རྒྱལ་ཀུན་ཤེས་རབ་གཅིག་བསྡུས་རྗེ་བཙུན་བརྟན་པའི་འཁོར་ལོ་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་ཐུགས་བརྩེ་བ་ཆེན་པོས་དུས་དང་རྣམ་པ་ཀུན་ཏུ་བདག་སོགས་རྗེས་སུ་གཟུང་དུ་གསོལ།

མཚན་རྟོག་ཀུན་བྲལ་ཐུགས་རྗེ་འོད་ཕྲེང་ལ། །

རྟོགས་བྱ་མེད་ཀྱང་ཅི་ཡང་རྟོགས་ཚུལ་གྱིས། །

སྟོང་དང་རྟེན་འབྱུང་དབྱེར་མེད་སྨྲ་བའི་མཆོག །

སྟོན་པ་ཟས་གཙང་སྲས་ལ་མཆོད་ཅིང་བསྟོད། །

རྒྱལ་བའི་ལུང་ལས་རྒྱལ་བས་རབ་བསྔགས་ཤིང་། །

རྒྱལ་བའི་བསྟན་སྲུང་རྒྱལ་བ་དགྱེས་པའི་མགོན། །

རྒྱལ་བ་གཉིས་པའི་རྒྱལ་མཚན་གསོལ་མཛད་པ། །

མགོན་པོ་ཀླུ་སྒྲུབ་ཞབས་ལ་བདག་ཕྱག་འཚལ། །

ཀླུ་སྒྲུབ་སྙིང་པོའི་བློ་མཚོ་ལས་བྱུང་བའི། །

ཟབ་དོན་དབུ་མ་ཆུ་ཤེལ་ལྷུན་པོའི་དཔལ། །

མ་རིག་ཆུ་འཛིན་བྲལ་བའི་ནམ་མཁའ་དང་། །

མཚུངས་པར་གྱུར་པ་དེ་དག་སྤྱི་བོས་མཆོད། །

གཞན་གྱི་དོན་དུ་ངལ་བ་མི་བརྙེས་ཤིང་། །

ཕན་བདེ་དམ་ཆོས་རྟག་ཏུ་སྩོལ་མཛད་པ། །

སྙིང་རྗེའི་སྤྱན་གྱིས་ཀུན་ལ་གཟིགས་པ་པོ། །

བཀའ་དྲིན་སུམ་ལྡན་རྩ་བའི་བླ་མར་འདུད། །

ཡོན་ཏན་ཀུན་གྱི་མ་མ་བརྩོན་འགྲུས་དང་། །

རྒྱ་ཆེན་གཞུང་མང་ཐོས་པའི་བློ་གྲོས་མིག །

མེད་ཀྱང་རང་གིས་གདམ་པའི་ལམ་ཁ་ནས། །

རང་ཚོད་དཀའ་བ་སྤྱད་དེ་དོན་འདིར་འབད། །

ཅེས་ཡུལ་དམ་པ་རྣམས་ལ་མཆོད་ཚིག་མེ་ཏོག་ཆུན་པོ་ལེགས་པར་གཏོར་ཏེ་གང་ཞིག་གླེང་བར་བྱ་བ་ནི། དེ་ཡང་། རྒྱལ་བའི་ལུང་གིས་ཡང་ནས་ཡང་དུ་བསྔགས་པའི་སྐྱེས་བུ་ཚད་མར་གྱུར་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གནས་ལྔ་རིག་པ་བརྗོད་བྱར་བྱས་པའི་བསྟན་བཅོས་གྲངས་ཀྱིས་མི་ཆོད་པ་མཛད་མོད། སྐབས་འདིར་ནང་དོན་རིག་པའི་གཞུང་ལུགས་ལ་མཚོན་ན་སྔོན་བྱོན་མཁས་པ་དག་ལ་བགྲང་ཚུལ་མི་འདྲ་བ་དུ་མ་ཞིག་སྣང་རུང་། རང་ལུགས་དབང་བཙན་བྱས་ན་ལྟ་སྤྱོད་གཉིས་ལུང་གིས་སྒོ་ནས་སྟོན་པ་ལ། མདོ་སྡེ་ཀུན་ལས་བཏུས་པ། རིགས་པའི་སྒོ་ནས་སྟོན་པ་ལ།  ཚོགས་གསུམ་སེང་གེའི་སྒྲ་ལན་གསུམ་བསྒྲགས་པ་གྲགས་པའི་མཚན་སྙན་གྱི་བ་དན་དཀར་པོ་སྲིད་པ་གསུམ་ལ་ཁྱབ་པ། རིགས་ཚོགས། བསྟོད་ཚོགས།  གཏམ་ཚོགས་གསུམ་མོ། ། བསྟན་བཅོས་དེ་དག་ཀུན་གྱི་གཞིའམ་རྩ་བར་གྱུར་པ་ནི། དབུ་མའི་བསྟན་བཅོས་རྩ་བ་ཤེས་རབ་ཅེས་བྱ་བ་འདི་ཉིད་ཡིན་ཞིང་། འདི་ལ་རྒྱ་གར་དུ་སེམས་ཙམ་དུ་བཀྲལ་བ་དང་དབུ་མའི་ལུགས་སུ་བཀྲལ་བ་གཉིས་ལས་ཕྱི་མ་དབུ་མའི་ལུགས་སུ་བཀྲལ་བའི་འགྲེལ་པ་དག་ལ་སྟོན་ཚུལ་ཚིག་གི་ཁྱད་པར་མི་འདྲ་བ་དུ་མ་ཞིག་སྣང་རུང་།  རྟོགས་བྱའི་ལྟ་བའི་ཆ་ལ་ཁྱད་པར་གཏན་ནས་མེད།  བསྟན་བཅོས་དེ་ཉིད་ཀྱི་འགྲེལ་པ་ལ་རྒྱ་གར་དུ་འགྲེལ་ཆེན་བརྒྱད་དུ་གྲགས་ཞེས་པ་ནི་ག་ལས་འཇིགས་མེད་རང་འགྲེལ་དུ་འདོད་པའི་ལུགས་ལ་གྲགས་པའི་ཐ་སྙད་ཅིག་ཏུ་སེམས་སོ། ། འགྲེལ་ཆེན་བརྒྱད་པོ་བགྲང་ཚུལ་ལ་ཡང་མི་འདྲ་བ་དུ་མ་སྣང་། འོན་ཀྱང་། ག་ལས་འཇིགས་མེད་དང་བུདྡྷ་པཱ་ལི་ཏ། ཤེས་རབ་སྒྲོན་མ། ཚིག་གསལ། གུ་ན་མ་ཏི། གུ་ན་ཤྲཱི ། སྠོ་ར་མ་ཏི་བདུན་ནི་བགྲང་ཚུལ་མཐུན་ནོ། ། ག་ལས་འཇིགས་མེད་ཀྱི་མཇུག་རྩོམ་ཐད་དུ། འགྲེལ་ཆེན་བརྒྱད་བགྲང་དུས་གོང་གི་བདུན་དང་དེ་བ་ཤར་མ་བསྣན་ཏེ་བརྒྱད་ཅེས་གསུངས་ཤིང་། ཇོ་བོ་རྗེས་བྱང་ཆུབ་ལམ་སྒྲོན་གྱི་དཀའ་འགྲེལ་༼༤༠༥༽ལས། གུ་ན་ད་ཏ་དང་བརྒྱད་ཅེས་གསུངས། དེ་དག་ལས་ག་ལས་འཇིགས་མེད་དང་བུདྡྷ་པཱ་ལི་ཏ། ཤེས་རབ་སྒྲོན་མ། ཚིག་གསལ་བཞི་ནི་བོད་དུ་འགྱུར་ཞིང་གཞན་བཞི་པོ་བོད་དུ་མ་འགྱུར། ལེགས་ལྡན་འབྱེད་ནི་དེ་བ་ཤར་མའི་རྗེས་སུ་འབྲངས་ཞེས་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་གསུངས་སོ་ཞེས། རྗེ་ཙོང་ཁ་པ་དང་། ཀུན་མཁྱེན་བླ་མ་ལ་སོགས་པས་གསུངས་མོད།  རྩོད་མེད་ཡོངས་གྲགས་སུ་མི་སྣང་སྟེ། ལྷ་གཅིག་ཇོ་བོ་རྗེས་བྱང་ཆུབ་ལམ་སྒྲོན་གྱི་དཀའ་འགྲེལ་༼༥༠༥༽ལས། ཤེས་རབ་སྒྲོན་མའི་ཊཱིཀྐ་ཆེན་པོ་གཉིས་ཡོད་དེ།ཨཱ་ཙརྱ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པ་དང་། ཨཱ་ཙརྱ་དེ་བ་ཤརྨས་མཛད་པའི་དབུ་མ་དཀར་པོ་འཆར་བའོ། ། ཞེས་གསུངས་ཤིང་།  རྗེ་བཙུན་ཏཱ་ར་ནཱ་ཐས་རྒྱ་གར་ཆོས་འབྱུང་༼༡༩༤༽ལས། སློབ་དཔོན་ཆོས་སྐྱོང་གི་སློབ་མ་དེ་བ་ཤྲ་མས་ཟླ་གྲགས་འགོག་པར་བསམས་ནས་དབུ་མའི་འགྲེལ་པ་དཀར་པོ་རྣམ་པ་འཆར་བ་བྱས། ཞེས་དང་།  འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་འཇུག་པའི་འགྲེལ་བཤད་༼༥༧༡༽ ལས། སློབ་དཔོན་ལེགས་ལྡན་འབྱེད་ནི་དཔལ་འཕགས་པ་ཀླུ་སྒྲུབ་ཀྱི་དངོས་ཀྱི་སློབ་མ་ཡིན་པས། ཆེད་དུ་དཱེ་བ་ཤྲ་མའི་རྗེས་སུ་འབྲང་དགོས་པའི་རྒྱུ་མཚན་མེད་ཅེས་གསུངས། མཁས་པ་འདི་དག་གི་བཞེད་པ་ལྟར་ན།  དེ་བ་ཤར་མ་ལེགས་ལྡན་འབྱེད་ཀྱི་རྗེས་སུ་འབྲངས་ཞེས་བསྙད་དགོས་པར་འགྱུར་རོ། ། ག་ལས་འཇིགས་མེད་རང་འགྲེལ་ཡིན་མིན་ཀྱི་རྩོད་པ་ནི་ལོ་ངོ་དགུ་བརྒྱའི་ཡར་སྔོན་ནས་འཕགས་བོད་གཉིས་ཀ་རུ་བྱུང་ཞེས་ཁོ་བོས་སྨྲའོ། ། དེས་ན་ག་ལས་འཇིགས་མེད་རང་འགྲེལ་ཡིན་མིན་དང་དབུ་མ་སྙིང་པོ་རྩ་འགྲེལ་གཉིས་མཛད་པ་པོ་གཅིག་ཡིན་མིན་དང་། རིན་ཆེན་སྒྲོན་མེ་དོན་ངོ་མ་སུས་བྱས་པ་ལ་རྣམ་དཔྱོད་ཀྱི་མཚོ་མོ་རྒྱས་པའི་མཁས་པའི་ཚོགས་སུ་མཆིས་པའི་དོགས་པ་ཞིག་ལགས་ན། དོན་འདི་དག་ལ་མཐའ་ཆོད་པའི་སྒོ་ནས་མངོན་གསལ་དོད་པོ་ཞིག་ཐོས་ཆུང་བརྩོན་ཞན་བདག་ལྟ་བུའི་མགྲིན་པའི་སྦུགས་སུ་བསྙད་བྱ་ཞིག་མ་མཆིས་མོད། དབུ་མ་སྙིང་པོ་ལས། ཕྱོགས་སུ་ལྷུང་བ་མ་ཡིན་པས། ། འདིར་ནི་འདི་ཡང་འདི་ལྟར་དཔྱད། ། ཞེས་གསུངས་པ་ལྟར། ཕྱོགས་སམ་རིས་སུ་མ་ཆད་པའི་གཟུར་གནས་རྣམ་པར་དཔྱོད་པའི་བློ་གྲོས་ཀྱིས་འཐད་དང་མི་འཐད་ཀྱི་དགག་སྒྲུབ་བྱེད་པ་ནི། ལུང་རིགས་འབུམ་སྡེའི་བདག་པོར་གྱུར་པའི་མཁས་པ་རྣམས་ཀྱི་དམ་ཚིག་ཅིག་ཡིན་ཞིང་།  བདག་ཀྱང་མཁས་པའི་བྱ་བ་ལ་མོས་པས་བག་ཆགས་ཅུང་ཟད་ཅིག་གཞག་པར་བྱ་ཕྱིར།  དོན་འདི་དག་ལ་ཕྱོགས་རིས་ཀྱི་དྲི་མས་མ་གོས་པར་གཟུ་བོར་དཔྱད་པའི་རྙེད་དོན་དག་འདིར་བཤད་ན། དེ་ལ།  ག་ལས་འཇིགས་མེད་རང་འགྲེལ་ཡིན་མིན་ལ་དཔྱད་པ་དང་།  རྟོག་གེ་འབར་བ་རང་འགྲེལ་ཡིན་མིན་ལ་ཅུང་ཟད་དཔྱད་པ་དང་། དབུ་མ་རིན་ཆེན་སྒྲོན་མེའི་མཛད་པ་པོ་ལེགས་ལྡན་འབྱེད་ཡིན་མིན་ལ་ཉུང་ཟད་དཔྱད་དེ་མཇུག་བསྡུ་བ་དང་གསུམ་ལས། དང་པོ་ལ་ཡང་། སྔོན་བྱོན་མཁས་པའི་གཞུང་ལས་བྱུང་བའི་ཚུལ། དེ་ལ་ལུང་རིགས་ཀྱིས་ཅུང་ཙམ་དཔྱད་པ།    རང་འགྲེལ་མིན་པ་རང་ལུགས་སུ་བྱས་ཏེ་བཤད་པ་དང་གསུམ་ལས། དང་པོ་སྔོན་གྱི་མཁས་པ་དག་གིས་བཞེད་པའི་ཚུལ་དེ་ལ་ཡང་རང་འགྲེལ་ཡིན་པར་འདོད་པའི་ལུགས་འགོད་པ་དང་། རང་འགྲེལ་མིན་པར་འདོད་པའི་ལུགས་འགོད་པ་གཉིས་ལས། དང་པོ་ནི། རྒྱ་གར་མཁས་པ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཤེས་རབ་སྒྲོན་མེ་རྒྱ་ཆེར་འགྲེལ་པ་༼༡༤༥༽ལས་བསྟན་བཅོས་འདི་འགྲེལ་པ་བྱེད་པ་མང་སྟེ།  འདི་ལྟ་སྟེ། སློབ་དཔོན་གྱི་ཞལ་ནས་དང་།  ཞེས་ག་ལས་འཇིགས་མེད་རང་འགྲེལ་དུ་བཞེད་པ་འདི་དང་། དེའི་རྗེས་ནས་ཇོ་བོ་རྗེས་བྱང་ཆུབ་ལམ་སྒྲོན་གྱི་དཀའ་འགྲེལ་དུ་༼༤༠༥༽སློབ་དཔོན་ཉིད་ཀྱིས་མཛད་པའི་ག་ལས་འཇིགས་མེད། ཅེས་གསུངས་ཤིང་། རྒྱ་འགྲེལ་དབུ་མ་འཐད་རྒྱས་ལས། རང་འགྲེལ་ག་ལས་འཇིགས་མེད་ལས་ཞེས་གསུངས་པ་དང་། རྒྱ་འགྲེལ་ལྷག་མཐོང་བསྐྱེད་པའི་ཐབས་ལས། དེ་ལ་གང་ཟག་ལ་བདག་མེད་པའི་རིགས་པ་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་ག་ལས་འཇིགས་མེད་ལས་ཞེས་རང་འགྲེལ་དུ་བཞེད་པ་རྒྱ་གར་དུ་བཞི་དང་། གངས་རིའི་ཁྲོད་འདིར་རང་འགྲེལ་དུ་བཞེད་མཁན་ལ། ལྡེའུ་མཁས་པས་ལྡེའུ་ཆོས་འབྱུང༼༡༦༧༽ལས།  སློབ་དཔོན་ཉིད་ཀྱིས་རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། རྩོད་པ་ཟློག་པ། ཞིབ་མོ་རྣམ་པར་འཐག་པ། རིན་པོ་ཆེའི་ཕྲེང་བ། ག་ལས་འཇིགས་མེད་ལ་སོགས་པ་མཛད་ཅེས་གསུངས་ཤིང་།  ཆོས་རྗེ་ས་པཎ་གྱིས་མཛད་པར་གྲགས་པའི་ཆོས་འབྱུང་ཆེན་མོ༼༩༦༽ལས། སློབ་དཔོན་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་དང་རིགས་པ་དྲུག་ཅུ་པ་དང་། སྟོང་ཉིད་བདུན་ཅུ་དང་། རྩོད་ཟློག་དང་། ག་ལས་འཇིགས་མེད་དང་། ཞིབ་འཐག་དང་།  ཐ་སྙད་གྲུབ་པ་སྟེ།  རིགས་པའི་ཚོགས་དྲུག་དང་། ཞེས་གསུངས་ཤིང་། ཀུན་མཁྱེན་དོལ་པོ་པས་རི་ཆོས་ངེས་དོན་རྒྱ་མཚོ་༼༣༦༧༽ལས་དབུ་མ་རྩ་ཤེའི་རང་འགྲེལ་ག་ལས་འཇིགས་མེད་དུ་ཡང་ཞེས་གསུངས་ཤིང་། ཀུན་མཁྱེན་བུ་སྟོན་ཚང་གིས་བུ་སྟོན་ཆོས་འབྱུང་༼༣༤༢༽ལས།དབུ་མ་རྩ་བའི་རང་འགྲེལ་ག་ལས་འཇིགས་མེད་བམ་པོ་བདུན། ཞེས་དང་། འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་འཇུག་པའི་འགྲེལ་པ་༼༥༧༠༽ལས། དེ་ཡང་སློབ་དཔོན་ཉིད་ཀྱིས་མཛད་པའི་འགྲེལ་པ་ནི།  