད། སྤྱི་ལོ ༡༩༩༨ ལོའི་ཟླ ༡༠ བར་རྨ་ལྷོ་མི་རིགས་ཟློས་གར་ཚོགས་པར“མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པ”ཞེས་པའི་མིང་བྱང་ཞིག་ཀྱང་བཀལ་བས། རྨ་ལྷོ་མི་རིགས་ཟློས་གར་ཚོགས་པའི་ཁྱབ་ཁོངས་ཇེ་ཆེར་གྱུར་བ་དང་། དམངས་ཁྲོད་ཟློས་གར་སྔོག་འདོན་དང་འཕེལ་རྒྱས་སུ་གཏོང་བར་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་པར་གྱུར། ཁོ་ཚོས་སྔ་རྗེས་སུ《ཆོས་རྒྱལ་ནོར་བཟང་》དང་《ཡིད་འཕྲོག་ལྷ་མོ》《གཟུགས་ཀྱི་ཉི་མ》《བཙན་པོའི་ཕོ་ཉ》སོགས་རྣམ་ཐར་ཟློས་གར་མང་པོ་རྒྱུད་འཛིན་དང་། གསར་རྩོམ། འཁྲབ་སྟོན་བཅས་བྱས་པས་གོང་འོག་བར་གསུམ་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཞིང་། བོད་ཀྱི་རྣམ་ཐར་ཟློས་གར་གྱི་འཕེལ་རྒྱས་དེ། ལོ་རྒྱུས་ཀྱི་སྐས་རིམ་གསར་བ་ཞིག་ཏུ་དེད། གྲུབ་འབྲས་ནི་ནམ་ཡང་མི་བུ་འཇོན་ཐང་ཅན་ཚོར་གཏོགས་པ་རེད། ཁོ་ཚོར་སྔ་རྗེས་སུ་ཀྲུང་དབྱངས་དྲིལ་སྒྲོག་པུའི་ཡི“གཅིག་ཅན་ལྔའི་བཟོ་སྐྲུན་བྱ་དགའ”དང་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་གྱི་བུན་དཔའ་འཁྲབ་གཞུང་བྱ་དགའ། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་འཁྲབ་སྟོན་གྱི་གསེར་གྱི་རྟགས་མ། རྒྱལ་ཡོངས་གར་སྟེགས་སྒྱུ་རྩལ་རྩེ་གྲས་བཟོ་སྐྲུན་གྱི་འཁྲབ་གཞུང་རོགས་སྐྱོར་མ་དངུལ་བྱ་དགའ། ཚའོ་ཡུས་ཟློས་གར་རྩོམ་རིག་བྱ་དགའ་སོགས་ཐོབ་པ་རེད། འདི་དག་ནི་འདས་པའི་གྲུབ་འབྲས་རེད་ལ། མ་འོངས་པའི་སྐུལ་ལྕག་ཞིག་ཀྱང་ཅི་ལ་མིན།

༡༩༨༦ ལོར་རིག་གནས་པུའུ་ཡིས་གཙོ་སྐྱོང་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཟློས་གར་སློབ་ཚོགས་ཀྱིས་རོགས་སྒྲུབ་བྱས་འོག་རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་བརྗོད་བྱ་ཡིན་པའི་འཁྲབ་གཞུང་དཔྱད་འདེམས་དགའ་རྟགས(རྗེས་སུ་རྨ་བྱ་རྟགས་ཅན་དུ་གྱུར)གནང་བ་ནི་ཞིང་ལྗོངས་ལྔའི་བོད་ཀྱི་ཟློས་གར་གསར་རྩོམ་གྱི་འབྲས་བུ་མངོན་པར་མཚོན་པའི་སྤྱི་བསྡོམས་ཐེངས་ཤིག་ཀྱང་ཡིན།  མིག་སྔའི་བར་དུ་བྱ་དགའ་ཆེན་པོ་ཐོབ་པ་དག་རགས་རྩིས་ཙམ་བྱས་ན་གཤམ་གསལ།

《གཟུགས་ཀྱི་ཉི་མ》ལ ༡༩༨༩ ལོའི་སྐབས་གཉིས་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་བརྗོད་བྱ་ཡིན་པའི་ཟློས་གར་དཔྱད་འདེམས་ལས་དངུལ་གྱི་རྟགས་མ་ཐོབ།

《བཙན་པོའི་ཕོ་ཉ》ལ ༡༩༩༢ ལོའི་སྐབས་གསུམ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་བརྗོད་བྱ་ཡིན་པའི་ཟློས་གར་དཔྱད་འདེམས་ལས་དངུལ་གྱི་རྟགས་མ་ཐོབ།

《གསེར་གྱི་སྐྱ་རེངས》ལ ༡༩༩༦ ལོའི་སྐབས་བཞི་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་བརྗོད་བྱ་ཡིན་པའི་ཟློས་གར་དཔྱད་འདེམས་ལས་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།

《ན་བཟང་གོང་མ》ལ ༢༠༠༢ ལོའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་བརྗོད་བྱ་ཡིན་པའི་རྨ་བྱ་རྟགས་ཅན་གྱི་དངུལ་གྱི་རྟགས་མའི་བྱ་དགའ་ཐོབ།

《སྲོང་བཙན་སྒམ་པོ》ལ ༢༠༡༦ ལོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྐབས་ལྔ་བའི་སྒྱུ་རྩལ་ལྷན་ཚོགས་ཀྱི་གསེར་གྱི་རྟགས་མའི་འཁྲབ་སྟོན་བྱ་དགའ་དང་འཁྲབ་གཞུང་གསར་རྩོམ་བྱ་དགའ་ཐོབ། ༢༠༡༧ ལོར་ཀྲུང་གོའི་ཏུང་མུན་སྒྱུ་རྩལ་གཟའ་འཁོར་བྱ་དགའི་ཕུལ་བྱུང་འཁྲབ་གཞུང་བྱ་དགའ་སོགས་བསྟུད་མར་ཐོབ་པར་མ་ཟད། 《རེབ་གོང་གི་མཚར་ཉམས》ལ་ཀྲུང་གོའི་ཆེས་མཐོ་བའི་བཱིན་ཧྭ་རྟགས་མའི་འཁྲབ་སྟོན་བྱ་དགའ་དང་། བཱིན་ཧྭ་རྟགས་མའི་འཁྲབ་གཞུང་བྱ་དགའ་ཐོབ།

