གཅིག

       འདི་ནི་དུས་རབས་ཉི་ཤུ་བའི་དུས་མཇུག་ཏུ་ལོ་རབས་བདུན་ཅུ་ནས་དགུ་བཅུའི་བར་བྱུང་བའི་དངོས་བྱུང་གཏམ་རྒྱུད་ཅིག་ཡིན་ཟེར་ན་ཡང་མི་ཆོག་རྒྱུ་མེད་ལ།ཡང་སུ་ཞིག་གིས་བློས་རྟོག་བཟོ་བྱས་པ་ལས་ཐོན་པའི་རྩོམ་རིག་བརྩམས་ཆོས་ཤིག་རེད་ཟེར་ན་ཡང་ཆོག་སྟེ།སྐབས་དེ་དུས་སུ་བོད་ཀྱི་ཡུལ་འདིར་འདི་ལྟ་བུའི་དོན་དག་གང་མང་མང་ཞིག་བྱུང་མྱོང་བས་ཡིན།
       དེ་ཡང་སྔོན་ཆད་མདོ་ལྷོ་ས་ཆའི་ཡ་གྱལ་དུ་གཏོགས་པའི་ཨ་མཆོག་གྲོང་བརྡལ་གྱི་ལྷོ་ཕྱོགས་སུ་གནས་པའི་ཉི་མ་ལུང་སྡེ་བའི་ཉི་མ་ལུང་ཉག་ཁ་རུ་ཇག་ཚོགས་ཤིག་ཡོད་པ་ལ།གནམ་ན་སྐར་མ་སྨེ་བདུན།ས་ན་ཇག་པ་སྤུན་བདུན་ཞེས་ཀུན་གྱི་ཁ་ན་རླུང་ལྟར་གྲགས་ལ།ཁོ་ཚོར་བསྡོམས་པའི་ཇག་པ་མི་བདུན་ཡོད་པ་ལས་མི་གཉིས་ཨ་མཆོག་ས་ཆ་དང་ས་མཚམས་འབྲེལ་བའི་འབོ་ར་ས་ཆའི་ཡིན་པ་ཕུད་གཞན་ཚང་མ་ཨ་མཆོག་ས་ཆའི་མི་ཏག་ཏག་རེད།ང་ཚོའི་ས་ཆ་ལ་ལར་དུས་ད་ལྟ་ད་དུང་ཡང་བཤད་ཚུལ་ཞིག་ཡོད་པ་ནི་འབོ་ར་ཨ་མཆོག་གི་མི་རྣམས་ཇག་རྐུན་གྱི་ལས་ལ་དགའ་རབས་བཤད་མོད།འོན་ཀྱང་འབོ་ར་ཨ་མཆོག་གི་མི་ཡོད་དོ་ཅོག་དེ་འདྲ་ཞིག་ག་ལ་ཡིན་ཏེ་མིན་པར་འདོད།དེ་ནི་གཙོ་བོ་མི་རེ་གཉིས་ཤིག་གི་བྱས་ཉེས་ལ་ལྟོས་ཏེ་ཐུན་མོང་སྤྱི་ལ་བཟུང་བའི་ལྟ་ཚུལ་ཕྱོགས་རེ་བ་ཙམ་ལས་མ་འདས་སྙམ།ཡང་གཅིག་བཤད་ན་ལོ་རབས་དེ་དང་སྤྱི་ཚོགསས་དེའི་ནང་དུ་ཇག་རྐུན་གྱི་ལས་ལ་བརྟེན་ཏེ་ཁ་གསོ་རྒྱབ་འགེབ་བྱེད་པ་ནི་འབོ་ར་ཨ་མཆོག་མ་ཟད་བོད་བྱིངས་ལ་ཡོད་པའི་རིམས་ནད་ཅིག་རེད་ཟེར་ན་འགའ་ཞིག་སྡང་ཡང་སྲིད་མོད།འོན་ཀྱང་དོན་དངོས་ནི་དོན་དངོས་རང་སྟེ་ང་ཚོའི་དམངས་ཁྲོད་ཀྱི་གླུ་ཚིག་མང་བོ་ཞིག་ལ་སོམས་དང་།སྟག་ཤ་ར་ཞིག་ཡིན་ཕྱིན་ཕྱོགས་ཡར་མར་དུ་ཇག་ལ་འགྲོ་བ་ནི་སྐབས་དེའི་སྐྱེས་པ་ཕོ་ཞིག་ལ་མཚོན་ན་ཡོད་འོས་པའི་ཁྱད་ཆོས་བཟང་བོ་ཞིག་ཡིན་པ་འདྲ་ལ།ཇག་པ་སྤུན་བདུན་ནི་ཁྱད་ཆོས་དེ་ཆེས་ཆེར་ལྡན་པའི་ཉི་མ་ལུང་ཉག་གའི་ཇག་ཚོགས་ཤིག་ཡིན་ཞིང་།ཁྱོད་ཀྱིས་ངའི་སྨྱུག་རྩེ་ཡི་རྐང་རྗེས་དེད་དེ་ཉི་མ་ལུང་ཉག་ག་དང་ཇག་པ་སྤུན་བདུན་བར་གྱི་གཏམ་རྒྱུད་དེ་ཤེས་འདོད་དམ།
       ཁ་སང་དེ་རིང་ཉི་མ་ལུང་ཉག་ག་རུ་སྣུམ་ལམ་རིང་མོ་ཞིག་ནག་ལམ་མེར་བཏིངས་ཡོད་པའི་སྟེང་དུ་འགྲིམ་འགྲུལ་འཕྲུལ་འཁོར་སྣ་ཚོགས་ཅི་དགར་རྒྱུ་ཞིང་ཁ་ལོ་བ་ཚོས་སེམས་ལྷོད་ལྷོད་བྱས་ནས་ཉག་ག་འདི་བརྒལ་ཆོག་པ་མ་གཏོགས།སྔོན་ཆད་ས་ལམ་འུ་ཐུག་པ་ཞིག་ལས་སྣུམ་ལམ་ད་དུང་བཏིང་མེད་དུས་སུ་ཉི་མ་ལུང་ཉག་ག་ནི་ཁ་ལོ་བ་ཚོར་མཚོན་ན་ཆེས་སྐྲག་སྣང་སྐྱེ་སའི་ཉག་ག་དེ་ཡིན་ལ།ལྷག་པར་དུ་ཟོག་འདྲེན་རླངས་འཁོར་ཆེ་བ་དག་གི་ཁ་ལོ་བ་ཚོས་ཉག་ག་འདི་ལ་སྤྱང་ལྟོགས་ཉག་ག་ཞེས་ཧ་ཅང་ཉེན་གཡོལ་བྱེད་དགོས་པའི་ཉག་ག་ཞིག་ཏུ་ངོས་འཛིན་བྱས་མྱོང་།ཉི་མ་ལུང་ཉག་ག་དང་བར་ཐག་སྤྱི་ལེ་གཅིག་ཙམ་ཡོད་པའི་སར་ཉི་མ་ལུང་ཞེས་འབྲོག་ལས་དང་རོང་ལས་གཉིས་ཀ་གཉེར་བའི་ས་མ་འབྲོག་གི་སྡེ་བ་དེ་ཆགས་ཡོད་ཅིང་།སྡེ་བ་འདིའི་ཁྱིམ་ཚང་ག་གེ་མོ་ཞིག་གི་ཁང་མིག་ག་གེ་མོ་ཞིག་ནི་སྔོན་ཆད་ཇག་པ་སྤུན་བདུན་གྱི་གཞུང་ལས་ཁང་ལྟ་བུར་གྱུར་ཡོད་དེ།ཁོ་ཚོ་ཧ་ཅང་གསང་སྟབས་ཀྱིས་ཁང་མིག་དེ་རུ་འཛོམས་ཏེ་ཐེངས་རེ་རེའི་བརྐུ་འཕྲོག་གི་འཆར་གཞི་ལེགས་འགྲུབ་ཡོང་བར་གྲོས་མོལ་འཐུས་ཚང་བ་ཞིག་བྱས་རྗེས་རང་རང་སར་བུད་འགྲོ་ལ།ཡང་ཁ་ཆད་བྱས་ཟིན་པའི་དུས་ཚོད་ལྟར་ཕྱིར་ཁང་མིག་འདི་རུ་འཛོམས་འོང་བ་རེད།
       སྡེ་བ་ཞིག་ལ་སྡེ་དཔོན་དང་ཁྱིམ་ཚང་ཞིག་ལ་བཟའ་དཔོན་ཡོད་པ་ལྟར།ཇག་ཚོགས་ཤིག་ལ་ཡང་ཇག་དཔོན་ལོས་ཡོད་དེ་སྐལ་བཟང་ཚེ་རིང་ནི་ཇག་པ་སྤུན་བདུན་གྱི་ཇག་དཔོན་རེད།ཉི་མ་ཕ་གིའི་ནུབ་རིའི་ཕག་ཏུ་བཞུད་ལ་ཉེ་བའི་སྐབས་ཤིག་ལ་ཁོ་རང་ཁ་ཆད་བྱས་ཟིན་པའི་དུས་ཚོད་ལྟར་གསང་བའི་ཁང་མིག་དེ་རུ་ཐོན་འདུག་ལ།སྒེའུ་ཁུང་གི་སྒེའུ་ཡོལ་ཡར་ཅུང་ཙམ་བཏེགས་ཏེ་ཕྱི་རོལ་གྱི་གྲག་འགུལ་ལ་སོ་བ་བྱེད་བཞིན་བསྡད་འདུག ཁོ་ནི་རྒྱབ་ནས་བལྟས་ན་གཟུགས་རིང་ཞིང་ཕྲག་ཞེང་ཆེ་ལ་སྐྲ་རིང་བོ་སོག་འདབས་སུ་སླེབས་པ་ཞིག་བསྐྱུར་ཡོད་ལ།ཡང་མདུན་ནས་བལྟས་ན་ངོའི་ཤ་མདོག་གནག་ཅིང་ཁའི་སོ་ཕྲེང་དཀར་བས་བུ་སྨུག་པོ་དུང་གི་སོ་སྒོ་ཅན་ཟེར་ན་འདི་འདྲ་ཞིག་ལོས་ཡིན་སྙམ་པའི་སྣང་བ་དབང་མེད་དུ་སྟེར་ལ།ད་དུང་ཁོའི་མིག་ཟུང་གཉིས་ཆེ་ཞིང་གོར་ལ་མིག་རྩ་ཅུང་ཙམ་དམར་མདངས་དང་ལྡན་ལ།སྨིན་མ་གཉིས་གནག་ཅིང་མཐུག་ལ་སྨིན་མཐའ་གཉིས་ཡར་ཅུང་ཙམ་འཁྱིལ་ཡོད་པ་མ་ཟད།དཔྲལ་བའི་དབྱེས་ཀྱི་ཆེ་ཆུང་ཚད་དང་རན་ཞིང་སྣ་དང་མ་ནེ་ཡི་སྐྱེ་ཚད་ཀྱང་མིག་ལ་རན་པས་གསར་བུ་ཕོ་སྒོ་ཅན་ཞིག་མ་རེད་ཟེར་ཐབས་མི་འདུག ཁོས་སྒེའུ་ཁུང་ལས་སོ་བ་ཡུད་ཙམ་བྱས་རྗེས་ཁང་ཁྱིམ་དེ་རུ་ཡོད་པའི་རྐུབ་སྟེགས་ཤིག་ཏུ་ཙོག་པུར་བསྡད་ཅིང་།ཁང་བའི་གྱང་ལ་འཁེན་དུ་བཅུག་ནས་བཞག་ཡོད་པའི་བོའུ་རིང་དེ་ལག་ཏུ་བླངས་ནས།བོའུ་མཆུ་ནས་འགོ་བརྩམས་ཏེ་བོའུ་རིང་དེའི་མགོ་མཇུག་ཡོངས་ལ་འཕྱིད་འཕྱིད་ཙམ་བྱས་ཤིང་།རུམ་ཏུ་ལག་སྙོབ་བྱས་ནས་རས་ཁུག་ཆུང་ཆུང་ཞིག་ཕྱི་རུ་བཏོན་ཅིང་།རས་ཁུག་ཆུང་ཆུང་དེའི་ནང་གི་མདེའུ་ཉི་ཤུ་ལྷག་ཡོད་པ་ལ་ཡང་རེ་རེ་བྱས་ཏེ་འཕྱིད་འཕྱིད་ཙམ་བྱས་ལ།ཡང་དེ་དང་ཆབས་ཅིག་མཚམས་རེར་ཁང་བའི་ཕྱི་རོལ་ནས་རླུང་སྒྲ་ལྟ་བུ་རེ་གྲགས་པའི་ཚེ་ན་ཡང་དེ་མ་ཐག་ལག་གི་ལས་ཀ་ལས་མཚམས་བཞག་སྟེ་ཕྱི་རོལ་གྱི་གྲགས་འགུལ་ལ་མཉམ་འཇོག་བཞིན་བསྡད་འདུག
       སྐལ་བཟང་ཚེ་རིང་ཕུད་ཇག་པ་གཞན་དྲུག་པོ་ཡང་གཅིག་ལས་གཅིག་གི་གཟུགས་སྟོབས་ཆེ་ཞིང་གཅིག་ལས་གཅིག་གི་གདོང་དབྱིབས་དང་སྐྱེ་གཟུགས་མིག་ལ་ཡག་པས།བརྒྱ་ལ་ཁོ་ཚོས་ཇག་པའི་ལམ་ཁ་དེ་དེད་མེད་པར་སྐྱེ་གཟུགས་ངོམ་པའི་ཤོམ་འགྲོའི་ལས་རིགས་སུ་ཞུགས་ཐུབ་པ་ཡིན་ན་ནི།ཁོ་ཚོ་ཚང་མ་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་ཤོམ་འགྲོ་བ་རེ་རེར་འགྱུར་སྲིད་པ་གདོན་མི་ཟ་སྙམ།ཡིན་ན་ཡང་དུས་སྐབས་དེར་མཚོན་ན་ཁོ་ཚོ་སུ་ཞིག་ཡིན་ན་ཡང་ཤོམ་འགྲོའི་ལས་རིགས་ཞེས་པ་ནི་ཧ་ལམ་སློབ་ཆུང་སློབ་མ་ཞིག་ལ་འབར་གས་ཆེན་པོ་ནས་ནག་ཁུང་བར་ཞེས་འཇིག་རྟེན་རིག་པའི་གཞུང་ལུགས་རྒྱ་ཆེ་བ་ཞིག་བཤད་པ་དང་འདྲ་བར་ཀླད་པ་ཡོངས་སུ་རྫོགས་པ་ནག་འཐོམ་མེར་འདུག་པས།ཇག་རྐུན་གྱི་ལས་སུ་ཞུགས་ཏེ་ཁ་གསོ་བ་དང་མི་ཚེ་གཏོང་རྒྱུ་ནི་ཁོ་ཚོ་མི་རེ་ངོ་རེའི་མི་ཚེའི་ཕུགས་བསམ་དང་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པའི་ལམ་བུ་ཉག་གཅིག་ཏུ་གྱུར་འདུག་ལ་དེ་ལྟར་གྱུར་བ་ལ་ཡང་ཁག་ཆེ་ཡོད་སྙམ་སྟེ།ཁོ་ཚོའི་ཕ་ཨ་ཁུ་རྣམས་ཀྱང་ཇག་རྐུན་ཡིན་པ་དང་ཇག་རྐུན་མིན་ན་ཡང་ཇག་རྐུན་གྱི་ལས་ལ་དགའ་མཁན་ཤ་སྟག་ཡིན་པས།གཟུགས་མེད་ཀྱི་བག་ཆགས་རྙིང་བ་ཞིག་ཁོ་ཚོའི་ཤ་གསེང་རུས་གསེང་ལ་ཁ་རོག་གེར་ཡིབ་ཡོད་ལས་ཆེ།ཁོ་ཚོས་ཕན་ཚུན་གྱི་བར་ལ་བར་ཐག་ངེས་ཅན་རེ་བཟུང་ནས་སྔ་གཞུག་ལྟར་གསང་བའི་ཁང་མིག་དེའི་ཕྱོགས་སུ་འགྲོ་བཞིན་ཡོད་པ་དང་།ཅི་ཐུབ་ཀྱིས་མི་གཞན་གྱིས་མཐོང་བར་མཉམ་འཇོག་བྱེད་བཞིན་འདུག སྔ་མའི་ཇག་པ་མི་ལྔ་བོ་ནི་མིས་མ་མཐོང་ཞིང་ཁྱིས་མ་ཚོར་བར་བདེ་ལེགས་ངང་གསང་བའི་ཁང་མིག་དེ་རུ་འགྲོ་ཐུབ་སོང་།ཡིན་ན་ཡང་ཆེས་གཞུག་ཏུ་འགྲོ་བཞིན་པའི་གཅོད་པ་སྐྱབས་ཏག་ཏག་རྟར་ཆུ་བླུད་དེ་ཕྱིར་ཡུལ་ལ་འགྲོ་བཞིན་པའི་ས་མ་འབྲོག་གི་སྡེ་བ་དེའི་བུད་མེད་ཅིག་དང་གདོང་ཐུག་བརྒྱབ་མ་ཐག གཅོད་པ་སྐྱབས་ཀྱི་ངོ་མདངས་ཀྱང་འགྱུར་ནས་བུད་མེད་དེ་དང་ཁ་གཏད་དུ་ཧད་དེ་བསྡད་མོད།འོན་ཀྱང་གཅོད་པ་སྐྱབས་ཀྱིས་ཅུང་ཙམ་ནས་ཐབས་བཀོད་ཅིག་དྲན་ཏེ་’ཡ།ཞི་མོ།ཁྱོད་ལ་རྒད་པོ་ཨེ་ཡོད།མེད་ན་ང་ཁྱེད་ཚང་ལ་མག་པ་ཡོང་ཆོག’ཅེས་བཤད་པ་ན།བུད་མེད་དེ་ཅུང་སྐྱེངས་པའི་ཚུལ་གྱིས་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་མདུན་དུ་སོང་ཞིང་གོམ་པ་ཉི་ཤུ་ཙམ་གྱི་སར་ཁ་ཕྱིར་འཁོར་ཏེ་བལྟས་པ་ན།གཅོད་པ་སྐྱབས་ཀྱི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་པར་གར་སོང་ཆ་མེད་དུ་གྱུར་འདུག
       མ་གཞི་གཅོད་པ་སྐྱབས་ནི་གསང་བའི་ཁང་མིག་དེ་རུ་ཐོན་འདུག་ལ།སྐལ་བཟང་ཚེ་རིང་གིས་སྒེའུ་ཁུང་ལས་ཕྱི་རུ་བལྟ་ཙམ་བྱས་ཤིང་ཕྱི་རོལ་ཧ་ལམ་བདེ་འཇགས་ཡིན་པ་དཔག་རྗེས་ཁ་ཕྱིར་འཁོར་ཏེ་ཇག་གྲོགས་རྣམས་ལ་’སང་ཉིན་ནམ་ལངས་མ་ཐག་ཆེས་མཇུག་མཐའི་འཆར་གཞི་དང་བོ་ལག་བསྟར་བྱེད།ད་ནི་ཚང་མས་ངལ་གསོ་དགའ་ཞིག་བྱོས།སྒོར་གཅིན་པ་རེ་གཏོང་དུ་འགྲོ་སྐབས་སྔོན་ལ་ངེས་པར་དུ་ཕྱི་རོལ་གྱི་གནས་ཚུལ་ལ་མཉམ་འཇོག་བྱོས།’ཞེས་གདམས་པ་ན།
       ‘ཡ།’
       ཚང་མས་མགྲིན་གཅིག་ཏུ་ལན་བཏབ།