འགྲེལ་པ་ག་ལས་འཇིགས་མེད་དུ་གྲགས་པ་འདི་ལ་འཇོག་པ་ཡིན་ཏེ། སྔར་གྱི་འགྲེལ་བཤད་ལས་བསྟན་བཅོས་མཛད་པོ་རང་གི་འགྲེལ་བ་ག་ལས་འཇིགས་མེད་དུ། ཞེས་བཤད་པའི་ཕྱིར་རོ། །ཞེས་དང་མཇུག་ཐོགས་དེ་མ་ཐག་ཏུ། འདི་ལ་ས་དགེ་མཁས་པ་ཁ་ཅིག་ན་རེ་ཞེས་ཏེ་རང་འགྲེལ་མིན་པར་བཞེད་པ་ལ་དགག་པར་མཛད་དོ། །ཁོང་ནི་གངས་རིའི་ཁྲོད་འདི་ནས་རང་འགྲེལ་མིན་པར་སྨྲ་བ་དག་འགོག་མཁན་ཐོག་མ་དེ་ཡིན་པར་སེམས་སོ། ། རྗེ་བཙུན་ཏཱ་ར་ནཱ་ཐས་སྔོན་མེད་ལེགས་བཤད་ལས། སློབ་དཔོན་རང་ཉིད་ཀྱི་གསུང་ངག་ག་ལས་འཇིགས་མེད་ཅེས་བྱ་བའི་འགྲེལ་པར། ཞེས་གསུངས་པ་དང་། ད་དུང་། ཡོངས་འཛིན་རྣམ་རྒྱལ་གྲགས་པས་དྭགས་རྒྱུད་གྲུབ་པའི་ཤིང་རྟའི་སྤྱི་དོན་དང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་བསྟན་འགྱུར་གྱི་དཀར་ཆག་སོགས་ལས་ག་ལས་འཇིགས་མེད་རང་འགྲེལ་དུ་གསུངས་སོ་ཞེས་ཐོས།   དེས་མཚོན་ཏེ་འཕགས་བོད་གཉིས་སུ་ག་ལས་འཇིགས་མེད་རང་འགྲེལ་དུ་གསུང་མཁན་མང་བར་འདུག་མོད་དེ་དག་ལས་ག་ལས་འཇིགས་མེད་རང་འགྲེལ་ཡིན་པའི་སྒྲུབ་བྱེད་འགོད་མཁན་གཅིག་ཀྱང་མི་སྣང་། གཉིས་པ་ག་ལས་འཇིགས་མེད་རང་འགྲེལ་མིན་པར་བཞེད་མཁན་ནི།  འཕགས་པའི་ཡུལ་དུ་ག་ལས་འཇིགས་མེད་དངོས་སུ་རང་འགྲེལ་མིན་ཞེས་སྒྲུབ་བྱེད་བཀོད་པའི་གཞུང་བོད་དུ་འགྱུར་བ་མི་སྣང་ངོ་། ། འོན་ཀྱང་། གངས་རིའི་ཁྲོད་འདིར་ཐོག་མར་ག་ལས་འཇིགས་མེད་རང་འགྲེལ་མིན་ཞེས་གསུངས་མཁན་ནི། གངས་རིའི་ཁྲོད་དུ་ཐལ་འགྱུར་བའི་གཞུང་ལུགས་ཀྱི་ཤིང་རྟ་འདྲེན་པའི་སྲོལ་འབྱེད་པ་ཆེན་མོ་པ་ཚབ་ཉི་མ་གྲགས་ཏེ།  དམ་པ་ཁོང་གིས་མཛད་པའི་རྩ་ཤེར་ཊཱི་ཀ་༼༡༧༽ལས།  ག་ལས་འཇིགས་མེད་ཀླུ་སྒྲུབ་ཉིད་ཀྱིས་མཛད་པར་གྲགས་ན་ཡང་། པ་ར་ན་རེ། མིན་ཟེར།  ཞེས་གསུངས་སོ། ། རྗེ་བཙུན་རེ་མདའ་བས། བདེན་གཉིས་གནད་ཀྱི་ཟླ་ཟེར་༼ ༡༧༢༽ལས། རྩ་ཤེར་འགྲེལ་པ་ག་ལས་འཇིགས་མེད་ཅེས་བྱ་བ་རང་འགྲེལ་དུ་བོད་དང་རྒྱ་གར་བ་ཁ་ཅིག་ལ་གྲགས་ཀྱང་། དེ་ནི་རྣམ་པར་མ་བརྟགས་པ་སྟེ། ཞེས་གསུངས་ནས་རིགས་པ་དུ་མས་རང་འགྲེལ་མིན་པར་གསུངས་ཤིང་།  གངས་རིའི་ཁྲོད་འདིར་མཚོན་ན་རྗེ་བཙུན་རེ་མདའ་བ་ནི་རང་འགྲེལ་འདོད་པ་ལ་གནོད་བྱེད་ཀྱི་རིགས་པ་གཏོང་མཁན་ཐོག་མ་དེ་ཡིན་པར་སེམས། དེའི་དངོས་སློབ་རྗེ་ཙོང་ཁ་པས་ཀྱང་། དྲང་ངེས་ལེགས་བཤད་སྙིང་པོ་༼༦༩༽ལས་རང་འགྲེལ་ཡིན་པ་ལ་གནོད་བྱེད་ཀྱི་རིགས་པ་དུ་མ་གསུངས་ཤིང་།   མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་སྟོང་ཐུན་སྐལ་བཟང་མིག་འབྱེད་ལས། རང་འགྲེལ་ཡིན་པ་ལ་གནོད་བྱེད་ཀྱི་རིགས་པ་དུ་མ་གསུངས། དེའི་རྗེས་ནས་ཀུན་མཁྱེན་བླ་མས་དབུ་མ་སྤྱི་དོན་༼༡༣༽ ལས། ག་ལས་འཇིགས་མེད་རང་འགྲེལ་དུ་རྒྱ་གར་བ་ཁ་ཅིག་དང་བོད་སྔ་རབས་པ་རྣམས་ལ་གྲགས་ཀྱང་།  ཞེས་སོགས་གསུངས་ཏེ། རང་འགྲེལ་མིན་པར་བཞེད་དོ། ། དེའི་རྗེས་ནས་འབྲུག་པདྨ་དཀར་པོས་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་༼༥༢༽ ལས།  རང་འགྲེལ་ཡིན་པ་ལ་གནོད་བྱེད་བརྗོད་ཅིང་། འགོས་ལོ་ཙྭ་བ་གཞོན་ནུ་དཔལ་གྱིས་ཀྱང་དབུ་མའི་བརྗེད་བྱང་ལས་རང་འགྲེལ་མིན་པར་བཞེད་དོ་ཞེས་ཐོས། ས་བཅད་གཉིས་པ་དེ་ལ་ཡང་དང་པོ་རང་འགྲེལ་བཞེད་པ་དག་ལ་མི་འཐད་པའི་ཚུལ་བརྗོད་པ་དང་། སྒྲུབ་བྱེད་གཞན་ཡང་མི་འཐད་པའི་ཚུལ་སྨྲས་པ་གཉིས་ལས། དང་པོ་ལ་ཡང་། སྤྱིར་འཕགས་བོད་གཉིས་ཀྱི་མཁས་པ་འགའ་རེས་རང་འགྲེལ་དུ་བཞེད་ཀྱང་རང་འགྲེལ་ཡིན་པར་མི་འགྲུབ་པ་བསྟན་པ་དང་། བྱེ་བྲག་ཏུ་ཆོས་འབྱུང་ཆེན་མོ་ཆོས་རྗེ་ས་པཎ་གྱིས་བརྩམས་པ་མ་གྲུབ་པར་བསྟན་པ་གཉིས་ལས། དང་པོ་ནི། འཕགས་བོད་མཁས་པ་རེ་འགས་རང་འགྲེལ་དུ་བཞེད་ཀྱིན་འདུག་པས། རང་འགྲེལ་དུ་གྲུབ་ཅེས་པ་ཡང་སྒྲུབ་བྱེད་མ་ངེས་པ་སྟེ། སྤྱིར་བཏང་ག་ལས་འཇིགས་མེད་རང་འགྲེལ་ཉིད་དུ་འཕགས་བོད་གཉིས་ལ་གྲགས་པའི་ཆ་ནི་ཡོད་པ་བདེན་ཏེ། འོན་ཀྱང་ག་ལས་འཇིགས་མེད་ཀྱི་རབ་བྱེད་ཉེར་བདུན་གྱི་འགྲེལ་པའི་ཐད་དུ་བཙུན་པ་འཕགས་པ་ལྷས་ཀྱང་།  ཉན་པ་པོ་དང་ཉན་ལ་སོགས། ། སྨྲ་པོ་ཤིན་ཏུ་འབྱུང་བ་དཀོན། ། དེ་ཕྱིར་མདོར་ན་འཁོར་བ་ནི། ། མཐའ་ཡོད་མ་ཡིན་མཐའ་བཅས་མིན། ། ཞེས་པའི་བཞི་བརྒྱ་པ་ཡི་ལུང་དྲངས་འདུག་པ།  དེས་ན་འཕགས་པ་ཀླུ་སྒྲུབ་ཀྱིས་མ་མཛད་པ་རྟོགས་ནུས།  ཅིའི་ཕྱིར་ཞེ་ན་བཞི་བརྒྱ་པའི་བསྟན་བཅོས་འདི་ཀླུ་སྒྲུབ་འདས་ཟིན་པའི་རྗེས་སུ་དཔལ་ལྡན་ཆོས་སྐྱོང་གདུལ་བར་བྱ་བའི་ཕྱིར་བརྩམས་པ་ཡིན་པའི་ཕྱིར། འོན་ཀྱང་། ཁ་ཆེ་སློབ་དཔོན་བྱང་ཆུབ་བཟང་པོས་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་བཤད་སྦྱར་༼༤༡༽ལས། དེ་ལ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་གང་གི་ཚེ་རྒྱལ་པོ་མཐར་འགྲོ་ཞོན་གྱི་བུའི་ཕྱིར་ཉིད་ཀྱི་ཚེ་ཡོངས་སུ་བཏང་བ་ན། སློབ་དཔོན་འཕགས་པ་ལྷ་འདིས་ཀྱང་དེ་ལྟར་བཏང་སྟེ་དུས་གཅིག་ཏུ་བདེ་བ་ཅན་དུ་གཤེགས་སོ། །  ཞེས་པ་འདི་ལ་དགོངས་ཏེ། འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་འཕགས་པ་ལྷ་ནི་ཀླུ་སྒྲུབ་ཀྱི་རྗེས་སུ་འདས་པའི་སྒྲུབ་བྱེད་མེད་ཅེས་འཇུག་པའི་འགྲེལ་བཤད་ལས་གསུངས་ཀྱང་། ཁོ་བོ་ནི་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་ལ་སོགས་པའི་རྗེས་སུ་འབྲངས་ཏེ་ཀླུ་སྒྲུབ་འདས་ཟིན་པའི་རྗེས་སུ་འཕགས་པ་ལྷས་འགྲོ་དོན་རྒྱ་ཆེན་མཛད་པར་འདོད་དོ། ། གཞན་དུ་ན།  དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་སྦྱིན་པ་བཏང་བའི་དུས་དེ་ལ། དཔལ་འཕགས་པ་ལྷ་འདིས་ཀྱང་དེ་ལྟར་བཏང་ཞེས་པའི་དོན་དབུ་སྦྱིན་པ་བཏང་ཞེས་པ་ཡིན་ན། དེ་འདྲའི་རྣམ་ཐར་ཞིག་གང་ན་ཡང་མ་གྲགས་པའི་ཕྱིར།  དེ་བས་སློབ་དཔོན་བྱང་ཆུབ་བཟང་པོས་གསུངས་པའི་རྣམ་ཐར་དེ་འཐད་ལྡན་དུ་མི་སྣང་ངོ་། ། ག་ལས་འཇིགས་མེད་ཀྱི་རབ་བྱེད་ཉེར་གསུམ་ནས་ཉེར་བདུན་བར་གྱི་རྩ་འགྲེལ་དག་བུདྡྷ་པཱ་ལི་ཏའི་གཞུང་དང་གཅིག་ཏུ་གྱུར་འདུག་པ། འདི་ལ་བརྟགས་ན་ཡང་རང་འགྲེལ་མིན་པར་ཤེས་པར་འགྱུར་ཏེ།  གོང་གི་བཞི་བརྒྱ་པ་ཡི་ལུང་བུདྡྷ་པཱ་ལི་ཏ་རུ་དྲངས་འདུག་པ། དེ་ཉིད་ག་ལས་འཇིགས་མེད་དུ་ཁྱེར་སོང་བ་ལས། ག་ལས་འཇིགས་མེད་ཀྱི་འགྲེལ་པ་སངས་རྒྱས་བསྐྱངས་ཀྱིས་དཔེ་བཤུས་མཛད་ཅེས་སྨྲ་བ་ནི་མི་རིགས་པའི་ཕྱིར། མི་རིགས་པའི་ཚུལ་ནི་བུདྡྷ་པཱ་ལི་ཏའི་རང་གཞུང་དུ་ཞིབ་ཏུ་མཇལ་ཏེ་སྒྲུབ་བྱེད་བཀོད་ན་འདི་ལྟར་སྣང་སྟེ།  བུདྡྷ་པཱ་ལི་ཏ་ལ་རབ་བྱེད་ཉེར་བདུན་ཡོད་པ་ལས། རབ་བྱེད་བཅུ་གཉིས་སུ། སློབ་དཔོན་འཕགས་པ་ལྷས་ཀྱང་ཞེས་ཏེ་ལུང་དྲངས་འདུག དེ་ཡང་། རབ་བྱེད་དང་པོའི་ནང་དུ་ལུང་ཚིག་གཉིས་ཡོད་པ་དང་། རབ་བྱེད་གསུམ་དུ་གཅིག རབ་བྱེད་བཞི་པ་རུ་གཅིག རབ་བྱེད་བདུན་པ་རུ་གཅིག རབ་བྱེད་བཅུ་གཅིག་ཏུ་གཅིག རབ་བྱེད་བཅོ་ལྔ་རུ་གཅིག རབ་བྱེད་བཅུ་དྲུག་ཏུ་གཅིག རབ་བྱེད་བཅོ་བརྒྱད་དུ་བདུན། རབ་བྱེད་བཅུ་དགུ་རུ་གཅིག རབ་བྱེད་ཉི་ཤུ་རུ་གཅིག  རབ་བྱེད་ཉེར་གཉིས་སུ་གཉིས། རབ་བྱེད་ཉེར་བདུན་དུ་གཅིག་ཡོད། དེས་ན་གཞུང་དེ་རུ་སློབ་དཔོན་འཕགས་པ་ལྷས་ཀྱང་ཞེས་ཏེ་ལུང་ཚིག་ཉི་ཤུ་དྲངས་ཡོད། ལུང་ཚིག་རེ་རེ་ནས་འོག་རང་ལུགས་བཞག་པའི་སྐབས་སུ་འཆད་པར་འགྱུར་རོ། ། དེས་ན། བསྟན་བཅོས་དེའི་གུང་བསྒྲིགས་ན་ཡང་འཕགས་པ་ལྷའི་ལུང་དྲངས་པ་དེ་བུདྡྷ་པཱ་ལི་ཏ་ཡི་གཞུང་དུ་འགྲིག་ལ་འཐད་པ་ཆེ་ཞིང་། ག་ལས་འཇིགས་མེད་ལས། རབ་བྱེད་ཉེར་བདུན་ནང་དུ་བཙུན་པ་འཕགས་པ་ལྷས་ཀྱང་ཞེས་དྲངས་པ་འདི་པ་ཙམ་ལས། གཞན་བཞི་བརྒྱ་པའི་ལུང་དྲངས་པ་གཅིག་ཀྱང་མི་སྣང་བའི་ཕྱིར། གལ་ཏེ། བསྟན་བཅོས་དེ་ཀླུ་སྒྲུབ་ཀྱིས་མཛད་ན་གཞུང་དེར་རང་གི་སློབ་མའི་ལུང་དྲངས་པ་ལ་གཏན་ནས་དགོས་པ་མེད་དེ། སློབ་དཔོན་རང་ཉིད་ཀྱིས་བཀའ་ཡི་དགོངས་པ་རང་དབང་དུ་འགྲེལ་ནུས་ཤིང་། བསྟན་བཅོས་ལ་བརྟེན་མི་དགོས་པའི་ཕྱིར།  མ་ཟད་སློབ་དཔོན་གྱི་བསྟན་བཅོས་གཞན་གང་ན་ཡང་རང་གི་སློབ་མའི་ལུང་དྲངས་པ་མི་སྣང་ངོ་། །གནོད་བྱེད་གཞན་ཡང་མཆིས་ཏེ། སངས་རྒྱས་བསྐྱངས་ཀྱིས་ག་ལས་འཇིགས་མེད་ཀྱི་རྩ་འགྲེལ་དག་རང་གི་བསྟན་བཅོས་སུ་བཞག་པའི་དབང་དུ་བྱས་ན། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་རྩ་ཤེར་འགྲེལ་པའི་སྐབས་སུ་རབ་བྱེད་ཉེར་གཉིས་མ་གཏོགས་མ་འགྲེལ་པར་ཐལ་ལོ། ། འདོད་ཐོག་ཏུ་བྱའོ་ཞེས་སྨྲ་སྲིད་མོད། རབ་བྱེད་སྔ་མ་དག་ཏུ་ག་ལས་འཇིགས་མེད་ཀྱི་ཚིག་འབྲུ་གཅིག་ཀྱང་མ་དྲངས་ཤིང་། རྩ་ཤེར་གྱི་རབ་བྱེད་ཕྱི་མ་ལྔ་ལ་རང་གིས་འགྲེལ་པ་མ་བརྩམས་ཤིང་། ག་ལས་འཇིགས་མེད་ཀྱི་རབ་བྱེད་ལྔ་ཆ་ཚང་རང་གཞུང་དུ་ཁྱེར་དགོས་པའི་རྒྱུ་མཚན་ཅི་ཞེས་ཞུས་ན་སྨྲ་བ་བསྐྱུངས་ཏེ་འདུག་དགོས་པར་འགྱུར་ཏེ་ལན་ཡང་དག་ཅིག་སྨྲ་རྒྱུ་མེད་པའི་ཕྱིར་རོ། ། ཕྱོགས་གཞན་ཞིག་ནས་བསམ་ན། ག་ལས་འཇིགས་མེད་བསྟན་བཅོས་རྩོམ་འཕྲོ་ཅན་ཞིག་ཡིན་པ་ལ་ལོ་ཙྭ་བས་བུདྡྷ་པཱ་ལི་ཏའི་རབ་བྱེད་ཕྱི་མ་ལྔ་བསྣན་ནས་བསྒྱུར་བའང་མིན་མི་སྲིད་དོ་སྙམ།