བྱ་དགའ་འདི་དག་གིས་རྨ་ལྷོ་མི་རིགས་ཟློས་གར་ཚོགས་པའི་མི་བུ་འཇོན་ཐང་ཅན་ཚོའི་དཀའ་སྤྱད་ཀྱི་རྔུལ་ཆུ་དང་། དེ་ལས་བྱུང་བའི་གྲུབ་འབྲས་མཚོན་ཡོད་པ་སྨྲས་མ་དགོས་སོ།།

 བཞི་བ། བོད་ཀྱི་རྣམ་ཐར་ཟློས་གར་རྨ་ལྷོའི་དམངས་ཁྲོད་དུ་དར་ཚུལ།

བོད་ཀྱི་རྣམ་ཐར་ཟློས་གར་དེ་རྨ་ལྷོའི་དམངས་ཁྲོད་དུ་དར་བའི་དུས་ཚོད་དེ་འདྲ་རིང་རྒྱུ་མེད་དེ།  བླ་བྲང་སོགས་དང་བསྡུར་ན་ཅུང་འཕྱི་བོར་ཆགས་ཡོད། ཡིན་ནའང་ཉེ་འཁོར་གྱི་ས་ཁུལ་ཁག་དང་སྡེ་བ་སོ་སོའི་ཤུགས་རྐྱེན་ལས།  བོད་ཀྱི་ལྷ་མོའི་ཟློས་གར་དེ་རྨ་ལྷོའི་དམངས་ཁྲོད་དུ་རིམ་བཞིན་དར་འགོ་བརྩམས་ཤིང་།  དུས་ཀྱི་འགྲོས་དང་བསྟུན་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ལམ་དུ་ཞུགས།  མིག་སྔའི་བར་རྨ་ལྷོའི་དམངས་ཁྲོད་དུ་རྣམ་ཐར་ཟློས་གར་ཚོགས་པ་སོགས་འཕྲོ་རིམ་འཕྲོར་བྱུང་བ་རེད། རྣམ་ཐར་ཟློས་གར་ཚོགས་པ་དེ་དག་གི་འཁྲབ་གཞུང་ནི《ཆོས་རྒྱལ་ནོར་བཟང་》དང་《དྲི་མེད་ཀུན་ལྡན》《འགྲོ་བ་བཟང་མོ》སོགས་བོད་ཀྱི་རྣམ་ཐར་ཟློས་གར་བརྒྱད་པོ་དེ་དག་ལས་གཞན《རྒྱལ་པོ་རཱ་མ་ན》《ཁྲི་སྲོང་ལྡེ་བཙན》《ཨ་སྟག་ལྷ་མོ》《རྟ་རྒྱུགས་རྒྱལ་འཇོག》《གསེར་གླིང་གཡུལ་འགྱེད》《རྒྱལ་པོ་དཀོན་མཆོག་འབངས》《ཁྱི་ར་བ་མགོན་པོ་རྡོ་རྗེ》《སྲོང་བཙན་སྒམ་པོ》སོགས་འཁྲབ་སྟོན་བྱེད་ལ། དམངས་ཁྲོད་ཀྱི་གང་ས་གང་དུ། རེབ་གོང་གི་ཞོ་འཕོང་ཟློས་གར་ཚོགས་པ་དང་། ལྕང་སྐྱ་ཟློས་གར་ཚོགས་པ། ཚོ་འདུ་ཟློས་གར་ཚོགས་པ། བློན་ཆོས་ཟློས་གར་ཚོགས་པ་སོགས་དང་། གཅན་ཚ་རུ་ལཱ་མོ་བདེ་ཆེན་ཟློས་གར་ཚོགས་པ།འགྱན་ཚང་ཟློས་གར་ཚོགས་པ་སོགས་དང་། རྩེ་ཁོག་རྫོང་དུ་མགོ་དགེ་དགོན་པའི་ཟློས་གར་ཚོགས་པ།  ཧོར་ཆོས་སྒར་གྱི་ཟློས་ཚོགས་པ། རྩེ་ཁོག་རྫོང་གེ་སར་ཟློས་གར་ཚོགས་པ་སོགས་དང་། རྨ་ལྷོ་སོག་རྫོང་དུ་ཆོས་སྒར་དགོན་པའི་རྣམ་ཐར་ཟློས་གར་ཚོགས་པ་སོགས་བསྡོམས་པས ༢༠ ལྷག་བྱུང་བ་རེད།  འཁྲབ་ཆས་དང་འཁྲབ་སྟངས། རོལ་དབྱངས་སོགས་ལ་སྡེ་བ་རང་རང་གི་རྒྱུ་འབྱོར་དང་བསྟུན་སྟེ། བཟང་ངན་དང་མཆོག་དམན་གྱི་ཁྱད་པར་ཆེ་བ་མ་ཟད། རོལ་དབྱངས་ཀྱི་ཕྱོགས་ནས་ཕན་ཚུན་ཤན་ཤུགས་ཐེབས་པའམ་ལད་ཟློས་ཀྱི་རྣམ་པ་ཅུང་མང་བར་སྣང་། གནད་དོན་འདི་དག་གཙོ་བོ་འཁྲབ་སྟོན་པར་རག་ལས་ཡོད་པ་ཞིག་མིན་པར། ཐད་ཀར་འཁྲབ་ཁྲིད་པའི་རིག་གནས་ཀྱི་བྱང་ཚད་དང་།  འཇོན་ནུས་ལ་རག་ལས་ཡོད།  གང་ལྟར་ཀྱང་རྣམ་ཐར་ཟློས་གར་གྱི་ཚོགས་པ་འདི་དག་ལ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་ནི།  སྤྱིའི་ཆ་ནས་དམངས་ཁྲོད་རིག་གནས་དེ་མེད་པ་ནས་ཡོད་པ་དང་།  ཡོད་པ་ནས་འཕེལ་རྒྱུས་སུ་འགྲོ་བའི་རྣམ་པ་བཟང་པོ་ཞིག་ཏུ་མངོན།  ང་ཚོས་འདི་ནས་ས་བཅད་མ་སྟོང་ཙམ་ཞིག་ཏུ། ལྕང་སྐྱའི་རྣམ་ཐར་ཟློས་གར་ཚོགས་པ་དང་། ཧོར་ཆོས་སྒར་གྱི་རྣམ་ཐར་ཟློས་གར་ཚོགས་པ་གཉིས་མཚམས་སྦྱོར་གྱིས། རྨ་ལྷོའི་དམངས་ཁྲོད་ཀྱི་རོང་འབྲོག་པའི་རྣམ་ཐར་ཟློས་གར་གྱི་གནས་བབས་ངོ་སྤྲོད་རགས་ཙམ་བྱེད།