གཉིས།

       ཇག་པ་རྣམས་གསང་བའི་ཁང་མིག་དེའི་ག་ས་གང་དུ་གཉིད་དུ་ཡུར་འདུག་ལ་གཅོད་པ་སྐྱབས་ཀྱིས་རྨི་ལམ་ཡག་པོ་ཞིག་ཀྱང་རྨི་འགོ་བརྩམས་པ་སྟེ།ཁོ་དང་ཇག་གྲོགས་རྣམས་ཀྱིས་ཟོག་འདྲེན་རླངས་འཁོར་ཆེ་བ་ཞིག་གི་སྔུན་བཀག་ནས་ཁ་ལོ་བར་བོའུ་ཁ་ཚད་པ་ན།ཁ་ལོ་བ་དེ་རླངས་འཁོར་ལས་མར་ལྡིང་ནས་པུས་མོ་གཉིས་ཀྱི་ལྷ་ང་ས་ལ་བཙུགས་ཏེ་’ངའི་སྐེ།ངས་ཁྱེད་ཚོར་ཞུ་བ་ཞིག་བྱེད།ང་རང་སྲོག་ཐར་ལ་གཏོང་རོགས།’ཞེས་ཞུ་བ་བྱེད་ཀྱིན་ཡོད་པ་དང་།ཇག་དཔོན་སྐལ་བཟང་ཚེ་རིང་གིས་’རླངས་འཁོར་ནང་གི་ཚོང་ཟོག་དང་ཁྱོད་ཀྱི་ལག་ནང་གི་སྒོར་མོ་ཁ་ཚང་གཅིག་ཀྱང་མ་ལུས་པར་ང་ཚོར་ཡག་པོ་བྱས་ནས་བྱིན་པ་ཡིན་ན་ང་ཚོས་ཁྱོད་རང་སྲོག་ཐར་ལ་གཏོང་ངེས་ཡིན།གལ་ཏེ་དེ་ལྟར་མི་བྱེད་ཟེར་ན་ངས་བོའུ་རྡེའུ་གཅིག་གི་འགྲོ་གྲོན་ལ་སེར་སྣ་མི་བྱེད།’ཅེས་བོའུ་ཁོག་ལ་མདེའུ་ཞིག་དེད་ནས་བོའུ་མཆུ་ཁ་ལོ་བ་དེས་ཐོད་པར་བཙུགས་ཤིང་།ཁ་ལོ་བ་དེའི་རྐང་སྣུམ་གྱི་འདོམ་ཡང་ག་ལེར་རློན་པར་གྱུར་ཞིང་མིག་གཉིས་བཙུམ་མ་ཕྱེས་ཀྱིས་’སྟེར་སྟེར་ཚང་མ་སྟེར།’ཞེས་བཤད་པ་ན་ཁོ་ཚོས་དེ་མ་ཐག་བྱང་ཆ་དོད་པའི་སྒོ་ནས་དེར་ཡོད་ཀྱི་ཚོང་ཟོག་གང་བཟང་སྐྱེལ་འགོ་བརྩམས་ཤིང་སྒོར་མོ་གང་ཡོད་འཁྱེར་འགོ་བརྩམས་སོང་།
       ཁོ་ཚོས་ཁ་ལོ་བ་དེའི་ལག་ནས་མི་རེར་ཐེམ་ཚད་ཀྱི་སྒོར་མོ་དང་མི་རེས་ཐེག་ཚད་ཀྱི་ཚོང་ཟོག་ཡིད་ཚིམ་པ་ཞིག་འཕྲོག་རྗེས།རང་རང་སར་བྲོས་ནས་ཡོང་བའི་ལམ་བར་དུ་གཅོད་པ་སྐྱབས་དེ་རིང་ཕྱི་དྲོ་ལམ་དུ་འཕྲད་པའི་རྟ་ལ་ཆུ་བླུད་རྗེས་ཕྱིར་ཁྱིམ་དུ་འགྲོ་བཞིན་པའི་བུད་མེད་རྟ་འཁྲིད་ཞིག་ཡོད་པ་དེ་ཡོད་སར་ཐོན་པ་མ་ཟད།’ཡ་ཞི་མོ།ང་དངོས་ནས་ཁྱོད་སར་ཐོན་ཡོད།’ཅེས་བཤད་པ་དང་མཉམ་དུ་ཁོ་གཉིས་ཕན་ཚུན་ལ་དམ་དུ་འཁྱུད་ནས་འདོད་པའི་དཔལ་ཡོན་ལ་རོལ་འགོ་བརྩམས་ཤིང་།བུད་མེད་དེས་ཆགས་པའི་སྒྲ་བར་མེད་དུ་འདོན་བཞིན་པའི་སྐབས་སུ་’གཅོད་པ།གཅོད་པ།’ཞེས་སྐལ་བཟང་ཚེ་རིང་གིས་ཁོའི་བསྡུས་མིང་ནས་འབོད་ཀྱིན་འདུག་ལ།ཇག་གྲོགས་གཞན་རྣམས་ཀྱིས་ཀྱང་ཁོ་སར་མིག་ཅེར་རེར་བལྟས་འདུག་པས།གཅོད་པས་ད་གཟོད་མ་གཞི་རང་ཉིད་ཀྱིས་རྨི་ལམ་སྐྱིད་པོ་ཞིག་རྨིས་པ་ཙམ་ལས་ཅི་ཡང་མི་འདུག་བསམ་བཞིན་སླར་ཡང་གཉིད་གྲབས་བྱེད་སྐབས།སྐལ་བཟང་ཚེ་རིང་གིས་ཡང་བསྐྱར་’གཅོད་པ།སྔོན་ཆད་ཁྱོད་ལ་ཞི་མོ་ཕར་ཞོག་ཕག་མ་ཞིག་ཀྱང་མེད་པ་ང་ཚོས་ཤེས་ནི་རེད།ཤོད།གསར་དུ་ངོ་ཤེས་པའི་ཞི་མོ་ཞིག་ཡོད་པ་ཡིན་ནམ།’ཞེས་དྲིས་ཤིང་གཅོད་པ་སྐྱབས་ཀྱི་སེམས་སུ་རང་ཉིད་ཆུང་དུས་ནས་བཟུང་གཉིད་བཤད་རྒྱག་མཁན་ཞིག་ཡིན་པ་ཨ་མས་ནམ་རྒྱུན་རང་ལ་བཤད་མྱོང་བ་དེ་དྲན་ནས་ཐོན་ཞིང་།དོ་ནུབ་ཡང་རང་གིས་ཞི་མོ་དེ་དང་འབྲེལ་བའི་གཉིད་བཤད་ཅིག་ཤོར་སོང་བ་རྟོགས་ཀྱང་’ག་ལ་ག་ལ།ང་ལ་ཞི་མོ་ཞིག་གང་ནས་ཡོད།’ཅེས་བཤད་ཅིང་གཉིད་རྒྱུ་མེད་ཀྱང་གཉིད་ཁུལ་བྱས་པ་ན་ཇག་གྲོགས་གཞན་རྣམས་ཀྱང་སྔ་གཞུག་ཏུ་གཉིད་ཀྱི་ཞིང་ཁམས་སུ་ཞུགས་འགོ་བརྩམས།
       ཇག་གྲོགས་རྣམས་སྔ་གཞུག་ཏུ་གཉིད་ཀྱི་ཞིང་ཁམས་སུ་ཕེབས་ཀྱང་གཅོད་པ་སྐྱབས་ཀྱིས་ད་ཅི་ལྟར་རྨི་ལམ་ཡག་པོ་ཞིག་རྨི་རྒྱུ་མ་བྱུང་བར་རྨི་ལམ་ཞེས་པ་ནི་དོན་དམ་དུ་ཡིད་རྟོན་ཕེར་ཆོག་པ་ཞིག་ཡིན་མིན་ལ་བསམ་བློ་གཏིང་ཟབ་གཏོང་བཞིན་འདུག ཁོའི་སེམས་སུ་སྔོན་གྱི་སྐྱེས་བུ་རླབས་ཆེན་མང་པོ་ཞིག་གིས་རྨི་ལམ་ལ་བརྟག་སྟེ་བྱ་བཞག་གང་ཞིག་གི་མཇུག་འབྲས་ལ་ཐུགས་ནས་སྔོན་དཔག་བྱེད་པའི་བཤད་ཚུལ་ཡོད་པ་བདེན་ན།སང་ཉིན་ནངས་མོར་བྱ་བ་ལམ་ལྷོངས་འབྱུང་བ་ཁོ་ཐག་རེད་སྙམ་ཞིང་།ཡང་འདུས་བྱས་མི་རྟག་མཚན་གྱི་རྨི་ལམ་འདྲ་ཞེས་རྨི་ལམ་ནི་རྨི་ལམ་རང་སྟེ་དེ་ཉིད་བདེན་པར་འཛིན་པ་ནི་གླེན་རྟགས་ཤིག་གོ་སྙམ་ན།སང་ཉིན་གྱི་ལས་དེ་ལམ་ལྷོངས་འབྱུང་མིན་ནི་དེ་རིང་གི་རྨི་ལམ་ལ་འབྲེལ་བ་གཏན་ནས་མེད་འདུག་སྙམ་པ་ནི་གཅོད་པ་སྐྱབས་ཀྱི་འདང་རྒྱག་སྟངས་རེད།
       སྤྱིར་བཏང་དུ་ཚན་རིག་པ་རྣམས་ཀྱིས་རྨི་ལམ་ཞེས་པ་ནི་མིའི་ལུས་ཕུང་གི་མེད་དུ་མི་རུང་བའི་ལུས་ཁམས་དང་སེམས་ཁམས་ཀྱི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པ་དང་།མི་གཉིད་ཁུག་རྗེས་སུ་ཀླད་པའི་ཕྲ་ཕུང་ཉུང་ཤས་ཤིག་སྔར་བཞིན་འགུལ་སྐྱོད་བྱེད་བཞིན་ཡོད་པ་དེ་ནི་རྨི་ལམ་གྱི་རྨང་གཞི་ཡིན་རབས་བཤད་ལ།རྨི་ལམ་གང་འདྲ་ཞིག་རྨི་བར་ཁོར་ཡུག་ལ་འབྲེལ་བ་ཡོད་དེ།དཔེར་ན་གཉིད་ཟིན་པའི་མིའི་མགོ་ནས་ཆུ་རྡུལ་གཏོར་བ་ཡིན་ན་མི་དེས་སྤྱིར་བཏང་དུ་ཆར་ཆེན་དང་གཙང་ཆུ།རྒྱ་མཚོ་སོགས་དང་འབྲེལ་བ་ཡོད་པའི་རྨི་ལམ་རྨི་བར་བྱ་ལ།གལ་ཏེ་གཉིད་ཟིན་པའི་མིའི་རྐང་བ་དལ་གྱིས་སྒུལ་བ་ཡིན་ན་མི་དེས་སྡུག་བསྔལ་རང་བཞིན་དང་སྐྲག་སྣང་རང་བཞིན་གྱི་རྨི་ལམ་རྨི་བར་བཤད།དུས་མཚུངས་སུ་རྨི་ལམ་ཅི་འདྲ་ཞིག་རྨི་བར་ཀླད་ཆེན་གྱི་ཉེན་ཟོན་འཕྱོ་སྐྱོད་དང་འབྲེལ་བ་ཡོད་དེ།འདས་ཟིན་པའི་ལོ་རབས་གང་གི་དོན་རྐྱེན་ཞིག་བསྐྱར་དུ་རྨི་ལམ་དུ་རྨི་བའམ་མི་སུ་ཞིག་བསྐྱར་དུ་རྨི་ལམ་དུ་མངོན་པ་སོགས་ཕྱི་རོལ་གྱི་ཁོར་ཡུག་གང་ཞིག་གིས་ཀླད་ཆེན་ལ་ཤུགས་རྐྱེན་ཐེབས་དུས་སུ་ད་གཟོད་ཉེན་ཟོན་གནས་ཐིག་གཏན་འཁེལ་བྱེད་ངེས་པ་རེད།འོན་ཀྱང་མིག་སྔའི་བར་ཚན་རིག་པ་རྣམས་ཀྱིས་ཚོར་དབང་ཕོག་ཐུག་གི་ནུས་པ་དངོས་དང་དེ་བཞིན་དུ་ཀླད་པའི་ཉེན་ཟོན་ས་ཚིགས་ཀྱི་འགུལ་སྐྱོད་གནས་ཚུལ་ཤེས་རྟོགས་བྱེད་ཚད་ཧ་ཅང་དམའ་བས།རྨི་ལམ་ནི་འདི་འདྲ་ཞིག་རེད་ཅེས་ཚིག་གཅིག་གིས་སྙིང་བསྡུས་བྱེད་དཀའ་མོད།འོན་ཀྱང་རྨི་ལམ་ཡོད་ཚད་ལ་འདྲ་ས་ཞིག་ཡོད་པ་ནི་རྨི་ལམ་རྨི་སྐབས་མི་རྣམས་གཉིད་ཡོད་པ་ནི་ཐག་ཆོད་རེད་ཅེས་ཁ་ཚོན་བཅད་འདུག