གཉིས་པ་ཆོས་འབྱུང་ཆེན་མོ་ཆོས་རྗེ་ས་པཎ་གྱིས་བརྩམས་པ་མ་གྲུབ་པ་ནི། ཆོས་རྗེ་ས་པཎ་གྱིས་ག་ལས་འཇིགས་མེད་རང་འགྲེལ་དུ་འདོད་པས་རང་འགྲེལ་ཡིན་ནོ་སྙམ་པ་ནི།  ཆོས་འབྱུང་ཆེན་མོ་ཞེས་པའི་བསྟན་བཅོས་དེ་ཆོས་རྗེ་ས་པཎ་གྱིས་མཛད་པར་འདོད་པའི་ལུགས་སུ་སྣང་བས། ཆོས་འབྱུང་ཆེན་མོ༼༩༦༽ལས། སློབ་དཔོན་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་དང་རིགས་པ་དྲུག་ཅུ་པ་དང་། སྟོང་ཉིད་བདུན་ཅུ་དང་།  རྩོད་ཟློག་དང་། ག་ལས་འཇིགས་མེད་དང་། ཞིབ་འཐག་དང་།  ཐ་སྙད་གྲུབ་པ་སྟེ།  རིགས་པའི་ཚོགས་དྲུག་དང་། ཞེས་གསུངས་པ་འདི་ཁུངས་སུ་བྱས་པ་ཡིན་མོད། བསྟན་བཅོས་དེ་ཆོས་རྗེ་ས་པན་གྱི་གསུང་རྩོམ་ཡིན་མིན་ལ་ཤིན་ཏུ་དོགས་ཏེ། དཔེར་ན་རིགས་ཚོགས་དྲུག་ཅེས་དྲངས་པའི་སྐབས། ག་ལས་འཇིགས་མེད་དེ་རུ་དྲངས་དགོས་པའི་རྒྱུ་མཚན་གཏན་ནས་མི་འདུག་སྙམ། གལ་ཏེ་དེ་ལ་རྒྱུ་མཚན་ཡོད་ན། རྩོད་ཟློག་དང་སྟོང་ཉིད་བདུན་ཅུ། ད་དུང་ཞིབ་འཐག་གི་འགྲེལ་པ་ཡང་སྐབས་འདིར་དྲངས་དགོས་པར་འགྱུར་ཞིང་།  གནོད་བྱེད་གཞན་ཡང་། དབུ་མ་རིན་ཆེན་སྒྲོན་མ་སེང་གེ་བཟང་པོའི་མཛད་ཅེས་འདོད་དགོས་པར་ཐལ་བའི་ཕྱིར་ཏེ།  ཆོས་འབྱུང་དེ་ཉིད་༼༩༧༽ལས། སེང་བཟང་གི་བརྒྱད་སྟོང་འགྲེལ་པ་དང་རིན་ཆེན་སྒྲོན་མ་དང་། ཞེས་གསུངས་པའི་ཕྱིར།  ད་དུང་རྗེ་བཙུན་བྱམས་པས་མཛད་པའི་མངོན་རྟོགས་རྒྱན་དང་།   སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་བརྒྱད་སྟོང་དོན་བསྡུས་རྣམས་བཀའ་བར་པའི་སྦས་དོན་མངོན་རྟོགས་སྟོན་ཚུལ་མཚུངས་པར་འདོད་དགོས་པར་ཐལ་ཏེ། གཞུང་དེ ༼༩༦༽ ལས།  ཤུགས་ལ་བསྟན་པ་ལམ་རིམ་མངོན་རྟོགས་བརྒྱད་དུ་འགྲེལ་པ་བྱམས་པ་མགོན་པོའི་མངོན་རྟོགས་རྒྱན་དང་།  ཕྱོགས་གླང་གི་བརྒྱད་སྟོང་པའི་དོན་བསྡུ་བ་དང་ཞེས་གསུངས་པའི་ཤུགས་ལ་བསྟན་པ་ཞེས་པ་ནི། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་མངོན་རྟོགས་རིམ་པ་ཤུགས་ལ་བསྟན་པའམ་སྦས་དོན་དུ་བསྟན་པའི་དོན་ཡིན་པས། སྦས་དོན་འགྲེལ་པའི་མངོན་རྟོགས་རྒྱན་དབུ་མའི་གཞུང་དུ་འདོད་པ་ཇི་བཞིན། བརྒྱད་སྟོང་དོན་བསྡུས་ཀྱང་དབུ་མའི་གཞུང་ལུགས་སུ་འདོད་དགོས་པར་འགྱུར་ཞིང་། མ་གཞི་ནས་བརྒྱད་སྟོང་དོན་བསྡུས་སུ། མེད་ཅེས་བྱ་བའི་ཚིག་གིས་ནི། ། བརྟགས་པ་ཐམས་ཅད་འགོག་པ་སྟེ། ། སྒྱུ་མ་ལ་སོགས་དཔེ་ཡིས་ནི། ། གཞན་གྱི་དབང་ནི་ཡོངས་སུ་བསྟན། ། རྣམ་པར་དག་པ་བཞི་བསྟན་ནས། ། ཡོངས་སུ་གྲུབ་པ་བསྟན་པ་ཡིན། ། ཅེས་བཀའ་བར་པའི་དགོངས་དོན་རྣམ་རིག་པའི་ལུགས་སུ་བཀྲལ་ཡོད་པས་དབུ་མའི་བསྟན་བཅོས་སུ་གཏན་ནས་མི་འཐད། དབུ་མའི་གཞུང་དུ་འདོད་པ་ལ། ཀུན་མཁྱེན་བླ་མས་རྩ་ཤེར་རབ་བྱེད་བཅུ་གསུམ་ནང་གི་རྩ་བ། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། ། ཞེས་སོགས་ཀྱི་འགྲེལ་པའི་ཐད་དུ། འདི་ནི་དབུས་མཐའ་དང་བརྒྱད་སྟོང་དོན་བསྡུས་སོགས་ལས་གཟུང་འཛིན་གཉིས་ཀྱི་དངོས་པོ་མེད་པའི་གཉིས་སྟོང་གི་དངོས་པོ་ཡོད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། གང་ཟག་དང་ཆོས་ཀྱི་བདག་བཀག་པའི་སྟོང་ཉིད་ཀྱི་དངོས་པོ་དང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྟོང་གཞི་ཆོས་ཅན་འདོད་པའི་རྣམ་རིག་པའི་ལྟ་བ་དགག་བྱ་གཙོ་བོར་བྱས་ནས་འགོག་པ་ཡིན་ཀྱང་། བོད་འདིར་དེའི་མིང་འདོགས་གཞན་སྟོང་དུ་བསྒྱུར་ནས་དབུ་མའི་ལྟ་བ་མཐར་ཐུག་ཏུ་འདོད་པ་ནི་ཀླུ་སྒྲུབ་ཡབ་སྲས་ཀྱི་དབུ་མའི་གཞུང་ལུགས་རྣམས་དང་འགལ་བ་འབའ་ཞིག་ཡིན་པས་རང་གི་རྗེས་འབྲང་རྣམས་བསླུ་བར་མ་བྱེད་ཅིག །ཅེས་པ་ལྟར། གཞན་སྟོང་པས་སྨྲ་བ་ལས་གཞན་དབུ་མའི་སློབ་དཔོན་གཅིག་ཀྱང་མ་བྱུང་ཞིང་། སློབ་དཔོན་ཕྱོགས་གླང་རང་ཉིད་ཀྱི་ཞེ་འདོད་ལྟར་ན་ཡང་བཀའ་བར་པའི་དགོངས་དོན་སེམས་ཙམ་པའི་ལུགས་སུ་བཀྲལ་བ་གོང་གི་ལུང་དེས་ཤེས་ནུས་ཤིང་། དེས་ན་ངོ་བོ་ཉིད་མེད་པར་སྨྲ་བའམ་ཐེག་ཆེན་དབུ་མའི་ལུགས་སུ་མ་བཀྲལ་ལོ། ། རྩ་ཤེར་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། ། སྟོང་པ་ཅུང་ཟད་ཡོད་པར་འགྱུར། ཅེས་ཐལ་འགྱུར་འཕེན་སའི་རྒོལ་བ་ཡང་རྣམ་རིག་པ་ཡིན་པ་དང་དེའི་ལྟ་གྲུབ་བསྟན་པའི་གཞུང་ཡང་དབུས་མཐར་དང་བརྒྱད་སྟོང་དོན་བསྡུས་སུ་ཀུན་མཁྱེན་བླ་མས་འདོད་པའི་ཕྱིར། ཁྱེད་ཀྱིས་འདོད་པ་ལྟར་ན་ཀུན་མཁྱེན་གྱིས་གདུལ་བྱ་བསླུ་བར་མ་བྱེད་ཅིག་ཅེས་བཀའ་བཀྱོན་གནང་ས་ཆོས་རྗེ་ས་པཎ་ཉིད་དུ་ཐལ་བའི་ཕྱིར། དེས་ན་བཅུ་ཕྲག་རིག་པའི་གནད་ཀུན་གྲོལ་ཞིང་གངས་རིའི་ཁྲོད་ཀྱི་པནྜི་ཏ་ཐོག་མ་ཆོས་རྗེ་བླ་མ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཁོང་ལྟ་བུ་སྐྱེས་བུ་དམ་པ་ཞིག་གིས་གནས་ཚུལ་དང་མི་མཐུན་པ་དེ་ལྟར་གསུངས་མི་སྲིད་དོ་སྙམ། དེས་ན། ཆོས་འབྱུང་ཆེན་མོ་ཞེས་པའི་བསྟན་བཅོས་དེ་ཉིད་གོང་མ་རྣམ་ལྔའི་གསུང་འབུམ་དུ་ཁ་སྐོང་མཛད་དེ་བཞག་འདུག་མོད། འོན་ཀྱང་། ཆོས་རྗེ་བླ་མའི་གསུང་ནི་མིན་པར་ཤས་ཆེའོ་སྙམ་པས་དཔྱོད་ལྡན་དག་གི་བརྟག་པར་རིགས་སོ། །གཉིས་པ་སྒྲུབ་བྱེད་གཞན་མི་འཐད་པའི་ཚུལ་སྨྲས་པ་ལ། ཀུན་མཁྱེན་རོང་སྟོན་ཚང་གིས་རང་འགྲེལ་དུ་བཞེད་པས་དེ་ལྟར་གྲུབ་ཅེས་པ་དང་། ག་ལས་འཇིགས་མེད་དང་རིགས་པ་དྲུག་ཅུ་པ་གཉིས་ཀྱི་མཆོད་བརྗོད་གཅིག་ཡིན་པས་རང་འགྲེལ་ཡིན་པར་གྲུབ་ཅེས་པ་དང་། ག་ལས་འཇིགས་མེད་དུ་ཁོ་བོས་གོང་དུ་བསྟན་ཞེས་པའི་ཐ་སྙད་འདུག་པས་རང་འགྲེལ་ཡིན་པར་གྲུབ་ཅེས་པ་དང་། མཇུག་རྩོམ་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཞེས་གསུངས་འདུག་པས་རང་འགྲེལ་ཡིན་པར་གྲུབ་ཅེས་པ་དང་། ཀླུ་སྒྲུབ་ཀྱི་གཞུང་ཡིན་ན་སངས་ལེགས་ཟླ་གསུམ་གྱི་གཞུང་དུ་ལུང་དྲངས་ཡོད་པས་མ་ཁྱབ་པས་རང་འགྲེལ་ཡིན་ན་ཉེས་པ་མེད་ཅེས་སྒྲུབ་བྱེད་ལྔ་རུ་འདུས་སོ། །  དེ་རེ་རེ་ལ་ལུང་རིགས་ཀྱིས་རིམ་གྱིས་དཔྱད་ན། དང་པོ་ནི། ཀུན་མཁྱེན་རོང་སྟོན་ཆེན་པོས་ག་ལས་འཇིགས་མེད་རྩ་ཤེར་གྱི་རང་འགྲེལ་ཡིན་པ་བཞེད་པས་རང་འགྲེལ་ཡིན་པར་གྲུབ་ཅེས་པ་ནི། མ་ངེས་པ་ཆེན་པོ་སྟེ། ཀུན་མཁྱེན་རོང་སྟོན་ཆེན་པོས་ག་ལས་འཇིགས་མེད་རྩ་ཤེར་གྱི་རང་འགྲེལ་དུ་བཞེད་པའི་གཞུང་ཚིག་གཅིག་ཀྱང་མཇལ་རྒྱུ་མེད་པའི་ཕྱིར།  གལ་ཏེ་ཁོ་ན་རེ།  དབུ་མ་རྩ་བའི་རྣམ་བཤད་ཟབ་མོའི་དེ་ཉིད་སྣང་བའི་མཇུག་ཏུ་སྤྱན་རས་གཟིགས་བརྟུལ་ཞུགས་དང་ཇོ་བོ་རྗེ་ཆེན་པོས་རང་འགྲེལ་དུ་མཛད་པ་འདི་དང་།  ཞེས་གསུངས་པ་འདི་ཡིས་རོང་སྟོན་ཆེན་པོས་ག་ལས་འཇིགས་མེད་རང་འགྲེལ་དུ་བཞེད་པར་གྲུབ་བོ་སྙམ་ན།  གཞུང་དེ་ཉིད་ཀྱི་རབ་བྱེད་ཉེར་བཞི་པའི་འགྲེལ་པའི་༼༢༥༧༽མཇུག་ཏུ་འདིར་ལེགས་ལྡན་འབྱེད་ཀྱིས། བདེན་བཞི་སྐྱེ་བ་མེད་པར་མཐོང་ཞེས་གསུངས་ལ། ཟླ་བས་བདེན་བཞི་དེ་ཁོ་ན་ཉིད་མཐོང་ཞེས་གསུངས་སོ། ། འགྲེལ་པ་གཞན་གཉིས་ལས་བདེན་བཞིའི་མཐོང་ཞེས་པ་ཙམ་ལས་མི་སྣང་ངོ་། ། མདོ་ལས་སྡུག་བསྔལ་སྐྱེ་བ་མེད་པ་དེ་འཕགས་པ་རྣམས་ཀྱི་བདེན་པ་ཡིན་པ་དང་། ཞེས་སོགས་ཀྱི་ལུང་དང་སྦྱར་ནས་གསུངས་པས་ལེགས་ལྡན་འབྱེད་དང་ཟླ་བའི་ལུགས་ལྟར་ལེགས་པར་མངོན་ནོ། ། ཞེས་གསུངས་ཤིང་། འགྲེལ་པ་གཞན་གཉིས་ཞེས་པ་ནི། ག་ལས་འཇིགས་མེད་དང་། བུདྡྷ་པཱ་ལི་ཏ་གཉིས་ལ་གོ་བས། གལ་ཏེ་ག་ལས་འཇིགས་མེད་རང་འགྲེལ་ཡིན་ན། རྩ་ཤེར་རབ་བྱེད་ཉེར་བཞི་པའི་མཇུག་གི་རྩ་བ། ལམ་ཉིད་དེ་དག་མཐོང་བ་ཡིན། ། ཞེས་པ་ལ་འགྲེལ་ཚུལ་ནི། ཀླུ་སྒྲུབ་ཀྱི་ལུགས་ལས་ལེགས་ལྡན་འབྱེད་དང་ཟླ་བའི་ལུགས་ལེགས་པར་མངོན་ནོ་ཞེས་པའི་གོ་བ་ཚང་འདུག་པས། ཀུན་མཁྱེན་རོང་སྟོན་ཆེན་པོས་ཀླུ་སྒྲུབ་ཀྱི་ལུགས་ལས་ལྷག་པའི་འགྲེལ་ཚུལ་ཞིག་ལེགས་ལྡན་འབྱེད་དང་ཟླ་གྲགས་ཀྱིས་རྙེད་འདུག་པས་དེ་ཉིད་མཆོག་པའམ་ལེགས་པར་མངོན་ནོ་ཞེས་སྨྲ་མི་སྲིད་པས། རོང་སྟོན་གྱིས་ག་ལས་འཇིགས་མེད་རང་འགྲེལ་དུ་མི་བཞེད་པ་འཐད་ཆེའོ་སྙམ།  འོ་ན་དབུ་མ་རྩ་བའི་རྣམ་བཤད་ཟབ་མོའི་དེ་ཉིད་སྣང་བ་ལས་སྤྱན་རས་གཟིགས་བརྟུལ་ཞུགས་དང་ཇོ་བོ་རྗེ་ཆེན་པོས་རང་འགྲེལ་དུ་མཛད་པ་འདི་དང་ཞེས་གསུངས་པའི་དོན་གང་ཞེ་ན། དེ་ནི་ཀུན་མཁྱེན་རོང་སྟོན་ཆེན་པོས་རྒྱ་གར་མཁས་པ་དེ་གཉིས་ཀྱིས་ག་ལས་འཇིགས་མེད་རང་འགྲེལ་ཉིད་དུ་བཞེད་པ་སྨོས་པ་ཙམ་ལས། རང་གི་འདོད་པ་སྨོས་པ་མིན་ནོ་སྙམ། གཞན་དུ་ན་གོང་ནས་སྨོས་པའི་གནོད་བྱེད་དག་བཟློག་ཏུ་མེད་པའི་ཕྱིར། མཁས་པ་དེ་གཉིས་ཀྱིས་རང་འགྲེལ་ཡིན་པ་གཞུང་གང་དུ་གསུངས་ཤེ་ན། གོང་ནས་ཞུས་པ་ལྟར། རྒྱ་གར་མཁས་པ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཤེས་རབ་སྒྲོན་མེའི་འགྲེལ་བཤད་༼༡༤༥༽ལས་བསྟན་བཅོས་འདི་འགྲེལ་པ་བྱེད་པ་མང་སྟེ།  འདི་ལྟར་ཏེ། སློབ་དཔོན་གྱི་ཞལ་ནས་དང་། ཞེས་ག་ལས་འཇིགས་མེད་རང་འགྲེལ་དུ་བཞེད་པ་འདི་དང་། ཇོ་བོ་རྗེས་བྱང་ཆུབ་ལམ་སྒྲོན་གྱི་དཀའ་འགྲེལ་དུ་༼༤༠༥༽སློབ་དཔོན་ཉིད་ཀྱིས་མཛད་པའི་ག་ལས་འཇིགས་མེད་དང་ཞེས་གསུངས་པས་གྲུབ་བོ། །  གཉིས་པ་ནི།  གང་གིས་སྐྱེ་དང་འཇིག་པ་དག་ཞེས་སོགས་ཤོ་ལོ་ཀ་གཅིག་རིགས་པ་དྲུག་ཅུ་པ་དང་ག་ལས་འཇིགས་མེད་གཉིས་ཆར་གྱི་མཆོད་བརྗོད་བྱས་འདུག་པས་ག་ལས་འཇིགས་མེད་རྩ་ཤེར་གྱི་རང་འགྲེལ་ཉིད་དུ་ཤེས་སོ་ཞེས་སྨྲ་མོད། དེ་ལྟ་ན། དབུ་མ་འཁྲུལ་འཇོམས་དང་དབུ་མ་སྙིང་པོ་གཉིས་རྩོམ་པ་པོ་གཅིག་ཉིད་དུ་ཤེས་སོ་ཞེས་རང་དགར་ཅིས་མི་སྨྲ།  རྒྱུ་མཚན་གང་ཞེ་ན་གཞུང་དེ་གཉིས་ཀྱི་མཆོད་བརྗོད་གཅིག་ཡིན་པའི་ཕྱིར་ཏེ།  གང་གིས་དེ་ཉིད་རབ་བརྟག་མིན། ། ཞེས་པ་ནས། དེ་ལ་གུས་པས་ཕྱག་འཚལ་ལོ། ། ཞེས་པའི་བར་གྱི་ཤོ་ལོ་ཀ་གསུམ་པོ་ནི། གཞུང་གཉིས་ཀ་རུ་མཆོད་བརྗོད་མཛད་འདུག་པས་སོ། ། དེས་ན་དེ་གཉིས་ཀྱི་མཆོད་བརྗོད་གཅིག་ན། དེ་གཉིས་ཀ་མཆོད་བརྗོད་མཛད་པ་པོ་གང་ཡིན་པ་དེས་མཛད་ཅེས་སྨྲ་བ་མི་རིགས་སོ། ། ཁོ་བོས་སྙམ་ན་རིགས་པ་དྲུག་ཅུ་པ་དང་ག་ལས་འཇིགས་མེད་གཉིས་མཆོད་བརྗོད་གཅིག་ཏུ་གྱུར་འདུག་པ་དེ་ཉིད་ཀྱི་ཕྱིར་ན་རང་འགྲེལ་མིན་པར་གྲུབ་བོ་སྙམ། གསུམ་པ་ནི། ག་ལས་འཇིགས་མེད་རབ་བྱེད་བདུན་པ་༼༢༨༤༽རུ། ཡོད་མེད་ཉིད་ཀྱང་མ་ཡིན་ཞེས། ། གོང་དུ་བསྟན་པ་ཉིད་ཡིན་ནོ། ། ཞེས་པའི་འགྲེལ་བའི་ཐད་དུ་ཁོ་བོས་གོང་དུ། རེ་ཞིག་ཡོད་དང་མེད་པ་ཡང་། ། སྐྱེ་བར་རིགས་པ་མ་ཡིན་ནོ། ། ཞེས་བསྟན་པ་ཉིད་ཡིན་ནོ། ། ཞེས་ཏེ་རྩ་ཤེར་གྱི་རྩ་ཚིག་དྲངས་འདུག་པས།  ཁོ་བོ་ཞེས་པ་རང་ལ་གོ་དགོས་པས་རང་འགྲེལ་ཡིན་པར་གྲུབ་ཅེས་མང་དག་ཅིག་གིས་བསྙད་པ་མཐོང་ཞིང་ཐོས་མོད། དེ་ཡང་མ་ངེས་པ་ཡིན་པ་ལ་སྒྲུབ་བྱེད་གཉིས་ཏེ། དང་པོ་ནི། བུདྡྷ་པཱ་ལི་ཏ་རུ་ཡང་ཁོ་བོ་ཞེས་གསུངས་པ་རབ་ཏུ་མང་བའི་ཕྱིར་ཏེ། རབ་བྱེད་དང་པོ་རུ། ཡོད་པའི་ཆོས་ནི་དམིགས་པ་ནི། ། མེད་པར་ཁོ་ན་ཉེ་བར་བསྟན། ། ཞེས་པའི་འགྲེལ་བའི་ཐད་དུ། དེ་ལ་ཁོ་བོས་བཤད་པར་བྱ་སྟེ། དེ་ལྟར་ཆོས་ནི་དམིགས་མེད་ན། ། དམིགས་པ་ཡོད་པར་ག་ལ་འགྱུར། ། དེ་ལྟར་ཞེས་བྱ་བའི་སྒྲ་ནི་དྲི་བའོ། ། ཞེས་དང་། རབ་བྱེད་ལྔ་པའི་ནང་། ཁམས་ལྔ་པོ། ། གཞན་གང་དག་ཀྱང་ནམ་མཁའ་མཚུངས། ། ཞེས་པའི་འགྲེལ་པའི་ཐད་དུ།  ཁོ་བོ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་མེད་པ་ཉིད་མི་སྨྲའི། དེ་དག་ཡོད་པ་ཉིད་དུ་སྨྲ་བ་སེལ་བར་བྱེད་དོ་ཞེས་དང་། རབ་བྱེད་བདུན་པའི་ནང་། གང་ཚེ་ཆོས་རྣམས་ཐམས་ཅད་ཀྱི། ། སྐྱེ་བ་འཐད་པར་མི་འགྱུར་བ། །དེ་ཚེ་ཆོས་རྣམས་ཐམས་ཅད་ཀྱི། ། འགག་པར་འཐད་པར་མི་འགྱུར་རོ། ། ཞེས་པའི་འགྲེལ་པའི་ཐད་དུ། གང་གི་ཚེ་ཁོ་བོས་དངོས་པོ་ཐམས་ཅད་ཀྱི་སྐྱེ་བ་མི་འཐད་དོ་ཞེས་སྨྲས་པ་དེའི་ཚེ་དངོས་པོ་ཐམས་ཅད་ཀྱི་འགག་པ་ཡང་མི་འཐད་དོ་ཞེས་སྨྲས་པ་མ་ཡིན་ནམ། ཞེས་དང་།  རབ་བྱེད་བཅོ་ལྔ་པའི་ནང་། གང་དག་དངོས་ཉིད་གཞན་དངོས་དང་། ། ཞེས་པའི་འགྲེལ་པའི་ཐད་དུ།  