དང་པོ། རོང་གི་ལྕང་སྐྱའི་རྣམ་ཐར་ཟློས་གར།

ལྕང་སྐྱའི་ཟློས་གར་ཚོགས་པ་ནི་སྡེ་མི་ཀླུ་བྱམས་རྒྱལ་དང་དོན་འགྲུབ་རྒྱལ་གཉིས་ཀྱིས་དབུ་བཟུང་སྟེ།  སྤྱི་ལོ ༡༩༧༩ ལོའི་ཟླ ༢པར་བཙུགས་ཤིང་། འཁྲབ་སྟོན་པ་མཆོག་ལྡན་དང་ཤ་བོ་རྡོ་རྗེ་སོགས་མི་སྣ་ལྔ་བཅུ་ལྷག་གིས་གྲུབ། རིམ་བཞིན་རྒྱ་ལོའི་སློན་ལམ་དང་དྲུག་པའི་ཀླུ་རོལ་སོགས་དུས་ཆེན་གྱི་སྐབས་སུ་འཁྲབ་སྟོན་བྱས་པ་དང་། མི་རིགས་རང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང་། རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་ཇེ་ཚོགས་སུ་གཏོང་བར་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཆེན་པོ་ཐོབ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བས་ཡུལ་རེབ་གོང་གསེར་མོ་ལྗོངས་སུ་ཞབས་ཟུང་གསེར་གྱི་འཁོར་ལོ་བསྒྱུར་དུས།  《དྲི་མེད་ཀུན་ལྡན》གྱི་རྣམ་ཐར་ཁོང་ལ་སྤྱན་གཟིགས་སུ་ཕུལ་བས་ཐུགས་ཧ་ཅང་དགྱེས་ཤིང་། བསྟོད་བསྔགས་ཀྱི་མེ་ཏོག་ཡང་ཡུལ་འདིའི་རྒྱན་དུ་གཏོར་མྱོང་། གཞན་ཡང་《འགྲོ་བ་བཟང་མོ་དང་། 》《ཨ་སྟག་ལྷ་མོ། 》《ཆོས་རྒྱལ་ནོར་བཟང་། 》《རྒྱ་བཟའ་ཀོང་ཇོ། 》《སྣང་ས་འོད་འབུམ》《རཱ་མ་ནའི་རྟོགས་བརྗོད》སོགས་ནང་དོན་ཕུན་སུམ་ཚོགས་པའི་བོད་ཀྱི་ཟློས་གར་ཆེན་པོ་བརྒྱད་འཁྲབ་གཞུང་གཙོ་བོར་བྱེད་ལ། རྨ་ལྷོ་ཁུལ་གྱི་སྐབས་རེ་རེའི་ཁུལ་སྟོན་དང་། དུས་ཆེན་གཙོ་བོ་སོགས་སུ་འཁྲབ་སྟོན་བྱས་པས།ཁུལ་ཡོངས་སུ་མིང་གྲགས་ཅུང་ཆེ་ཞིང་། འཁྲབ་སྟོན་པ་དང་འཁྲབ་སྟོན་སྒྱུ་རྩལ་སོགས་ལའང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། ད་ལྟ་ཚོགས་པ་འདིར་འཁྲབ་སྟོན་པ་སོ་ལྔ་དང་།  རྒྱལ་ཁབ་རིམ་པའི་རྒྱུན་འཛིན་མཁན་གཅིག་དང་། ཁུལ་རིམ་པའི་རྒྱུན་འཛིན་མཁན་གསུམ།  རྫོང་རིམ་པའི་རྒྱུན་འཛིན་མཁན་གཉིས་བཅས་ཡོད། མིག་སྔར་ལྕང་སྐྱའི་རྣམ་ཐར་ཟློས་གར་ཚོགས་པས། སྔོན་ཆད་ཀྱི་ལེགས་ཆ་རྒྱུན་འཛིན་དང་། ཆད་པ་ཁ་གསབ། འཁྲབ་གཞུང་བཅོས་སྒྱུར། འཁྲབ་ཆས་དང་འཁྲབ་གོས་ལེགས་སྒྲིག་བཅས་གྱིས་ས་གནས་རང་གི་ཁྱབ་ཁོངས་ལས་བརྒལ་ཏེ། བོད་ཁམས་ཡོངས་སུ་དར་ཁྱབ་དུ་གཏོང་བར་འབད་པ་བྱེད་སྒང་ཡིན།