གསུམ།

       ནམ་ད་དུང་ལངས་ཐག་ཆོད་མེད་པས་ཉེ་འཁོར་གྱི་བྱ་དངོས་ཡོད་ཚད་གསལ་ལ་མི་གསལ་བ་ཞིག་ལས་མཐོང་ཐུབ་མི་འདུག ཇག་པ་སྤུན་བདུན་གཞི་ནས་ཉི་མ་ལུང་ཉག་ཁ་རུ་འབྱོར་འདུག་ལ་མི་རིང་བར་ཁོ་ཚོས་ཆེས་མཇུག་མཐའི་འཆར་གཞི་དང་པོ་ལག་བསྟར་བྱེད་པར་སྟ་གོན་བྱེད་བཞིན་འདུག ས་ལམ་འུ་ཐུག་པ་འདིའི་སྟེང་ནས་སྔ་གཞུག་ཏུ་སྦག་སྦག་འཕྲུལ་འཁོར་དང་འཇེམ་འཁོར།ཟོག་འདྲེན་རླངས་འཁོར་ཆེ་བ་བཅས་འཕྲུལ་འཁོར་གྱི་རིགས་སྣ་ཚོགས་མགྱོགས་ཚད་ཧ་ཅང་དལ་བའི་སྒོ་ནས་འགྲུལ་བཞུད་བྱེད་ཀྱིན་ཡོད་ཀྱང་།ཇག་པ་སྤུན་བདུན་གྱིས་དེ་དག་ལ་ལག་མ་བཞག་པར་ཆེས་བཟང་བའི་གོ་སྐབས་ཤིག་ལ་སྒུག་འདུག ས་ལམ་འུ་ཐུག་པ་འདི་ནི་དངོས་ནས་འུ་ཐག་པ་ཞིག་སྟེ་ལམ་གྱི་རིང་ཐུང་གང་བོར་ངོས་མི་སྙོམ་པའི་ས་འབའ་འབུར་མང་བ་མ་ཟད།ཆར་ཆུ་མོད་པའི་དབྱར་ཁའི་དུས་སུ་ལམ་དོང་ནང་དུ་ཆུ་འཁྱིལ་ནས་འདམ་ཆུ་དང་འདམ་མྱགས་ཀྱིས་གཏམས་པས་འགྲིམ་འགྲུལ་བྱེད་པར་ཧ་ཅང་སྟབས་མི་བདེ་བ་རེད།དགུན་ཁར་དབྱར་ཁ་བཞིན་ལམ་ནང་དུ་ས་འདམ་དེ་འདྲ་མེད་ཀྱང་ངོས་མི་སྙོམ་པའི་ས་འབའ་འབུར་མང་བོ་གཅིག་འཕྲོར་གཅིག་དགུ་ཚིགས་བཞིན་བསྟར་ལ་བརྒྱུས་ནས་ཡོད་པས།འཕྲུལ་འཁོར་གང་ཞིག་ཡིན་ན་ཡང་མགྱོགས་ཚད་དལ་མོ་བྱས་ནས་འགྲོ་བ་མ་གཏོགས།ད་སྐབས་ཀྱི་སྣུམ་ལམ་སྟེང་ནས་བྱ་འཕུར་བ་ལྟར་འགྲོ་རྒྱུ་ནི་སྐབས་དེའི་ཁ་ལོ་བ་མང་བོ་ཞིག་གི་རྨི་ལམ་ཙམ་ལས་མངོན་སུམ་དུ་འགྱུར་དཀའ་བ་ཞིག་ཡིན་ལ།ཇག་པ་སྤུན་བདུན་ལ་མཚོན་ན་དེ་དུས་ཀྱི་དེ་ལྟ་བུའི་འགྲིམ་འགྲུལ་ཆ་རྐྱེན་གྱིས་ཁོ་ཚོར་དཔུང་རོགས་ལྟ་བུའི་གོ་ཆོད་ཀྱི་ནུས་པ་འདོན་གྱིན་ཡོད་པ་མངོན་སུམ་རེད།
       གོ་སྐབས་བརྩོན་ལེན་དང་གོ་སྐབས་ལ་སྒུག་པ་ནི་བྱ་བཞག་གང་ཞིག་ལེགས་འགྲུབ་འབྱུང་བའི་རྨང་གཞི་ཡིན་པ་ལྟར།ཇག་པ་སྤུན་བདུན་གྱིས་ཆེས་ལེགས་པའི་གོ་སྐབས་ཤིག་ལ་སྒུག་སྒུག་མཐར་གཞི་ནས་འཆར་གཞི་དང་པོ་ལག་བསྟར་བྱེད་པའི་དུས་ལ་བབ་པ་སྟེ།རྐང་གསུམ་འདྲུད་འཐེན་འཁོར་ལོ་ཞིག་དུ་ནག་ལང་ལོང་འཕྱུར་ཞིང་སྒྲ་སྐད་རྣ་ལ་གཟན་པ་ཞིག་དང་ལྷན་དུ་ཉི་མ་ལུང་ཉག་ག་རུ་ཐོན་ལ་ཉེ་ཞིང་།ཨོང་སྒམ་གྱི་ནང་དུ་གབ་ཚིག་ལྟ་བུའི་དངོས་ཟོག་ཅིག་མཐོན་པོར་བརྩིགས་ཡོད་པ་ལ་མདོག་དཀར་པོ་དང་སྔོན་པོ་སྣོལ་བའི་འགྱིག་ཤོག་ལེབ་མོ་ཞིག་གིས་གཡོགས་འདུག རྐང་གསུམ་འདྲུད་འཐེན་འཁོར་ལོའི་ཁ་ལོ་བ་དེས་ལུས་སུ་མདོག་ལྗང་ནག་གི་ཏ་དབྱི་ཞིག་གྱོན་འདུག་ལ་མགོ་རུ་མིག་གཉིས་མ་གཏོགས་མཐོང་མི་ཐུབ་པའི་མི་རིག་ཞྭ་མོ་ཞིག་གྱོན་འདུག་པ་ལས་མིག་ཟུང་གཉིས་རིག་རིག་ཏུ་འགུལ་བཞིན་འདུག ཁོས་ཉི་མ་ལུང་ཉག་ག་དང་བར་ཐག་གོམ་པ་ལྔ་བརྒྱ་ཙམ་ཡོད་པའི་སར་ཚམ་ཚོམ་དང་བཅས་ཏེ་མུ་མཐུད་དུ་མདུན་དུ་བགྲོད་མཚམས་བཞག་པ་དང་ཆབས་ཅིག འདྲུད་འཐེན་འཁོར་ལོ་ལས་མར་བབས་ཏེ་ཉེ་འཁོར་གྱི་གནས་ཚུལ་ལ་སེམས་ཞིབ་མོས་རྒྱུས་ལོན་བྱེད་འགོ་བརྩམས་པ་ན།རང་གི་ཉེ་འཁོར་གྱི་བྱ་དངོས་ཡོད་ཚད་གཉིད་དུ་ཡུར་བ་ལྟར་ཁུ་སིམ་མེར་འདུག་པ་དང་།མིག་མདུན་དུ་ལྷགས་པའི་ཉི་མ་ལུང་ཉག་གའི་གཡས་གཡོན་ག་ས་གང་དུ་ཡང་གྲགས་འགུལ་ཅི་ཡང་མེད་པར་ཁ་རོག་གེར་འདུག་པས།ཁ་ལོ་བ་དེ་ཕྱིར་རྐང་གསུམ་འདྲུད་འཐེན་འཁོར་ལོ་རུ་བསྡད་རྗེས་མུ་མཐུད་དུ་ཉི་མ་ལུང་ཉག་གའི་ཕྱོགས་སུ་དུ་ནག་ལང་ལོང་འཕྱུར་ཞིང་སྒྲ་སྐད་རྣ་ལ་གཟན་པ་ཞིག་དང་མཉམ་དུ་བསྐྱོད་འགོ་བརྩམས་སོང་།
       རྐང་གསུམ་འདྲུད་འཐེན་འཁོར་ལོའི་ཁ་ལོ་བ་དེ་ཉི་མ་ལུང་ཉག་ག་རུ་ཐེ་ཚོམ་བརྒྱ་དང་འཇིགས་སྣང་སྟོང་དང་བསྡོངས་ནས་ཐོན་མ་ཐག གློ་བུར་དུ་རྡོ་ཕ་བོང་ཆེན་པོ་ཞིག་ཉག་གའི་གཡས་ཕྱོགས་ཀྱི་གད་པའི་ངོས་ནས་འགྲིལ་ཏེ་ཐོན་ཞིང་ལམ་དཀྱིལ་དུ་རྡུལ་འཚུབ་ཅིག་དང་མཉམ་དུ་ལྷུང་ནས་འདྲུད་འཐེན་འཁོར་ལོ་དེའི་སྔུན་བཀག་ཅིང་།དེ་དང་ཆབས་ཅིག་མགོ་དཀྲིས་ཀྱིས་མིག་གཉིས་མ་གཏོགས་མཐོང་མི་ཐུབ་པར་དཀྲིས་ཡོད་པའི་ཇག་པ་རྣམས་རིམ་བཞིན་ལྷང་ལ་འབུད་འགོ་བརྩམས་པ་སྟེ།ཇག་པ་གསུམ་མདུན་ནས་ཐོན་ཞིང་གཉིས་རྒྱབ་ནས་བུད་ཅིང་།ཉག་གའི་གཡས་གཡོན་ནས་ཀྱང་ཇག་པ་མི་རེ་མངོན་ཞིང་།ཁོ་ཚོ་ལ་ལས་ལག་ཏུ་བོའུ་རིང་ཐུང་གཉིས་ཀ་དང་གྲི་རིང་ཐུང་གཉིས་ཀ་བཟུང་ཡོད་པ་མ་ཟད།སྟ་རེ་དང་སྟེའུ།རྡོ་བ་དང་ཐག་པ་ཡང་བཟུང་འདུག་པས་ཁ་ལོ་བ་སུ་འདྲ་ཞིག་ཡིན་ན་ཡང་སེམས་ལ་འཇིགས་སྣང་སྨྲ་མི་ཤེས་པ་ཞིག་སྟེར་ངེས་མོད།འོན་ཀྱང་དཔའ་བོ་བཅའ་རྒྱུ་ཞིག་དང་སྲོག་ལ་འཛེམ་རྒྱུ་ཞིག་ཅེས་པ་ལྟར་གལ་ལ་ཐུག་ན་རྐང་གསུམ་འདྲུད་འཐེན་འཁོར་ལོའི་ཁ་ལོ་བ་དེས་སྐྲག་སྣང་ཨེན་ཙམ་ཡང་མེད་པ་ལྟར་རལ་གྲི་ཞིག་ཤུབས་ལས་བཏོན་ཞིང་འདྲུད་འཐེན་འཁོར་ལོ་ལས་མར་བབས་ཏེ་ཇག་པ་སྤུན་བདུན་གྱི་གདོང་བསུ་གྲབས་བྱས།
       ནམ་རྒྱུན་ལྟར་ན་ཇག་པ་སྤུན་བདུན་གྱིས་དེ་རིང་བཞིན་དུ་འཕྲོག་བཅོམ་བྱ་ཡུལ་གྱི་ཕྱོགས་བཞི་ནས་བསྐོར་བ་ཡིན་ན།འཕྲོག་བྱའི་ཡུལ་དེས་ངོ་ཡ་བྱེད་རྒྱུ་ཕར་ཞོག མཐེ་བོང་སྟོན་པ་དང་ཞུ་འབོད་བྱེད་པ་ནི་འཕྲོག་བྱའི་ཡུལ་གང་ཞིག་གི་ཐུན་མོང་གི་གཤིས་ཀ་ལྟ་བུ་ཞིག་ཏུ་ཆགས་ཡོད་པས།ཇག་པ་སྤུན་བདུན་གྱིས་དུས་རྒྱུན་པར་ཕར་རྒོལ་གྱི་འཐབ་ཇུས་དེ་རིང་བཞིན་དུ་ཐོག་མར་རྡོ་ཕ་བོང་ཞིག་གིས་ཕ་རོལ་བའི་མདུན་བཀག་རྗེས།མདུན་རྒྱབ་གཡས་གཡོན་ཀུན་ནས་ལག་ཆ་སྣ་ཚོགས་ཐོགས་ཏེ་ཕ་རོལ་བའི་ནང་སེམས་ལ་འཇིགས་སྐུལ་རྒྱུ་དེ་རེད།ཡིན་ན་ཡང་རྐང་གསུམ་འདྲུད་འཐེན་འཁོར་ལོའི་ཁ་ལོ་བ་དེས་ཕྱིར་ཡ་ལན་སྤྲོད་གྲབས་ཀྱི་སྦྱོར་བ་དེ་ཅི་འདྲའི་ཡིད་ལ་ཡང་ཤར་དཀའ་བའི་དཔའ་བོ་ཞིག་གི་རང་མདངས་ལགས།འདི་ལྟ་བུའི་ཁྱོད་ཤི་ང་གསོན་གྱི་ཇག་རྐུན་དང་བདག་པོའི་བར་གྱི་འཛིང་རེས་ཁྲོད་ཇག་པ་སྤུན་བདུན་གྱིས་ཇི་ལྟར་འཐབ་ཇུས་གཞན་ཞིག་བཀོལ་ཏེ་ཕ་རོལ་བ་དེ་འདུལ་ལམ།
       གཅོད་པ་སྐྱབས་གཡས་ཕྱོགས་ཀྱི་གད་པའི་ཁ་ནས་ཁ་སྦུབ་ཏུ་ལོག་ཏེ་བོའུ་ཁ་དམིགས་ཡུལ་ལ་ཚད་རྗེས་སྐད་གསེང་མཐོན་པོས་’ཨ་རོ།ཁྱོད་ལ་སྲོག་དགོས་ན་མྱུར་དུ་གྲི་སར་ཞོག་ལ་མགོ་སྒུར།མ་གཏོགས་ངས་ད་བར་དུ་ཁྱོད་ལྟ་བུའི་མྱི་གྲངས་མེད་ཅིག་ལྔ་ལམ་དུ་བརྫངས་ལ་ཁད་བྱས་མྱོང་།’ཞེས་བཤད་ཀྱང་།ཁ་ལོ་བ་དེས་དེ་ལ་ཁ་ཡ་མི་བྱེད་པ་མ་ཟད་མགོའི་ཞྭ་མོ་ཕུད་ཅིང་རྒྱབ་ཀྱི་ཏ་དབྱི་ཕུད་པ་དང་།ལག་གཡས་པའི་ཚི་ལེན་གྱི་ཕུ་རུང་ཡར་གྲུ་མོའི་བར་དུ་བརྫེས་ནས་ཇག་པ་ཚོ་དང་སྲོག་བསྡོས་བྱེད་པའི་སྟ་གོན་བྱས་པ་ན།གཡོན་ཕྱོགས་ཀྱི་གད་པའི་ཁ་ན་ཡོད་པའི་སྐལ་བཟང་ཚེ་རིང་ཡང་ཁ་སྦུབ་ཏུ་ལོག་ཅིང་བོའུ་མཆུ་ཁ་ལོ་བ་དེར་ཚད་རྗེས་སྐད་གསེང་གཅོད་པ་སྐྱབས་ལས་ཀྱང་མཐོ་བའི་སྒོ་ནས་’གྲོགས་པོ།བལྟས་ཡོང་ན་ཁྱོད་ནི་སྲོག་མི་དགོས་པའི་སྨྱོན་པ་ཞིག་རེད།ཡིན་ན་ཡང་ཁྱོད་ལ་ཁྱིམ་བཟའ་ཚང་དང་བུ་བུའི་ཕྲུག ཕ་མ་སྤུན་མཆེད་དང་གཉེན་ཉེ་དུ་ལོས་ཡོད།འོ་ན་ཁྱོད་ཀྱིས་རྒྱུ་ནོར་ཙམ་གྱི་ཆེད་དུ་རང་གི་སེམས་ཁོང་གི་མི་མང་བོ་ཞིག་དང་ཤི་བྲལ་བྱེད་འདོད་དམ།ཡ།ད་ནི་ངས་མང་པོ་མི་བཤད།ཁྱོད་ཀྱི་མཁྲིག་མའི་སྟེང་གི་དུས་ཚོད་དེ་ངས་གསལ་བོ་རིག་གི ངས་ཁྱོད་ལ་སྐར་མ་གསུམ་གྱི་དུས་ཚོད་སྟེར།སྐར་མ་གསུམ་འགོར་རྗེས་ད་དུང་མགོ་མི་སྒུར་ན་ནི།ང་ཚོས་ཁྱོད་རང་ཁྱོད་ཀྱི་བཟའ་མི་ཚོ་དང་གཏན་བྲལ་བྱེད་དུ་འཇུག’
        དངོས་ནས་རྐང་གསུམ་འདྲུད་འཐེན་འཁོར་ལོའི་ཁ་ལོ་བ་དེའི་ལག་པ་གཡོན་པའི་མཁྲིག་མའི་སྟེང་དུ་མདོག་དཀར་པོའི་ལག་འདོགས་དུས་ཚོད་ཅིག་དཀར་ལམ་ལམ་བྱེད་བཞིན་འདུག སྐལ་བཟང་ཚེ་རིང་གིས་ཆེས་མཐའ་མཇུག་གི་ཐ་ཚིག་བསྒྲགས་ཚར་རྗེས་ཉི་མ་ལུང་ཉག་ག་དེ་རེ་ཞིག་ཧ་ཅང་ལྷིང་འཇགས་དང་ལྡན་པ་ཞིག་ཏུ་གྱུར་ཞིང་།ཇག་པ་མི་རེ་ངོ་རེས་དུས་ཡུན་སྐར་མ་གསུམ་གྱི་བཞུད་ཚད་ལ་ཁ་རོག་གེར་རང་རང་ས་ནས་སྐྱེལ་མ་བྱེད་འགོ་བརྩམས་ཤིང་།ཁོ་ཚོ་མི་རེ་རེའི་གདོང་ལ་གཟབ་ནན་གྱི་རྣམ་འགྱུར་རེ་མངོན་འདུག ཁ་ལོ་བ་དེས་ཀྱང་ཧ་ཅང་གཟབ་ནན་གྱི་རྣམ་འགྱུར་ཞིག་མངོན་བཞིན་མིག་ཟུང་གཉིས་འགུལ་ཙམ་འགུལ་ཙམ་གྱིས་རང་གིས་དོན་དམ་དུ་གདམ་གསེས་ག་འདྲ་ཞིག་བྱེད་དགོས་པ་ལ་བསམ་གཞིག་གཏིང་ཟབ་གཏོང་འགོ་བརྩམས།སྤྱིར་བཏང་དུ་ཕོ་བློ་མང་གིས་དོན་མི་འགྲུབ་ཅེས་གནའ་མིའི་ཁ་དཔེ་དོན་དང་ལྡན་པ་ཞིག་ཡོད་པ་བདེན་མོད།འོན་ཀྱང་གནད་འགག་གི་སྐབས་སུ་འདོ་རིག་རྟ་ཕོས་ཆུ་འཐུང་ན་སྔ་བལྟ་ཞིག་དང་ཕྱི་བལྟ་ཞིག སྐྱེས་པ་ཕོ་ཡིས་དོན་བསྒྲུབ་ན་སྔ་འདང་ཞིག་དང་ཕྱི་འདང་ཞིག་ཅེས་དོན་དག་གང་ཞིག་བསྒྲུབ་པ་དང་གདམ་གསེས་གང་ཞིག་གདམ་པ་ལ་འདང་ཞིབ་ཏུ་རྒྱག་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་ལོས་ཡིན་ཏེ།ཁ་ལོ་བ་དེའི་སེམས་སུ་རང་གིས་མུ་མཐུད་དུ་ཇག་ཚོགས་དེ་ལ་ངོ་ཡ་བྱེད་དམ།ཡང་ན་ལག་ཆ་ཐང་ལ་བཞག་ནས་རང་གི་གཅེས་སྲོག་ལ་ཉེན་ཁ་མེད་པར་ཁག་ཐེག་ཡོང་བར་བྱེད་དགོས་སམ་སྙམ་ནས་བསམ་བློ་བཞི་གསུམ་བཅུ་གཉིས་དང་བློ་རྩེ་ཉི་ཤུ་རྩ་ལྔ་བཀོལ་བཞིན་འདུག
       སྐར་མ་གསུམ་གཞི་ནས་འགོར་ཚར་ནས་སྐར་ཆ་ཉི་ཤུ་ལྷག་བཞུད་མོད།འོན་ཀྱང་སྐལ་བཟང་ཚེ་རིང་གིས་འོལ་ཚོད་ཀྱིས་སླར་ཡང་སྐད་གདངས་མཐོན་པོའི་སྒོ་ནས་’གྲོགས་པོ།ད་ནི་སྐར་ཆ་བཅུ་ལས་མི་འདུག གཅིག་་བཞི་་བདུན་”ཞེས་བོའུ་མདེའུ་ཞིག་རྒྱལ་པོ་སུ་ཞིག་གི་ཕོ་ཉ་བཞིན་དུ་མདུན་དུ་མངགས་པར་གྲ་སྒྲིག་བྱས་པ་ན།རྐང་གསུམ་འདྲུད་འཐེན་འཁོར་ལོའི་ཁ་ལོ་བ་དེས་སྔར་སྐྱེས་མ་མྱོང་བའི་དངངས་འཚབ་ཅིག་དང་ལྷན་དུ་ཆེས་གནད་འགག་གི་གདམ་ང་ཞིག་ལ་མནོ་བསམ་གཏོང་འགོ་བརྩམས་ཤིང་།མཐར་རང་གི་ཁྱིམ་བཟའ་ཚང་དང་བུ་བུས་པ།ཕ་མ་སྤུན་མཆེད་དང་གཉེན་ཉེ་དུ་ག་གེ་མོ་ཞིག་བློས་གཏོང་མ་ཐུབ་པས་ཡིན་ནམ།གང་ལྟར་སྐལ་བཟང་ཚེ་རིང་གིས་’བརྒྱད་’ཅེས་བརྩི་སྐབས་དཔའ་ལ་ཚམ་ཚོམ་མེད་པ་དང་འདྲ་བའི་དཔའ་རྒོད་འདིས་དཔའ་ཞུམ་པ་ལྟར་ལག་ཏུ་བཟུང་ཡོད་པའི་རལ་གྲི་དེ་ཐང་ལ་གཡུག་ཅིང་ལག་པ་གཉིས་ཡར་ལ་བཀྱགས་ཏེ་མགོ་སྒུར་བའི་བརྟུལ་ཞུགས་བཟུང་མ་ཐག ཇག་པ་རྣམས་ག་ལེར་ཕྱོགས་བཞི་ནས་ཁོའི་གམ་དུ་རུབ་ཅིང་རྐང་གསུམ་འདྲུད་འཐེན་འཁོར་ལོ་དེའི་ཨོང་སྒམ་གྱི་མདོག་དཀར་པོ་དང་སྔོན་པོ་གཉིས་སྣོལ་བའི་འགྱིག་ཤོག་ལེབ་མོ་དེ་གཏེད་ཙམ་བྱས་ནས་བུ་ག་ཞིག་བཏོད་པ་ན།བུ་ག་དེ་ལས་སླར་ཡང་འགྱིག་ཁུག་དཀར་པོ་ཞིག་གི་ངོས་ཙམ་མངོན་ཞིང་།ཡང་འགྱིག་ཁུག་དཀར་པོ་དེ་གཤགས་ཙམ་བྱས་པ་ན་དེ་ལས་བྱེ་ཟེགས་དང་འདྲ་བའི་ཀ་ར་དཀར་པོ་མང་པོ་རང་འབབ་ཆུ་བཞིན་དུ་སིར་སྒྲ་དང་བཅས་ཏེ་ཕྱི་རུ་བྱོ་འགོ་བརྩམས་སྐབས།གཅོད་པ་སྐྱབས་ཀྱིས་ཀ་ར་དཀར་པོ་མོད་པོ་ཞིག་ལག་མཐིལ་དུ་བླངས་ནས་ལྕེ་ལྡག་ཅིག་བྱེད་ཞོར་’ཨུན།བཤད་རྒྱུ་ཞིག་མེད་ཁུ།ཆེད་དུ་ཞོ་འཐུང་བྱེད་དུ་འཁྱེར་ཡོང་འདུག’ཅེས་བཤད་བཞིན་པའི་སྐབས་སུ།སྐལ་བཟང་ཚེ་རིང་ཕུད་ཇག་པ་གཞན་རྣམས་ཀྱིས་རྡོ་ཕ་བོང་ཆེན་པོ་དེ་ལམ་ནང་ནས་ཕར་ལམ་འགྲམ་དུ་མང་བོ་རུབ་ལོག་བྱས་ཏེ་འཁྱེར་ཙམ་བྱས་རྗེས།རྐང་གསུམ་འདྲུད་འཐེན་འཁོར་ལོ་དེའི་ཨོང་སྒམ་གྱི་དངོས་ཟོག་སྟེང་དུ་ཙོག་ཚར་བ་དང།སྐལ་བཟང་ཚེ་རིང་གིས་སྐབས་དེ་དུས་སུ་རྐང་གསུམ་འདྲུད་འཐེན་འཁོར་ལོའི་ཁ་ལོ་བར་བོའུ་ཁ་ཚད་ནས་འདུག་པ་དང་ཇག་གྲོགས་གཞན་རྣམས་འདྲུད་འཐེན་འཁོར་ལོ་དེའི་ཨོང་སྒམ་གྱི་དངོས་ཟོག་གམ་ཀ་ར་དཀར་པོའི་འགྱིག་ཤོག་མཐོན་པོར་བྱས་ནས་བརྩིགས་ཡོད་པ་དེའི་སྟེང་དུ་ཙོག་ཚར་བ་མཐོང་རྗེས།གཅོད་པ་སྐྱབས་ལ་’འགྲོ’ཞེས་ཁོ་གཉིས་རྐང་གསུམ་འདྲུད་འཐེན་འཁོར་ལོ་དེའི་ཁ་ལོ་བ་དང་ཁ་ལོ་བ་གཞོན་པའི་ཙོག་སྟེགས་སྟེང་དུ་འགྲོ་འགོ་བརྩམས་སྐབས།ཁ་ལོ་བ་དེས་བཤད་རྒྱུར་’ད་ཅི་སྐར་མ་གསུམ་གཞི་ནས་འགོར་ཚར་འདུག ཁྱོད་ཀྱི་དུས་ཚོད་དེ་མགོ་འཁོར་ཡོད་པའི་དུས་ཚོད་གཟའ་རོ་ཞིག་ཡིན་ནམ།’ཞེས་ཁོང་དགོད་ཅིག་བྱས་ལ་ཁོང་དགོད་དེ་ནི་ཧ་ལམ་ཆེས་ཕུན་སུམ་ཚོགས་པ་དང་ཡང་ན་ཆེས་ཐབས་རྡུགས་པའི་མཇུག་མཐའི་ངོ་ཡ་བྱེད་སྟངས་ཤིག་ཡིན་ཡང་སྲིད།སྐལ་བཟང་ཚེ་རིང་གིས་ཀྱང་ཕྱིར་ཁོང་དགོད་ཅིག་བྱེད་ཞོར་’འོ།གྲོགས་པོ།ཉག་ག་འདི་ནས་ངས་ཅི་ཞིག་བཤད་ན་དེ་ཡིན།དུས་ཚོད་ཀྱང་དེ་ལས་མ་འདས།ཡ།ད་ནི་མང་བོ་མ་བཤད།ཁ་རོག་གེར་དེ་ནས་ལོངས་ལ་སྡོད།’ཅེས་བོའུ་ཁ་ཨེན་ཙམ་ཡང་མ་གཟུར་བར་ཁ་ལོ་བ་དེ་ལ་དམིགས་གཅིག་ཏུ་གཏོད་བཞིན་རྐང་གསུམ་འདྲུད་འཐེན་འཁོར་ལོ་དེའི་ཁ་ལོ་བ་གཞོན་པའི་ཙོག་སྟེགས་སུ་བསྡད་ཅིང་།གཅོད་པ་སྐྱབས་ཀྱིས་ནི་ཁ་ལོ་བ་གཙོ་བོའི་ཙོག་སྟེགས་སུ་’ཙིར་་་ཐག་ཐག་ཐག’ཅེས་རྐང་གསུམ་འདྲུད་འཐེན་འཁོར་ལོ་དེ་ལ་མེ་ཁ་གསོས་རྗེས་གཞི་ནས་ལམ་ལ་ཆས་འགོ་བརྩམས་པ་ན།རྐང་གསུམ་འདྲུད་འཐེན་འཁོར་ལོ་དེའི་བདག་པོ་ངོ་མ་སྟེ་ཁ་ལོ་བ་དེས་བལྟས་བལྟས་རིག་རིག་ལ་རང་གི་རྒྱུ་ནོམ་དེ་དག་ཇག་པ་འདི་དག་ལ་འཁྱེར་དུ་མི་འཇུག་ཐབས་མེད་བྱུང་བ་སྟེ།དོན་དངོས་སུ་སྐལ་བཟང་ཚེ་རིང་མ་ཟད་ཇག་པ་གཞན་རྣམས་ཀྱིས་ཀྱང་ཁོ་ལ་བོའུ་ཁའི་མཆུ་མིག་ཆུང་ཆུང་རྣམས་ནག་གོར་རེ་དང་ནག་གོར་རེ་བྱས་ནས་ཚད་འདུག