ཁོ་བོ་ཅག་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཉི་མ་ཤར་བས་སྣང་བར་གྱུར་པའི་ཕྱིར། དངོས་པོ་རྣམས་ཀྱིས་ངོ་བོ་ཉིད་མེད་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བས་དེའི་ཕྱིར་ཁོ་བོ་ཅག་ཉིད་ལ་དེ་ཁོ་ན་ཉིད་མཐོང་བ་ཡོད་པས། ཁོ་བོ་ཅག་ཁོ་ན་ལ་ཐར་བ་འདོད་དོ། ། ཞེས་དང་། རབ་བྱེད་བཅུ་དྲུག་པའི་མཇུག་གང་ལ་མྱ་ངན་འདས་བསྐྱེད་མེད། །  ཅེས་སོགས་ཀྱི་འགྲེལ་པའི་ཐད་དུ་འདི་སྨྲས་པ་ཞེས་པ་ནས་འཁོར་བ་པོ་དང་མྱ་ངན་ལས་འདའ་བ་པོ་ཡང་ཡོད་དེ་ཁོ་བོ་ལ་ནི་དེ་ཙམ་གྱིས་ཆོག་གོ ། ཞེས་པས་མཚོན་ཏེ་ཁོ་བོ་ཞེས་པའི་ཚིག་ག་ལས་འཇིགས་མེད་ལས་མ་མང་ན་མི་ཉུང་བ་ཡོད་པའི་ཕྱིར། འདིར་ཡིག་ཚོགས་མང་བར་འཇིགས་ཏེ་མ་སྤྲོས་སོ། ། རྒྱས་པ་ནི་གཞུང་ཉིད་ལས་ཤེས་པར་གྱིས། ཁྱེད་ཀྱི་འདོད་པ་ལྟར་ན། བུདྡྷ་པཱ་ལི་ཏ་ཆོས་ཅན། རྩ་ཤེར་གྱི་རང་འགྲེལ་ཡིན་པར་ཐལ་ཏེ། དེ་རུ་ཁོ་བོ་ཞེས་པའི་འོག་ཏུ་རྩ་ཤེར་གྱི་ལུང་དྲངས་པ་མང་དག་ཅིག་ཡོད་པའི་ཕྱིར།  ཁྱབ་པ་ནི་ཁྱེད་ཀྱིས་ཞལ་བཞེས་ཤིང་། རྟགས་ནི་གཞུང་གིས་གྲུབ་པ་འདི་ཀ་ཡིན་ནོ། །   དེས་ན། ཁོ་བོ་ཞེས་པའི་ཚིག་ཡོད་པ་དག་འགྲེལ་པ་མཛད་པ་པོ་ལ་གོ་དགོས་ཀྱང་རང་འགྲེལ་ཡིན་པའི་སྒྲུབ་བྱེད་དུ་མི་འགྲོ་སྙམ། གཉིས་པ་ནི། མ་གཞི་ནས་གཞུང་འདི་སྒྱུར་མཁན་གྱིས་གཞུང་འདི་རང་འགྲེལ་ཡིན་པ་གཞིར་བྱས་ཏེ་བསྒྱུར་བས། ཁོ་བོ་ཞེས་པ་ལོ་ཙྭ་བས་བསྣན་པ་ཡང་སྲིད་དོ། ། རྒྱུ་མཚན་གང་ཞེ་ན།  གཞུང་དེའི་མཇུག་རྩོམ་དུ། ཐེག་པ་ཆེན་པོའི་ངེས་དོན་དབུ་མའི་བསྟན་བཅོས་ཤེས་རབ་ཅེས་བྱ་བའི་འགྲེལ་པ་མཛད་པ་སློབ་དཔོན་ཀླུ་སྒྲུབ་དང་། གནས་བརྟན་བུདྡྷ་པཱ་ལི་ཏ་དང་། ཙནྡྲ་ཀཱིརྟི་དང་། དེ་བ་ཤར་མ་དང་། གུ་ན་ཤྲཱི་དང་། གུ་ན་མ་ཏི་དང་། སྠོ་ར་མ་ཏི་དང་། ལེགས་ལྡན་འབྱེད་དང་བརྒྱད་ཅེས་གནའ་མཆན་གཅིག་ལས་འབྱུང་ཞེས་བྲིས་འདུག་པ།  གནའ་མཆན་དེ་མཐོང་སྟེ། ལོ་ཙྭ་བས་རང་འགྲེལ་ཡིན་ཅེས་སྨྲས་སམ་སྙམ། གཞན་དུ་ན། གནའ་མཆན་གཅིག་ལས་འབྱུང་ཞེས་དམིགས་བསལ་དུ་དེ་རུ་གསལ་བཤད་མཛད་དགོས་པའི་རྒྱུ་མཚན་མེད་པའི་ཕྱིར། གནའ་མཆན་གཅིག་ལས་དེ་ལྟར་འབྱུང་ཞེས་སྒྲུབ་བྱེད་འདྲེན་སྟངས་ལ་ཞིབ་ཏུ་བསམས་ན། རྒྱ་གར་འཕགས་ཡུལ་ལ་ཡང་ག་ལས་འཇིགས་མེད་རང་འགྲེལ་ཡིན་མིན་གྱི་རྩོད་པ་ཡོད་པ་གོ་ཐུབ་ཀྱིན་འདུག  སྒྲུབ་བྱེད་གཞན་ཡང་། པ་ཚབ་ལོ་ཙྭ་བས་ཀྱང་རྩ་ཤེར་ཊཱི་ཀ་ལས། ༼ཀ་ལ་༽འཇིགས་མེད་ཀླུ་སྒྲུབ་ཉིད་ཀྱིས་མཛད་པར་གྲགས་ན་ཡང་། པ་ར་ན་རེ་མིན་ཟེར་ཞེས་གསུངས་འདུག་པ་འདིས་ཀྱང་ཕྱོགས་ཙམ་ཤེས་ནུས་པའི་ཕྱིར།  གནའ་མཆན་ཞེས་པ་ནི་གནའ་བོའི་ཟིན་བྲིས་ཞེས་པའི་དོན་ཡིན་ན་སྙམ།   དེས་ན།  ག་ལས་འཇིགས་མེད་རང་འགྲེལ་ཡིན་མིན་གྱི་རྩོད་པ་ནི་བོད་འདི་ཁོ་ནར་གྲགས་པར་སེམས་པ་ནི་རྣམ་པར་དཔྱོད་པའི་བློ་གྲོས་ཀྱིས་ལེགས་པར་མ་བརྟགས་པའི་རྣམ་འགྱུར་ཕྱི་རུ་མངོན་པ་ཁོ་ན་ལས་མ་འདས་ཞེས་ཀྱང་ཞུའོ། །བཞི་པ་ནི།   ག་ལས་འཇིགས་མེད་ཀྱི་མཇུག་རྩོམ་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་ཅེས་གསུངས་འདུག་པས་རང་འགྲེལ་ཡིན་པར་གྲུབ་བོ་བསྙད་མོད། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་བ་ག་ལས་འཇིགས་མེད་ལས་ཞེས་པ་དེ་ནི་རྩ་བ་མཛད་མཁན་ཀླུ་སྒྲུབ་སྨོས་པ་ལས་འགྲེལ་བ་མཛད་མཁན་ཀླུ་སྒྲུབ་ཅེས་གང་དུ་ཡང་མ་སྨྲས་པས། ཚིག་གི་གཅོད་མཚམས་ལེགས་པར་སྦྱངས་ཏེ་གཞི་ནས་དགག་སྒྲུབ་མཛད་པར་ཞུ།  གལ་ཏེ་ཁྱེད་ཀྱིས་སྨྲས་པ་ལྟར་འགྲེལ་པ་མཛད་མཁན་འཕགས་པ་ཀླུ་སྒྲུབ་ལ་གོ་དགོས་པར་གྲུབ་ཀྱང་། བསྟན་བཅོས་སྒྱུར་པ་པོས་ག་ལས་འཇིགས་མེད་འདི་རང་འགྲེལ་ཡིན་པ་གཞིར་བྱས་ཏེ་བསྒྱུར་བ་ཡིན་ཡང་སྲིད་ཅེས་གོང་དུ་ཞུས་པ་བཞིན་ཡིན་པས།  ལོ་ཙྭ་བས་བསྟན་བཅོས་སུ་ཀླུ་སྒྲུབ་ཀྱིས་མཛད་ཅེས་བསྣན་པ་ཡང་སྲིད་དོ། །ལྔ་པ་ནི།  སངས་ལེགས་ཟླ་གསུམ་གྱི་གཞུང་དུ་ལུང་མ་དྲངས་ན། ཀླུ་སྒྲུབ་ཀྱིས་མ་བརྩམས་པ་མ་གྲུབ་སྟེ། ཞིབ་མོ་རྣམ་འཐག་ལ་སོགས་པའི་རང་འགྲེལ་བཞིན། དེས་ན། རང་འགྲེལ་མིན་པར་མི་གྲུབ་བོ་ཞེས་བསྙད་མོད། དེ་ནི་གཏན་ནས་མི་འདྲ་སྟེ། རྩ་བ་ཤེས་རབ་ཀྱི་བརྗོད་བྱའི་དོན་ལ་རྩོད་དུས། གལ་ཏེ་རང་འགྲེལ་ཡོད་ན། རང་འགྲེལ་ལས་དེ་ལྟར་མ་གསུངས་པའི་ཕྱིར་ཞེས། སྨྲ་འོས་པ་ལ་དེ་ལྟར་མ་སྨྲས་ཤིང་། རྩོད་བཟློག་གི་འགྲེལ་པ་ལས་དེ་ལྟར་མ་སྨྲས་པའི་ཕྱིར་ཞེས་སྨྲས་འདུག་པ། དེ་ལྟར་གང་དུ་གསུངས་ཤེ་ན། དེ་ཡང་། དབུ་མ་ཚིག་གསལ་༼༡༣༽ལས། འོན་ཏེ་སྦྱོར་བའི་ངག་རྒྱས་པར་རྗོད་པར་བྱེད་པ་གང་ཡིན་པ་འདི་ནི་འགྲེལ་པ་མཁན་པོ་རྣམས་ཀྱི་ལུགས་ཡིན་ཞེ་ན་མ་ཡིན་ཏེ་རྩོད་བཟློག་འགྲེལ་པ་མཛད་པ་ན་སློབ་དཔོན་གྱིས་ཀྱང་སྦྱོར་བའི་ངག་རྒྱས་པ་མ་གསུངས་ཕྱིར་རོ། ། ཞེས་གསུངས་པའི་ཕྱིར།  རྩོད་བཟློག་གི་འགྲེལ་པ་ལས་ཞེས་སྨྲ་དགོས་པའི་རྒྱུ་མཚན་རྩ་ཤེར་ལས་འཕྲོས་པས་ཡིན་པར་སེམས།  དེས་ན། གཞུང་དོན་འདི་ལ་གཟུར་གནས་བློ་ཡིས་ལེགས་པར་བརྟགས་ན། ག་ལས་འཇིགས་མེད་རང་འགྲེལ་མིན་པར་ཤེས་ནུས། གལ་ཏེ་ག་ལས་འཇིགས་མེད་རང་འགྲེལ་ཡིན་ན་ཟླ་བས་ཅིའི་ཕྱིར་ན། སྦྱོར་བའི་ངག་རྒྱས་པ་རང་འགྲེལ་ལས་མ་གསུངས་པས་མི་འཐད་ཅེས་མགྲིན་པ་གཟེངས་སུ་བཏེགས་ཏེ་མ་སྨྲས་པ་ལ་ཁྱེད་ཀྱིས་རྒྱུ་མཚན་བཙལ་དགོས་སོ། ། གལ་ཏེ་ག་ལས་འཇིགས་མེད་རྩ་ཤེར་གྱི་ཚིག་འགྲེལ་ལམ་མཆན་འགྲེལ་ཙམ་ཡིན་པས་དེ་རུ་འགྲེལ་བཤད་རྒྱས་པ་མེད། དེ་བས་ཟླ་གྲགས་ཀྱིས་རང་འགྲེལ་ལས་མ་གསུངས་པའི་ཕྱིར་ཞེས་མ་བསྙད་པའི་རྒྱུ་མཚན་ཡིན་ཅེ་ན། ཐོལ་དུ་བལྟས་ན་བདེན་བདེན་འདྲ་སྣང་མོད། ཞིབ་ཏུ་བསམ་ན་སྙིང་པོ་མི་རྙེད་དེ།  མཆན་འགྲེལ་ལམ་ཚིག་འགྲེལ་ཡིན་ན། ཚིག་བཅད་དག་ལྷུག་མར་བཏང་བ་ཙམ་ཡིན་དགོས་པའི་ངེས་པ་མེད་པའི་ཕྱིར། དཔེར་ན་ཚིག་གསལ་དང་། ཤེར་རབ་སྒྲོན་མ་བཞིན། ད་དུང་སློབ་དཔོན་ཛ་ཡ་ཨཱ་ནན་ཏས་མཛད་པའི་མཇུག་པའི་འགྲེལ་བཤད་བཞིན་ནོ། །དེས་ན་ཁྱོད་ཀྱི་སྒྲུབ་བྱེད་དག་ནི་མ་ངེས་པ་ཁོ་ན་ལས་མ་འདས་པས། ག་ལས་འཇིགས་མེད་རྩ་ཤེར་གྱི་རང་འགྲེལ་ཡིན་ཅེས་པ་ནི་གཏན་ནས་མི་འཐད་པ་ཉིད་དུ་གསལ་ལོ། ། གལ་ཏེ་སྒྲུབ་བྱེད་ཡང་དག་མེད་བཞིན་དུ། གཞི་དེ་ཆོས་དེ་ཉིད་དུ་འདོད་པ་འཐད་ཀྱི་ཡོད་ན།  སྣང་བའི་དངོས་པོ་ཐམས་ཅད་བདེན་གྲུབ་ཡིན་པར་འཐད་པར་འགྱུར་རོ། །  འོ་ན་ག་ལས་འཇིགས་མེད་ཅེས་བྱ་བའི་བསྟན་བཅོས་དེ་སུས་མཛད་ཅེ་ན།  དེ་ནི་ག་ལས་འཇིགས་མེད་ཀྱིས་མཛད་དོ་ཞེས་ཞུའོ། ། དཔེར་ན་བུདྡྷ་པཱ་ལི་ཏ་བུདྡྷ་པཱ་ལི་ཏས་མཛད་པ་བཞིན་ནོ། ། འོ་ན། ག་ལས་འཇིགས་མེད་དུས་ནམ་ཞིག་གི་ཚེ་ལ་བྱུང་ཞེ་ན། ཕལ་ཆེར་ལེགས་ལྡན་འབྱེད་དང་ཟླ་གྲགས་ཀྱི་རྗེས་སུ་བྱུང་བ་ཙམ་ཡིན་ནམ་སྙམ།  འོན་ཀྱང་མཐའ་ཆོད་པ་ཞིག་སུས་ཀྱང་བཤད་ཐུབ་པ་དཀའ་འོ་སྙམ། གསུམ་པ་རང་འགྲེལ་མིན་པ་རང་ལུགས་སུ་བྱས་ཏེ་བཤད་པ་ལ། གཞན་རྣམས་ངེས་ཤེས་བསྐྱེད་པའི་ཕྱིར་སྔོན་བྱོན་མཁས་པ་རྣམས་ཀྱིས་གསུངས་པའི་རང་འགྲེལ་མིན་པའི་སྒྲུབ་བྱེད་དག་ལེགས་པར་བཀོད་དེ། དེ་ཉིད་རང་ལུགས་སུ་བྱས་ཏེ་བཤད་ན། སྔོན་བྱོན་མཁས་པ་དག་གིས་བཀོད་པའི་སྒྲུབ་བྱེད་དག་འདིར་བསྡུས་ན། བཅུ་གཅིག་ཏུ་འདུས་སོ། ། དེ་ཡང་། པ་ཚབ་ལོ་ཙྭ་བས་རྩ་ཤེར་ཊཱི་ཀ་༼༡༧༽རུ། ག་ལས་འཇིགས་མེད་རང་འགྲེལ་མིན་ཞེས་གསུངས་པའི་སྒྲུབ་བྱེད་གཅིག་ཡོད། ༡ དེ་ལ་སྤྱིར་དབུ་མའི་རྩ་བ་ལ་འགྲེལ་པ་མང་པོ་ཡོད་པ་ལས། རྩོད་ལ་ཡོད་དེ། བུདྡྷ་བྷ་ལི་ཏས་དང་པོར་མཛད་དེ་ཐལ་འགྱུར་དུ་བཀྲལ། ཀ་ལ་འཇིགས་མེད་ཀླུ་སྒྲུབ་ཉིད་ཀྱིས་མཛད་པར་གྲགས་ན་ཡང་། པ་ར་ན་རེ། མིན་ཟེར།  ཞེས་པ་འདི་ཡིན། རེ་མདའ་བས་བདེན་གཉིས་གནད་ཀྱི་ཟླ་ཟེར་༼༡༧༢༽དུ། ག་ལས་འཇིགས་མེད་རང་འགྲེལ་མིན་པར་གསུངས་པའི་སྒྲུབ་བྱེད་ལྔ་ཡོད། ༡ ཅི་སྟེ་དེ་ཉིད་རང་འགྲེལ་ཡིན་ན་སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་ལ་སོགས་པས་དེ་ཉིད་ཀྱི་འགྲེལ་བཤད་བྱེད་པར་རིགས་ཀྱི་འགྲེལ་པ་ལོགས་སུ་བརྩམས་པར་མི་རིགས་པའི་ཕྱིར། ༢ སློབ་དཔོན་དེ་དག་འཕགས་པའི་དགོངས་པ་རང་རྒྱུད་དང་ཐལ་འགྱུར་གང་ཡིན་ལ་རྩོད་པར་བྱེད་པ་ཡང་མི་རིགས་ཏེ། འགྲེལ་བ་དེས་བདག་ལས་མ་ཡིན་ཞེས་སོགས་ཀྱི་འགྲེལ་པར་སངས་རྒྱས་བསྐྱངས་དང་ཚིག་མཐུན་པར་ཐལ་འགྱུར་ལུགས་སུ་བཀྲལ་འདུག་པའི་ཕྱིར། ༣ སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་ལ་སོགས་པ་སློབ་དཔོན་གྱི་དངོས་སློབ་རྣམས་ཀྱིས་མ་གཟིགས་པར་འགྱུར་ཏེ། དེ་དག་གིས་དེ་དང་མི་མཐུན་པའི་བཤད་པ་དུ་མ་མཛད་འདུག་པའི་ཕྱིར་རོ། ། ༤ སློབ་དཔོན་ཟླ་བ་གྲགས་པས་ཀྱང་མ་གཟིགས་པར་འགྱུར་ཏེ། ཚིག་གསལ་གྱི་མཇུག་ཏུ། སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་དང་ནི་ལེགས་ལྡན་འབྱེད་ཀྱི་ལེགས་བཤད་གང་དེ་དང་། ། ཞེས་དེ་གཉིས་ཀྱི་འགྲེལ་པ་ཙམ་ཞིག་སྨོས་ཀྱི།  སློབ་དཔོན་གྱི་འགྲེལ་པ་མ་སྨོས་པའི་ཕྱིར། ༥ མཆོད་བརྗོད་ཀྱི་བཤད་པ་ཡང་དེ་དང་རྣམ་པ་ཐམས་ཅད་དུ་མི་མཐུན་པ་གཞན་ཡང་གཞུང་ཕལ་ཆེ་བའི་མཚམས་སྦྱོར་དང་བཤད་པ་ཀུན་དེ་དང་མི་མཐུན་པ་ཁོ་ན་མཛད་པའི་ཕྱིར་རོ། ། ཞེས་དང་།  རྗེ་ཙོང་ཁ་པས་དྲང་ངེས་ལེགས་བཤད་སྙིང་པོ་༼༦༩༽རུ་ག་ལས་འཇིགས་མེད་རང་འགྲེལ་མིན་པར་གསུངས་པའི་སྒྲུབ་བྱེད་གཉིས་ཡོད། ༡ རབ་བྱེད་ཉེར་བདུན་པ་འགྲེལ་པ་ག་ལས་འཇིགས་མེད་ལས། བཙུན་པ་འཕགས་པ་ལྷས་ཀྱང་། ཉན་པ་པོ་དང་མཉན་བྱ་དང་། ། སྨྲ་བོ་འབྱུང་བ་ཤིན་ཏུ་དཀོན། ། དེ་ཕྱིར་མདོར་ན་འཁོར་བ་ནི། ། མཐའ་ཡོད་མ་ཡིན་མཐའ་མེད་མིན། ། ཞེས་བཤད་དོ། ། ཞེས་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པས་རང་འགྲེལ་གྱི་དོན་མེད་དོ། ། ༢ སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པའི་འགྲེལ་པར། འགྲེལ་པ་དེ་ཡི་ཟུར་ཙམ་ཡང་མ་བྱུང་བས་ཤེས་སོ། །  ཞེས་དང་། འབྲུག་པ་པད་མ་དཀར་པོས་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་༼༥༢༽ དུ་ག་ལས་འཇིགས་མེད་རང་འགྲེལ་མིན་པར་གསུངས་པའི་སྒྲུབ་བྱེད་གཅིག་ཡོད། ༡ ཚིག་གསལ་ལས་འོན་ཏེ་སྦྱོར་བའི་ངག་རྒྱས་པར་རྗོད་པར་བྱེད་པ་གང་ཡིན་པ་འདི་ནི་འགྲེལ་པ་མཁན་པོ་རྣམས་ཀྱི་ལུགས་ཡིན་ནོ་ཞེ་ན་དེའང་ཡོད་པ་མ་ཡིན་ཏེ། རྩོད་པ་ཟློག་པའི་འགྲེལ་པ་མཛད་པ་ན་སློབ་དཔོན་གྱིས་ཀྱང་སྦྱོར་བའི་ངག་མ་གསུངས་པའི་ཕྱིར་རོ། ། ཞེས་གསུངས་པས་དེ་དེས་མཛད་ནས་དེ་སྐད་སྦྱར་མི་དགོས་པར་འགྱུར་བས་སོ། ། ཞེས་གསུངས་སོ། ། མཁས་གྲུབ་རྗེས་སྟོང་ཐུན་བསྐལ་བཟང་མིག་འབྱེད་དུ་ག་ལས་འཇིགས་མེད་རང་འགྲེལ་མིན་པའི་སྒྲུབ་བྱེད་དུ་མ་སྣང་མོད།  གོང་དང་མི་འདྲ་བ་གཅིག་སྟེ། ༡ རྩ་ཤེར་གྱི་ཚིག་དོན་གོ་དཀའ་བའི་ཚིགས་བཅད་མང་དག་ཅིག་ལྷུག་མར་བཏང་བ་ཙམ་ཡིན་པས་རང་འགྲེལ་མིན་ནོ་ཞེས་པ་འདིའོ། ། ཀུན་མཁྱེན་གོ་རམས་པས་དབུ་མ་སྤྱི་དོན༼༡༣༽དུ་རང་འགྲེལ་མིན་པར་གསུངས་པའི་སྒྲུབ་བྱེད་བདུན་ཡོད་པར་སྣང་ཡང་གོང་དང་མི་འདྲ་བ་གཅིག་ཡོད། ༡ རིགས་ཚོགས་གཞན་གསུམ་ལ་རང་འགྲེལ་ཡོད་པས་སློབ་དཔོན་ཟླ་བས་འགྲེལ་པ་མ་མཛད་ཅིང་། རྩ་ཤེར་དང་རིགས་པ་དྲུག་ཅུ་པ་གཉིས་ལ་འགྲེལ་པ་མཛད་པ་འདིས་ཀྱང་ཤེས་པར་གྱིས་ཤིག་གསུངས།  ད་ནི་རྣམ་དཔྱོད་ཀྱི་མཚོ་མོ་རྒྱས་པའི་མཁས་པ་དེ་དག་གིས་ག་ལས་འཇིགས་མེད་རང་འགྲེལ་མིན་པའི་སྒྲུབ་བྱེད་བཀོད་པ་འདི་དག་ལས་འགའ་ཞིག་སྒྲུབ་བྱེད་ཡང་དག་གམ་ཡང་ན་འཐད་ལྡན་དུ་བཞག་སྟེ། གཞན་ཡང་། ༡ བུདྡྷ་པཱ་ལི་ཏའི་རབ་བྱེད་ཕྱི་མ་ལྔ་པའི་འགྲེལ་ཚིག་རེ་གཉིས་མ་གཏོགས་སྒྲ་ཇི་བཞིན་དེ་རུ་དྲངས་འདུག་པས་རང་འགྲེལ་མིན་པར་ཤེས་སོ། ། ༢ སློབ་དཔོན་ཀླུ་སྒྲུབ་ཀྱིས་རང་འགྲེལ་མང་པོ་མཛད་ཡོད་མོད། བསྟན་བཅོས་དེ་ལ་རང་མིང་ལས་མིང་གཞན་བཏགས་མི་འདུག་པས། ག་ལས་འཇིགས་མེད་རང་འགྲེལ་མིན་པར་ཤེས་སོ། ། ༣ རིགས་པ་དྲུག་ཅུ་པའི་མཆོད་བརྗོད་དེ་ཉིད་ག་ལས་འཇིགས་མེད་དུ་མཆོད་བརྗོད་བྱས་འདུག་པས་རིགས་པ་དྲུག་ཅུ་པའི་རང་འགྲེལ་ཡིན་ན་མ་གཏོགས་རྩ་ཤེར་གྱི་རང་འགྲེལ་མིན་པར་ཤེས་སོ་ཞེས་པ་འདི་གསུམ་མོ། ། འདི་ལྟར་བསྡུས་ན་རང་འགྲེལ་མིན་པའི་སྒྲུབ་བྱེད་བཅུ་བཞི་བཀོད་པ་ལས། ཆེས་སྟོབས་ལྡན་དང་རྒྱབ་ལྗོངས་ཆེ་བའི་རིགས་པ་ནི། བཙུན་པ་འཕགས་པ་ལྷས་ཀྱང་ཞེས་བཞི་བརྒྱ་པའི་ལུང་དྲངས་པས་རང་འགྲེལ་མ་ཡིན་པར་གྲུབ་ཅེས་པ་འདི་དང་། བུདྡྷ་པཱ་ལི་ཏའི་རབ་བྱེད་ཕྱི་མ་ལྔ་ཡི་འགྲེལ་ཚིག་རེ་གཉིས་མ་གཏོགས་སྒྲ་ཇི་བཞིན་དྲངས་འདུག་པས་རང་འགྲེལ་མིན་པར་ཤེས་སོ་ཞེས་པ་འདི་གཉིས་སོ། ། དེ་ཡང་།  ཚུལ་ཇི་ལྟར་ཞེ་ན། འགྲེལ་པ་གཉིས་པོ་མཉམ་ཏུ་ཞིབ་བལྟས་བྱས་ཏེ་དཔྱད་ན་འདི་ལྟ་སྟེ། དང་པོ་བུདྡྷ་པཱ་ལི་ཏ་རུ་ཞིབ་བལྟས་བྱས་ན། ད་ནི་གོང་ནས་བུདྡྷ་པཱ་ལི་ཏའི་རབ་བྱེད་ཉེར་བདུན་ལས་བཅུ་གཉིས་སུ་སློབ་དཔོན་འཕགས་པ་ལྷས་ཀྱང་ཞེས་ཏེ་ལུང་ཚིག་ཉི་ཤུ་དྲངས་འདུག་ལ། དེ་དག་རེ་རེ་ནས་འོག་རང་ལུགས་སྐབས་སུ་འཆད་པར་འགྱུར་རོ་ཞེས་ཞུས་པ་དེ་འཆད་པའི་སྐབས་སུ་བབ་འདུག་པས། ཞིབ་ཏུ་གླེང་བར་བྱའོ། །  དེ་ལ་ཡང་། རབ་བྱེད་དང་པོ་རུ་གཉིས་ཏེ། ༡ སློབ་དཔོན་འཕགས་པ་ལྷས་ཀྱང་། སྲིད་པའི་ས་བོན་རྣམ་ཤེས་ཏེ། ། ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། ། ཡུལ་ལ་བདག་མེད་མཐོང་ནས་ནི། ། སྲིད་པའི་ས་བོན་འགགས་པར་འགྱུར། ། ཞེས་དང་། ཡང་། ༢  སློབ་དཔོན་འཕགས་པ་ལྷས་ཀྱང་། ས་བོན་དཔེ་ནི་ཇི་ལྟར་བ། ། དེ་ལ་ཐོག་མ་ཡོད་མ་ཡིན། ། དེ་ལྟར་རྒྱུ་དང་མི་ལྡན་ལས། ། སྐྱེ་བའང་སྲིད་པར་མི་འགྱུར་རོ། ། ཞེས་གསུངས་སོ། ། རབ་བྱེད་གསུམ་དུ་གཅིག་སྟེ། ༣ སློབ་དཔོན་འཕགས་པ་ལྷས་ཀྱང་།དངོས་པོ་ཀུན་གྱི་རང་བཞིན་ནི། ། ཐོག་མར་བདག་ལ་སྣང་གྱུར་ན། ། མིག་ཉིད་ལ་ཡང་མིག་གིས་ནི། ། ཅི་ཡི་ཕྱིར་ན་འཛིན་པར་འགྱུར། ། ཞེས་གསུངས་སོ། ། རབ་བྱེད་བཞི་པ་རུ་གཅིག་སྟེ། ༤ སློབ་དཔོན་འཕགས་པ་ལྷས་ཀྱང་། དངོས་པོ་གཅིག་ལ་གང་ལྟ་བ། ། དེ་ནི་ཀུན་ལའང་བལྟ་བར་འདོད། ། གཅིག་གི་སྟོང་ཉིད་གང་ཡིན་པ། ། དེ་ཉིད་ཀུན་གྱི་སྟོང་པ་ཉིད། །ཅེས་གསུངས་སོ། ། རབ་བྱེད་བདུན་པ་རུ་གཅིག་སྟེ། ༥ སློབ་དཔོན་འཕགས་པ་ལྷས་ཀྱང་།  གནས་མེད་དངོས་པོ་ག་ལ་ཡོད། ། མི་རྟག་པས་ན་ག་ལ་གནས། ། གལ་ཏེ་དང་པོ་གནས་གྱུར་ན། ། ཐ་མར་རྙིང་པར་མི་འགྱུར་རོ། ། ཞེས་སོགས་ཤོ་ལོ་ཀ་གསུམ་དང་། རབ་བྱེད་བཅུ་གཅིག་ཏུ་གཅིག་སྟེ། ༦ སློབ་དཔོན་འཕགས་པ་ལྷས་ཀྱང་། ཐོག་མ་དབུས་དང་ཐ་མ་རྣམས། ། སྐྱེས་པའི་སྔ་རོལ་མི་སྲིད་དེ། ། གཉིས་གཉིས་དག་ནི་མ་གཏོགས་པར། ། རེ་རེས་རྩོམ་པར་ཇི་ལྟར་འགྱུར། ། ཞེས་གསུངས་སོ། ། རབ་བྱེད་བཅོ་ལྔ་རུ་གཅིག་སྟེ། ༧ སློབ་དཔོན་འཕགས་པ་ལྷས་ཀྱང་། སྲིད་པའི་ས་བོན་རྣམ་ཤེས་ཏེ། ། ཡུལ་རྣམ་དེ་ཡི་སྤྱོད་ཡུལ་ལོ། ། ཡུལ་ལ་བདག་མེད་མཐོང་ནས་ནི། ། སྲིད་པའི་ས་བོན་འགག་པར་འགྱུར། ། ཞེས་གསུངས་སོ། ། རབ་བྱེད་བཅུ་དྲུག་ཏུ་གཅིག་སྟེ། ༨ སློབ་དཔོན་འཕགས་པ་ལྷས་ཀྱང་། ཐར་ལ་གལ་ཏེ་བདག་ཡོད་རྟག །  གལ་ཏེ་མེད་ན་མི་རྟག་འགྱུར། ། སྐྱེས་བུ་བརྗོད་པར་བྱ་མིན་ཡང་། ། མཁས་པས་ཤེས་པར་བྱ་མིན་མིན། ། ཞེས་གསུངས་སོ། །  རབ་བྱེད་བཅོ་བརྒྱད་དུ་བདུན་ཏེ། ༩ སློབ་དཔོན་འཕགས་པ་ལྷས་ཀྱང་། གལ་ཏེ་བདག་ཅེས་བྱ་བ་ཡོད། ། བདག་མེད་ཅེས་བྱ་དེ་མི་རིགས། ། ཡང་ན་དེ་ཉིད་རྟོགས་པའམ། ། མྱ་ངན་འདའ་བ་དེས་བརྫུན་འགྱུར། ། ཞེས་གསུངས་སོ། ། ཡང་། ༡༠ སློབ་དཔོན་འཕགས་པ་ལྷས་ཀྱང་།  མདོར་ན་ཆོས་ནི་མི་འཚེ་སྟེ། ། མྱ་ངན་འདས་པ་སྟོང་པ་ཉིད། ། འདི་ལ་དེ་གཉིས་འབའ་ཞིག་ཅེས། ། དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། ། ཞེས་གསུངས་སོ། ། ༡༡ སློབ་དཔོན་འཕགས་པ་ལྷས་ཀྱང་། ཡང་། མེད་དང་ཡོད་དང་གཉི་ག་དང་། ། གཉི་ག་མིན་པའང་སྟོན་མཛད་དེ། ། ནད་ཀྱི་དབང་གིས་ངེས་པར་ནི། ། སྨན་ནི་འཕྲོད་པར་འགྱུར་བ་བཞིན། ། ཞེས་གསུངས་སོ། ། ༡༢ སློབ་དཔོན་འཕགས་པ་ལྷས་ཀྱང་།   ཡང་།  སྲིད་པའི་ས་བོན་རྣམ་ཤེས་ཏེ། ། ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། ། ཡུལ་ལ་བདག་མེད་མཐོང་ནས་ནི། ། སྲིད་པའི་ས་བོན་འགག་པར་འགྱུར། ། ཞེས་གསུངས་སོ། །  ཡང་། ༡༣ སློབ་དཔོན་འཕགས་པ་ལྷས་ཀྱང་། ཀུན་མེད་ཅི་ཞིག་བྱར་ཡོད་ཅེས། ། ཁྱོད་ནི་འཇིགས་པ་སྐྱེ་བར་འགྱུར། ། གལ་ཏེ་བྱ་བ་ཡོད་ན་ནི། ། ཆོས་འདི་ལྡོག་པ་མ་ཡིན་ནོ། ། ཞེས་གསུངས་སོ། ། ཡང་། ༡༤ སློབ་དཔོན་འཕགས་པ་ལྷས་ཀྱང་།   གང་ཕྱིར་དངོས་པོ་འཇུག་འགྱུར་བ། ། དེས་ན་ཆད་པར་མི་འགྱུར་རོ། ། གང་ཕྱིར་དངོས་པོ་ལྡོག་འགྱུར་པ། ། དེས་ན་རྟག་པར་མི་འགྱུར་རོ། ། ཞེས་གསུངས་སོ། ། ཡང་། ༡༥ སློབ་དཔོན་འཕགས་པ་ལྷས་ཀྱང་།  དེ་ཉིད་ཤེས་པས་འདི་ལ་ནི། ། འདོད་ཆགས་བྲལ་བ་མ་ཐོབ་ཀྱང་། ། ཚེ་རབས་གཞན་ལ་འབད་མེད་པར། ། ངེས་པར་ཐོབ་སྟེ་ལས་བཞིན་ནོ། ། ཞེས་གསུངས་སོ། །  རབ་བྱེད་བཅུ་དགུ་རུ་གཅིག་སྟེ། ༡༦ སློབ་དཔོན་འཕགས་པ་ལྷས་ཀྱང་། འབྲས་བུ་རྒྱུ་ནི་ཐ་དད་པས། ། དེས་ན་རྟག་པ་ཡོད་མ་ཡིན། ། ཡང་ན་གང་ན་རྒྱུ་ཡོད་པ། ། དེ་ན་འབྲས་བུ་ཡོད་མ་ཡིན། །  ཞེས་གསུངས་སོ། ། རབ་བྱེད་ཉི་ཤུ་རུ་གཅིག་སྟེ། ༡༧ སློབ་དཔོན་འཕགས་པ་ལྷས་ཀྱང་།  ཚོགས་པ་གཅིག་པུ་མ་ཡིན་ཏེ། ། དེ་བཞིན་དངོས་པོ་འགའ་ཡང་མེད། ། གལ་ཏེ་དེ་ཡང་དེ་ལས་གཞན། ། དེ་ཡང་གཅིག་པུ་འགའ་ཞིག་ཡོད། ། ཅེས་གསུངས་སོ། ། རབ་བྱེད་ཉེར་གཉིས་སུ་གཉིས་ཏེ། ༡༨ སློབ་དཔོན་འཕགས་པ་ལྷས་ཀྱང་། གང་ཕྱིར་གཟུགས་ལ་བདག་མེད་པ། ། དེ་ཕྱིར་གཟུགས་ལས་བདག་གཞན་འགྱུར། ། གྲང་དང་ཚ་བ་ཐ་དད་ཉིད། ། མེད་ཅེས་བརྗོད་པར་མི་རུང་བཞིན། ། ཞེས་གསུངས་སོ། ། ཡང་། ༡༩ སློབ་དཔོན་འཕགས་པ་ལྷས་ཀྱང་། གལ་ཏེ་དངོས་པོ་རང་བཞིན་ཡོད། ། སྟོང་མཐོང་ཡོན་ཏན་ཅི་ཞིག་ཡོད། ། རྟོག་པས་བཅིངས་པ་མཐོང་བས་ན། ། འདིར་ནི་དེ་ཉིད་དགག་པར་བྱ། ། ཞེས་གསུངས་སོ། ། རབ་བྱེད་ཉེར་བདུན་ཏེ་ཐ་མ་རུ་གཅིག་སྟེ། ༢༠ སློབ་དཔོན་འཕགས་པ་ལྷས་ཀྱང་། ཉན་པ་པོ་དང་མཉན་བྱ་དང་། ། སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། ། དེ་ཕྱིར་མདོར་ན་འཁོར་བ་ནི། ། མཐའ་ཡོད་མ་ཡིན་མཐའ་བཅས་མིན། ། ཞེས་གསུངས་སོ། ། ད་ནི་བུདྡྷ་པཱ་ལི་ཏ་མགོ་ནས་མཇུག་ཏུ་འཕགས་པ་ལྷ་ཡི་ལུང་དྲངས་པ་ཆ་ཚང་བཏུས་ཟིན་ཏེ། ག་ལས་འཇིགས་མེད་དུ་ཞིབ་བལྟས་བྱས་ན། འདི་ལྟ་སྟེ། རབ་བྱེད་ཉེར་དྲུག་གི་ཡན་ཆོད་ལ་འཕགས་པ་ལྷའི་ལུང་གཅིག་ཀྱང་མི་འདུག་མོད། རབ་བྱེད་ཉེར་བདུན་དུ་བཙུན་པ་འཕགས་པ་ལྷས་ཀྱང་ཞེས་ལུང་གཅིག་སྣང་སྟེ། བཙུན་པ་འཕགས་པ་ལྷས་ཀྱང་། ཉན་པ་པོ་དང་མཉན་བྱ་དང་། ། སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། ། དེ་ཕྱིར་མདོར་ན་འཁོར་བ་ནི། ། མཐའ་ཡོད་མ་ཡིན་མཐའ་བཅས་མིན། ། ཞེས་གསུངས་སོ། ། ད་ནི་ག་ལས་འཇིགས་མེད་དུ་འཕགས་པ་ལྷའི་ལུང་གཅིག་ཡོད་པ་དེ་ཡང་བཏུས་ཟིན། འདི་ལྟར་ཞིབ་ཏུ་བལྟས་ན། ག་ལས་འཇིགས་མེད་ཀྱི་རབ་བྱེད་ཕྱི་མ་ལྔ་དང་བུདྡྷ་པཱ་ལི་ཏ་དང་མཚུངས་པས་རང་འགྲེལ་མིན་ཞེས་པ་དང་།  འཕགས་པ་ལྷ་ཡི་ལུང་ཡོད་པས་རང་འགྲེལ་མི་འཐད་ཅེས་པའི་རྒྱབ་ལྗོངས་ཀྱི་གནས་ལུགས་གྱ་ནོམ་པ་ཞིག་གསལ་བར་མངོན་ཡོང་བ་མ་ཡིན་ནམ།  གཞན་ཡང་། གོང་ནས་སྨྲས་པའི་སྒྲུབ་བྱེད་དག་ལས་སློབ་དཔོན་དེ་དག་འཕགས་པའི་དགོངས་པ་རང་རྒྱུད་དང་ཐལ་འགྱུར་གང་ཡིན་ལ་རྩོད་པར་བྱེད་པ་ཡང་མི་རིགས་ཏེ། འགྲེལ་པ་དེས་བདག་ལས་མ་ཡིན་ཞེས་སོགས་ཀྱི་འགྲེལ་པར་སངས་རྒྱས་བསྐྱངས་དང་ཚིག་མཐུན་པར་ཐལ་འགྱུར་ལུགས་སུ་བཀྲལ་འདུག་པའི་ཕྱིར། ཞེས་པ་འདི་ཡང་སྒྲུབ་བྱེད་ཡང་དག་སྟེ། དེ་ཡང་ག་ལས་འཇིགས་མེད་རབ་བྱེད་བདུན་པ་༼༢༧༥༽ལས།  སྐྱེ་དང་གནས་དང་འཇིག་རྣམས་ལ། ། འདུས་བྱས་མཚན་ཉིད་གཞན་ཞིག་ནི། ། གལ་ཏེ་ཡོད་ན་ཐུག་པ་མེད། ། མེད་ན་དེ་དག་འདུས་བྱས་མིན། ། ཞེས་པའི་འགྲེལ་བའི་ཐད་དུ། ཅི་སྟེ་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་ལ་འདུས་བྱས་ཀྱི་མཚན་ཉིད་གཞན་ཞིག་ཡོད་པར་འདོད་ན་ནི་ཐུག་པར་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། ། ཞེས་ཐལ་འགྱུར་དངོས་སུ་གསུངས་པས། ཐལ་རང་བར་གྱི་ཚིག་རྩོད་དག་ཀྱང་ཡོང་བའི་གཞི་མེད་པར་འགྱུར་རོ། ། ཅིའི་ཕྱིར་ཞེ་ན་ཀླུ་སྒྲུབ་རང་ཉིད་ཀྱིས་ཀྱང་རྩ་ཤེར་འགྲེལ་པའི་སྐབས་སུ་ཐལ་འགྱུར་གྱི་གཏན་ཚིགས་བཀོད་པའི་ཕྱིར།  དེ་ལྟར་ན། ཤེས་རབ་སྒྲོན་མ༼༩༽ལས་འདི་དག་གཞན་ནི་དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། སྐྱེ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ་ཞེས་རྣམ་པར་བཤད་པར་བྱེད་དོ། །  དེ་ནི་རིགས་པ་མ་ཡིན་ཏེ། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་ཞེས་པ་ནས་མཛད་པའི་མཐའ་དང་འགལ་བར་འགྱུར་རོ། ། ཞེས་ཉེས་པ་ཆེན་མོ་བདུན་འཕངས་པ་ཐམས་ཅད་ཀྱི་ཕྱོགས་སྔ་འཕགས་པ་ཀླུ་སྒྲུབ་ཉིད་དུ་ཐལ་བའི་ཕྱིར་རོ། །   མཆོད་བརྗོད་ཀྱི་བཤད་པ་ཡང་དེ་དང་རྣམ་པ་ཐམས་ཅད་དུ་མི་མཐུན་པས་རང་འགྲེལ་མིན་པར་གྲུབ་ཅེས་པ་འདི་ཡང་སྒྲུབ་བྱེད་ཡང་དག་སྟེ།  རྩ་ཤེར་ལས། འགག་པ་མེད་པ་སྐྱེ་མེད་པ། ། ཞེས་པའི་ཐད་ཀྱི་ག་ལས་འཇིགས་མེད་ ༼༢༤༨༽ལས། འདིར་སྨྲས་པ། འོ་ན་ཅིའི་ཕྱིར་འགག་པ་མེད་པའི་སྒྲ་སྔར་སྨོས། འདིར་བཤད་པ། འདི་ལྟར་རེ་ཞིག་སྐྱེ་བའི་སྒྲ་སྔར་བརྗོད་པར་ངེས་མོད་ཀྱི། འོན་ཀྱང་ཚིགས་སུ་བཅད་པ་སྦྱར་བའི་དབང་གིས་འགག་པ་མེད་པའི་སྒྲའི་སྦྱོར་བ་སྔ་བ་ལ་འགལ་བ་མེད་དོ། ། ཞེས་སོགས་ཏེ་འགག་པ་མེད་པའི་སྒྲ་སྔོན་དུ་སྦྱར་དགོས་པའི་རྒྱུ་མཚན་དུ་མ་ཞིག་བཀོད་ཀྱང་། འགྲེལ་པ་མཁན་པོ་གཞན་དང་གཏན་ནས་མི་མཐུན་པས་འགྲེལ་པ་མཁན་པོ་གཞན་དག་གིས་ཀླུ་སྒྲུབ་ལ་རྒོལ་བར་ཐལ་ལོ། །   རིགས་ཚོགས་གཞན་གསུམ་ལ་རང་འགྲེལ་ཡོད་པས་སློབ་དཔོན་ཟླ་བས་འགྲེལ་བ་མ་མཛད་ཅིང་། རྩ་ཤེར་དང་རིགས་པ་དྲུག་ཅུ་པ་གཉིས་ལ་འགྲེལ་པ་མཛད་པ་འདིས་ཀྱང་ཤེས་པར་གྱིས་ཤིག་ཅེས་པ་འདི་ལ་སྙམ་ན། ཀུན་མཁྱེན་བླ་མ་ནི། དཔལ་ལྡན་ཟླ་བས་སྟོང་ཉིད་བདུན་ཅུ་པའི་འགྲེལ་པ་མ་མཛད་པར་འདོད་པའི་ལུགས་སུ་སྣང་། དེང་སྐབས་ཟླ་བས་མཛད་པའི་སྟོང་ཉིད་བདུན་ཅུ་པ་ཞེས་པ་ཞིག་མཇལ་རྒྱུ་མངའ་ཡང་། དེ་ནི་ཐལ་འགྱུར་སྲོལ་འབྱེད་ཀྱི་ཟླ་གྲགས་མིན་པར། འགོས་ལོ་ཙྭ་བ་ཁུག་པ་ལྷས་བཙས་དང་དུས་མཉམ་པའི་ཟླ་གྲགས་ཞེས་པ་ཞིག་འདུག་པས་དེ་ཉིད་ཡིན་པར་སེམས་སོ། ། སྒྲུབ་བྱེད་གང་ཞེ་ན། བསྟན་འགྱུར་ཁྲོད་དུ་དབུ་མ་ཤེར་རབ་ལ་འཇུག་པ་ཞེས་པ་ཞིག་འདུག་པ། དེ་ཉིད་མཛད་མཁན་ཟླ་གྲགས་ཞེས་བསྙད་མོད། ཐལ་འགྱུར་སྲོལ་འབྱེད་པ་ཆེན་མོ་ཟླ་གྲགས་ཞེས་པ་དེ་མིན་ཏེ། བསྟན་བཅོས་དེ་ཉིད་ཀྱི་འགྱུར་བྱང་དུ་སློབ་དཔོན་དེ་ཉིད་དང་འགོས་ལོ་ཙྭ་བ་ཁུག་པ་ལྷས་བཙས་ཀྱིས་བསྒྱུར་ཞེས་གསུངས་འདུག་པས་ཤེས་སོ། །འོན་ཀྱང་ལྡེའུ་ཆོས་འབྱུང་༼༡༦༧༽ ལས། ཟླ་གྲགས་ཀྱིས་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཚིག་གསལ་དང་། བཞི་བརྒྱ་པའི་འགྲེལ་པ་དང་། འཇུག་པའི་འགྲེལ་པ། རིགས་པ་དྲུག་བཅུ་པ།  སྟོང་ཉིད་བདུན་ཅུ་པ། རིན་པོ་ཆེའི་ཕྲེང་བ་དེ་རྣམས་ལ་འགྲེལ་པ་མཛད། ཅེས་སྟོང་ཉིད་བདུན་ཅུ་པ་མ་ཟད་རིན་ཆེན་ཕྲེང་བ་ལ་ཡང་འགྲེལ་པ་མཛད་ཅེས་གསུངས་པས་རྣམ་དཔྱོད་དང་ལྡན་པ་དག་གིས་ཅིས་ཀྱང་དཔྱད་པར་རིགས་སོ། །  དོན་འདི་དག་ལ་སྐྱོ་མ་སྔ་བཙན་གྱི་ལམ་ལུགས་རྒྱང་རིང་རྒྱང་རིང་ཞིག་ཏུ་དོར་ཏེ། གཟུར་གནས་བློ་གྲོས་ཀྱིས་ལེགས་པར་དཔྱད་པའི་གྲུབ་དོན་དུ་ཁོ་བོས་ནི་ཚུལ་འདི་དག་མཐོང་ནས་ག་ལས་འཇིགས་མེད་རང་འགྲེལ་མིན་ནོ་ཞེས་གཟུར་གནས་ཀྱི་ར་བ་ལས་མ་འདས་ཏེ་ལྷག་བསམ་རྣམ་དག་གིས་ཡང་ནས་ཡང་དུ་བསྙད་དགོས་བྱུང་ཞིང་། ཀུན་མཁྱེན་བླ་མའི་དགོངས་པ་ཡང་འདི་ཁོ་ན་ལགས་པས། ཀུན་མཁྱེན་བླ་མའི་རྗེས་འབྲང་དག་ལ་མཚོན་ན་ཡང་ལེགས་སྐྱེས་གྱ་ནོམ་པ་ཞིག་ཏུ་མི་འགྲོ་བའི་ངེས་པ་ག་ལ་ཡོད་ཅེས་ཞུའོ། །