གཉིས་པ། འབྲོག་གི་ཧོར་ཆོས་སྒར་གྱི་རྣམ་ཐར་ཟློས་གར།

རྩེ་ཁོག་རྫོང་ལ་མཚོན་ན། བོད་ཀྱི་རྣམ་ཐར་ཟློས་གར་གྱི་ཕྱོགས་ནས། གཙོ་བོ་ཧོར་ཆོས་སྒར་གྱི་རྣམ་ཐར་ཟློས་གར་དང་།  ཉིན་ཤུག་མགོ་དགེ་དགོན་གྱི་རྣམ་ཐར་ཟློས་གར། རྫོང་གི་གེ་སར་ཟློས་གར་ཚོགས་པ་སོགས་གསུམ་ཙམ་མཆིས།  དེ་དག་ལས་ལོ་རྒྱུས་ཅུང་རིང་ཞིང་མ་ལག་ཅུང་ཆ་ཚང་བ་ནི་ཧོར་ཆོས་སྒར་གྱི་རྣམ་ཐར་ཟློས་གར་ཚོགས་པ་ཡིན་པས་ང་ཚོས་འདི་ནས་ངོ་སྤྲོད་རགས་ཙམ་བྱེད།  ཧོར་ཆོས་སྒར་གྱི་རྣམ་ཐར་ཟློས་གར་འདི་སྤྱི་ལོ ༡༩༤༩ ལོར་རྡོ་གྲུབ་སྐུ་ཕྲེང་བཞི་བས་བླ་བྲང་ནས་ནང་འདྲེན་བྱས་པ་ཞིག་ཡིན་འདུག “དེ་ཡང་བོད་ཀྱི་རྣམ་ཐར་ཟློས་གར་ལ་ཐུགས་མཉེས་ཆེ་བའི་རྡོ་གྲུབ་སྐུ་ཕྲེང་བཞི་བ་རིག་འཛིན་འཇའ་ལུས་རྡོ་རྗེ་ལགས་ཀྱིས་སྔོན་གྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་ཐར་འཁྲབ་རྒྱུན་ཕྱག་བཞེས་མ་ཉམས་པར་སྤེལ་བ་ནི་བསྟན་འགྲོའི་ཕན་དོན་རྒྱ་ཆེར་དགོངས་ཏེ།  གྲྭ་འཁོར་ལྷན་རྒྱས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་གནང་མཛད། སྔོན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་བ་གཤེགས་ཁར་རྣམ་ཐར་འདིའི་བདག་པོ་ཨ་ལགས་ཤིག་ལྷོ་རྒྱུད་ཕྱོགས་ནས་འབྱུང་བས་དེ་ལ་གཏོད་ཅེས་ཞལ་ཆེམས་གནང་བ་དེ་ཁོང་ལ་བབས་འདུག་པའི་སྟབས་ཀྱིས། དགྱེས་པའི་ངང་ནས་དང་དུ་བླངས་ཏེ་འཁྲིད་སྟོན་གང་ལེགས་བྱས། རྣམ་ཐར་གྱི་དབྱངས་རྟ་གྲེ་འགྱུར། རྔ་གླིང་རོལ་ཆས་སྣ་ཚོགས་དང་། མཛེས་སྡུག་ཁྲོ་གཏམ་གྱི་ཉམས་དང་རྣམ་འགྱུར་སོགས་མ་ལུས་པར་སྦྱངས་ཏེ།  ཕྱིར་ཆས་ཁར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འཁྲབ་ཁྲིད་ལ་མཁས་པའི་སྐུ་ཞབས་སྨོན་ལམ་དང་། གཞས་གདངས་ལ་མཁས་པའི་སྐུ་ཞབས་ཕུན་ཚོགས། རོལ་ཆས་དང་བྲོ་གར་ལ་མཁས་པའི་སྐུ་ཞབས་ཙ་ཡིས་ཁ་གདངས(དཀར་ལྡིང)གསུམ་རྣམ་ཐར་འཁྲབ་སྦྱོང་གི་གཞོགས་འདེགས་ལ་མངགས་ཏེ་སྐུ་ཡུལ་དུ་ཆིབས་བསྒྱུར་གནང་།”[༢༡] ཞེས་པ་ལྟར། བླ་བྲང་ནས་ཕྱིར་ཕེབས་ཏེ། ཧོར་ཚོ་བཞི་གླིང་དྲུག་དང་བཅས་པའི་དད་ལྡན་མང་ཚོགས་ལ་བཀའ་ཆོས་གནང་བ་དང་ཆབས་ཅིག་གཏེར་སྟོན་ཆོས་སྒར་གྱི་ན་གཞོན་སྐྱ་སེར་རྣམས་ལ་དམིགས་བསལ་གྱི་འཁྲབ་ལྭ་སོགས་མེད་ནའང་དབུས་ཕྲུག་སོགས་གྱོན་ནས 《སྲོང་བཙན་སྒམ་པོའི་རྣམ་ཐར》ཐོག་མར་འཁྲབ་སྟོན་བྱེད་པའི་སྲོལ་བཏོད།“དུས་དེ་ནས་བཟུང་སྟེ་ལོ་རེའི་རྒྱལ་ལོའི་སྨོན་ལམ་ཆེན་མོར་ཆག་མེད་དུ་འཁྲབ་པའི་ཆོས་ལུགས་ཀྱི་བྱ་འགུལ་ཞིག་ཏུ་གྱུར། དེ་ལྟར་རྡོ་གྲུབ་རིན་པོ་ཆེས་གསོ་སྐྱོང་གནང་བ་ལ་བརྟེན་ནས་དགོན་པ་འདིའི་ནང་ཆེན་གྱི་བདག་པོ་མཆོག་སྤྲུལ་འཇིགས་མེད་བསོད་ནམས་ལགས་དང་། དགོན་པའི་མི་སྣ་ཨ་ཁུ་དབུ་རུས་རྡོ་གཉིས་ཀྱིས་མགོ་འཛིན་འཁྲབ་ཁྲིད་པ་མཛད་པ་དང་། མདོ་དར་བ་སྐད་གྲགས་ཅན་ཨ་ཁུ་ཚེ་འཕེལ་སོགས་གང་མང་བྱུང་ནས་འཁྲབ་རྒྱུན་ལེགས་པོར་བསྐྱངས་ཏེ། རྣམ་ཐར་འདིའི་མཚན་སྙན་ཡུལ་ཕྱོགས་ཀུན་ལ་ཁྱབ་པར་གྱུར།”[༢༢] སྤྱི་ལོ ༡༩༥༩ ལོ་ནས་བཟུང་རེ་ཞིག་རྣམ་ཐར་གྱི་འཁྲབ་རྒྱུན་ཆད་མོད། ལོ་རབས་དྲུག་ཅུ་བར་བསྟན་པ་སླར་གསོ་ཅུང་ཙམ་བྱུང་སྐབས། སྔོན་ཆད་ཀྱི་རྣམ་ཐར་འཁྲབ་སྟོན་པ་གཙོ་བོ་རྒན་འཇིགས་མེད་རང་གྲོལ་དང་བསྟན་པ་དར་རྒྱས། རྡོ་རྐོས་སློབ་དཔོན་ཆེན་མོ་མགོན་པོ་ཚེ་བརྟན་སོགས་ཀྱིས་སྣེ་ཁྲིད་འོག་སླར་གསོ་དོད་ཙམ་བྱུང་ཡང་རྒྱུན་བསྐྱངས་མ་ཐུབ།

ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ། “རྫོང་སྲིད་གཞུང་གིས་སྔོན་ཆད་སྡེ་བ་དེའི་དམངས་སྒྲུབ་དགེ་རྒན་དང་ན་གཞོན་རིག་རྩལ་རུ་ཁག་གི་རོལ་མོ་དང་འཁྲབ་གཞུང་གསར་རྩོམ་དང་། རིག་རྩལ་ཁྲིད་སྟོན་གྱི་འགན་གཅིག་ལྕོགས་སུ་ཁུར་ཞིང་སྐབས་དེར་རྫོང་སློབ་གསོ་ཁའོ་རུ་བྱ་བ་སྒྲུབ་བཞིན་པའི་མི་སྣ་པད་མ་བདུད་འདུལ་ལ་རྣམ་ཐར་སླར་གསོའི་འགན་གཏད་པ་དང་། སྔོན་ཆད་ཞིང་ཆེན་གླུ་གར་ཁང་དུ་བྱ་བ་བསྒྲུབ་མྱོང་ཞིང་། སྐབས་དེའི་རྫོང་ཁྲལ་སྡུད་ཁང་གི་འགོ་གཙོ་དམ་ཆོས་ལ་འཁྲབ་ཆས་ཉོ་སྒྲུབ་སོགས་ཀྱི་འགན་ལེན་དུ་བཅུག་ཅིང་། རིམ་པ་ཁག་གི་སྲིད་གཞུང་གིས་རྒྱབ་སྐྱོར་དང་མཐོང་ཆེན་གནང་བར་མ་ཟད། ད་དུང་སྐབས་དེར་རྫོང་ཞིང་ལས་དངུལ་ཁང་གི་འགོ་གཙོ་བདུད་འཇོམས་སོགས་ལས་བྱེད་པ་རྣམས་ཀྱིས་ཀྱང་མ་དངུལ་ཕུལ་བ་བཅས་ལ་བརྟེན་ནས་སྲོང་བཙན་སྒམ་པོའི་རྣམ་ཐར་དངོས་སུ་སླར་གསོ་བྱེད་འགོ་བརྩམས།… … ད་དུང་སྔོན་རྡོ་གྲུབ་རིན་པོ་ཆེས་འཁྲབ་སྲོལ་བཙུགས་པའི་རྣམ་ཐར་དེའི་འཁྲབ་སྟངས་ཀྱི་ཁྱད་ཆོས་མ་ཉམས་པར་ཇི་བཞིན་རྒྱུད་འཛིན་བྱ་བའི་ཉམས་མྱོང་ཅན་གྱི་འཁྲབ་པ་རྒན་བསྟན་པ་དར་རྒྱས་སོགས་གདན་ཞུ་བྱས་ཏེ། ཨ་ལགས་བསྟན་པ་རབ་རྒྱས་དང་། རྩེ་ཁོག་རྫོང་རིག་གནས་ཁང་གི་འགོ་གཙོའམ་སྒྲུང་བ་པད་མ་དབང་ཆེན་ནམ་བ་ཇོ་སོགས་འཁྲབ་སྟོན་པ་དང་མདོ་དར་བ་རྒན་དར་མཉམ་འབྲེལ་ཉིན་མཚན་ལྟོས་མེད་དུ་རོལ་མོ་དང་འཁྲབ་སྟངས་ལ་ནང་སྦྱོང་བྱས་པའི་བྱ་བ་དེ་ལ་རྫོང་དང་། ཞང་། སྡེ་བའི་མང་ཚོགས་བཅས་ཀྱིས་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་བྱས་པར་བརྟེན་ནས་སྡེ་བའི་འགོ་ཁྲིད་པ་དཀོན་བསམ་སོགས་ཀྱིས་ཤ་ཚས་འགན་བླངས་ཏེ་འཁྲབ་ལྭ་དང་།  འཁྲབ་ཆས།  རྒྱབ་ལྗོངས་སོགས་ཆ་ཚང་བ་བསྒྲིགས་ཐུབ་པ་བྱུང་།” [༢༣ ] དེ་ནས་རིམ་པར་རྫོང་དང་ཁུལ་སོགས་སུ་ཐེངས་མང་པོར་འཁྲབ་སྟོན་ལ་ཞུགས་ཤིང་། རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་འང་ཚད་མེད་ཐོབ། ད་ལྟ་ཟློས་གར་ཚོགས་པ་འདིས《སྲོང་བཙན་སྒམ་པོ》ལས་གཞན《དྲི་མེད་ཀུན་ལྡན》དང《རྟ་རྒྱུགས་རྒྱལ་འཇོག》《ཧོར་གླིང་གཡུལ་འགྱེད》སོགས་ཀྱང་འཁྲབ་སྟོན་བྱེད་བཞིན་ཡོད།

ལྔ་བ། རྨ་ལྷོའི་རྣམ་ཐར་ཟློས་གར་གྱི་རྒྱུད་འཛིན་མི་སྣའི་སྐོར།

རྨ་ལྷོའི་རྣམ་ཐར་ཟློས་གར་བྱུང་བ་དང་མཉམ་དུ། དེ་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་འཁྲབ་སྟོན་པ་དང་། འཁྲབ་གཞུང་རྩོམ་པ་པོ། འཁྲབ་ཁྲིད་པ་སོགས་རབ་དང་རིམ་པ་ཞིག་བྱུང་ཡོད་པ་རེད། ལོ་ཟླའི་འགྲོས་དང་བསྟུན་ནས་ཁ་ཤས་ཤིག་སྔར་ནས་སྐུ་གཤེགས་པ་དང་། ཁ་ཤས་ཀྱིས་ལས་འཁྱུར་ངལ་གསོ་སོགས་བྱས་ཡོད་ནའང་། མི་རབས་གསར་བའི་སྒྱུ་རྩལ་བྱ་བ་སྒྲུབ་མཁན་གྱི་མི་སྣ་སྐོར་ཞིག་བྱུང་བ་དེས་ད་དུང་ཡང་རང་གི་ལས་གནས་སུ་འབད་འཐབ་བྱེད་བཞིན་ཡོད།