བཞི།

       འཕྲོག་བཅོམ་ཐེངས་གཅིག་ལ་བྱས་རྗེས་ཧ་ལམ་དུས་ཡུན་ཟླ་བ་གཅིག་ལྷག་གི་རིང་ལ་གྲགས་འགུལ་ཅི་ཡང་མེད་པ་ནི་ཇག་པ་སྤུན་བདུན་གྱི་ཇག་འཐབ་ཅིག་ཡིན་ལ།ཇག་འཐབ་འདིས་ཉེན་རྟོག་པ་ལ་ཡང་དཀའ་ཁག་མི་དམན་པ་ཞིག་སྟེར་ཐུབ་སྟེ།འཕྲོམ་བཅོམ་གང་ཞིག་བྱས་པའི་རྗེས་སུ་ཨ་མཆོག་ས་གནས་ཉེན་རྟོག་པ་དེ་མ་ཐག་འཕྲོག་བཅོམ་ཡུལ་དངོས་སུ་འབྱོར་སྐབས།ཇག་པ་རྣམས་གར་སོང་གི་རྗེས་མི་ལོན་པ་མ་ཟད་ལྐོག་ནས་སྐུང་སྒུག་བྱས་ན་ཡང་ཇག་པ་ཞིག་གི་གྲིབ་མ་ཙམ་ཡང་མཐོང་དཀའ་བས།གཟའ་འཁོར་གཉིས་གསུམ་ཙམ་གྱི་རྗེས་ནས་ཡུལ་དངོས་རྩད་ཞིབ་ཉེན་རྟོག་པ་དག་ཕྱིར་ཨ་མཆོག་གྲོང་བརྡལ་མི་དམངས་ཉེན་རྟོག་ཁང་དུ་འཐེན་འགྲོ་བ་རེད།
       ‘ཇག་པ་སུ་ཞིག་ཡིན་ན་ཡང་ཆོག ངོ་མ་ཀླད་པ་ཅན་ཏག་ཏག་རེད།’
       འདི་ནི་ཡུལ་དངོས་རྩད་ཞིབ་ཉེན་རྟོག་པ་ཚེ་རིང་རྡོ་རྗེ་ཡི་སྐད་ཆ་ཡིན་ལ་ཡུལ་དངོས་རྩད་ཞིབ་ཉེན་རྟོག་པ་བཀྲ་ཤིས་དོན་གྲུབ་ཀྱིས་དེའི་ལན་དུ་’མི་ཞིག་ཡིན་ན་ཀླད་པ་མེད་མཁན་སུ་རེད།’ཅེས་བཤད་ཅིང་གཉིས་ཀས་ཕན་ཚུན་གྱི་གདོང་ལ་བལྟ་ཙམ་བྱས་པ་དང་ཆབས་ཅིག ཉེན་རྟོག་པའི་རྟགས་ཅན་གྱི་རླངས་འཁོར་དེ་ལ་ཁ་ལོ་བསྒྱུར་ཏེ་འདི་གའི་ཉི་མ་ལུང་ཉག་ག་དང་རེ་ཞིག་གྱེས་ནས་ཕ་གའི་ཨ་མཆོག་གྲོང་བརྡལ་དུ་འགྲོ་བའི་ལམ་དུ་ཞུགས་སོང་།
       ཨ་མཆོག་གྲོང་བརྡལ་མི་དམངས་ཉེན་རྟོག་ཁང་གི་ཉེན་རྟོག་པའི་ཉེན་དཔོན་ནི་རྒྱ་མི་ཞིག་ཡིན་ན་ཡང་།དུས་ཡུན་རིང་བོར་བོད་ཀྱི་ས་ཁུལ་དུ་བྱ་བ་གཉེར་བས་བོད་སྐད་ད་མ་དིག་རེ་ཤོད་ཐུབ་ཀྱིན་འདུག ཁོས་ནམ་རྒྱུན་དུ་ཚོགས་འདུ་ཆེ་ཆུང་གང་ཞིག་འཚོགས་ན་ཡང་ཆོག ཅི་ཐུབ་ཀྱིས་བོད་སྐད་ད་མ་དིག་རེ་བཤད་དེ་ཚོགས་འདུ་ལ་འགོ་འཛིན་མི་བྱེད་ག་མེད་ཡིན་ཏེ།ཨ་མཆོག་གྲོང་བརྡལ་མི་དམངས་ཉེན་རྟོག་ཁང་གི་ཉེན་རྟོག་པ་མང་ཆེ་བ་ཞིག་བོད་རིགས་ཉེན་རྟོག་པ་ཡིན་པ་མ་ཟད།སྐབས་དེར་ཁོ་ཚོ་མང་ཆེ་བ་ཞིག་གིས་རྒྱ་ཡིག་རྒྱ་སྐད་མི་ཤེས་པ་དང་།རྒྱ་ཡིག་རྒྱ་སྐད་ཤེས་མཁན་རེ་ཟུང་ཡོད་ན་ཡང་རྨང་གཞི་ཧ་ཅང་ཞན་སྟབས་དེང་དུས་བཞིན་དུ་བོད་ཀྱི་ས་ཁུལ་དུ་ཡང་ལས་སླ་བོའི་སྒོ་ནས་རྒྱ་སྐད་ཀྱི་ལམ་ནས་ཚོགས་འདུའི་སྙན་ཞུ་སྒྲོག་བཤད་བྱེད་ཐུབ་པ་ཞིག་ག་ལ་ཡིན་ཏེ་མིན།
       ‘ད་སྔ་ཉི་མ་ལུང་ཉག་ག་ནས་བསྟུད་མུར་འཕྲོག་བཅོམ་གྱི་ཉེས་དོན་བཅུ་བཞི་བྱུང་འདུག རྩད་གཅོད་བྱས་པ་ལྟར་ན་དོགས་ཡོད་མི་སྣ་བདུན་འདུག་ཟེར།ཁོ་ཚོས་མགོ་དཀྲིས་དང་མི་རིག་ཞྭ་མོ་ཡིས་མིག་གཉིས་མ་གཏོགས་མི་མཐོང་བར་བྱས་འདུག་པས་མི་སུ་དང་སུ་ཡིན་པ་གསལ་བོར་ཤེས་དཀའ་འདུག གང་ལྟར་ཁོ་ཚོ་འབོ་ར་ཨ་མཆོག་གི་མི་ཡིན་པ་ནི་ཁོ་ཐག་རེད་བསམ།ལྷག་པར་དུ་ཉི་མ་ལུང་ཉག་གའི་ཉེ་འདབས་ཀྱི་རོང་མ་འབྲོག་གི་སྡེ་བ་དག་ལ་དམིགས་བསལ་གྱིས་མཉམ་འཇོག་བྱོས།གོང་རིམ་ནས་བཀའ་འབྱོར་ཏེ་མྱུར་བ་མྱུར་དུ་ཉི་མ་ལུང་ཉག་གའི་ཇག་རྐུན་དེ་དག་འཛིན་བཟུང་བྱོས་ཞེས་བཀའ་རྒྱ་བཀྲམ་ཚར་འདུག་པ་མ་ཟད།དཔུང་རོགས་སུ་བསང་ཆུ་རྫོང་མི་དམངས་ཉེན་རྟོག་ཁང་དང་མདོ་ལྷོ་ཁུལ་མི་དམངས་ཉེན་རྟོག་ཁང་གི་སྦྱོང་བརྡར་ཁྱད་པར་བ་འཐོབ་ཡོད་པའི་ཁྱད་འཕགས་ཉེན་རྟོག་པ་སྐོར་ཞིག་ཀྱང་མི་རིང་བར་ཐོན་ལ་ཡོད་ཟེར།མདོར་ན་སང་ཉིན་ནས་བཟུང་བྱ་བའི་སྟོབས་ཤུགས་ཡོད་ཚད་ཉི་མ་ལུང་ཉག་གའི་བདེ་འཇགས་ཀྱི་ཆེད་དུ་ཕུལ་རྒྱུ་ཡིན་པས་ཚང་མས་རང་རང་ས་ནས་རྒྱལ་ཁབ་དང་མི་དམངས་ལ་བྱས་རྗེས་འཇོག་པར་གྲ་སྒྲིག་བྱོས།’
       རྒྱ་རིགས་ཉེན་དཔོན་དེའི་ཚོགས་གཏམ་གྱི་ནང་དོན་ཧ་ལམ་འདི་འདྲ་ཞིག་ཡིན་མོད།འོན་ཀྱང་ཁོའི་འཁྱལ་མ་འཁྱོལ་གྱི་བོད་སྐད་བཤད་སྟངས་དེ་ནི་དངོས་ནས་དགོད་ཁ་སློང་བྱེད་ཀྱི་མཚར་གཏམ་ཞིག་དང་འདྲ་བས།ཚེ་རིང་རྡོ་རྗེའམ་ཚེ་ཉེན་རྟོག་པས་རང་དབང་མེད་པར་ཁོང་དགོད་སྙིང་རྗེ་བོ་ཞིག་ཤོར་མ་ཐག རྒྱ་རིགས་ཉེན་དཔོན་དེས་མདུན་གྱི་ཅོག་ཙེའི་སྟེང་ལ་ཤུགས་གང་ཡོད་ཀྱིས་ཁུ་ཚུར་ཞིག་གཞུས་ཤིང་གདོང་ལ་ཁོང་ཁྲོའི་ཉམས་ཤིག་མངོན་བཞིན་བཤད་རྒྱུར།
       ‘འདི་དོན་དག་གལ་ཆེན་ཞིག་ཡིན་པས་ཚང་མས་སྣང་མེད་མ་བྱེད།’
       ཧ་ཧ་ཧ།ད་རེབ་རྒྱ་རིགས་ཉེན་དཔོན་དེའི་བོད་སྐད་བཤད་སྟངས་དེ་སྔར་ལས་ཀྱང་དགོད་ཁ་ཤོར་བ་ཞིག་ཡིན་ན་ཡང་།ཚེ་ཉེན་རྟོག་པ་སོགས་ཉེན་རྟོག་པ་རྣམས་ཀྱིས་དགོད་ཁ་འཆོར་བའི་མིའི་རང་བྱུང་གི་རྣམ་འགྱུར་དེ་བཙན་གྱིས་ཁོག་ཏུ་བཅུག་ནས་’ལགས་སོ་དང་ལགས་སོ།བཀའ་བརྩི་དང་བཀའ་བརྩི།’ཟེར་བ་ལས་ཐབས་ཅི་ཡོད།