ག་ལས་འཇིགས་མེད་རང་འགྲེལ་ཡིན་མིན་ནི། །

འཕགས་བོད་གཉིས་སུ་བྱུང་བའི་རྩོད་པ་ཞིག །

འདི་ཀོ་བོད་ཀྱི་གཞི་མེད་དོགས་པ་ཞེས། །

བསྙད་པ་སྐུར་འདེབས་ཡིན་པ་ཁོ་བོས་མཐོང་། །

ག་ལས་འཇིགས་མེད་རབ་བྱེད་ཉེར་བདུན་ཐད། །

འཕགས་པ་ལྷ་ཡི་ལུང་ཚིག་དྲངས་པས་ན། །

རང་འགྲེལ་མིན་པ་ཤེས་ཞེས་བསྙད་པ་འདི། །

སྒྲུབ་བྱེད་སྟོབས་ལྡན་ཡིན་པ་ཁོ་བོས་མཐོང་། །

ག་ལས་འཇིགས་མེད་རང་འགྲེལ་ཡིན་ན་ནི། །

དེ་རུ་ཐལ་འགྱུར་གཏན་ཚིགས་བཀོད་པས་ན། ། །

ཐལ་རང་བར་གྱི་ཚིག་རྩོད་བྱུང་དོན་མེད། །

དེ་བས་རང་འགྲེལ་མིན་པ་ཁོ་བོས་མཐོང་། །

ག་ལས་འཇིགས་མེད་སློབ་དཔོན་ཀླུ་སྒྲུབ་ཀྱིས། །

མཛད་ན་སངས་ལེགས་ཟླ་གསུམ་གང་གིས་ཀྱང་། །

དེ་དང་འགལ་བའི་དོན་ཞིག་བསྙད་འོས་སམ། །

དེ་བས་རང་འགྲེལ་མིན་པ་ཁོ་བོས་མཐོང་། །

ག་ལས་འཇིགས་མེད་རང་འགྲེལ་འདོད་དོ་ཞེས། །

བསྙད་པ་མང་མོད་རྣམ་པར་མ་བརྟགས་པ། །

ཚུལ་འདི་བསལ་ཕྱིར་གཞུང་འདི་བྲིས་པས་ན། །

ཉེས་བཤད་ལོག་པ་མཆིས་ན་བཟོད་པར་གསོལ། །

དོན་བསྡུ་བའི་ཚིགས་སུ་བཅད་པ་དང་པོའོ།།

གཉིས་པ།  རྟོག་གེ་འབར་བ་དབུ་མ་སྙིང་པོའི་རང་འགྲེལ་ཡིན་མིན་ལ་ཅུང་ཟད་དཔྱད་པ་ནི། ༼ ༡ ༽དབུ་མ་སྙིང་པོ་ཞེས་བྱ་བའི་གཞུང་བཟང་འདི་ནི་ཤེས་རབ་སྒྲོན་མའི་རྩོམ་པོས་བྱས་པ་ནི་ཤེས་རབ་སྒྲོན་མའི་རབ་བྱེད་ཉེར་ལྔའི་མཇུག་ཏུ་དབུ་མ་སྙིང་པོའི་དེ་ཁོ་ན་ཉིད་ཅེས་སོགས་ནས་གསལ་བར་བསྟན་ཡོད་གཤིས། སྒྲུབ་པའི་ངལ་བ་མི་དགོས། འོན་ཀྱང་། རྟོག་གེ་འབར་བ་དབུ་མ་སྙིང་པོའི་རང་འགྲེལ་ཡིན་མིན་ལ་དོགས་པ་ཆེ་སྟེ།  འགྲེལ་པའི་གཞུང་དུ་སློབ་དཔོན་གྱིས་བཤད་པ་དང་སློབ་དཔོན་གྱིས་བསམས་པ་ཞེས་གསུངས་པས། རང་ཉིད་རང་ལ་སློབ་དཔོན་ཞེས་འཇིག་རྟེན་དང་བསྟན་བཅོས་གང་ལ་ཡང་སྨྲ་སྲོལ་མེད་ཅེས་བསྙད་ཀྱིན་འདུག   དེ་སྐད་སྨྲས་པ་བདེན་མོད། འོན་ཀྱང་།  སློབ་དཔོན་ཞེས་པ་ནི་ཀླུ་སྒྲུབ་ཉིད་ལ་གོ་ན་ལུང་རིགས་གང་གིས་ཀྱང་མི་གནོད་པས།དེ་ལྟར་བསྙད་པར་བྱའོ་ཞུས་ན། དེ་མ་ཐག་ཏུ་རྟོག་གེ་འབར་བ་འདི་རང་འགྲེལ་མིན་པར་འདོད་སོང་སྙམ་སྲིད་མོད་དེ་ནི་ཤེས་རབ་རྣལ་མ་ཞིག་མིན། ཅིའི་ཕྱིར་ཞེ་ན་དབུ་མ་སྙིང་པོ་རུ་བཀོད་པའི་རྩ་བ་ཐམས་ཅད་དབུ་མ་སྙིང་པོའི་ཚིག་ཏུ་ངེས་པ་མེད་པས་སོ། ། གང་ལགས་ཤེ་ན། བཤད་པར་བྱ་སྟེ། བ་ནི་བ་སྦྲ་རྣམས་ཀྱི་རྒྱུ། ། ཆུ་ཤེལ་ཆུ་རྣམས་ཇི་བཞིན་དུ། ། བླག་ཤ་ཡལ་ག་རྣམས་ཇི་བཞིན། ། སྐྱེས་བུ་ལུས་ཅན་ཀུན་གྱི་རྒྱུ། ། ཞེས་པའི་ཚིག་འདི་དབུ་མ་སྙིང་པོ་རུ་གསལ་ཡང་དབུ་མ་སྙིང་པོ་ཡི་རྩ་ཚིག་ཉིད་དུ་མ་གྲུབ་སྟེ། དེ་ནི་ཕྱོགས་སྔའི་གཞུང་དུ་གྲགས་པའི་ཚིག་བསྟན་བཅོས་འདིར་གཞན་གྱི་འདོད་པ་བརྗོད་ཕྱིར་དྲངས་པ་སྟེ། སློབ་དཔོན་འཕགས་པ་ལྷས་མཛད་པའི་འཁྲུལ་བ་བཟློག་པའི་རིགས་པ་གཏན་ཚིགས་གྲུབ་པ་ཞེས་བྱ་བའི་བསྟན་བཅོས་ལས་ཁ་ཅིག་གིས་ཞེས་ཏེ་འདོད་ཚུལ་བསྙད་པའི་ཚེ་གོང་གི་ཚིག་དེ་དྲངས་འདུག་པས་སོ། ། དེས་ན་ལུང་དེ་དབུ་མ་སྙིང་པོའི་རྩ་ཚིག་མིན་པར་རྟོགས་ནུས་པ་མ་ལགས་སམ།  གཞན་ཡང་།  དབུ་མ་སྙིང་པོ་རུ། རབ་རིབ་བྲལ་བར་གྱུར་པའི་མིག །རྣམ་དག་དྲི་མ་མེད་པ་ལ། །སྐྲ་དང་སྦྲང་བུ་ཟླ་གཉིས་དང་། །རྨ་བྱའི་མདོངས་དག་མི་སྣང་ལྟར། །མཁས་པ་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་མུན་རབ་རིབ་བྲལ་གྱུར་ཅིང་། །ཡང་དག་མཁྱེན་སྤྱན་དྲི་མེད་ལའང་། །དེ་བཞིན་ཅི་ཡང་སྣང་བ་མེད། །ཅེས་པ་ནས། བག་ཆགས་མ་ལུས་བཅོམ་པའི་ཚེ། །སེམས་དང་སེམས་བྱུང་ཡུལ་མི་གཟིགས། །ཞེས་པའི་བར་གྱི་ཚིག་རྐང་ཉེར་དྲུག་པོ་འདི་དག་བཀོད་པར་སྣང་ཡང་རྩ་ཚིག་འདི་དག་འཕགས་པ་ལྷ་ཡིས་མཛད་པའི་གཞུང་བཟང་དབུ་མ་འཁྲུལ་འཇོམས་༼ ༡༣༨༽ ནང་དུ་སློབ་དཔོན་ཞལ་ནས་ཞེས་དྲངས་འདུག་པས་ལེགས་ལྡན་འབྱེད་ཀྱིས་མ་གསུངས་པར་གྲུབ་བོ། ། དབུ་མ་སྙིང་པོ་རུ་བཀོད་པའི་རྩ་བ་དེ་ཡི་ཐད་ཀྱི་འགྲེལ་པ་རྟོག་གེ་འབར་བའི་༼༢༠༦༽ ནང་གི་འགྲེལ་ཚིག་ཡོད་དོ་དབུ་མ་འཁྲུལ་འཇོམས་དབུ་ནས་གཞུག་ཏུ་ཡིག་ཕྲེང་རེ་གཉིས་མ་གཏོགས་སྒྲ་ཇི་བཞིན་བྲིས་པ་སྣང་བས་རྟོག་གེ་འབར་བ་དང་དབུ་མ་སྙིང་པོ་རུ་བཀོད་པའི་ཡིག་འབྲུ་ཡིན་ནས་བཟུང་སྟེ་བསྟན་བཅོས་བྱེད་པོའི་ཚིག་ཏུ་ངེས་པ་མེད་པར་ཤེས་པར་བྱས་ཏེ་ལེགས་པར་བརྟག་ལ་བསྙད་པར་གྱིས་ཞུས་ཀྱང་ཞུའོ། །  འོ་ན་རབ་རིབ་བྲལ་བར་གྱུར་པའི་མིག ། ཅེས་སོགས་གོང་དུ་དྲངས་པའི་རྩ་ཚིག་དག་སློབ་དཔོན་གྱི་ཞལ་ནས་ཞེས་སྨྲས་ཀྱང་། སློབ་དཔོན་ཀླུ་སྒྲུབ་ཡིན་པའི་སྒྲུབ་བྱེད་ཅི་ཞེ་ན། དོལ་པོ་ཤེས་རབ་རྒྱལ་མཚན་གྱིས་བདེན་གཉིས་གསལ་བའི་ཉི་མ་༼༡༢༣༽ལས། ཀླུ་སྒྲུབ་ཀྱིས་གསུངས་ཞེས་དྲངས་པ་དང་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་དབུ་མ་རྣམ་ངེས་ལེའུ་བཅུ་གཅིག་༼༤༠༤༽ ལས་ཀླུ་སྒྲུབ་ཞབས་ཀྱིས།  རབ་རིབ་བྲལ་བར་གྱུར་པའི་མིག ། ཅེས་སོགས་གསུངས་འདུག  ད་དུང་། རྗེ་འབར་ར་བ་རྒྱལ་མཚན་དཔལ་བཟང་གིས་དེ་ལྟར་གསུངས་ཡོད་ཅེས་ཐོས་སོ། ། གཞན་ཡང་། རིན་ཆེན་སྒྲོན་མེ་༼༢༨༽ལས། དོན་དམ་བདེན་པ་བློ་ཡི་སྤྱོད་ཡུལ་མིན་ཞེས་ཀླུ་སྒྲུབ་གྱི་ལུང་སྒྲུབ་བྱེད་དུ་བཀོད་པའི་ཚེ། ཡང་གཞན་ལས། ཤ་ཡི་མིག་གིས་དེ་ལྟ་མིན། ། ལྷ་ཡི་མིག་གིས་བལྟ་བྱ་མིན། ། རྟོག་བཅས་རྟོག་པ་མེད་པ་ཡི། ། ཤེས་པ་ཡིས་ནི་མཐོང་མི་འགྱུར། ། ཞེས་གསུངས་སོ་ཞེས་དྲངས་འདུག་པས་ལུང་ཚིག་འདི་དབུ་མ་སྙིང་པོ་༼༢༨༽རུ་གསལ་མོད། དབུ་མ་སྙིང་པོའི་རྩ་ཚིག་མིན་པར་ཤེས་རྒྱུ་གལ་ཆེའོ། ། གང་ལྟར་དེ་དག་གོང་འོག་བསྒྲིགས་ན། གྲུབ་དོན་འདི་ལྟ་སྟེ་རྟོག་གེ་འབར་བ་རུ་སློབ་དཔོན་གྱིས་བཤད་པ་ཞེས་སོགས་སྨྲས་པའི་ཐད་ཀྱི་རྩ་བ་དང་འབྲེལ་བའི་ཚིག་ནི་ཀླུ་སྒྲུབ་ཀྱི་གསུང་དུ་གྲུབ་བོ། ། ཁོ་ན་རེ། ཀླུ་སྒྲུབ་གསུང་ཡིན་པར་མ་གྲུབ་སྟེ། ཚོགས་གསུམ་དང་ཡང་ན་དེ་མིན་གཞུང་གང་དུ་ཡང་བཤད་པ་མི་སྣང་ངོ་ཞེས་སྨྲ་བ་སྲིད་མོད། དེ་ནི་མ་ངེས་པ་ཆེན་པོ་སྟེ། དཔེར་ན་ཤེས་རབ་སྒྲོན་མ་༼༩༢༽དང་རྟོག་གེ་འབར་བ་༼༣༣༨༽ལ་སོགས་པ་ནས། སློབ་དཔོན་ཉིད་ཀྱིས་གཞན་དག་ཏུ། འདི་ནི་ཡོད་ཉིད་འགོག་པ་སྟེ། ། མེད་ཉིད་ཡོངས་སུ་འཛིན་མ་ཡིན། ། ནག་པོ་མིན་ཞེས་སྨྲས་པ་ན། ། དཀར་པོ་ཡིན་ཞེས་མ་བརྗོད་བཞིན། ། ཞེས་དྲངས་འདུག་པ། ལུང་འདི་ཀླུ་སྒྲུབ་ཀྱི་གཞུང་གང་དུ་ཡོད་ཅེས་དྲིས་ན། ཁྱོད་ལ་བསྟན་རྒྱུ་ཡོད་དམ་མེད། པཎ་ཆེན་ཤཱཀྱ་མཆོག་ལྡན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་རྗེས་སུ་འབྲངས་ཏེ། ལུང་དེ་འཇིག་རྟེན་བརྟག་པ་ལས་གསུངས་ཞེས་དབུ་མ་རྣམ་ངེས་ལེའུ་གསུམ་པ་༼༡༥༢༽ལས་གསུངས་ཀྱང་། བསྟན་བཅོས་དེ་འདྲ་དེང་སང་བདག་ཅག་གི་སྤྱོད་ཡུལ་དུ་ཡོད་དང་མེད་ཅེས་བཤད་པ་ནི་དཀའ་སྟེ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་གཞུང་ཡིན་ནས་བཟུང་བོད་དུ་འགྱུར་བའང་མ་ངེས་ལ། འགྱུར་ན་ཡང་། ད་ལྟ་ཡོད་པ་མ་ངེས་པས་སོ། ། གལ་ཏེ་ཀླུ་སྒྲུབ་ཀྱི་གསུང་མིན་ནོ་ཞེས་མཐའ་ཆོད་མདོག་གིས་རང་དགར་སྨྲ་བ་སྲིད་མོད།  དེ་ནི་སྨྲ་བ་ལ་དགའ་བའི་རྣམ་འགྱུར་ཕྱི་རུ་མངོན་པ་ཙམ་ལས་གཞན་རྒྱུ་མཚན་གང་ཡང་མི་རྙེད་པས་དེ་ལྟར་བསྙད་པ་མི་རིགས་སོ། །༼ ༢ ༽ཡང་ཁ་ཅིག་གིས་རྟོག་གེ་འབར་བ་འདི་དབུ་མ་སྙིང་པོའི་རང་འགྲེལ་དུ་འདོད་པ་མིན་ཏེ། རང་འགྲེལ་ཡིན་ན་རང་མིང་ལས་ལོགས་སུ་མིང་བཏགས་སྲོལ་མེད་ཚོད་རེད་ཅེས་སྨྲ་བ་འདུག་སྟེ། དེ་ནི་ཡིད་ཆེས་ཕེར་བའི་གཏམ་དུ་མི་སྣང་སྟེ། དེ་ལྟ་ན་ཚད་མ་རྣམ་འགྲེལ་གྱི་ལེའུ་དང་པོ་རང་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་པ་ཞེས་བྱ་བ་འདི་རྣམ་འགྲེལ་ལེའུ་དང་པོའི་རང་འགྲེལ་མིན་ཞེས་སྨྲ་དགོས་པ་སོགས་ཐལ་བ་མང་ངོ་། །དེས་ན་གཟུར་གནས་བློ་གྲོས་ཀྱིས་ལེགས་པར་དཔྱད་དེ་ལེགས་པར་སྨྲ་བར་ཞུ། འོན་ཀྱང་། རིགས་པའི་ཚུལ་འདི་ག་ལས་འཇིགས་མེད་རང་འགྲེལ་མིན་པའི་སྒྲུབ་བྱེད་བྱས་པ་དང་གཏན་ནས་མཚུངས་པའི་སྐབས་མེད་དོ། ། ༼ ༣ ༽ཡང་འགའ་རེས། ཡེ་ཤེས་སྡེས་མཛད་པའི་ལྟ་བའི་བརྗེད་བྱང་ལས། ལེགས་ལྡན་འབྱེད་ཀྱིས། ཤིང་རྟའི་སྲོལ་འབྱེད་པའི་བསྟན་བཅོས་ལ་ཤེས་རབ་སྒྲོན་མ་དང་དབུ་མ་སྙིང་པོ་གཉིས་མ་གཏོགས་མ་གསུངས་པས། རྟོག་གེ་འབར་བ་ལེགས་ལྡན་འབྱེད་ཀྱིས་མ་བྱས་སོ་ཞེས་བསྙད་པ་འདུག་མོད།  དེ་ལྟ་ན།  དབུ་མའི་དོན་བསྡུས་པ་ཞེས་པའི་བསྟན་བཅོས་འདི་ཡང་ལེགས་ལྡན་འབྱེད་ཀྱིས་མ་མཛད་ཅེས་སྨྲ་དགོས་པར་ཐལ་ལོ། །