རྡོ་རྗེ་རྒྱལ། ཕོ། བོད་རིགས། ༡༩༡༠ ལོར་ཨ་མདོ་རེབ་གོང་དུ་སྐྱེས། ༡༩༧༣ ལོར་སྐུ་གཤེགས། ཁོ་རང་རང་ལོ ༦ སྟེང་རོང་བོ་དགོན་པར་ཞུགས་ཏེ་གྲྭ་བ་བྱས། ཁོས་གཙོ་བོ་བོད་ཀྱི་རྣམ་ཐར་ཟློས་གར་རྒྱུད་འཛིན་དང་རྣམ་པ་གསར་བཏོད་བྱས་པ་རེད། དང་ཐོག་ཁོས་རྣམ་ཐར་འཁྲབ་སྟོན་པའི་འགན་བླངས་པ་ནས་བཟུང་། རྒྱུད་གཉིས(二胡)དང་སྨྱུག་གླིང་། (竹笛)ཡང་ཆེན(扬琴)སོགས་རོལ་ཆས་ཀྱིས་རམ་འདེགས་བྱས་ཏེ། སྲོལ་རྒྱུན་རྣམ་ཐར་ཟློས་གར་ལ་ནང་དོན་གསར་བ་བསྣན་པ་རེད། བོད་ཀྱི་རྣམ་ཐར་ཟློས་གར་འདི་མུ་མཐུད་དུ་རྒྱུད་འཛིན་བྱེད་པར་སྐལ་བཟང་རྒྱལ་སོགས་འཁྲབ་སྟོན་པ་མང་པོ་སྐྱེད་བསྲིངས་བྱས། ༡༩༥༨ ལོར་རྡོ་རྗེ་རྒྱལ་ཕ་ཡུལ་སོག་རུར་ལོག་སྟེ། སོག་རུའི་དམངས་ཁྲོད་རྣམ་ཐར་ཟློས་གར་ཚོགས་པ་བཙུགས་ཤིང་། ཐེངས་མང་པོར་འཁྲབ་སྟོན་བྱས་པས་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་ཚད་མེད་ཐོབ།

དཔའ་འབུམ་རྒྱལ། ཕོ། བོད་རིགས། ཨ་མདོ་རེབ་གོང་གི་མི། ཆུང་དུས་ནས་དམངས་ཁྲོད་རིག་གནས་དང་ཆོས་ལུགས་ཐད་ཀྱི་སྒྱུ་རྩལ་གྱིས་བག་ཆགས་ཟབ་མོ་ཞིག་རྒྱུད་ལ་བཞག་ཡོད། དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་བ་དང་བདུན་ཅུ་བར། ཁུལ་རིག་རྩལ་ལས་བྱེད་རུ་ཁག་ཏུ་ཞུགས་ཏེ། བྲོ་དང་རོལ་མོའི་བྱ་བ་གཉེར། ལོ་རབས་བརྒྱད་ཅུ་བའི་ལོ་སྟོད་དུ་ཁུལ་གླུ་གར་ཚོགས་པས་ཟློས་གར་འཁྲབ་སྟོན་གྱི་འགོ་བརྩམས་པ་ནས་བཟུང་། འཁྲབ་སྟོན་གྱི་བྱ་བར་ཞུགས་ཤིང་མཐའ་གཅིག་ཏུ་བོད་ཀྱི་རྣམ་ཐར་ཟློས་གར་གྱི་བྱ་བར་མི་ཚེ་བསྟིམས། བརྩམས་ཆོས་གཙོ་བོར《ཡིད་འཕྲོག་ལྷ་མོ》དང་《གསེར་གྱི་སྐྱ་རེངས》སོགས་ཡོད།

རྡོ་རྗེ་ཐར། ཕོ། བོད་རིགས། ༡༩༤༨ ལོར་མཚོ་སྔོན་རེབ་གོང་ནས་སྐྱེས། ༢༠༡༣ ལོར་འདས། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་གཙོ་དང་རྨ་ལྷོ་ཁུལ་མི་རིགས་ཟློས་གར་ཚོགས་པའི་ཚོགས་གཙོ་ཡི་འགན་ཁུར། རྒྱལ་ཁབ་རིམ་པ་དང་པོའི་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་ཡིན། ༢༠༠༨ ལོར་སྐོར་ཐེངས་གཉིས་པའི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་རྒྱུད་འཛིན་པར་བདམས།  བརྩམས་ཆོས་གཙོ་བོར《གཟུགས་ཀྱི་ཉི་མ》དང་《བཙན་པོའི་ཕོ་ཉ》《རྒྱལ་སྲས་ནོར་བཟང་》《ན་བཟང་གོང་མ》《སྐལ་བཟང་མེ་ཏོག་ལྷམ་མེར་བཞད་དུས》《རྟ་རྒྱུགས་རྒྱལ་འཇོག》སོགས་ཡོད།