ལྔ།

     སྐལ་བཟང་ཚེ་རིང་ནི་ཇག་པ་སྤུན་བདུན་གྱི་ཇག་དཔོན་ཡིན་པ་མ་ཟད།བཟའ་མི་གསུམ་གྱི་བཟའ་དཔོན་ཡང་ཡིན་འདུག ཉི་མ་ལུང་ཉག་ག་དང་བར་ཐག་སྤྱི་ལེ་གཅིག་ཙམ་ཡོད་པའི་སར་ཉི་མ་ལུང་ཞེས་འབྲོག་ལས་དང་རོང་ལས་གཉིས་ཀ་གཉེར་བའི་ས་མ་འབྲོག་གི་སྡེ་བ་དེ་ཆགས་ཡོད་ཅིང་།སྡེ་བ་འདིའི་ཁྱིམ་ཚང་ག་གེ་མོ་ཞིག་གི་ཁང་མིག་ག་གེ་མོ་ཞིག་ནི་ཇག་པ་སྤུན་བདུན་གྱི་གཞུང་ལས་ཁང་ལྟ་བུ་ཞིག་ཏུ་གྱུར་ཡོད་ཟེར་བ་ནི་མ་གཞི་སྐལ་བཟང་ཚེ་རིང་ཚང་གི་ཁང་མིག་ཅིག་ཡིན་འདུག སྐལ་བཟང་ཚེ་རིང་གི་བཟའ་ཟླ་ཚེ་རིང་འཚོ་ནི་ངོ་མདངས་དམར་པོའི་ངོས་སུ་ཆེ་ཆུང་རན་པའི་མིག་གཉིས་ཡོད་པ་ལས་མདངས་དང་ལྡན་པའི་མིག་འོད་འཕྲོ་བ་ཞིག་ཡིན་པའི་སྟེང་ལ།སྐྱེ་གཟུགས་ཕྲ་ཞིང་ཨོང་ཤ་དང་ནུ་མ་གཉིས་ཅུང་མངོན་གསལ་དོད་པོས་ཕྱི་རུ་འབུར་ཡོད་པས།ཨེན་ཡིག་གི་གསལ་བྱེད་ཡི་གེsགཟུགས་ཀྱི་གཟུགས་དབྱིབས་དང་ལྡན་པའི་ལང་ཚོ་དར་ལ་བབ་པའི་ཁྱིམ་བདག་མ་ཞིག་ཡིན་སྟབས།གསར་བུ་སུ་ཞིག་ཡིན་ན་ཡང་སྐལ་བཟང་ཚེ་རིང་ཡུལ་ན་མེད་པའི་གོ་སྐབས་དང་བསྟུན་ནས་མོ་དང་གམ་དུ་བཅར་ནས་མཚན་གཅིག་གི་འདོད་པ་ཡིན་ཡང་རོལ་འདོད་ལོས་ཡོད།ཡིན་ན་ཡང་ད་སྔ་སྐལ་བཟང་ཚེ་རིང་ཇག་ལ་སོང་ནས་ཐེངས་དུ་མར་དུས་ཡུན་རིང་བོའི་རིང་ལ་ཡུལ་ལ་ལོག་མ་ཐུབ་ཀྱང་།ཆུང་མ་ཚེ་རིང་འཚོ་ཡིས་རང་ཉིད་ལ་ཁྲེལ་མེད་ཀྱི་ལས་ཀ་འདི་དང་གན་བྱས་འདུག་ཟེར་བའི་གཏམ་འཆལ་ཙམ་ཡང་གོ་རྒྱུ་མི་འདུག་པས།སྐལ་བཟང་ཚེ་རིང་གི་སེམས་སུ་རང་གིས་ད་བར་དུ་ཁྱིམ་ཚང་འདིའི་བཟའ་མི་ཚོའི་ལྟོ་རྒྱབ་ཀྱི་ཆེད་དུ་རི་སྤྱང་སྔོན་མོ་ཞིག་ལྟར་ཡར་མར་ལ་འདུར་བ་ནི་བསྒྲུབས་འོས་པ་ཞིག་རེད་བསམ་བཞིན་ཡོད་ལ།བུ་ཆུང་ཟླ་བ་ཐར་གྱི་ནར་སོན་གྱི་ལོ་ཟླ་རེ་རེས་ཁོའི་ནང་སེམས་ལ་སྨྲ་བསམ་བརྗོད་འདས་ཀྱི་ཚིམ་སྣང་ཞིག་བསྩལ་དང་སྩོལ་མུས་ཡིན་པས།སྐལ་བཟང་ཚེ་རིང་རང་ཤུགས་སུ་བཟའ་ཟླ་ཚེ་རིང་འཚོ་ལ་བརྩེ་ཞིང་བུ་ཆུང་ཟླ་བ་ཐར་ལ་བྱམས་པའི་ཁྱོ་ག་གམ་ཨ་ཕ་བཟང་བོ་ཞིག་མ་རེད་ཟེར་ག་ལ་ཐུབ།ཡིན་ན་ཡང་དེ་རིང་ཁོ་ལ་ཅི་ཞིག་མ་ཉན་པ་ཡིན་ནམ།ཁོས་ཚེ་རིང་འཚོ་མ་བུ་གཉིས་ལ་ལེ་བདའ་འམ་འཁང་ར་བྱེད་བཞིན་འདུག
       ‘ངས་ཁྱོད་ལ་སྔ་མོ་ཞིག་ནས་ཟླ་བ་ཐར་ཁང་མིག་དེ་རུ་འགྲོ་རུ་མ་འཇུག་ཟེར་བ་མིན་ནམ།ད་ནི་ལྟོས་དང་།ལྟས་ངན་འདིས་ཁང་མིག་དེའི་ནང་གི་ཡོད་ཚད་མཐོང་ཚར་འདུག ཨ་ཡེ་ཞིག་ལ་རེ་བཅོལ་བྱེད་རྒྱུ་མེད་པ་ལོས་ཤེས།’
       སྐལ་བཟང་ཚེ་རིང་གིས་དེ་རིང་བར་དུ་འདི་འདྲའི་ཚིག་ལོག་ཅིག་བཤད་མ་མྱོང་བས།དེ་རིང་གློ་རྡེག་ཏུ་འདི་འདྲའི་ཚིག་ལོག་རེ་བརྡོལ་བ་ཙམ་གྱིས་ཀྱང་ཚེ་རིང་འཚོའི་སེམས་སུ་ཟུག་གཟེར་སློང་བ་ལྟ་བུའི་ན་ཟུག་ཅིག་སྐྱེས་ཤིང་།མིག་ཀོང་དུ་མཆི་མ་རྡོག་རེ་འོད་དང་བཅས་ཏེ་འཁོར་ཞིང་།མཐུག་ཅིང་དམར་བའི་ཡ་ཁ་དང་མ་ཁའི་རེས་འཕྲད་རེས་གྱེས་ཀྱི་སྟངས་སྟབས་དང་བསྡོངས་ཏེ་བཤད་རྒྱུར་’ཤ་ལས་ཆད་པའི་བུ་ཕྲུག་གིས་རང་གི་ཨ་ཕ་གཡོ་བཙོངས་བྱེད་ནི་མ་རེད།གཙོ་བོ་ད་ནི་ཁྱོད་ཀྱིས་ཇག་རྐུན་གྱི་ལས་འདིའི་མཚམས་བཞག་ན་འགྲིག་འདུག་བསམ།ཉེ་ཆར་ཉེན་རྟོག་པས་ཕྱོགས་ཡར་མར་ལ་རྩད་གཅོད་བྱེད་བཞིན་འདུག གལ་ཏེ་སྟབས་མ་ལེགས་པར་ཁྱོད་རང་ཉེན་རྟོག་པས་འཛིན་བཟུང་ཐེབས་པ་ཡིན་ན་ངེད་མ་བུ་གཉིས་ཀྱིས་ཅི་ཞིག་བྱེད་དགོས་སམ།’ཞེས་ངུ་མ་བཤད་ཀྱིས་བཤད་ཚར་བ་དང་ཆབས་ཅིག རང་གི་བྱས་ཉེས་ལ་འགྱོད་པ་སྐྱེས་ཤིང་ཨ་ཕའི་སྐད་ལོག་ལ་སྐྲག་སྣང་གིས་ཁེངས་པ་ལྟར་ཁ་རོག་གེར་བསྡད་ཡོད་པའི་བུ་ཆུང་ཟླ་བ་ཐར་གྱི་མགོ་ལ་བྱིལ་བྱིལ་ཙམ་བྱས་པའི་མོད་ལ།སྐལ་བཟང་ཚེ་རིང་གིས་ཚེ་རིང་འཚོས་བཤད་པའི་སྐད་ཆ་ལ་གནས་ལུགས་འདུག་སྙམ་པ་ཡིན་ནམ།ཡང་ན་ཚེ་རིང་འཚོ་མ་བུ་གཉིས་ཀྱི་བྱ་ལུགས་བྱེད་ལུགས་དེ་ལ་སྙིང་རྗེ་སྐྱེས་སོང་བ་ཡིན་ནམ།གང་ལྟར་ཁོའི་གདོང་ལ་ཅུང་འགྱོད་གདུང་གི་རྣམ་འགྱུར་ཞིག་མངོན་ཞིང་མུ་མཐུད་དུ་ལེ་བདའ་བྱེད་མཚམས་བཞག་སྟེ་ཟླ་བ་ཐར་ཚུར་རང་གི་པང་དུ་བླངས་ཏེ་གཅེས་གཅེས་ཙམ་བྱས་སོང་།
       ནམ་ཡང་ལེགས་འགྲུབ་བྱུང་བའི་སྐྱེས་ཕོ་རབ་ཅིག་གི་རྒྱབ་རྩ་ན་སྨན་བུ་མོ་ཞིག་གི་སྐྱོར་མ་ཡོད་ཅེས་པ་ལྟར།སྐལ་བཟང་ཚེ་རིང་ཁོ་རང་ལེགས་འགྲུབ་འབྱུང་བའི་སྐྱེས་པ་ཞིག་ཏུ་འགྱུར་དགོས་ན་ནི།སྐྱེས་མ་ཚེ་རིང་འཚོའི་ངག་ལ་ཉན་དགོས་པ་དང་སྐྱེས་མ་ཚེ་རིང་འཚོའི་ངག་བཞིན་དུ་བྱས་ན་ད་གཟོད་ལེགས་འགྲུབ་ཅན་གྱི་སྐྱེས་པ་ཞིག་ཏུ་འགྱུར་ལས་ཆེ།དེ་ལྟར་མ་ཡིན་པར་སྐྱེས་མ་ཚེ་རིང་འཚོའི་ངག་བཞིན་དུ་མ་བྱས་པར་དེ་དང་ལྡོག་ཟླར་ལངས་པ་ཡིན་ན་ནི།ཁོ་རང་ལེགས་འགྲུབ་ཅན་གྱི་སྐྱེས་པ་ཞིག་ཏུ་འགྱུར་རྒྱུ་ཕར་ཞོག ཐ་ན་རང་མགོ་རང་ཐོན་གྱི་འཚོ་བ་ཙམ་ཡང་སྐྱེལ་མི་ནུས་པའི་སྐྱེས་པ་ནུས་མེད་ཅིག་ཏུ་འགྱུར་ཉེན་ཆེ་འདུག་སྟེ།དངོས་ནས་ཆུང་མ་ཚེ་རིང་འཚོས་མདང་ནུབ་ལུང་བསྟན་བཞིན་དུ་བཤད་པ་ལྟར་དེ་རིང་ཕྱི་དྲོ་ཁོ་རང་ཉི་མ་ལུང་སྡེ་བ་ནས་ཕར་ཨ་མཆོག་གྲོང་བརྡལ་དུ་ཇག་གྲོགས་གཅོད་པ་སྐྱབས་སར་སྦག་སྦག་འཕྲུལ་འཁོར་ཞིག་ལ་ཞོན་ཏེ་འགྲོ་བའི་ལམ་བར་དུ་ཉི་མ་ལུང་ཉག་ཁ་རུ་ཡུལ་དངོས་རྩད་ཞིབ་ཉེན་རྟོག་པ་དང་གདོང་ཐུག་བརྒྱབ།ཉེན་རྟོག་པའི་རླངས་འཁོར་སྟེང་གི་དཀར་དམར་སྔོ་གསུམ་སྣོལ་བའི་ཉེན་བརྡའི་གློག་འོད་འཁྱུག་འཁྱུག་ཏུ་འཕྲོ་བ་དེ་ཅི་འདྲའི་སྙིང་ལ་གཟན་ཞིང་།རླངས་འཁོར་གྱི་མཐའ་རུ་ཡོད་པའི་ཉེན་རྟོག་པ་དེ་དག་གི་གཟུགས་བརྙན་ནི་ཅི་འདྲའི་མིག་ལ་མི་རན་པའི་གཟུགས་བརྙན་ཏག་ཏག་རེད།ཡིན་ན་ཡང་བོད་མའི་ཁ་དཔེ་རུ་ཆུ་ཁ་ཐོན་ནས་རྟ་ཁ་འཐེན་སྲོལ་མེད་ཅེས་པ་ལྟར།ད་ནི་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཉེན་རྟོག་པ་དང་བར་ཐག་ཆེས་ཉེ་ས་ནས་ངོ་འཕྲད་ཅིག་མི་བྱེད་ག་མེད་བྱུང་།བཀྲ་ཤིས་དོན་འགྲུབ་བམ་བཀྲ་ཉེན་རྟོག་པས་ལག་པ་གཡས་པ་ཡར་བཀྱགས་ཏེ་སྐལ་བཟང་ཚེ་རིང་མདུན་དུ་འགྲོ་མཚམས་འཇོག་དགོས་པར་སྐུལ་བ་དང་ཆབས་ཅིག ཚེ་རིང་རྡོ་རྗེའམ་ཚེ་ཉེན་རྟོག་པ་སོགས་ཉེན་རྟོག་པ་སྐོར་ཞིག་དང་མཉམ་དུ་མདུན་དུ་འགྲོ་མཚམས་བཞག་མ་ཐག་པའི་སྐལ་བཟང་ཚེ་རིང་གི་གམ་དུ་རུབ།
       ‘ཁྱོད་གང་གི་ཡིན།གང་ལ་འགྲོ་རྒྱུ།’
       བཀྲ་ཉེན་རྟོག་པས་དེ་ལྟར་ཧ་ཅང་གཟབ་ནན་དང་ལྡན་པའི་ངང་དྲི་བ་འདྲི་སྐབས་ཉེན་རྟོག་པ་གཞན་རྣམས་ཀྱིས་མིག་འབུར་ཚུགས་སུ་སྐལ་བཟང་ཚེ་རིང་གི་གདོང་ལ་ཅེར་འདུག་པ་དང་།དེ་ནི་ཧ་ལམ་རྐུན་མའི་ངོ་ན་ཤིག་ཅིག་ཅེས་པ་ལྟར་ཁོ་ཚོས་སྐལ་བཟང་ཚེ་རིང་གི་ངོ་གདོང་ནས་ཤིག་རྒྱུག་པ་ལྟ་བུའི་རྣམ་འགྱུར་ཡ་མ་གཟུགས་ཤིག་ལྷང་ལ་ཨེ་འབུད་ལ་བལྟ་བཞིན་པ་དང་འདྲ།ཡིན་ན་ཡང་ཉམས་མྱོང་ཕུན་སུམ་ཚོགས་པའི་ཇག་དཔོན་འདིས་སེམས་སུ་གནོང་ལེན་ཅི་ཡང་མེད་པ་ལྟར་གདོང་ལ་ཅུང་ཡ་མཚར་བའི་རྣམ་འགྱུར་ཞིག་མངོན་ཁུལ་བྱས་ཏེ་ཕྱིར་འདི་ལྟར་ལན་བཏབ།
       ‘ཉི་མ་ལུང་ནས་ཡོང་བ་ཡིན།ཨ་མཆོག་ལ་འགྲོ་རྒྱུ་ཡིན།’
       སྐལ་བཟང་ཚེ་རིང་གི་ལན་འདི་ཐོས་མ་ཐག་བཀྲ་ཉེན་རྟོག་པས་ཉེན་རྟོག་པ་གཞན་པ་དག་གི་གདོང་ལ་བལྟ་ཙམ་བྱས་ཤིང་།སླར་ཡང་ཧ་ཅང་གཟབ་ནན་ཡིན་པའི་ངོ་གདོང་དེ་རང་གི་ཁ་གཏད་དུ་ཡོད་པའི་སྐལ་བཟང་ཚེ་རིང་གི་གདོང་ལ་གཏོད་བཞིན་མུ་མཐུད་དུ་འདྲི་རྒྱུར།
       ‘ཉེ་སྔོན་ཉི་མ་ལུང་ཉག་ག་ནས་བྱུང་བའི་དོན་དག་དེ་ཁྱོད་ཀྱིས་ད་དུང་བརྗེད་ཡོད་དམ།’
       དྲི་བ་འདིའི་རྗེས་ཀྱི་ཉི་མ་ལུང་ཉག་ག་ནི་དུས་ཡུན་སྐད་ཅིག་ཙམ་གྱི་རིང་ལ་ཅི་འདྲའི་ལྷིང་འཇགས་དང་ལྡན་པ་ཞིག་རེད།ཏག་ཏག་སྐབས་དེ་དུས་སུ་ཉེན་རྟོག་པའི་རླངས་འཁོར་སྟེང་གི་ཉེན་བརྡའི་གློག་འོད་དེ་སྐལ་བཟང་ཚེ་རིང་དང་ཉེན་རྟོག་པ་དག་གི་ལུས་སྟེང་དུ་འཁྱུད་ཙམ་དང་འཁྱུད་ཙམ་བྱེད་པའི་གཟུགས་དང་འོད་ཀྱི་སྦྱོར་བ་དེ་ཁོ་ན་མ་གཏོགས།འཇིག་རྟེན་འདིའི་སྟེང་གི་དབུགས་ལྡན་དབུགས་མེད་ཡོད་ཚད་སྐར་མའི་གོ་ལ་གཞན་ཞིག་གི་སྟེང་དུ་གནས་སྤོས་པ་ལྟར་གྲགས་འགུལ་ཅི་ཡང་མེད་པར་ཁུ་སིམ་མེར་འདུག དྲི་བ་དེ་ཡིས་སྐལ་བཟང་ཚེ་རིང་ལ་དུས་ཡུན་ཅུང་ཙམ་གྱི་རིང་ལ་ཕྱིར་ཇི་ལྟར་ལན་འདེབས་དགོས་པ་ཡང་མི་ཤེས་པའི་ཚད་དུ་བསྐྱལ་མོད།འོན་ཀྱང་ཅུང་ཙམ་ནས་ཁོས་སྔར་བཞིན་མཚར་མདོག་གི་རྣམ་འགྱུར་ཞིག་སྟོན་ཁུལ་བྱས་ཏེ་ལན་བཏབ།
       ‘ཨ་ཁུ་ཉེན་རྟོག་པ་ལོ་ལོ།ང་རང་ཨ་མཆོག་གྲོང་བརྡལ་དུ་ཇ་ཚྭ་ཁུ་རེ་ཉོ་རུ་འགྲོ་བ་ཡིན།ད་ནི་ས་ཡང་རུབ་ལ་ཉེ།དོན་དག་གཞན་མེད་ན་ང་རང་སོང་ན་ཆོག་གམ།’
       ཉེན་རྟོག་པ་རྣམས་ཀྱིས་སྔར་ལྟར་ཁོའི་གདོང་ལ་མིག་འབུར་ཚུགས་སུ་བལྟས་ནས་འདུག་པའི་སྐབས་སུ་བཀྲ་ཉེན་རྟོག་པས་ཁོ་ལ་ལག་བརྡ་བསྟན་ནས་སོང་ཆོག་པའི་བཀའ་བཏང་།འཇིག་རྟེན་གནམ་འདིའི་འོག་ན་འདི་ལས་ལྷག་པའི་དགའ་སྣང་ཞིག་གང་ན་ཡོད།སྐལ་བཟང་ཚེ་རིང་གི་སེམས་སུ་སྤྲོ་དགས་རབ་ཏུ་བརྟས་ཤིང་ཉེན་རྟོག་པ་དག་རྒྱབ་ཏུ་བསྐྱུར་ཏེ་ཡ་ཁ་དང་མ་ཁ་ཕན་ཚུན་བསྣོལ་མ་ཐུབ་པའི་ཚོད་དུ་ཚུར་ཡོང་བཞིན་འདུག་ལ།ཉེན་རྟོག་པ་ཚོས་ཁོའི་གཞུག་ཏུ་མཚན་ཉིད་རིག་པའི་སློབ་དཔོན་རེ་རེ་དང་འདྲ་བར་འཇིག་རྟེན་གྱི་གནས་ལུགས་ཅི་ཞིག་ལ་འདང་རྒྱག་པ་ལྟར་བསམ་གཞིག་གི་གཏིང་དུ་ལྷུང་སོང་བ་ལྟར་བསྡད་འདུག་ལ།ས་སྲོད་ཀྱི་ཕོ་ཉ་དང་ལྷན་དུ་འཕྲུལ་རྟར་བཅིབས་པའི་སྐལ་བཟང་ཚེ་རིང་ཁོ་ཚོའི་མིག་ལམ་ནས་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་ཞིང་།མཐར་ནག་ཐིག་ཆུང་ཆུང་ཞིག་ཏུ་གྱུར་ནས་ཤའི་མིག་གིས་མཐོང་དཀའ་བའི་ཚོད་དུ་གྱུར་སོང་།
       ས་རུབ་མ་ཐག་པའི་ཨ་མཆོག་གྲོང་བརྡལ་གྱི་མཁའ་དབྱིངས་སུ་གློག་འོད་ཀྱི་དགུ་ཚིགས་རིང་མོ་ཞིག་འོད་ཀྱིག་སེ་འཐེན་འདུག སྐལ་བཟང་ཚེ་རིང་ཧ་ལམ་ཨ་མཆོག་གྲོང་བརྡལ་དང་བར་ཐག་འདོམ་པ་ཉིས་བརྒྱ་ལྷག་ཙམ་ཡོད་པའི་སར་མདུན་དུ་འགྲོ་མཚམས་བཞག་ནས་བསྡད་ཅིང་།དེ་ནས་རུམ་དུ་ལག་སྙོབ་བྱས་ནས་མདོག་དམར་པོ་ཅན་གྱི་དུ་སྒམ་གྲུ་བཞི་ནར་གཟུགས་ཤིག་ཕྱི་རུ་བཏོན་ཞིང་།ཡང་དུ་སྒམ་དེའི་ནང་ནས་དུ་བ་རྐང་ཐུར་གཉིས་མཉམ་གཅིག་ཏུ་ཡ་ཁ་དང་མ་ཁའི་བར་ལ་བཟུང་ཞིང་།དེ་ལ་མེ་ཆས་མེ་བསྒོས་རྗེས་དམར་པོ་མེ་དང་འབྱུང་བ་རླུང་གི་དཔུང་བསྡེབས་དང་འགྲོགས་ནས་དུ་བ་རྐང་ཐུར་གཉིས་དུས་མཉམ་གཅིག་ཏུ་གསོན་སྲེག་བྱེད་འགོ་བརྩམས་སོང་ལ།མཉམ་འཇོག་བྱས་མ་བྱས་ཀྱི་བར་མཚམས་ནས་སེམས་ཚེགས་ཀྱི་དབུགས་རིང་རེ་ཡང་འཆོར་བཞིན་འདུག
       སྐལ་བཟང་ཚེ་རིང་གི་ཡ་མ་གཟུགས་ཀྱི་ཐ་མག་འཐེན་སྟངས་འདི་ལ་གཞིགས་ན།ཁོ་རང་ད་སོ་མ་ཉེན་རྟོག་པའི་ལག་འོག་ནས་ཐར་སོང་བས་སེམས་སུ་ཉམས་དགའ་བའི་ཚིམ་སྣང་ཞིག་ལོས་ཡོད།ཡིན་ན་ཡང་མུ་མཐུད་དུ་ཇག་རྐུན་གྱི་ལམ་འདིར་ཞུགས་པ་ཡིན་ན་ནི།ནམ་ཞིག་ཁོ་རང་དངོས་ནས་ཉེན་རྟོག་པའི་ལག་འོག་གི་བཙོན་མ་ཞིག་ཏུ་འགྱུར་མིན་ལ་ཡིད་གཉིས་ཐེ་ཚོམ་འགྱུར་བཞིན་ཡོད་ལས་ཆེ།འོ་ན་ཐེ་ཚོམ་གྱི་སེམས་ཁམས་འདིའི་འོག་ཏུ་ཁོས་མུ་མཐུད་དུ་ཇག་གྲོགས་རྣམས་ལ་སྣེ་འཁྲིད་བྱས་ཏེ་ཆེས་མཐའ་མཇུག་གི་འཆར་གཞི་རྣམས་ལག་བསྟར་བྱེད་ཕོད་དམ།
       སྐལ་བཟང་ཚེ་རིང་གི་འཕྲུལ་རྟ་དེ་འདི་གའི་ཨ་མཆོག་གྲོང་བརྡལ་གྱི་ཁང་མིག་ཅིག་གི་སྒེའུ་ཁུང་ལས་འཕྲོས་པའི་གློག་འོད་སྐྱ་བོ་དེའི་འོག་ན་འཕྲེད་དུ་བཞག་འདུག ཁང་མིག་དེའི་ནང་གི་ཕན་ཚུན་ཁ་གཏད་དུ་ཙོག་པུར་བསྡད་ཡོད་པའི་ཇག་པ་སྤུན་བདུན་གྱི་ཇག་དཔོན་གཙོ་གཞོན་གཉིས་ལྟ་བུ་སྟེ་སྐལ་བཟང་ཚེ་རིང་དང་གཅོད་པ་སྐྱབས་གཉིས་གྲགས་འགུལ་ཅི་ཡང་མེད་པར་ཡུད་ཙམ་ལ་ཕན་ཚུན་གྱི་གདོང་ལ་ཅེར་ཅེར་མཐར།གཅོད་པ་སྐྱབས་ན་རེ།
       ‘ཡང་མིན་ན་ང་ཚོས་གནས་སྐབས་སུ་ད་ལྟའི་གནས་བབ་ལ་ཡིད་ཚིམ་ཁུལ་བྱས་ནས་བསྡད་ན་ཅི་འདྲ་རེད།’
       གོང་གི་སྐད་ཆ་འདི་ལ་གཞིགས་ན།ཁོ་གཉིས་ཀྱིས་ཁ་བརྡ་བྱས་ནས་ཡུན་རིང་འགོར་ཡོད་པ་རྟོགས་པ་མ་ཟད།ཁ་བརྡའི་ནང་དོན་ཡང་སྐལ་བཟང་ཚེ་རིང་དེ་རིང་ལམ་བར་དུ་སྐོར་ཞིབ་ཉེན་རྟོག་པ་དང་གདོང་ཐུག་བརྒྱབ་པ་དེའི་ཕྱོགས་ཡིན་པ་ཤེས་ལོས་ཐུབ།གཅོད་པ་སྐྱབས་ཀྱིས་དེ་ལྟར་གནས་སྐབས་སུ་ཕྱིར་སྣུར་བྱེད་པའི་བསམ་ཚུལ་ཞིག་བཏོན་པ་ན།སྐལ་བཟང་ཚེ་རིང་གིས་དེ་རིང་ཕྱི་དྲོའི་དོན་དག་དེ་ལ་ཕྱིར་དྲན་བྱེད་པ་ལྟར་འདང་ཙམ་བརྒྱབ་རྗེས་ཕྱིར་གཅོད་པ་སྐྱབས་ལ་འདི་ལྟར་ལན་བཏབ།
       ‘འོ་ལེ།རྔོན་པ་ཕྱིར་སོང་རྗེས་སུ་སྤྱང་ཀི་ལམ་དུ་ཆས་ན་བདེ་འཇགས་རེད་བསམ།’
       ‘འོ་ན།ང་ཚོའི་སྤུན་ཟླ་གཞན་རྣམས་ལ་ཡང་དེ་ལྟར་བརྡ་འཕྲོད་དུ་འཇུག’
       སྐལ་བཟང་ཚེ་རིང་གིས་མགོ་བོ་ནང་དུ་བཀུག་ཙམ་དང་བཀུག་ཙམ་བྱས་ནས་གཅོད་པ་སྐྱབས་ལ་དེ་ལྟར་བྱེད་པའི་འཐད་བརྡ་བསྟན།