དབུ་མ་སྙིང་པོའི་རྩ་འགྲེལ་གཉིས་ཆར་དུ། །

བཀོད་པའི་ཚིག་འབྲུ་ཡིན་ན་དེའི་བྱེད་པོ། །

ལེགས་ལྡན་འབྱེད་ཀྱིས་མཛད་པ་མ་ངེས་པས། །

སློབ་དཔོན་ཞེས་བྱ་ཀླུ་སྒྲུབ་ཉིད་ལ་གོ །

དོན་བསྡུ་བའི་ཚིགས་སུ་བཅད་པ་གཉིས་པའོ། །

གསུམ་དབུ་མ་རིན་ཆེན་སྒྲོན་མེའི་མཛད་པ་པོ་ལེགས་ལྡན་འབྱེད་ཡིན་མིན་ལ་ཉུང་ཟད་དཔྱད་དེ་མཇུག་བསྡུ་བ་ནི།

༼ ༡ ༽   དབུ་མ་རིན་ཆེན་སྒྲོན་མེ་ལས། ཚུལ་གཉིས་ཤིང་རྟ་ཞོན་བྱས་ཏེ། ། རིགས་པའི་སྲབ་ཀྱིས་བསྲུབས་བྱས་ནས། ། ལུང་གི་ལམ་དུ་ལེགས་པར་ཞུགས། ། བླ་མ་མན་ངག་ལྕག་གིས་གཞུ། ། ཞེས་དང་། ཚུལ་གཉིས་ཤིང་རྟར་ཞུགས་ནས་སུ། ། རིགས་པའི་ཁ་ལོ་ལེགས་བསྒྱུར་ཏེ། ། ལུང་གི་ལམ་དུ་ཞུགས་བྱས་ནས། ། ལམ་ལོག་པར་ནི་འགྲོ་མི་འགྱུར། ། ཞེས་གསུངས་པའི་ལུང་འདི་གཉིས་མཐོང་སྟེ། རིན་ཆེན་སྒྲོན་མེའི་ནང་དུ་དབུ་མ་རྒྱན་གྱི་རྩ་ཚིག་དྲངས་འདུག་པས། རིན་ཆེན་སྒྲོན་མེའི་རྩོམ་པ་པོ་ཟླ་བའི་ཕྱོགས་སྔར་ལེགས་ལྡན་འབྱེད་མིན་པར་དེ་ཡིས་གྲུབ་ཅེས་ཟེར་བ་ཡིན་མཆིས། དེ་ཡང་ལེགས་པར་མ་སྨྲས་ཏེ། ཅིའི་ཕྱིར་ཞེ་ན་ཁྱེད་ཀྱིས་བཤད་པའི་ལུང་དེ་ཉིད་དབུ་མ་རྒྱན་གྱི་མགོ་མཇུག་གང་ན་ཡང་མི་སྣང་བའི་ཕྱིར། གལ་ཏེ་དབུ་མ་རྒྱན་དུ། ཚུལ་གཉིས་ཤིང་རྟ་ཞོན་ནས་སུ། ། རིགས་པའི་སྲབ་སྐྱོགས་འཇུག་བྱེད་པ། ། དེ་དག་དེ་ཕྱིར་ཇི་བཞིན་དོན། ། ཐེག་པ་ཆེན་པོ་པ་ཉིད་ཐོབ། ། ཅེས་པ་འདིའོ་ཞེ་ན། ཞིབ་གཟིགས་མ་མཛད་པའི་སྐྱོན་ཁོ་ན་སྟེ། རིན་ཆེན་སྒྲོན་མེ་དང་དབུ་མ་རྒྱན་གཉིས་ཀྱི་ལུང་ལ་ཚུལ་གཉིས་ཤིང་རྟ་ཞེས་པ་ལྟ་བུའི་མཚུངས་པའི་ཆ་ཤས་ཤིག་འདུག་ཀྱང་། དེ་གཉིས་གཅིག་ཏུ་སྨྲ་བ་མི་འགྲིག་པའི་ཕྱིར། དེ་ཙམ་འདྲ་བས་གཅིག་ཉིད་དུ་གྲུབ་པ་ཡིན་ན། བསྟན་བཅོས་ཕལ་ཆེར་འཁྲུགས་པར་འགྱུར་ཏེ། ཕྱོགས་རེ་འདྲ་བ་གང་ན་ཡང་ཡོད་པའི་ཕྱིར། རིན་ཆེན་སྒྲོན་མེའི་གཞུང་ཚིག་དེ་གལ་སྲིད་དབུ་མ་རྒྱན་དུ་གསུངས་པའི་ལུང་ཡིན་པར་གྲུབ་ན། གོང་ཞུས་ལྟར། གཞུང་དེ་དབུ་མ་རྒྱན་དུ་ཁྱེར་བ་ལས་རྒྱན་གྱི་རྩ་ཚིག་མིན་པར་འདོད་དོ། །  གལ་ཏེ་ཁྱེད་ཀྱིས་གསུངས་པ་ལྟ་ན། གོང་དུ་དྲངས་པའི་རྒྱན་གྱི་ཚིག་དེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་ཆོས་ཀྱི་དབྱིངས་སུ་བལྟ་བའི་གླུ་ཞེས་པ་དེ་རུ་གསལ་བས་ན། དབུ་མ་རྒྱན་ཡང་ཞི་བ་འཚོས་མཛད་པ་མི་འཐད་ཅེས་ཏེ་ཅིས་མི་སྨྲ། ད་དུང་གནོད་བྱེད་མང་དུ་སྣང་སྟེ། བདེན་གཉིས་རྣམ་པར་ཤེས་པ་དག ། ཐུབ་པའི་བཀའ་ལ་མི་རྨོངས་ཏེ། ། དེ་དག་མ་ལུས་ཚོགས་བསགས་ནས། ། ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་པའང་དཔལ་ལྡན་མར་མེ་མཛད་ཀྱི་གཞུང་དུ་གསལ་བས། ལུང་འདི་ཡང་ཡེ་ཤེས་སྙིང་པོས་མ་མཛད་ཅེས་ཏེ་ཅིས་མི་སྨྲ། མ་ཟད་ཀུན་མཁྱེན་བླ་མས་དབུ་མ་སྤྱི་དོན་༼༨༢༽ལས། བདེན་གཉིས་ལས། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །  མེད་པར་ཡང་དག་ཁང་ཆེན་གྱི། ། སྟེང་དུ་འགྲོ་བ་བྱེད་པ་ནི། །  མཁས་ལ་རུང་བ་མ་ཡིན་ནོ། །   ཞེས་གསུངས་པས་སོ་ཞེས་དྲངས་འདུག་པ། ཤོ་ལོ་ཀ་དེའི་མཛད་པ་པོ་ཇོ་བོ་དཔལ་ལྡན་ཨ་ཏི་ཤ་ཡིན་པ་ཁྱེད་ཀྱིས་འདོད་དགོས་པར་ཐལ་ལོ། ། དེ་ལྟ་ན་དབུ་མ་སྙིང་པོ་ཡང་ལེགས་ལྡན་འབྱེད་ཀྱིས་མ་མཛད་ཅེས་བསྒྲག་ལ་ངལ་བ་ཅིའི་ཕྱིར་མི་བྱ། དེ་དེ་བཞིན་དུ་སྨྲའོ་སྙམ་སྲིད་མོད། རྩ་ཤེར་གྱི་འགྲེལ་པ་ཤེས་རབ་སྒྲོན་མེའི་རབ་བྱེད་ཉེར་ལྔའི་མཇུག་ཏུ་ཇི་སྐད་གསུངས་པ་དྲན་པར་གྱིས་ཤིག ། ཁྱོད་ཀྱང་ཀུན་མཁྱེན་བླ་མ་ཡི་གསུང་དང་འགལ་ལོ་སྙམ་སྲིད་མོད། བདེན་གཉིས་ནང་དུ་དབུ་མ་སྙིང་པོའི་ལུང་དེ་རང་ལུགས་ཀྱི་སྒྲུབ་བྱེད་དུ་བཀོད་པར་བྱས་པ་དེ་ཉིད། ཀུན་མཁྱེན་བླ་མས་དབུ་མ་སྤྱི་དོན་དུ་བདེན་གཉིས་ལས་ཞེས་དྲངས་པ་མ་གཏོགས་པར་བདེན་གཉིས་མཛད་པ་པོ་རང་གི་ཚིག་ཏུ་གོ་བ་བླངས་ན་གནོད་བྱེད་མཚན་མོའི་སྐར་མ་ལས་མང་དུ་མཆིས་སོ། ། གཞན་ཡང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་ཆོས་ཀྱི་དབྱིངས་སུ་བལྟ་བའི་གླུ་ཞེས་བྱ་བའི་གཞུང་བཟང་དེ་རུ་སློབ་དཔོན་གཞན་གྱི་ལུང་མང་དག་ཅིག་སྣང་སྟེ། གང་ཞིག་ཀུན་ཏུ་མ་ཤེས་ན། ། སྲིད་པ་གསུམ་ལ་རྣམ་འཁོར་བ། ། སེམས་ཅན་ཀུན་ལ་ངེས་གནས་པའི། ། ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། ། ཞེས་སོགས་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ལུང་ཚིག་ལྡེབ་ངོས་ཤིག་ཕལ་ཆེར་དྲངས་པ་དང་། ད་དུང་རིགས་པ་དྲུག་ཅུ་པ་ལས། དེ་ཉིད་ཚོལ་ལ་ཐོག་མ་ནི། ། ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །ཞེས་པའི་ལུང་འདི་ཡང་གཞུང་དེར་དྲངས་པ་དང་། ད་དུང་འཕགས་པ་ལྷས་གསུངས་པའི། བསྟན་བཅོས་བཞི་བརྒྱ་པ་ཡི་ལུང་། ཚུལ་ཁྲིམས་ལས་ནི་ཉམས་བླ་ཡི། ། ལྟ་ལས་ཅིས་ཀྱང་མ་ཡིན་ཏེ། ། ཞེས་སོགས་སྒྲ་ཇི་བཞིན་དྲངས་པས་ན། ཁྱེད་ཀྱིས་འདོད་པ་ལྟ་ན། ཆོས་དབྱིངས་བསྟོད་པ་དང་རིགས་པ་དྲུག་ཅུ་པ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མ་མཛད་པར་ཐལ་ཞིང་བཞི་བརྒྱ་པ་ཡང་འཕགས་པ་ལྷས་མ་མཛད་ཅེས་ཏེ་ཅིས་མི་སྨྲ།  གོང་གི་ཇོ་བོས་མཛད་པའི་བདེན་གཉིས་སུ་དྲངས་པའི་ལུང་དང་འདྲེན་སྟངས་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར།  གཞུང་དེར་ཀླུ་སྒྲུབ་དང་འཕགས་པ་ལྷ་ཡི་ལུང་ནི་མཚན་གཞི་ཙམ་མོ། ། དེ་ལས་གཞན་པའི་རྨད་བྱུང་མཁས་པ་མང་དག་གི་ལུང་དྲངས་འདུག་མོད། དེ་དག་ཡིག་ཚོགས་མང་བར་འཇིགས་ཏེ་འདིར་མ་སྤྲོས་སོ། །༼ ༢༽ཡང་འགའ་རེས་དབུ་མའི་མན་ངག་ཐམས་ཅད་བསྡུས་པའི་རིན་ཆེན་སྒྲོན་མེ་ཡི་རྩོམ་གཤིས་ལ་དཔྱད་ན་བོད་ཀྱི་མཁས་པའི་རྩོམ་གཤིས་དང་ཧ་ཅང་མཚུངས་ཞེས་སྨྲ་བ་འདུག་མོད། དེ་ནི་གཞུང་རྒྱུས་མེད་ལ་ཟེར་རྒྱུས་ཕོངས་བའི་གཏམ་ཁོ་ནའོ། ། དེས་ན་དེ་ལ་སྙིང་པོ་མ་མཆིས་པས་བརྟག་པར་འོས་པ་མ་ལགས་མོད། མ་བརྟགས་བཞག་ནའང་མི་འགྲིག་པའི་གནས་སུ་མཐོང་སྟེ་ཅུང་ཙམ་དཔྱད་ན། སྤྱིར་བཏང་རིན་ཆེན་སྒྲོན་མེ་བོད་ཀྱིས་བྱས་སོ་ཞེས་བུ་སྟོན་ཞལ་བཞུགས་པའི་སྐབས་སམ་དེའི་གོང་དུ་ཁ་ཅིག་གིས་སྨྲ་ཡི་ཡོད་པ་འདྲ་སྟེ། བུ་སྟོན་ཆོས་འབྱུང་༼ ༣༤༡༽ལས།  འདིར་བསྟན་བཅོས་རིན་ཆེན་སྒྲོན་མ་དང་ཉི་ཁྲི་གཞུང་འགྲེལ་ཆུང་བ་ནི་བོད་ཀྱིས་བྱས་པའོ་ཞེས་ཁ་ཅིག་གོ ། ཞེས་གསུངས་པས་གྲུབ་བོ། ། འོན་ཀྱང་བུ་སྟོན་རིན་ཆེན་གྲུབ་ཀྱིས་དེ་ལྟར་བཞེད་པ་ནི་མ་ཡིན་ཏེ། བུ་སྟོན་ཆོས་འབྱུང་ ༼༣༤༣༽ལས། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མའི་སྙིང་པོ་བསྡུས་པ་ཤོ་ལོ་ཀ་བརྒྱད་བཅུ། དེའི་འགྲེལ་པ་རྟོག་གེ་འབར་བ། དབུ་མའི་དོན་བསྡུས་པ་རྣམས་ནག་ཚོའི་འགྱུར། རིན་པོ་ཆེ་སྒྲོན་མ། རྒྱ་བརྩོན་སེང་དང་ནག་ཚོའི་འགྱུར་ཞེས་གསུངས་པས་རྟོགས་ནུས། གང་ལྟར་བོད་ཀྱིས་བྱས་སོ་སྙམ་པ་དག་ལ་གཞུང་བཟང་རིན་ཆེན་སྒྲོན་མེ་འདི་བོད་ཀྱི་མཁས་པ་གང་གིས་བརྩམས། འོ་ན་རྩོམ་གྱི་མཇུག་ཏུ་ནག་ཚོ་དང་རྒྱ་བརྩོན་གཉིས་ཀྱིས་ཡང་དང་ཡང་དུ་ཞུས་ནས་བསྒྱུར་ཅིང་གཏན་ལ་ཕབ་ཅེས་དང་། བསྟན་བཅོས་དེ་ཡི་མཛད་པ་པོ་སྨྲ་བའི་ཚེ་རང་མིང་མི་སྦྱར་བ། མཁས་མཆོག་བྷ་བྱའི་མཚན་འདི་སྦྱར་དོན་ཇི་ལྟར་ལགས། ད་དུང་གཞུང་དེའི་ལྡེབ་ངོས༼༡༧༽ལས། བདག་གིས་བཀོད་པའི་རྟོག་གེ་འབར་བ་ལ་སོགས་པར་བལྟ་བར་བྱའོ་ཞེས་བསྙད་པ་དེ་ལ་འགྲེལ་པ་ཇི་ལྟར་བྱ་ཞེས་དྲིས་ན། གཞི་མེད་པ་ལ་བསྐུར་འདེབས་མང་དག་ཅིག་ལས་ཉན་པར་འོས་པའི་ལན་གང་ཡང་མེད་དོ། །  ཡང་བསྐྱར་བོད་ཀྱི་གཞུང་ཆེན་དང་། རྒྱ་གར་མཁས་པའི་གཞུང་ཆེན་དག་ལ་རྩོམ་གཤིས་མི་འདྲ་གང་དག་ཡོད་ལེགས་པར་སྨྲ་བར་ཞུ་ཞེས་ཞུས་ན། ཁོ་ན་རེ། མང་པོ་མི་ཤེས་མོད་ས་བཅད་སྒྲིག་སྲོལ་ཡོད་མེད་དང་ཐོས་བསམ་བྱེད་དུས་རྟོགས་དཀའ་སླ་ཡོད་དོ་ཞེ་ན། རྒྱུ་མཚན་གཉིས་ཀ་མ་ངེས་པ་ཁོ་ན་སྟེ།  ས་བཅད་རྒྱ་གར་མཁས་པས་ཀྱང་བཞག་སྟེ། སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་བཤད་སྦྱར་༼༤༠༨༽ལས།  འདི་ཚིགས་སུ་བཅད་པ་དང་པོ་ནི་ཞེས་པ་ནས། དེ་ནས་དགེ་བ་ཡོངས་སུ་བསྔོ་བའི་ཚིགས་སུ་བཅད་པ་གཅིག་གིས་ཏེ། འདི་ནི་གཞུང་འདིའི་ལུགས་སོ། ། ཞེས་པའི་བར་དུ་ས་བཅད་བཅུ་གཉིས་བཞག་སྟེ་བསྟན་པས་སོ། །  རྟོགས་དཀའ་བ་ཡང་བོད་ཀྱི་མཁས་པས་མཛད་པ་ཡོད་པའི་ཕྱིར་ཏེ། དཔེར་ན་རིགས་གཏེར་རང་འགྲེལ་བཞིན། ཁྱེད་ཀྱིས་བཤད་པ་ལྟར་ན་རིགས་གཏེར་རང་འགྲེལ་ཆོས་ཅན། རྒྱ་གཞུང་ཡིན་པར་ཐལ་བར་འགྱུར་ཏེ། རྟོགས་དཀའ་བའི་ཕྱིར། ཁྱབ་བ་མྱོང་བས་གྲུབ་པ་དང་། རྟགས་ནི་ཁྱེད་ཀྱིས་ཞལ་བཞེས་སོ། ། དེ་སྐད་ལེགས་པར་དཔྱད་ན་དམ་བཅའ་ཆུ་ཡི་རི་མོ་དེ་སྟོང་པའི་ཚོན་གྱིས་བཀོད་པའི་འཇའ་ཡི་རྗེས་སུ་མ་སོང་ངམ།