ཀའོ་ཕེང་། ཕོ། རྒྱ་རིགས། པེ་ཅིན་གྱི་མི། ཁོང་གི་མ་ནི་སྐད་གྲགས་ཆེ་ཤོས་ཀྱི་ཅིན་ཅུའུ་ཟློས་གར་བ་ཞིག་ཡིན། ཁོ་རང་ཆུང་དུས་ནས་ཁྱིམ་གྱི་སློབ་གསོའི་ཤུགས་རྐྱེན་ཐེབས་འོག་ཅིན་ཅུའུ་ཟློས་གར་ལ་དགའ་སྣང་ཆེ་ཞིང་། རིག་གནས་ཡོད་པ་དང་། ལུས་སྟོབས་རྒྱས་པ། ཡོན་ཏན་གྱིས་ཕྱུག་པ་ཞིག་ཡིན། བཅིངས་འགྲོལ་རྗེས་སུ་ཁོ་རང་དམག་དཔུང་གི་རིག་རྩལ་ཚོགས་པ་ནས་གནས་སྤོར་གྱིས་མཚོ་སྔོན་ལ་ཡོང་ནས་གཏན་སྡོད་བྱས། ཁོང་ནི་ཞིང་ཆེན་ཟློས་གར་ཚོགས་པའི་གསར་རྩོམ་ཚན་པའི་གཙོ་འགན་པ་ཡིན་ལ། ཞིང་ཆེན་རིག་གནས་ཐིན་གྱི་སྒྱུ་རྩལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་ཡང་གཅིག་ལྕོགས་སུ་བཞེས་ཡོད། ཁོང་ནི་རྒྱ་རིགས་ཡིན་ཡང་བོད་ཁུལ་ནས་ཡུན་རིང་བཞུགས་ཏེ། བོད་པ་རྣམས་དང་འགྲོགས་འདྲིས་ཟབ་ཅིང་མི་རིགས་ཀྱི་སྒྱུ་རྩལ་བྱ་བ་གཉེར་བར་སྤྲོ་སེམས་ཧ་ཅང་ཆེ། ཁོང་གི་རོགས་སྐྱོར་ལ་བརྟེན་ནས་རྡོ་རྗེ་ཐར་གྱི《བཙན་པོའི་ཕོ་ཉ》དང་དཔའ་འབུམ་རྒྱལ་གྱི《གསེར་གྱི་སྐྱ་རེངས》གཉིས་ལེགས་འགྲུབ་བྱུང་ལ། ཁོང་ནི་ནམ་ཡང་རྨ་ལྷོའི་རིག་གནས་སྒྱུ་རྩལ་གྱི་བྱ་གཞག་ཐད་སེམས་ཁུར་ཆེ་ཞིང་། མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན།

ཀླུ་བྱམས་རྒྱལ། ཕོ། བོད་རིགས། ༡༩༦༦ ལོར་རེབ་གོང་ནས་སྐྱེས། ༢༠༡༣ ལོའི་ཟླ ༡༢ པར་སྐོར་ཐེངས་བཞི་བའི་རྒྱལ་ཁབ་རིམ་པའི་དངོས་མི་ཤུལ་བཞག་རིག་གནས་རྣམ་གྲངས་རྒྱུད་འཛིན་པར་བདམས།  སྔ་རྗེས་སུ《དྲི་མེད་ཀུན་ལྡན》དང་《འགྲོ་བ་བཟང་མོ》《ཨ་སྟག་ལྷ་མོ》《སྲོང་བཙན་སྒམ་པོ》《རྒྱལ་སྲས་ནོར་བཟང་》སོགས་ཀྱི་འཁྲབ་སྟོན་ལ་ཞུགས་ཤིང་། དམངས་ཁྲོད་ཀྱི་ལྕང་སྐྱའི་རྣམ་ཐར་ཟློས་གར་ཚོགས་པ་བཙུགས།  ༢༠༡༣ ལོར་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི ༡༠༠ བཏང་ནས། བོད་ཀྱི་རྣམ་ཐར་ཟློས་གར་འཁྲབ་སྟོན་ལྟེ་བ་ཐོག་མར་བཙུགས།

ཨ་ལོ•རིན་ཆེན་རྒྱལ་པོ། ཕོ། བོད་རིགས། ༡༩༦༦  ལོར་རེབ་གོང་ཞོ་འོང་དཔྱིས་ནས་སྐྱེས། རྒྱལ་ཁབ་རིམ་པ་དང་པོའི་འཁྲབ་གཞུང་རྩོམ་པ་པོ། ༢༠༠༨ ལོའི་ཟླ ༢ པར་སྐོར་ཐེངས་གཉིས་པའི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་རྣམ་གྲངས་རྒྱུད་འཛིན་པར་བདམས། བརྩམས་ཆོས་གཙོ་བོར《རེབ་གོང་གི་མཚར་ཉམས》དང་《སྲོང་བཙན་སྒམ་པོ》《ཐང་སྟོང་རྒྱལ་པོ》སོགས་འཁྲབ་གཞུང་དང་། དབྱངས་རྩོམ། བརྩམས་སྒྲུང་དང་སྙན་ངག་སོགས་ཧ་ཅང་མང་པོ་ཡོད་དོ།།

ད་དུང་རྨ་ལྷོའི་ཟློས་གར་བྱ་བར་བྱས་རྗེས་ཆེ་བའི་མི་སྣ་ཧ་ཅང་མང་པོ་ཞིག་བྱོན་མྱོང་པ། དཔེར་ན། སྐལ་ལྡན་སྐུ་ཕྲེང་རིམ་བྱོན་གཙོས་དགོན་པའི་ལས་སྣེ་བ་ཁག་དང་། འཛིན་གྲྭ་གོང་འོག་གི་སྐྱོར་དཔོན་སོགས་ཧ་ཅང་མང་པར་མ་ཟད། ཉེ་བའི་ལོ་རྒྱུས་ལ་བལྟས་ན་ཡང་རེབ་གོང་སོག་རུའི་རྡོ་རྗེ་རྒྱལ་དང་། ལྕང་སྐྱའི་ཀླུ་བྱམས་རྒྱལ། གླང་རྒྱའི་བླ་མ་ཚེ་རིང་། ཞོ་འཕོང་གི་ཨ་ལགས་ཤེས་རབ། རྩེ་ཁོག་ཧོར་ཆོས་སྒར་གྱི་ཨ་ལགས་གདུགས་དཀར་སོགས་མངོན་ལྐོག་གང་རུང་ན་གབ་པའི་ཚུལ་དུ་བཞུགས་ལ། འཁྲབ་སྟོན་སྒྱུ་རྩལ་པ་གྲགས་ཅན་ཁྱི་ཕྲུག་ཐར་དང་། ལྷ་སྐྱིད་མ། རིན་ཆེན་སྒྲོལ་མ། བློ་བཟང་ཕུན་ཚོགས་སོགས་ཧ་ཅང་མང་པོ་ཡོད་ན་ཡང་ཡིག་ཚོགས་ལ་འཇིགས་ནས་དེ་ཙམ་གྱིས་འཐུས་པར་བྱས་སོ། །