 དྲུག

      ཨ་མཆོག་གྲོང་བརྡལ་མི་དམངས་ཉེན་རྟོག་ཁང་དང་བསང་ཆུ་རྫོང་མི་དམངས་ཉེན་རྟོག་ཁང་གི་ཉེན་རྟོག་པ་ཡིན་ན་འདྲ།ཨ་མཆོག་གྲོང་བརྡལ་མི་དམངས་ཉེན་རྟོག་ཁང་གི་རྒྱ་རིགས་ཉེན་དཔོན་དེའི་བཤད་པའི་མདོ་ལྷོ་ཁུལ་མི་དམངས་ཉེན་རྟོག་ཁང་གི་སྦྱོང་བརྡར་ཁྱད་པར་བ་འཐོབ་ཡོད་ཟེར་བའི་ཁྱད་འཕགས་ཉེན་རྟོག་པ་དེ་ཚོ་ཡིན་ན་ཡང་འདྲ།གང་ལྟར་ཁོ་ཚོ་མཉམ་འབྲེལ་བྱས་ཏེ་དུས་ཡུན་ཟླ་བ་བཞི་ཙམ་འགོར་བའི་རིང་དུ་དུས་ཚོད་དང་བྱ་བའི་སྟོབས་ཤུགས་ཡོད་ཚད་ཉི་མ་ལུང་ཉག་ཁའི་བདེ་འཇགས་ཁོ་ནའི་ཆེད་དུ་འབད་པ་ཡིན་མོད།འོན་ཀྱང་ད་བར་དུ་གྲུབ་འབྲས་ཅི་ཡང་མ་འཐོབ་པའི་ཁར།དེ་རིང་གློ་བུར་དུ་རྩད་ཞིབ་ས་ཁུལ་ནས་ཕྱིར་འཐེན་པ་མ་ཟད།ཕྱིར་འཐེན་བྱེད་སྐབས་ཉི་མ་ལུང་ཉག་གའི་གཡས་གཡོན་གྱི་སྡེ་བ་དག་གི་ག་ས་གང་དུ་བོད་ཡིག་དང་རྒྱ་ཡིག་ཟུང་འབྲེལ་གྱི་ཡིག་ཆ་ཞིག་སྦྱར་འདུག་ལ།རྒྱ་ཡིག་མ་དགོས་བོད་ཡིག་ཀྱང་མི་ཤེས་པའི་མི་རྣམས་ཀྱང་ཡིག་ཆ་དེའི་མདུན་དུ་འཚང་ཁ་ཤིག་ཤིག་གིས་འདུས་འདུག སྐལ་བཟང་ཚེ་རིང་གིས་འཚང་ཁ་ཤིག་ཤིག་བྱེད་བཞིན་པའི་མི་ཚོགས་དེ་ལ་ཅེར་བཞིན་ཅུང་ཡ་མཚར་བའི་རྣམ་འགྱུར་ཞིག་དང་བཅས་ཏེ་ག་ལེར་མི་ཚོགས་དེའི་ཁྲོད་དུ་སོང་།མ་གཞི་ཁོ་ཚོ་ཡིག་ཆ་ཞིག་གི་ཆེད་དུ་འཚང་ཁ་བྱེད་བཞིན་འདུག འོ་ན་དོན་དམ་དུ་ཡིག་ཆ་དེའི་ནང་དོན་ཅི་ཡིན་ནམ།ལྷག་པར་དུ་མི་ཚོས་ཡིག་ཆ་འདི་ལ་དེ་འདྲའི་དོ་སྣང་ཞིག་བྱེད་དགོས་དོན་ཅི་ཡིན་ནམ།ཁོས་དེ་ལྟར་རང་གིས་རང་ལ་དོགས་འདྲི་ཙམ་བྱེད་པ་ལས་ཐབས་ཅི་ཡོད་དེ་ཁོ་ཡང་དེ་རུ་འདུས་པའི་མི་མང་ཤོས་ཤིག་དང་འདྲ་བར་ཡིག་རྨོངས་པ་ཞིག་མ་ཡིན་ནམ།ཡིན་ན་ཡང་དེ་རུ་ད་དུང་ཡིག་རྨོངས་པའི་གྲས་སུ་མི་ཐེ་བའི་མི་འགའ་ཡང་ཡོད་དེ།དཔེར་ན་ན་ནིང་སོ་མ་སྐྱ་སར་བུད་མ་ཐག་པའི་གྲྭ་ལོག་འཇིགས་མེད་རྒྱ་མཚོ་ལྟ་བུ་རེད།སྟབས་ལེགས་པ་ཞིག་ལ་དེ་རུ་ཡོད་པའི་རྒད་པོ་ཞིག་དང་གྲྭ་ལོག་འཇིགས་མེད་རྒྱ་མཚོ་གཉིས་ཀྱི་ཁ་བརྡ་ལས་མི་ཚོས་ཡིག་ཆ་དེའི་ནང་དོན་གོ་ཐུབ་པ་བྱུང་ཞིང་སྐལ་བཟང་ཚེ་རིང་གིས་ལྷག་ཏུ་ནས་ཀྱང་ཡིག་ཆ་དེའི་བརྗོད་སྙིང་རྟོགས་ཐུབ་པ་བྱུང་སོང་།
       ‘ཡ།འཇིགས་མེད།ཁྱོད་ཀྱིས་སྔོན་ཆད་ཚོགས་ཆོས་རྭ་འགྲིམ་འགྲིམ་ནས་བསླབ་པ་སློབ་གཉེར་མི་དམན་པ་ཞིག་བྱས་ལོས་ཡོད།འོ་ན་དེ་རིང་སློབ་སྦྱོང་བྱས་པའི་རྟགས་ཤིག་སྟོན་དང་།ཡིག་ཆ་འདིར་ཅི་ཞིག་ཟེར་གྱིན་འདུག’
       སྐལ་བཟང་ཚེ་རིང་གཙོ་བྱས་པའི་ཡིག་རྨོངས་པའི་སྡེ་དེས་རྣ་བ་གཉིས་ཅོར་ཅོར་གྱིས་གྲྭ་ལོག་འཇིགས་མེད་རྒྱ་མཚོས་གསུང་ཚིག་གལ་ཆེན་ཅི་ཞིག་སྦྱིན་པ་ལ་སྒུག་པ་ལྟར་ཁ་རོག་གེར་ཉན་འདུག འཇིགས་མེད་རྒྱ་མཚོས་གློ་ལུ་འགའ་བྱས་ནས་མིད་པའི་ནང་གི་མི་གཙང་བ་རྣམས་སེལ་ཙམ་བྱས་པ་དང་མཉམ་དུ།
       ‘འོ།དེ་ནི་ལས་སླ་མོ་ཞིག་རེད།ཡིག་ཆ་འདིར་ཉེན་རྟོག་པས་གནས་སྐབས་སུ་ཉི་མ་ལུང་ཉག་གའི་བདེ་འཇགས་ལ་ཁག་ཐེག་མི་ཐུབ་པས།རླངས་འཁོར་ཁ་ལོ་བ་ཚོས་རང་གི་བདེ་འཇགས་ལ་རང་གིས་རང་གིས་མཉམ་འཇོག་བྱེད་པ་ལས་ཉེན་རྟོག་པ་རྣམས་ཕྱིར་འཐེན་རྒྱུ་ཡིན་ཟེར།’
       འཇིགས་མེད་རྒྱ་མཚོས་དེ་ལྟར་གསལ་བཤད་བྱས་པ་ན།རྒད་པོ་དེས་སླར་ཡང་ཀུ་རེའི་ཚུལ་དུ་གདོང་ལ་འཛུམ་ཞིག་ལངས་ཞོར་’ཡུམ།གྲྭ་ལོག་བརྒྱ་ཐམ་པ་ཡིན་རུང་།དཀོར་ཟས་དཀོར་ཆུ་རང་དགར་འཐུང་མི་འདུག’ཅེས་བཤད་མ་ཐག་དེ་རུ་ཡོད་པའི་མི་རྣམས་ཧབ་ཆ་དིར་རེར་སོང་བ་དང་།སྐལ་བཟང་ཚེ་རིང་གི་གདོང་ལ་ཡང་ག་ལེར་འཛུམ་ཞིག་ལངས་ཤིང་གོམ་པའི་འདེགས་འཇོག་གི་སྟངས་སྟབས་རིམ་བཞིན་རང་གི་ཁྱིམ་ཕྱོགས་སུ་བསྒྱུར་ཞིང་།ཡིག་ཆའིི་མདུན་དུ་འདུ་འགོད་ལང་ལོང་བྱེད་བཞིན་པའི་མི་ཚོགས་དེ་དང་རྒྱབ་ཀྱིས་ཕྱོགས་སོང་།
        སྤྱིར་བཏང་དུ་བོད་ལ་མཚོན་ན་འབྲོག་སྦྲ་སྒོ་ཅན་དང་རོང་ཤིང་སྒོ་ཅན་ཞེས་པའི་བཤད་ཚུལ་ཞིག་ཡོད་མོད།འོན་ཀྱང་དེ་ནི་ཡོངས་སུ་མ་ཁྱབ་པའི་བཤད་སྟངས་ཤིག་རེད་བསམ།ལྷག་པར་དུ་བོད་ལ་མཚོན་ན་བཅོས་བསྒྱུར་སྒོ་འབྱེད་བྱས་ཟིན་པའི་ཚུན་གྱི་ཁ་སང་དེ་རིང་གི་དུས་སྐབས་འདི་ལ།ཁང་བའི་སྒོ་ལ་བལྟས་པ་ཙམ་གྱིས་ཁྱིམ་ཚང་དེ་ནི་འབྲོག་ཁྱིམ་ཞིག་ཡིན་ནམ་རོང་ཁྱིམ་ཞིག་ཡིན་ནམ་ཞེས་ཚོད་བགམ་བྱེད་པ་ནི་རང་གིས་རང་ལ་འོ་བརྒྱལ་བཟོས་པའི་རྒྱུ་ལས་མི་འདུག་སྟེ།ད་སྐབས་བོད་ཀྱི་རོང་འབྲོག་པའི་ཁྱིམ་ཚང་ཁྲོད་དུ་ཡང་སྦྲ་སྒོ་ཅན་དང་ཤིང་སྒོ་ཅན་ཕུད།ད་དུང་ལྕགས་སྒོ་ཅན་དང་འགྱིག་སྒོ་ཅན་ཡང་ཡོད་པ་མ་ཡིན་ནམ།སྐལ་བཟང་ཚེ་རིང་ཚང་ནི་ས་མ་འབྲོག་གི་ཁྱིམ་ཚང་ཞིག་ཡིན་པ་གོང་དུ་བཤད་ཟིན་པ་དེ་རེད།ཁོ་ཚང་གི་རྭ་སྐོར་གྱི་སྒོ་ཆེན་ནི་རྒྱུ་ཆ་ཤིང་ལས་བྱས་པའི་སྒོ་ཆེན་ཉམས་དགའ་བ་ཞིག་རེད།གདུགས་ཁྲི་དང་ལྡན་པ་དང་འདྲ་བའི་ཉི་མའི་བརྟན་སྐར་ཆེན་པོ་དེ་ཉིད་སའི་གོ་ལའི་རང་འཁོར་གྱི་དབང་གིས་འདི་ག་གོ་ལའི་ཕྱེད་ཤར་མའི་རི་ཚོགས་དང་གཙང་བོ་ཁྲི་ཕྲག་བརྒལ་ནས་ཕར་གོ་ལ་ཕྱེད་ནུབ་མའི་མུན་ནག་གི་འཇིག་རྟེན་དེ་ལ་ཉིན་བྱེད་ཀྱི་འོད་ཟེར་སྦྱིན་དུ་འགྲོ་འགོ་བརྩམས་པའི་ས་སྲོད་ཅིག་ལ།སྐལ་བཟང་ཚེ་རིང་ཚང་གི་ཤིང་གི་སྒོ་ཆེན་དེ་ཙིར་སྒྲ་ཞིག་དང་མཉམ་དུ་ཕྱེས་འོང་ནས་ཐོན་མ་ཐག སྒོ་ཆེན་དེའི་ནང་ནས་འཕྲུལ་རྟར་ཞོན་པའི་སྐལ་བཟང་ཚེ་རིང་གི་གཟུགས་བརྙན་དང་ཆུང་མ་ཚེ་རིང་འཚོའི་གཟུགས་བརྙན་མཐོང་ཐུབ།ཆུང་མ་ཚེ་རིང་འཚོས་ཧ་ཅང་སྐད་གདངས་དམའ་མོའི་སྒོ་ནས་’ལམ་ནས་སེམས་ཆུང་བྱོས།’ཞེས་བཤད་ཅིང་།སྐལ་བཟང་ཚེ་རིང་གིས་ཡ་ལན་གྱི་ཚབ་ཏུ་མགོ་བོ་ནང་དུ་བཀུག་ཙམ་བྱས་རྗེས་འཕྲུལ་རྟའི་གོང་ནས་བྱ་འཕུར་བ་ལྟར་སོང་ཤུལ་དུ།ཚེ་རིང་འཚོས་མག་མོག་རབ་རིབ་ཀྱི་ས་སྲོད་དེའི་ཁྲོད་དུ་གསལ་ལ་མི་གསལ་བའི་རང་གི་ཁྱོ་གའི་གཞུག་ཏུ་མིག་གིས་སྐྱེལ་མ་བྱེད་པ་དང་ཆབས་ཅིག་བཟོད་མི་ཐུབ་པའི་ངུ་དངངས་ཤིག་ཀྱང་ཤོར་སོང་།ཁོ་མོས་ངུ་དངངས་ཙམ་བྱས་རྗེས་ཕྱིར་ཁྱིམ་དུ་འགྲོ་འགོ་བརྩམས་ཤིང་།ཤིང་གི་སྒོ་ཆེན་དེ་ཡང་ཙིར་སྒྲ་ཞིག་དང་བཅས་ཏེ་བརྒྱབ་ནས་ཅང་མ་འགོར་བར།ལུས་སུ་མདོག་ལྗང་ནག་གི་ཏ་དབྱི་གྱོན་ཞིང་མགོ་རུ་མིག་གཉིས་མ་གཏོགས་མཐོང་མི་ཐུབ་པའི་མི་རིག་ཞྭ་མོ་གྱོན་པའི་མི་ཆ་མེད་ཅིག་རྐང་འཇབ་ལག་འཇབ་ཀྱིས་ཤིང་སྒོ་དེའི་གམ་དུ་སོང་ཞིང་།ཤིང་སྒོའི་གམ་དུ་འགྲེང་ནས་ཡར་བལྟ་མར་བལྟ་ཞིག་བྱས་རྗེས་ཡང་སྒོའི་སྲུབས་བར་ནས་ཕར་རྭ་ཁྱིམ་ནང་དུ་ལྐོག་ལྟ་བྱེད་བཞིན་འདུག ཨ་ཡ་མཚར་ན་ཡ་མཚར།མི་འདི་དོན་དམ་དུ་སུ་ཡིན་ནམ།མི་འདིས་དོན་དམ་དུ་ཅི་ཞིག་བྱེད་རྩིས་ཡོད་དམ།

 བདུན།

       ལྷ་འདྲེ་ཡོད་པ་ཁས་ལེན་པའི་ཡུལ་འདིའི་མི་རྣམས་ཀྱི་ཡིད་ངོས་སུ་ལྷ་ལ་གཙོ་ཆེར་དབྱེ་ན་རིགས་གཉིས་ཡོད་དེ།འཇིག་རྟེན་འདིའི་ལྷ་དང་འཇིག་རྟེན་འདི་མ་ཡིན་པའི་ལྷ་གཉིས་སོ།འཇིག་རྟེན་འདིའི་ལྷ་ལ་མཚོན་ན་ད་རེབ་ཀྱི་ཚེ་ཐོག་འདི་མ་གཏོགས།ཚེ་ཕྱི་མར་མགོན་སྐྱོབ་མཛད་མི་ཐུབ་པར་བཤད།ཡིན་ན་ཡང་ཚེ་ཐོག་འདིར་མཚོན་ན་འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་སོང་བ་ཡིན་ན།ཚེ་འདིའི་བྱ་བ་མཐའ་དག་ཡིད་བཞིན་དུ་འགྲུབ་པར་དངོས་གྲུབ་སྩོལ་བའི་བཤད་རྒྱུན་སྣ་ཚོགས་ཡོད་པས་ལོས་ཡིན།གང་ལྟར་དེ་རིང་གི་སྐྱ་རེངས་ཁད་ཀྱིས་ཤར་བ་དང་ཆབས་ཅིག་ཇག་པ་སྤུན་བདུན་གྱིས་ཨོང་བ་དང་བསང་རྫས་རིལ་བུ།འོ་མ།འབར་ཞུན།སུ་རུ།ཤུག་པ།དར་ཚོན་སྣ་ལྔའི་གོས།དར་ལྕོག།དུང་དཀར།མར་དཀར།རྩམ་པ།ཆུ་གཙང་མ།ད་དུང་ཤིང་ལེབ་དང་ཤོག་བུའི་རླུང་རྟ་ཐེག་ཚད་རེ་འཁྱེར་ཏེ་ཡུལ་འདིའི་ཡུལ་ལྷ་སྟེ་ཨ་མྱེ་གོང་སྔོན་གྱི་རྩེ་རུ་ལྷ་བསང་གཏོང་དུ་འགྲོ་བཞིན་འདུག ལམ་བར་དུ་དགོ་ཁྱུ་སྐོར་ཞིག་ཇག་པ་མི་བདུན་མཐོང་ནས་ཞོགས་འདྲོགས་བྱེད་བཞིན་འདུག་པ་ལ།ཇག་པ་སྤུན་ཟླུན་གྱི་ཇག་གྲོགས་རེ་འགས་དགོ་ཁྱུ་སྐོར་དེའི་རྗེས་སུ་ཀྭི་རིང་རེ་ཡང་བཏབ་པས།ཀྭི་རིང་དེ་རང་བྱུང་གི་ཆོས་ཉིད་ཅིག་གི་གྲོགས་སུ་ལངས་པ་ལྟར་ཀྭི་རིང་དེ་དག་གི་རྗེས་ནས་སྨུག་པ་ལང་ལོང་ཞིག་ཀྱང་ག་ལེར་འཕྱུར་འགོ་བརྩམས་ཤིང་ཨ་མྱེ་གོང་སྔོན་གྱི་རི་རྩེ་རི་སྐེད་རི་འདབས་ཡོངས་སུ་སྐོར་རྒྱུག་བྱེད་གྲབས་བྱེད་བཞིན་འདུག
       ཇག་པ་སྤུན་བདུན་གཞི་ནས་ཨ་མྱེ་གོང་སྔོན་གྱི་རི་རྩེ་རུ་འབྱོར་སོང་།ཁོ་ཚོ་རི་རྩེ་རུ་འབྱོར་མ་ཐག་ངལ་ཅུང་ཙམ་གསོས་ཤིང་དེ་ནས་སྔོན་ནས་བགོད་བྱ་བྱས་ཡོད་པ་ལྟར་རང་རང་སོ་སོའི་ལས་ལ་འབད་པ་སྟེ།ལ་ལས་བསང་ཁྲིའི་སྟེང་དུ་སུ་རུ་དང་ཨོང་བ་ཤུག་པ་བཅས་སྤུངས་ནས་བསང་མེ་འཇོག་པར་གྲ་སྒྲིག་བྱས་ཤིང་།ལ་ལས་ཤིང་ལེབ་རེའི་སྟེང་དུ་རྩམ་པ་དང་མར་དཀར་བཞག་སྟེ་ཀ་གཏོར་མང་བོ་ལས་འགོ་བརྩམ།ཡང་ལ་ལས་དར་ལྕོག་རྣམས་མགོ་མཇུག་མ་ལྡོག་པར་གཅིག་གི་རྗེས་སུ་གཅིག་མཐུད་ནས་བསྣར་རྗེས།འབར་ཞུན་གྱི་སིར་སྒྲ་ཞིག་དང་མཉམ་དུ་བསང་མེ་གསོས་ཤིང་།ཅང་མ་འགོར་བར་བསང་དུད་རིང་མོ་ཞིག་གིས་བར་སྣང་དུ་རླུང་གི་བཀོད་འདོམས་ལ་ཉན་ཏེ་ཞབས་བྲོ་སྣ་ཚོགས་འཁྲབ་ཅིང་།ཇག་པ་སྤུན་བདུན་གྱིས་ཕན་ཚུན་གྱི་ལག་ཐོག་ལ་ཆུ་གཙང་མ་ལྡུག་རེས་བྱས་ཏེ་ལག་པ་གཙང་མ་རེ་བཀྲུས་རྗེས།’གཙང་ས་ལེ།དག་ས་ལེ།གཙང་ས་ལེ།དག་ས་ལེ།གཙང་ས་ལེ་།དག་ས་ལེ།ཏིང་འཛིན་སྔགས་དང་ཕྱག་བརྒྱས་བྱིན་རླབས་པའི།བསགས་མེད་བདུད་རྩི་བསང་གི་མཆོད་པ་འདི།ཐར་བའི་ལམ་སྟོན་དྲིན་ཆེན་བླ་མ་བསང་།་་་་་་”ཞེས་བསང་འབོད་ཀྱི་གདངས་དབྱངས་དང་ཆབས་ཅིག་བསང་རྫས་རིལ་བུ་དང་ཀ་གཏོར།དར་ཚོན་སྣ་ལྔའི་གོས་བཅས་བསང་མེའི་སྟེང་དུ་འདྲེན་དུ་བཅུག་ཅིང་།འོ་མའི་མཆོད་དང་ཆུ་ཡི་ཆབ་ཀྱང་བརྒྱབ།དུང་བུས་ཤིང་ཤོག་བུའི་རླུང་རྟ་མང་བོ་དགུང་དུ་སྤུར་ལ།ཀྭི་བསོའི་ལྷ་རྒྱལ་འཐེན་ཞིང་དར་ལྕོག་རྣམས་དར་ཤིང་ལ་བཏེགས་ཏེ་འབྱུང་བ་རླུང་གི་སྟོབས་ཤུགས་ལ་བརྟེན་ཏེ་ཡར་འཕུར་དང་མར་འཕུར་བྱེད་དུ་བཅུག རེད་ཡ།ཁོ་ཚོས་དེ་ལྟར་ལྷ་བསང་གཏོང་དོན་ནི་ཡུལ་ལྷ་གཞི་བདག་དག་གི་ཐུགས་རྒྱུད་སྐུལ་བྱེད་ཡིན་ལ།གསལ་བོར་བཤད་ན་ཁོ་ཚོའི་བྱ་བཞག་ཐམས་ཅད་བསམ་དོན་ལྟར་འགྲུབ་པར་ཡུལ་ལྷ་གཞི་བདག་ལ་བཅོལ་གདམས་གནང་བ་དེ་རེད།འོ་ན་དོན་དམ་དུ་ཡུལ་ལྷ་གཞི་བདག་ཟེར་བའི་མཐུ་ལྡན་གྱི་ལྷ་ཞིག་ཡོད་དམ་ཞེ་ན་ཡོད་དེ།དེ་ནི་ཁོ་ཚོའི་སེམས་སུ་ཡོད་པའི་དད་པའི་སྟོབས་ཤུགས་དེ་ཡིན།