༼ ༣ ༽ རིན་ཆེན་སྒྲོན་མེ་མཛད་པ་པོ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་ལེགས་ལྡན་འབྱེད་ལ་གོ་མི་རུང་སྟེ། ལེགས་ལྡན་འབྱེད་ལ་སྔ་ཕྱི་གཉིས་ཡོད་ཅིང་། རིན་ཆེན་སྒྲོན་མེ་མཛད་པ་པོ་ནི་ལེགས་ལྡན་འབྱེད་ཕྱི་མ་ཡིན་ཞིང་དེ་ཡང་ལྷ་གཅིག་ཇོ་བོ་རྗེ་ཡི་བླ་མ་ཡིན་ཅེས་འབྲུག་པད་མ་དཀར་པོས་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད༼ ༥༡ ༽ལས་གསུངས་པ་འདུག་སྟེ། ལུང་རིགས་གང་ཡང་སྒྲུབ་བྱེད་དུ་མ་མཐོང་ཞིང་། གནོད་བྱེད་འདུག་པས་འཐད་པ་མི་སྣང་ངོ་། ། སྒྲུབ་བྱེད་མེད་པའི་ཚུལ་ཇི་ལྟར་ཞེ་ན། ལེགས་ལྡན་འབྱེད་ཕྱི་མ་ཇོ་བོ་རྗེ་ཡི་བླ་མ་ཡིན་ཅེས་པ་ནི་ཇོ་བོ་རྗེའི་སྔགས་སྐོར་གྱི་བླ་བརྒྱུད་གང་ན་ཡང་ལེགས་ལྡན་འབྱེད་ལས་ཇོ་བོ་རྗེ་ལ་བརྒྱུད་ཚུལ་མ་མཐོང་ཞིང་། ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་རང་གཞུང་དུ་ཇོ་བོ་རྗེའི་སློབ་དཔོན་དག་སྨྲས་པའི་ཚེ་ན་ཡང་། ལེགས་ལྡན་འབྱེད་ཇོ་བོས་བླ་མར་བསྟེན་ཚུལ་བསྙད་རྒྱུ་ཡོད་དགོས་པ་ལས་བཤད་མེད་པའི་ཕྱིར་དང་། མདོ་ཕྱོགས་ནས་ཀྱང་། དབུ་མའི་བཤད་རྒྱུན་འཆད་སྐབས་ལེགས་ལྡན་འབྱེད་ལས་ཇོ་བོ་རྗེ་ལ་བརྒྱུད་ཚུལ་མ་བྱུང་བའི་ཕྱིར། དེས་ན་ཡང་དག་པའི་སྒྲུབ་བྱེད་གང་ཡང་མི་སྣང་ངོ་། ། ད་དུང་ལེགས་ལྡན་འབྱེད་ལ་སྔ་ཕྱི་གཉིས་འདོད་དགོས་པའི་རྒྱུ་མཚན། རིན་ཆེན་སྒྲོན་མེ་དཔལ་ལྡན་ཟླ་གྲགས་ཀྱི་རྗེས་སུ་འབྲངས་པའི་ལེགས་ལྡན་འབྱེད་ཀྱིས་བྱས་པ་དང་། རྩ་ཤེར་གྱི་ཚིག་འགྲེལ་ཤེས་རབ་སྒྲོན་མ་རང་རྒྱུད་པའི་སྲོལ་འབྱེད་ཆེན་མོ་ལེགས་ལྡན་འབྱེད་ཀྱིས་མཛད་ཅིང་དེ་ནི་ཟླ་གྲགས་ཀྱི་ཕྱོགས་སྔ་ཡིན་པས། དེ་གཉིས་གཅིག་ཏུ་ཡིན་མི་སྲིད་ཅེས་ཡང་ནས་ཡང་དུ་སྨྲ་བ་མཐོང་ཞིང་ཐོས་གྱུར་མོད། ལེགས་ལྡན་འབྱེད་ལ་ཆེ་ཆུང་དང་སྔ་ཕྱི་གཉིས་སུ་གསུངས་པའི་ཚད་ལྡན་གྱི་སྒྲུབ་བྱེད་མེད་པར་ངེས་ཞེས་གོང་དུ་ཞུས་ཟིན་ལ།  ལེགས་ལྡན་འབྱེད་ཀྱི་སྐུ་ཚེ་སྟོད་སྨད་ལ་ལྟ་བ་འགྱུར་མི་སྲིད་པ་ཡང་མིན་ཏེ། དཔེར་ན། དཔལ་ལྡན་ཆོས་སྐྱོང་དང་སློབ་དཔོན་དབྱིག་གཉེན་དང་ཕྱོགས་གླང་། སློབ་དཔོན་དཔའ་བོ་བཞིན་ནོ། ། དེ་དག་གི་རྣམ་ཐར་ལ་ཅུང་ཙམ་གཟིགས་མྱོང་ཡོད་ན་མཁྱེན་པར་འགྱུར་རོ། ། དེས་ན་མཁས་མཆོག་ལེགས་ལྡན་འབྱེད་ཁོང་། སྐུ་ཚེ་སྨད་ལ་ཟླ་གྲགས་ཀྱི་རྗེས་སུ་འབྲངས་ཞེས་ཞུས་ན་ཅི་སྨྲ། སྒྲུབ་བྱེད་གང་ཞེ་ན། མཁན་ཆེན་གཞན་དགའ་རིན་པོ་ཆེས།  དཔལ་ལྡན་ཟླ་བ་གྲགས་པ་ཡིས། །དངོས་པོ་སྟོབས་ཞུགས་རིགས་པའི་ལམ། ། མཐོང་ནས་མཁས་མཆོག་ལེགས་ལྡན་འབྱེད། ། རྗེས་སུ་འབྲངས་པ་ངོ་མཚར་ཆེ། ། ཞེས་གསུངས་པས་གྲུབ་བོ་སྙམ། ཁོ་བོ་ནི་དེའི་རྗེས་སུ་འབྲང་བར་བྱའོ། །   ཡང་ཁོ་ན་རེ།  ལེགས་ལྡན་འབྱེད་དང་ཟླ་གྲགས་གཉིས་དུས་མཚུངས་ཡིན་པའི་སྒྲུབ་བྱེད་གང་དག་ཡོད་ཅེ་ན།   དྲི་བ་སྟོབས་ལྡན་འདི་ལ་མཐའ་ཆོད་པའི་ལན་ཞིག་ཁོ་བོ་ལ་མེད་ཀྱང་།   རྟོག་གེ་འབར་བ་ལེའུ་ལྔ་པ་༼༣༤༧༽ལས། ཐེག་པ་ཆེན་པོ་ཉིད་ཀྱི་སློབ་དཔོན་ཐོགས་མེད་དང་དབྱིག་གཉེན་ལ་སོགས་པ་གཞན་དག་ནི་ཞེས། ཐོགས་མེད་སྐུ་མཆེད་གཉིས་དངོས་སུ་ཕྱོགས་སྔར་བྱས་འདུག་པ། དུས་དེ་དང་མཚུངས་པར་དཔལ་ལྡན་ཟླ་གྲགས་ཀྱིས་འཇུག་འགྲེལ་༼༤༦༥༽ལས། གནས་བརྟན་དབྱིག་གཉེན་དང་ཕྱོགས་ཀྱི་གླང་པོ་དང་། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས།  ཞེས་ཕྱོགས་སྔར་བཞག་འདུག་པས།  ཁོ་བོས་ལེགས་ལྡན་འབྱེད་དང་ཟླ་གྲགས་གཉིས་དུས་མཉམ་དུ་འཚོ་བཞུགས་གནང་ཡོད་པར་སེམས་སོ། །  འོན་ཀྱང་། མཁས་མཆོག་བྷ་བྱ་ཡི་མཛད་པའི་གཞུང་དག་སྨོས་པའི་ཚེ། རིན་ཆེན་སྒྲོན་མེ་བགྲང་མཁན་དཀོན་པར་མཐོང་། རེད་དེ་གོང་ཞུས་ལྟར། བུ་སྟོན་ཆོས་འབྱུང་ལས། ལེགས་ལྡན་འབྱེད་ཀྱི་གཞུང་མཛད་པ་རིན་ཆེན་སྒྲོན་མེ་ཞེས་དང་།  ད་དུང་བླ་མ་མི་ཕམ་རིན་པོ་ཆེས། རབ་གསལ་བརྒལ་ལན་༼༢༠༡༽ལས། དབུ་མ་སྨྲ་བའི་པཎ་གྲུབ་ཆེན་པོ་རྣམས་ཀྱི་གདམས་ངག་ཕྱོགས་གཅིག་ཏུ་བསྡུས་པར་གྲགས་པ་སློབ་དཔོན་བྷ་བྱའི་དབུ་མ་རིན་པོ་ཆེའི་སྒྲོན་མེ། ཞེས་གསུངས་པ་ལས། གཞན་མང་པོ་མི་སྣང་ངོ་། །  གང་ལྟར། རིན་ཆེན་སྒྲོན་མ་དང་རྟོག་གེ་འབར་བ་གཉིས་མཛད་པ་པོ་གཅིག་ཡིན་པ་རིན་ཆེན་སྒྲོན་མེ་ལས་བདག་གིས་བཀོད་པའི་རྟོག་གེ་འབར་བ་ལ་སོགས་པར་བལྟ་བར་བྱའོ། ། ཞེས་གསུངས་པས་གསལ་ལོ། ། སོགས་ཁུངས་ནང་དུ་ཤེས་རབ་སྒྲོན་མ་ཡོད་པ་ནི་ཅིས་ཀྱང་མཁྱེན་དགོས་པའི་གནད་ཅིག་ཏུ་སེམས་སོ། །  དེས་ན་རྟོག་གེ་འབར་བ་འདི་དབུ་མ་སྙིང་པོའི་རང་འགྲེལ་ཡིན་པར་ངེས་གྱུར་ན། རིན་ཆེན་སྒྲོན་མེའི་བྱེད་པ་པོ་ལེགས་ལྡན་འབྱེད་ཡིན་པ་ཤུགས་ལ་གྲུབ་པས། མང་དུ་སྨྲ་ལ་དགོས་པ་མེད་དོ་སྙམ། ཅིའི་ཕྱིར་དེ་ལྟར་སྨྲ་ཞེ་ན། རྟོག་གེ་འབར་བའི་གཞུང་དངོས་ལ། ལེགས་པར་དཔྱད་དེ་རིན་ཆེན་སྒྲོན་མེ་རུ་ཞིབ་ཏུ་གཟིགས་ན་རྟོགས་པར་འགྱུར། ཇི་ལྟར་རྟོགས་པར་འགྱུར་ཞེ་ན། རིན་ཆེན་སྒྲོན་མེ་ཞེས་བྱ་བའི་བསྟན་བཅོས་འདི་རྟོག་གེ་འབར་བའི་བསྡུས་དོན་དུ་མཛད་པ་ཁོ་བོའི་བློ་ཡིས་མཐོང་ངོ་། ། འཐད་དང་མི་འཐད་ནི་གཞུང་དངོས་ལ་ཞུགས་ཏེ་དཔྱོད་དང་གསལ་བར་མཁྱེན་པར་འགྱུར་ཞེས་ཀྱང་སྨྲའོ། །

རིན་ཆེན་སྒྲོན་མེ་བོད་ཀྱིས་བྱས་པའམ། །

ཡང་ན་བྷ་བྱ་ཕྱི་མས་མཛད་ཅེས་པར། །

སྔོན་བྱོན་ལོ་རྒྱུས་མཐུན་པའི་སྒྲུབ་བྱེད་ཅིག །

བཙལ་ཀྱང་རྙེད་དུ་མེད་པས་མི་འཐད་དོ། །

དོན་བསྡུ་བའི་ཚིགས་སུ་བཅད་པ་གསུམ་པ་སྟེ་ཐ་མའོ། །

ད་ནི་ག་ལས་འཇིགས་མེད་དང་རྟོག་གེ་འབར་བ་རིན་ཆེན་སྒྲོན་མེ་གསུམ་གྱི་མཛད་པ་པོ་རྣམ་པར་འབྱེད་པ་ལོག་སྨྲའི་སྤ་བཀོང་མི་འཇིགས་ཤེས་རབ་བསླུ་མེད་ཀུན་མཁྱེན་བླ་མའི་དགོངས་རྒྱན་ཞེས་བྱ་བ་འདི་ཉིད་རེ་ཞིག་བསྟན་ཟིན་ཏོ།། །།

སླར་སྨྲས་པ། །

འཐད་དང་མི་འཐད་དགག་དང་སྒྲུབ་པ་ནི། །

མཁས་པའི་བྱ་བ་ལགས་པས་མི་འཇོན་མོད། །

འོན་ཀྱང་དམ་པའི་སྤྱོད་ལ་གོམས་པའི་ཕྱིར། །

ཉུང་ཟད་བྲིས་པ་འདི་ནས་རྫོགས་པར་བྱ། །

བསྟན་བཅོས་འདི་ཀོ་བྱ་རོག་སོ་རྟོག་དང་། །

མཚུངས་པར་སྙམ་ན་དེ་དང་དེ་ཡི་ངོར། །

དེ་བཞིན་ཡིན་པར་སྐྱེ་བོ་སུ་ཞིག་བསྙོན། །

འོན་ཀྱང་གདོད་མའི་ངོ་བོ་འགྱུར་རེ་སྐན། །

ངན་རྟོག་ཆུ་ཕྲན་བསྲུབས་ཏེ་རྡུལ་སྨག་གིས། །

རྣམ་དཔྱོད་ཉ་ཡི་མིག་དབང་བསྒྲིབས་གྱུར་པའི། །

སྐྱེ་འགྲོའི་ཚོགས་ལ་བསྩལ་བའི་ཀེ་ཏ་ཀ །

ཕངས་མེད་ལོངས་སུ་སྤྱོད་ཅིག་ཕན་པར་ངེས། །

ལུང་འདྲེན་ཁོ་ནས་བསྟན་བཅོས་མ་བྱས་ཤིང་། །

རྣམ་རྟོག་ཁོ་ནས་ཡིག་ཚོགས་མ་སྤུངས་པ། །

གཟུར་གནས་བློ་ཡིས་བསྐྲུན་པའི་དཔྱད་གཏམ་ལ། །

ནོངས་པ་མཆིས་ན་བཟོད་པར་བཞེས་སུ་གསོལ། །

ལེགས་པར་དཔྱད་དེ་ཡོངས་སུ་གྲུབ་དུས་འདིར། །

ལེགས་པའི་མེ་ཏོག་ཇི་སྙེད་བཞད་པ་ཀུན། །

ལེགས་ཉེས་བླང་དོར་འབྱེད་པའི་ཤེས་རབ་མིག །

ལེགས་པར་སྩོལ་མཛད་བཤེས་གཉེན་དྲིན་དུ་གོ །

འདི་བྲིས་དགེ་བ་གང་མཆིས་འདི་ནས་བཟུང་། །

ནམ་མཁའ་མ་ཞིག་བར་དུ་ཐུབ་པའི་བསྟན། །

ཡུན་རིང་གནས་ཤིང་དེ་འཛིན་སྐྱེས་ཆེན་རྣམས། །

སྐུ་ཚེ་བརྟན་ཅིང་ཐུགས་བཞེད་འགྲུབ་ཕྱིར་བསྔོ། །

ཞེས་པ་འདི་ནི་མཁས་གྲུབ་བྱེ་བའི་འབྱུང་གནས་རྫོང་སར་ལྔ་རིག་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་གླིང་ནས་ལོ་ངོ་གཉིས་དང་ཕྱེད་ཙམ་ལ་བཀའ་དྲིན་མཚུངས་མེད་དགེ་བའི་བཤེས་གཉེན་དམ་པ་འཇམ་མགོན་གཞན་ཕན་སྙིང་པོ་གཙོས་པའི་བཤེས་གཉེན་དུ་མའི་མདུན་ནས་ཟབ་དོན་དབུ་མའི་གཞུང་ལུགས་ལ་ཐོས་བསམ་གྱི་སྐལ་བ་ལྡན་པའི་བསོད་ནམས་ཅན་ཁྲ་རིགས་རིག་འཛིན་གྲགས་པར་འབོད་པ་དེས་རབ་བྱུང་བཅུ་བདུན་པའི་འཕར་བ་ལྕགས་གླང་ལོའི་དབུ་མ་གོང་མའི་སློབ་མཇུག་རྒྱུགས་རྩོམ་དུ་སྨལ་པོ་ཟླ་བའི་ཚེས་ཉི་ཤུ་ཉིན་རང་ཤག་དཔེ་མང་སྤུངས་པའི་ལྡིང་ཁང་ནས་ཞུ་དག་དང་བཅས་ཏེ་མཇུག་རྫོགས་པར་བྱས་པ་དགེའོ།། །།

འདི་ཡང་ཟབ་དོན་དབུ་མའི་གཞུང་ལུགས་ཀྱི་བསྟན་པ་རྒྱས་པའི་རྒྱུ་རུ་སྨོན། ཐམས་ཅད་བཀྲ་ཤིས་པར་གྱུར་ཅིག། །།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2116