གོང་གསལ་ནི་བོད་ཀྱི་ཟློས་གར་བྱུང་འཕེལ་ལས་འཕྲོས་ཏེ། མཚོ་སྔོན་རྨ་ལྷོའི་ཕྱོགས་གཏོགས་ཀྱི་རྣམ་ཐར་ཟློས་གར་སྐོར་རགས་ཙམ་གླེང་ཁུལ་བྱས་པ་ཙམ་ཡིན་ཡང་། གཅིག་ནས་ཁོ་བོ་ནི་ཕྱོགས་གང་ཅིའི་ཐད་ཀྱི་རིག་གནས་ཆུ་ཚད་ཞན་ལ། སྒོས་སུ་རྣམ་ཐར་ཟློས་གར་གྱི་སྐོར་ལ་དེ་བས་ཀྱང་གསལ་ཆ་མེད་པས། མ་བཤད་པ་དང་ལོག་པར་བཤད་པ། ཡང་ན་འགལ་ཆ་ཅི་ཡོད་ལ་ཤེས་ནས་སྨྲ་བའི་བློ་ལྡན་དག་གིས་བཟོད་པར་གསོལ་ཞེས་ཀྱང་ཞུའོ།།

 


མཆན།

[༡] རོང་བོ་རིན་ཆེན་བཀྲ་ཤིས་དང་སྙན་བཟང་གྲགས་པ་གཉིས་ཀྱིས་རྩོམ་སྒྲིག་བྱས།《རེབ་གོང་སྒྱུ་རྩལ་ཞེས་བྱ་བའི་ཕ་ཕོག་རིན་ཆེན་བང་མཛོད》[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ ལོའི་པར་མ།P ༡༣༡–༡༣༢

[༡༩] p༣༤༣  [༡༣] p༣༥༨—༣༥༩ [༡༤] P ༣༥༨–༣༥༩ [༡༦] P ༣༥༠–༣༥༡ [༢༠] P ༣༤༤–༣༤༥

[༢] ས་སྐྱ་བསོད་ནམས་རྒྱལ་མཚན།《རྒྱལ་རབས་གསལ་བའི་མེ་ལོང་》[M] མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ ལོའི་པར་མ།P ༢༦

[༣] ཞོལ་ཁང་བསོད་ནམས་དར་རྒྱས་ཀྱིས་བརྩམས།《གླུ་གར་ཚངས་པའི་ཆབ་རྒྱུན》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༢ ལོའི་པར་མ། p༩ [༡༢] p ༢༩ [༡༥] ༢༩ [༡༨] P ༡༨–༢༡

[༤] བདེ་སྐྱིད་སྒྲོལ་དཀར།《བོད་ལྗོངས་ཞིབ་འཇུག》[j] ༢༠༠༡ ལོའི་དེབ ༣ པ། p ༧༩—༨༠ [༥] P༨༠

[༦] བོད་ལྗོངས་དཔེ་སྐྲུན་རིག་གནས་ཐོན་ལས་གླིང་ཐེན་ལི་ཇུས་འགོད་ལྟེ་གནས་ཀྱིས་བསྒྲིགས།《བོད་ཀྱི་ལྷ་མོའི་ཟློས་གར་བློ་གསལ་འཇུག་སྒོ》[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༧ ལོའི་པར་མ། p ༡–༢ བར་གསལ།

[༧] བསྟན་འཛིན་ཚེ་རིང་གིས་བརྩམས། འཇིགས་མེད་རྣམ་རྒྱལ་གྱིས་བསྒྱུར། 《བོད་ལྗོངས་ཞིབ་འཇུག》

[J] ༡༩༩༢ ལོའི་དེབ ༢ པ། p ༢༡–༢༢ བར་གསལ།

[༨] དུང་དཀར་བློ་བཟང་འཕྲིན་ལས།《དུང་དཀར་ཚིག་མཛོད་ཆེན་མོ》[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ལོའི་པར་མ། p ༡༨༡༩ རུ་གསལ།

[༩] ཟོན་ཐར་རྒྱལ།《རྩེར་སྙེག》[J]༢༠༠༢ ལོའི་དེབ ༣ པ། p ༣༥—༣༦བར་གསལ།

[༡༠]《སྦྲང་ཆར》རྩོམ་སྒྲིག་ཁང་གིས་བསྒྲིགས་པའི《བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ ལོའི་པར་མ། p ༣༨༡—༣༨༢

[༡༡] མཚོ་སྔོན་ཞིང་ཆེན་རིག་གནས་ཐིང་གིས་གཙོ་གཉེར་བྱས།《བོད་ཀྱི་དམངས་སྲོལ་ཞིབ་འཇུག》[j] ༢༠༡༩ ལོའི་དེབ་དང་པོp༩༧–༩༨ P ༩༨

[༡༧] དགེ་འདུན་འཕེལ་རྒྱས།《བོད་ཀྱི་རོལ་དབྱངས་ལོ་རྒྱུས་བསྡུས་གསལ་དཔྱིད་ཀྱི་ཕོ་ཉ》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ ལོའི་པར་མ། P ༢༤–༢༥

[༢༡] མགོན་པོ་སྐྱབས་དང་ཀུན་ཐར་རྒྱལ་གཉིས་ཀྱིས་གཙོ་སྒྲིག་བྱས།《རྩེ་གཞུང་སྐྱིད་པའི་སྨན་ལྗོངས་ཀྱི་དམངས་སྲོལ་རིག་གནས་སྤྱི་བཤད་ཕ་ནོར་རིན་ཆེན་གཏེར་མཛོད།》[M ]  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ལོའི་པར་མ། P ༤༨༠—༤༨༩  [༢༢] P ༤༨༡ [༢༣] P ༤༨༣–༤༨༤

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2122