བརྒྱད།

       ཇག་དཔོན་སྐལ་བཟང་ཚེ་རིང་ཡིན་ན་ཆོག ཇག་དཔོན་གཞོན་པ་གཅོད་པ་སྐྱབས་ཡིན་ན་ཆོག ཡང་ན་ཇག་གྲོགས་གཞན་རྣམས་ཡིན་ནའང་ཆོག གང་ལྟར་ཁོ་ཚོ་ཚང་མ་འདང་རྒྱག་མེད་པའི་བུ་རྒོད་པོ་ཏག་ཏག་ཡིན་ས་རེད།རྒྱུ་མཚན་ཅིའི་ཕྱིར་ཟེར་ན།ཟླ་བ་ཉ་གང་བའི་དེ་རིང་གི་མཚན་མོར།ཁོ་ཚོས་ཉི་མ་ལུང་ཉག་ག་ནས་ཆེས་མཐའ་མཇུག་གི་འཆར་གཞི་ཞིག་ལེགས་པར་འགྲུབ་པར་སྟ་གོན་བྱེད་བཞིན་འདུག་པ་ལ་བལྟས་ན།ཉེ་ལམ་ཉེན་རྟོག་པས་ག་ས་གང་དུ་རྩད་གཅོད་ནན་ཞིབ་བྱས་པ་ལ་དེ་འདྲའི་འཇིགས་སྣང་སྐྱེ་བཞིན་མེད་པ་འདྲ།
       ‘སྤུན་ཟླ་རྣམས་པ།འདི་ནི་ཆེས་མཐའ་འཇུག་ཡིན།འདི་བསྒྲུབས་ཚར་རྗེས་ད་ནི་མཚམས་བཞག་ན་དགའ།’
       སྐལ་བཟང་ཚེ་རིང་གིས་དེ་ལྟར་བཤད་པ་ན།ཇག་གྲོགས་གཞན་རྣམས་ཀྱིས་ཕན་ཚུན་གྱི་གདོང་ལ་བལྟ་ཙམ་བྱེད་པ་ལས་ཅི་ཡང་མི་ཟེར་མོད།འོན་ཀྱང་འབོ་ར་ས་ཆའི་ཡིན་པའི་ཇག་གྲོགས་གཉིས་ཡོད་པ་ལས་གཅིག་ན་རེ།’ཆེས་མཇུག་མཐའི་འཆར་གཞི་གསུམ་ཡོད་པ་མ་ཡིན་ནམ།’ཞེས་ལྡོག་འདྲི་ཞིག་བྱས་པ་ན།སྐལ་བཟང་ཚེ་རིང་གིས་ཧམ་པ་ཆེས་ཆེར་མངའ་བའི་ཇག་གྲོགས་དེ་ལ་འཛུམ་ཞིག་སྟོན་ཞོར།
       ‘འཆར་གཞི་ནམ་ཡང་འགྱུར་ལྡོག་གི་རྗེས་ཆོད་དཀའ་ནི་རེད།’
       ལན་འདིའི་རྗེས་ནས་ཇག་གྲོགས་ཚོའི་མགོ་བོ་ནང་དུ་བཀུག་ཙམ་དང་བཀུག་ཙམ་བྱས་ནས་ཕན་ཚུན་གྱི་གདོང་ལ་བལྟས་ནས་འདུག་པ་ལས་མུ་མཐུད་དུ་ལྡོག་འདྲི་བྱེད་མཁན་མ་བྱུང་།
       བཅོ་ལྔའི་དུང་ཟླ་ཡིན་ན་འདྲ།བྱང་མི་འགྱུར་སྐར་མ་ཨ་བརྟན་ཡིན་ན་འདྲ།ཡང་ན་དགུ་ཚིགས་སུ་གཏོར་བའི་སྐར་ཚོགས་དེ་ཡིན་ནའང་འདྲ།དེ་དག་ནི་ཅི་འདྲའི་འོད་མདངས་བཀྲ་ཞིང་མིག་ལ་མཛེས་པ་ཞིག་རེད།ད་དུང་རྒྱུ་སྐར་དེ་དག་གི་འོད་སྣང་ལ་བརྟེན་པའི་ཉི་མ་ལུང་ཉག་གའི་མཚན་ལྗོངས་དེ་ཅི་འདྲའི་ལྷིང་འཇགས་དང་ལྡན་པ་ཞིག་རེད་མོད།འོན་ཀྱང་མི་རིང་བར་ཉག་ག་འདིའི་ལྷིང་འཇགས་ཅི་ཞིག་གིས་དཀྲོགས་སྲིད་དམ།གང་ཞིག་གིས་དཀྲོགས་སྲིད་དམ།སུ་ཞིག་གིས་དཀྲོགས་སྲིད་དམ།
       ཟོག་འདྲེན་རླངས་འཁོར་ཆེ་བ་ཞིག་ཆེད་དུ་ཇག་པ་སྤུན་བདུན་གྱི་ཆེས་མཇུག་མཐའི་འཆར་གཞི་ལ་རྒྱབ་སྐྱོར་བྱེད་པ་ལྟར་ཉི་མ་ལུང་ཉག་ག་དང་བར་ཐག་ཇེ་ཉེ་ནས་ཇེ་ཉེ་རུ་ཚུར་ཡོང་བཞིན་འདུག་ལ།ཨོང་སྒམ་ཀླད་དུ་མདོག་སྔོན་པོ་ཡིན་པའི་འགྱིག་ཤོག་ཅིག་གིས་གཡོགས་ཡོད་པ་མ་ཟད་དེ་ཉིད་མཐོ་ཞིང་མཐོ་བས།ཇག་པ་རྣམས་ཀྱི་སེམས་སུ་ཟོག་འདྲེན་རླངས་འཁོར་འདིའི་ཨོང་སྒམ་ནང་དུ་དོན་དམ་དུ་དངོས་ཟོག་རྩ་ཆེན་ཅི་ཞིག་ཡོད་དམ་སྙམ་པ་དང་ཆབས་ཅིག སྔར་ནས་ལས་བགོས་བྱས་ཡོད་པ་ལྟར་རང་རང་སོ་སོའི་འགན་འཁྲི་ལེགས་པར་འགྲུབ་པར་གྲ་སྒྲིག་བྱེད་བཞིན་འདུག ཟོག་འདྲེན་རླངས་འཁོར་དེ་ཏག་ཏག་ཉི་མ་ལུང་ཉག་ག་རུ་ཐོན་མ་ཐག ཉག་གའི་གཡས་ཕྱོགས་ཀྱི་གད་པའི་ངོས་ནས་རྡོ་ཕ་བོང་ཆེན་པོ་ཞིག་འགྲིལ་ཏེ་ཐོན་ཞིང་ལམ་དཀྱིལ་དུ་རྡུལ་འཚུབ་ཅིག་དང་མཉམ་དུ་ལྷུང་ནས་ཟོག་འདྲེན་རླངས་འཁོར་དེའི་སྔུན་བཀག་ཅིང་།དེ་ནས་མགོ་དཀྲིས་ཀྱིས་མིག་གཉིས་མ་གཏོགས་མི་མཐོང་བར་བྱས་ནས་དཀྲིས་ཡོད་པའི་ཇག་པ་སྤུན་བདུན་རྣམས་གཡས་གཡོན་མདུན་རྒྱབ་ཀུན་ནས་བརྒྱུགས་ཡོང་སྟེ་ཟོག་འདྲེན་རླངས་འཁོར་དེའི་མཐའ་ནས་བསྐོར་ནས་བསྡད་ཅིང་།ཁོ་ཚོ་ལ་ལས་ལག་ཏུ་བོའུ་རིང་ཐུང་གཉིས་ཀ་དང་གྲི་རིང་ཐུང་གཉིས་ཀ་བཟུང་ཡོད་པ་དང་།ཡང་ལ་ལས་ལག་ཏུ་སྟ་རེ་དང་སྟེའུ།རྡོ་བ་དང་ཐག་པ་བཟུང་ཡོད་པ་དང་།ད་དུང་དགོས་དབང་གི་སྟབས་ཀྱིས་ལག་ཏུ་ལག་སྒྲོན་ཐོགས་མཁན་ཡང་འདུག ཟོག་འདྲེན་རླངས་འཁོར་དེའི་མགོ་སྒམ་ནང་གི་ཁ་ལོ་བ་དང་ཁ་ལོ་བའི་གམ་གྱི་མི་དེ་གཉིས་ཀྱིས་སྔ་གཞུག་ཏུ་ལག་པ་གཉིས་ཡར་བཀྱགས་ཏེ་རླངས་འཁོར་ལས་ག་ལེར་མར་བབས་པ་ན།རླངས་འཁོར་གྱི་མདུན་གློག་འཕྲོ་སའི་འོད་ཀྱི་རྒྱ་གྲམ་དེའི་ཁྲོད་ན་སྲིན་འབུ་མེ་འཁྱེར་གཉིས་ལྟར་སྡོད་པའི་སྐལ་བཟང་ཚེ་རིང་དང་གཅོད་པ་སྐྱབས་གཉིས་ཀྱིས་བོའུ་མཆུ་མདུན་དུ་ཚད་ཙམ་བྱས་ནས་བསྡད་པ་དང་ལྷན་དུ།སྐལ་བཟང་ཚེ་རིང་གིས་བཤད་རྒྱུར་’ཁྱོད་གཉིས་ལ་སྲོག་དགོས་ན་ཁ་རོག་གེར་དེ་ནས་ཡར་ལོངས་ལ་སྡོད།’ཅེས་བཤད་པའི་སྐབས་སུ།གཅོད་པ་སྐྱབས་ཀྱིས་ཀྱང་ཚིག་ལ་ཁ་སྣོན་གྱི་ཚུལ་དུ་བཤད་རྒྱུར་’ལག་པ་གཉིས་ཡར་མཐོན་པོར་ཁྱོགས།’ཅེས་བཤད།
       རླངས་འཁོར་གྱི་ཁ་ལོ་བ་དང་དེའི་གམ་གྱི་མི་དེ་གཉིས་ཀྱིས་ཀྱང་ལག་པ་ཡར་མཐོན་པོར་བཀྱགས་ནས་ཅི་བཤད་ངག་བཞིན་དུ་བྱས་ནས་འདུག་སྐབས།ཇག་གྲོགས་གཞན་རྣམས་དེ་མ་ཐག་ཨོང་སྒམ་གྱི་སྟེང་དུ་སྤྱང་ཀི་ཤྭ་ལ་རྔམ་པ་ལྟར་མཆོངས།གློ་བུར་དུ་ཇག་གྲོགས་ག་གེ་མོ་ཞིག་གིས་སྐད་གསེང་མཐོན་པོའི་སྒོ་ནས་’མ་བཟང་ཐལ།ཉེན་རྟོག་པ་ཡོད་ཁུ།’ཞེས་སྐད་ཅོར་བརྒྱབ་མ་ཐག བོའུ་སྐད་འགའ་ཡང་འཕྲོ་རིམ་འཕྲོར་གྲག་ཅིང་དེའི་མཚམས་སུ་སྙིང་ལ་གཟན་པའི་ཉེན་རྟོག་པའི་ཉེན་བརྡ་དེ་གྲགས་འགོ་བརྩམས།
       ‘ལག་ཆ་ཐང་ལ་ཞོག ལག་པ་ཡར་ལ་ཁྱོགས།’
       རླངས་འཁོར་གྱི་ཨོང་སྒམ་དེའི་ནང་ནས་ཉེན་རྟོག་པ་དག་གིས་ཀྱང་སྐད་ཅོར་བར་མེད་དུ་བརྒྱབ།མ་བསམ་ས་ནས་ཨོང་སྒམ་དེའི་ནང་དུ་ཇག་པ་ཚོར་མཁོ་བའི་དངོས་རྫས་ཅི་ཡང་མ་ཡོད་པར་ཇག་པའི་ཁ་གནོན་ལྟ་བུའི་ཉེན་རྟོག་པའི་གང་འདུག་པ་མ་ཟད།ཉི་མ་ལུང་ཉག་གའི་ཕྱོགས་བཞི་མཚམས་བརྒྱད་ནས་ཀྱང་ཉེན་རྟོག་པ་མང་པོའི་ལག་ཏུ་མེ་མདའ་དང་ལག་སྒྲོན་ཐོགས་ཏེ་ཐོན་ཞིང་།ཏག་ཏག་ད་ཅི་སོ་མ་ཇག་པ་སྤུན་བདུན་གྱིས་ཟོག་འདྲེན་རླངས་འཁོར་དེའི་མཐའ་ནས་བསྐོར་བ་ལྟར་ཉེན་རྟོག་པས་ཕྱིར་ཇག་པ་སྤུན་བདུན་གྱི་མཐའ་ནས་བསྐོར་བས།གཤོག་པ་ཐོགས་ཡོད་མཁན་ཞིག་མིན་ན་ནི་ཉེན་རྟོག་པའི་བསྐོར་སྐྱིལ་ལས་ཐར་རྒྱུ་ཧ་ཅང་དཀའ་མོ་རེད།
       གནས་བབ་ཅི་འདྲའི་བཀྲ་མི་ཤིས་པ་ཞིག་ཡིན་ན་ཡང་།ཆེས་ཉག་ཕྲ་བའི་གོ་སྐབས་ཙམ་ཡང་འཆོར་དུ་མི་འཇུག་པ་ནི་སྐལ་བཟང་ཚེ་རིང་དང་གཅོད་པ་སྐྱབས་གཉིས་ལ་མངའ་བའི་ཐུན་མོང་གི་གཤིས་ཀ་དེ་ཡིན་ལས་ཆེ།དེ་བས་ཁོ་གཉིས་ཀྱིས་དེ་མ་ཐག་སྤྱིར་བཏང་གི་མང་ཚོགས་སུ་བརྫུས་པའི་ཉེན་རྟོག་པ་དེ་གཉིས་ལ་མུ་མཐུད་དུ་བོའུ་ཁ་ཚད་བཞིན་མདུན་དུ་འགྲོ་ཞོར་དང་བཤད་ཞོར་བྱས་པ་སྟེ་’མ་འགུལ།མ་འགུལ།གལ་ཏེ་འགུལ་རྒྱུ་ཞིག་ཡོད་ན།བོའུ་རྒྱག་ནོ་ཁོ་ཐག་ཡིན།མིན་ན་གྲྭ་ཚང་འདི།’ཞེས་གཅིག་གི་ཚིག་རྔ་གཅིག་གིས་མཐུད་དེ་བཤད་པ་ན།ཉེན་རྟོག་པ་དེ་གཉིས་ཀྱིས་ཀྱང་ཕན་ཚུན་གྱི་གདོང་ལ་བལྟ་ཙམ་དང་བལྟ་ཙམ་བྱས་ནས་འདུག་པ་ལས་ཨེན་ཙམ་འགུལ་བའི་སྙིང་སྟོབས་ཙམ་ཡང་མ་བྱུང་སྟབས།བལྟས་བལྟས་རིག་རིག་ལ་སྐལ་བཟང་ཚེ་རིང་དང་གཅོད་པ་སྐྱབས་གཉིས་ཀྱི་རང་ལུས་སྲུང་བའི་མི་གཏའ་མ་རུ་གྱུར།
       ‘མི་གཅིག་ལ་སྲོག་གཅིག་ཟེར་ནི་རེད།ངེད་སྤུན་ཟླ་རྣམས་ཀྱིས་ད་བར་དུ་ཆོམ་རྐུན་གྱི་ལས་བྱས་པ་བདེན་མོད།འོན་ཀྱང་ད་བར་དུ་མྱི་བསད་མ་མྱོང་།དོ་ནུབ་ངའི་སྤུན་ཟླ་རྣམས་གློད་གྲོལ་མི་གཏོང་ན།ངས་ཀྱང་གྲོགས་པོ་འདི་གཉིས་རང་དགར་མི་གཏོང་།’
       ཟོག་འདྲེན་རླངས་འཁོར་གྱི་མདུན་གློག་དེའི་ཁྲོད་དུ་མིག་རྩ་དམར་པོར་གྱུར་བའི་སྐལ་བཟང་ཚེ་རིང་གི་གདོང་གི་རྣམ་འགྱུར་དེ་ཅི་འདྲའི་འཇིགས་སུ་རུང་བ་ཞིག་རེད།སྐབས་ཐོག་འདིར་ཁོའི་གདོང་གི་རྣམ་འགྱུར་དང་ཁ་ཡི་ཁ་ཚིག་གང་ལ་བལྟས་ཀྱང་།བརྒྱ་ལ་ཉེན་རྟོག་པ་རྣམས་ཀྱིས་ཁོའི་ཇག་གྲོགས་གཞན་རྣམས་གློད་གྲོལ་མ་བཏང་ན།ཁོ་དང་གཅོད་པ་སྐྱབས་གཉིས་ཀྱི་ལག་འོག་ཏུ་ཚུད་པའི་ཉེན་རྟོག་པ་དེ་གཉིས་ལ་ཡང་ཉེན་ཁ་ཆེ་བ་མངོན་སུམ་རེད།གཅོད་པ་སྐྱབས་ཀྱང་སྐལ་བཟང་ཚེ་རིང་དང་འདྲ་བར་གལ་ལ་ཐུག་དུས་སྲོག་ཀྱང་མི་དགོས་པའི་མྱི་རྒོད་གླེན་པ་ཞིག་ལྟར།འཛིན་བཟུང་མི་ཐེབས་པའི་ཆེད་དུ་ཉེན་རྟོག་པ་དང་ཆེས་མཐའ་མཇུག་གི་འཐབ་རྩོད་བྱེད་པར་ཐེ་ཚོམ་སྤུ་ཉག་ཙམ་ཡང་སྐྱེ་བཞིན་མེད་པ་འདྲ།
       ཨ་མཆོག་གྲོང་བརྡལ་མི་དམངས་ཉེན་རྟོག་ཁང་གི་རྒྱ་མི་ཉེན་དཔོན་ཞིག་ཡོད་པ་དེས་ལག་ཏུ་ལག་འཛིན་སྐད་འབོད་ཆས་ཤིག་ཐོགས་ཏེ།ད་ཡང་བོད་སྐད་ད་མ་དིག་གི་ལམ་ནས་ཇག་པ་སྤུན་བདུན་གྱི་ཇག་དཔོན་དང་ཇག་དཔོན་གཞོན་པ་གཉིས་སྟེ་སྐལ་བཟང་ཚེ་རིང་དང་གཅོད་པ་སྐྱབས་གཉིས་ལ་གཏམ་བཤད་ཐེངས་གཅིག་མི་བྱེད་ཐབས་མེད་བྱུང་།
       ‘གསར་བུ་གཉིས་ཀས་སྨྱོ་རྟགས་མ་སྟོན།རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཟེར་ནི་རེད།ཁ་ལག་པ་གཉིས་ཀྱིས་བསྒྲུབས་པ།རྒྱབ་ཕྲག་པ་གཉིས་ཀྱིས་འཁུར་དགོས་ནི་རེད།མིག་སྔར་ང་ཚོས་རྩད་གཅོད་ནན་ཞིབ་བྱས་པ་ལྟར་ན།ཁྱེད་ཚོའི་ནག་ཉེས་ཀྱི་ཡང་ལྕི་དེ་འདྲའི་ཚབས་ཆེན་ཞིག་མ་རེད།ཆེས་མ་མཐའ་ཡང་ཚེ་བཙོན་གྱི་ཁྲིམས་དང་དང་སྲོག་ཁྲིམས་འབབ་ས་མ་རེད།ཡིན་ན་ཡང་མུ་མཐུད་དུ་འདི་ལྟར་ཉེས་ཁྲིམས་བསགས་ན་ནི།ཚེ་བཙོན་གྱི་ཁྲིམས་དང་ཐ་ན་སྲོག་ཁྲིམས་ཀྱང་འབབ་ན་ཐང་།དེ་བས་རེ་བར་ད་ནི་ཡག་པོ་བྱས་ནས་ལག་ཆ་ཐང་ལ་ཞོག་ལ་མགོ་སྒུར།གོ་ཨེ་བྱུང་།’
       ནམ་རྒྱུན་ལྟར་དོ་ནུབ་ཀྱང་རྒྱ་མི་ཉེན་དཔོན་དེའི་བོད་སྐད་བཤད་སྟངས་དེ་དངོས་ནས་དགོད་བྲོ་བ་ཞིག་རེད།གང་ལྟར་ཁོའི་གཏམ་བཤད་དེའི་ནང་དོན་རྡོག་རྡོག་བཤད་ན་གོང་དུ་བཤད་པ་དེ་འདྲ་ཞིག་རེད།རྒྱ་མི་ཉེན་དཔོན་དེའི་སྐད་ཆ་ཐོས་པ་ཙམ་གྱིས་ཁ་ཡར་གྲག་ལ་ཚེ་བཙོན་དང་ཁ་མར་གྲག་ལ་སྲོག་ཁྲིམས་ཞེས་ཧ་ཅང་ནས་སྐྲག་སྣང་དང་ལྡན་པ་ཞིག་ཡིན་མོད།འོན་ཀྱང་སྐལ་བཟང་ཚེ་རིང་དང་གཅོད་པ་སྐྱབས་གཉིས་ཀྱིས་ཉེན་དཔོན་གྱི་དིག་ལོ་ཞིག་ལྟ་བུའི་བོད་སྐད་བཤད་སྟངས་དེ་ལ་ཧབ་ཆ་དིར་རེ་བ་ཞིག་གིས་འཕྱ་སྨོད་བྱས་མཐར།སྐལ་བཟང་ཚེ་རིང་གིས་འཇིགས་པ་མེད་པའི་སྐད་གདངས་ཤིག་ཕྱིར་ཕྱུང་སྟེ།
       ‘བོད་སྐད་ཀྱང་དགའ་ཞིག་བཤད་མི་ཤེས་པའི་ལྕེ་ལོ་ཁྱོད་སུ་ཡིན།ཁྱོད་ཀྱིས་ངེད་གཉིས་ལ་འཇིགས་སྐུལ་འདོད་དམ།ངའི་གངས་དཀར་སེམས་ན་རྟ་མེད་ན།ཕུ་རུང་ནང་ལ་སྲབ་འཛིན་ནི་མ་རེད།མྱུར་དུ་ངའི་གྲོགས་པོ་གཞན་རྣམས་གློད་གྲོལ་ཐོངས།མ་གཏོགས་གཡོ་སྒྱུ་ཆེ་བའི་ཉེན་རྟོག་པ་འདི་གཉིས་ཀྱང་འཆོར་ས་མེད།’ཅེས་བཤད་པ་དང་སྦྲགས་ལག་འོག་ཏུ་ཚུད་པའི་ཉེན་རྟོག་པ་དེ་གཉིས་ལ་’སྡོད།མར་པུས་ཚུགས་སུ་སྡོད།’ཅེས་སྐད་ལོག་ཅིག་བྱས་ཤིང་བོའུ་ཁ་ཏག་ཏག་ཉེན་རྟོག་པ་དེ་གཉིས་ཀྱི་ལྟག་ཁུང་ནང་དུ་ཚད་ནས་བསྡད་པ་ན།རྒྱ་མི་ཉེན་དཔོན་དེས་མིག་མདུན་གྱི་གནས་བབ་མི་ལེགས་པ་མཐོང་ནས་གནས་སྐབས་སུ་ཅི་ཞིག་བྱེད་དགོས་པ་ཡང་མ་ཤེས་པར་དགུན་ཁའི་ཁུ་བྱུག་ཅིག་ལྟར་ལངས་ནས་བསྡད་འདུག
       མ་གཞི་སྲོག་ཀྱང་མི་དགོས་པ་ལྟ་བུའི་ཇག་རྐུན་ཚོའི་མདུན་དུ་མེ་མདའ་ནི་དེ་འདྲའི་ལེགས་ཚོགས་ཀུན་ལྡན་གྱི་ལག་ཆ་ཞིག་མ་རེད།འོ་ན་དོན་དམ་དུ་མེ་མདའ་ཡང་མིག་ལམ་དུ་མི་འཇོག་པའི་ཇག་རྐུན་ཚོའི་མགོ་གནོན་བྱེད་ནི་གང་རེད་ཟེར་ན་ནི།དེ་ནི་གཟུགས་མེད་སྒྲ་ལྡན་གྱི་སྐད་ཆ་ལས་མ་འདས།ཡིན་ན་ཡང་སྐད་ཆ་དེ་ཡང་ཇག་རྐུན་ཚོའི་སེམས་སུ་ཟུག་འགྲོ་བའི་སྐད་ཆ་ཞིག་མིན་ན་ནི།སྐད་ཆ་དེ་ལ་ཡང་ཁ་ནང་གི་དབུགས་གཏོང་ལེན་ཙམ་གྱི་སྦྱོར་བ་ལས་གོ་ཆོད་ཀྱི་ནུས་པ་ཨེན་ཙམ་ཡང་མི་འདུག་སྟེ།དཔེར་ན་རྒྱ་མི་ཉེན་དཔོན་དེའི་བཤད་པའི་སྐད་ཆ་ཡིས་ཕ་རོལ་བ་དབང་དུ་སྡུད་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་ཕ་རོལ་བས་རང་ལ་འཕྱ་སྨོད་བྱེད་པའི་རྒྱུ་ལྟ་བུ་ཞིག་ཏུ་གྱུར་སོང་བ་དེ་རེད།རྒྱ་མི་ཉེན་དཔོན་དེའི་བཤད་པའི་སྐད་ཆ་ལ་དེ་འདྲའི་ནུས་པ་མེད་པ་རྟོགས་རྗེས།བཀྲ་ཉེན་རྟོག་པ་ཚུར་རྒྱ་མི་ཉེན་དཔོན་དེའི་གམ་དུ་ཡོང་ནས་ལག་པ་ཕར་བསྲིངས་ཏེ་ལག་འཛིན་སྐད་འབོད་ཆས་དེ་རང་གི་ལག་ལ་འཇོག་དགོས་པར་སྐུལ་བ་ན།ཉེན་དཔོན་གྱིས་ཀྱང་འདང་ཙམ་བརྒྱབ་རྗེས་ལག་འཛིན་སྐད་འབོད་ཆས་ཏེ་བཀྲ་ཤིས་དོན་འགྲུབ་ཀྱི་ལག་ཏུ་བཞག
       ‘གྲོགས་པོ་གཉིས་ཀས་འདང་གསལ་བོར་རྒྱོབས།བལྟས་ཡོང་ན་ཁྱོད་གཉིས་ཀྱི་སུ་ཞིག་ཡིན་ན་ཡང་ཆོག ངོ་མ་རང་གི་གྲོགས་པོ་ཚོའི་ཆེད་དུ་སྲོག་ཀྱང་འདོར་ཐུབ་པའི་བུ་རྒོད་པོ་གཉིས་རེད།ང་ཚོ་ཉེན་རྟོག་པ་ཚོས་ཀྱང་གྲོགས་པོ་མི་བསླུ་བའི་ཉེས་ཅན་ཚོའི་གཤིས་ཀ་ལ་མཐོང་ཆེན་བྱས་མྱོང་།གཙོ་བོ་ཁྱེད་ཚོས་དེད་པའི་ལམ་ནོར་འདུག་པ་མ་གཏོགས།མི་གཤིས་ཀྱི་ཆ་ནས་ང་ཚོས་ཀྱང་མཚམས་རེར་ཁྱོད་ཚོར་མིག་དཔེར་འཛིན་དགོས་པའི་ཆ་ཡོད་མྱོང་།ཡིན་ན་ཡང་ཁྱོད་ཚོར་ཚང་མར་རང་གི་ཁྱིམ་ཚང་དང་བུ་ཕྲུག་ལོས་ཡོད།ཁྱོད་ཚོས་རང་གི་བཟའ་ཚང་དང་བུ་བུས་ཕྲུག་འདོར་ཐུབ་པའི་སྙིང་སྟོབས་ཡོད་ན་ཡང་།བཟའ་མི་ཚོར་མཚོན་ན་ཁྱོད་ཚོ་སྔར་བཞིན་མཁོ་ནི་རེད།བཟའ་མི་ཚོར་མཚོན་ན་ཁྱོད་ཚོ་ནི་འབྲལ་མི་ཐུབ་པའི་མི་གལ་ཆེན་རེ་རེ་ཡིན་ནི་རེད།དེ་བས་མྱུར་དུ་བཟའ་མི་རྣམས་དང་བསྐྱར་འཛོམས་ཡོང་འདོད་ན།མུ་མཐུད་དུ་ནག་ཉེས་ཇེ་ཆེ་རུ་མ་གཏོང་།གོ་བྱུང་ངམ།’
       བཀྲ་ཉེན་རྟོག་པའི་སྐད་ཆ་འདིའི་ནང་དུ་ངོ་བསྟོད་ཀྱི་ཆ་དང་སློབ་གསོའི་ཆ་གཉིས་ཀ་འཛོམས་འདུག་པས་ཡིན་ནམ།གང་ལྟར་སྐད་ཆ་དེ་བཤད་པའི་རྗེས་སུ་སྐལ་བཟང་ཚེ་རིང་དང་གཅོད་པ་སྐྱབས་གཉིས་ཀྱིས་ཀྱང་ཕན་ཚུན་གྱི་གདོང་ལ་བལྟ་ཙམ་བྱས་ནས་འདུག་པ་ལས་གནས་སྐབས་སུ་ཕྱིར་ལན་ཅི་ཡང་མ་བཏབ་ལ།སེམས་སུ་དེ་སྔ་དཔའ་ལ་ཚམ་ཚོམ་མེད་པ་དང་འདྲ་བའི་རྐང་གསུམ་འདྲུད་འཐེན་འཁོར་ལོའི་ཁ་ལོ་བ་དེས་རལ་གྲི་ཞིག་ཤུབས་ལས་བཏོན་ཏེ་ཁོ་ཚོ་དང་སྲོག་བསྡོས་བྱེད་པའི་སྟ་གོན་བྱས་པ་ན།གཅོད་པ་སྐྱབས་དང་སྐལ་བཟང་ཚེ་རིང་གཉིས་ཀྱིས་སྔ་གཞུག་ཏུ་ཁོ་ལ་སྐད་ཆའི་ཕར་རྒོལ་བྱེད་སྐབས།ཁོས་གཅོད་པ་སྐྱབས་ཀྱི་ཁ་ཕོ་ཆེ་བའི་སྐད་ཆ་དེ་རྣ་རྒྱབ་ཀྱི་རླུང་ལྟར་སྤུར་ཡང་།སྐལ་བཟང་ཚེ་རིང་གི་སེམས་ཁུར་བྱེད་པ་ལྟ་བུའི་སྐད་ཆ་དེ་དང་དུ་ལངས་པ་མ་ཡིན་ནམ་སྙམ།
       དུས་ཡུན་ཡུད་ཙམ་འགོར་བ་ན་སྐལ་བཟང་ཚེ་རིང་གིས་སེམས་ཐག་ཆོད་པའི་སྒོ་ནས་བཤད་རྒྱུར་’ཆོག་གི ང་ཚོས་གྲོས་ཡོང་ནི་བྱས་ན་ཆོག འོན་ཀྱང་ང་ལ་ཆེས་མཐའ་མཇུག་གི་དྲི་བ་གཅིག་ཡོད།གལ་ཏེ་ངེད་གཉིས་ཀྱིས་མགོ་སྒུར་བ་ཡིན་ན།ངའི་གྲོགས་པོ་རྣམས་ཀྱི་མགོ་ལ་ཚེ་བཙོན་དང་སྲོག་ཁྲིམས་ཀྱི་ཁྲིམས་མི་ཡོང་བར་ཁྱོད་ཚོས་ཁས་ལེན་བྱེད་ཐུབ་བམ།’ཞེས་དྲིས་པ་ན།བཀྲ་ཉེན་རྟོག་པས་དེ་མ་ཐག་ཕྱིར་ལན་བཏབ་པ་སྟེ་’གོང་དུ་ང་ཚོའི་ཉེན་དཔོན་གྱིས་བཤད་ཟིན་པ་དེ་རེད།ཁྱེད་ཚོས་བསགས་པའི་ནག་ཉེས་ལ་གཞིགས་ན།ཁྱོད་ཚོ་མི་གཅིག་ལ་ཡང་ཚེ་བཙོན་གྱི་ཁྲིམས་དང་སྲོག་ཁྲིམས་མེད་ཁོ་ཐག་ཡིན།’བཀྲ་ཉེན་རྟོག་པས་དེ་ལྟར་ཁོ་ཚོ་མི་གཅིག་ལ་ཡང་ཚེ་བཙོན་གྱི་ཁྲིམས་དང་སྲོག་ཁྲིམས་མེད་པ་གསལ་བཤད་བྱས་སྟབས།སྐལ་བཟང་ཚེ་རིང་གིས་ག་ལེར་ལག་ནང་གི་བོའུ་དེ་ཐང་ལ་གཡུག་ནས་གཏའ་མར་བཟུང་བའི་ཉེན་རྟོག་པ་གཅིག་འགྲོ་རུ་བཅུག་ཀྱང་།གཅོད་པ་སྐྱབས་ནི་དེ་ལས་ལྡོག་སྟེ་གཏའ་མར་བཟུང་བའི་ཉེན་རྟོག་པ་གཞན་དེའི་ལྟག་ཁུང་ནང་ལ་མུ་མཐུད་དུ་བོའི་ཁ་གཏོད་བཞིན་’ཅིའི་ཕྱིར་དུ།ཅིའི་ཕྱིར་དུ།གལ་ལ་ཐུག་དུས་ཁྱོད་ལ་ཅི་མ་ཉན་ནི་རེད།ཚེ་གང་གི་སྡར་མ་བྱེད་པ་ལས་དབ་ཚིགས་ཀྱི་དཔའ་བོ་བྱས་ན་མི་དགའ་འམ།ཡང་གཅིག་བཤད་ན་སྔོན་ཆད་ཁྱོད་ཀྱིས་ང་ཚོའི་སྤུན་ཟླ་དག་ལ་དམ་བཅས་ནས།དོན་དག་ཅི་ཞིག་བྱུང་ཡང་མཉམ་གསོན་དང་མཉམ་འཆི་བྱེད་ཟེར་བ་མིན་ནམ།’ཞེས་སྐལ་བཟང་ཚེ་རིང་གི་གདོང་ལ་མིག་འབུར་ཚུགས་སུ་བལྟས་ནས་བསྡད།
       སྐལ་བཟང་ཚེ་རིང་གི་སེམས་སུ་གཅོད་པ་སྐྱབས་ནི་དངོས་ནས་ཁ་དན་ཚིག་ལ་གནས་པའི་མི་རང་ཚུགས་ཅན་ཞིག་རེད་སྙམ་པས་ལོས་ཡིན།གང་ལྟར་གཅོད་པ་སྐྱབས་སར་བཅོས་མ་མིན་པའི་འཛུམ་མདངས་ཤིག་སྟོན་བཞིན་’སྤུན་ཟླ་དགའ་བོ།ཁྱོད་ནི་ཞེ་ཐོགས་ས་ཅི་ཡང་མེད་པའི་མི་རྐྱང་ཞིག་ཡིན་ན་ཡང་།ཁྱོད་ཀྱིས་སྤུན་ཟླ་དག་གི་བཟའ་མི་ཚོའི་ཆེད་དུ་བོའུ་དེ་ཐང་ལ་གཡུག་ཕོད་དམ།’རང་ཉིད་གཅིག་པོ་མ་གཏོགས་གྲོགས་པོ་ཚོའི་མ་འོངས་པ་མི་བསམ་མཁན་ཞིག་ཡིན་ན་ནི་བོའུ་དེ་ཐང་ལ་གཡུག་རྒྱུ་ཧ་ཅང་དཀའ་མོ་ཞིག་རེད།ཡིན་ན་ཡང་གཅོད་པ་སྐྱབས་ལྟ་བུའི་གྲོགས་ལ་ཁྲེལ་དང་ཕྱི་ཐག་རིང་བའི་མི་བུ་གཏན་ཚུགས་ཅན་ཞིག་ལ་མཚོན་ན་བོའུ་དེ་ཐང་ལ་མི་གཡུག་རང་གཡུག་ཏུ་ཆགས་སོང་།
       སྐལ་བཟང་ཚེ་རིང་དང་གཅོད་པ་སྐྱབས་གཉིས་ཀྱིས་སྔ་གཞུག་ཏུ་མགོ་སྒུར་སོང་།ཉི་མ་ལུང་ཉག་ག་དེ་ཡང་ད་ནས་བཟུང་གཞི་ནས་བདེ་འཇགས་སུ་གྱུར་སོང་བ་ཡིན་ནམ་ཞེ་ན་བཤད་དཀའ་མོ་རེད།གང་ལྟར་ཉི་མ་ལུང་ཉག་ག་དང་ཇག་པ་སྤུན་བདུན་བར་དུ་ད་ནས་བཟུང་གནའ་གཏམ་ལྟ་བུའི་བཤད་རྒྱུན་ཞིག་ལས་ཅི་ཡང་ཡོད་མི་སྲིད་ན་ཐང་།ཉེན་རྟོག་པ་རྣམས་ཀྱིས་ཇག་པ་གཞན་རྣམས་ལ་རྐང་སྒྲོག་དང་ལག་སྒྲོག་བརྒྱབ་ནས་རེ་རེ་བཞིན་དུ་རླངས་འཁོར་ནང་དུ་བཅུག་རྗེས་ཚུར་སྐལ་བཟང་ཚེ་རིང་དང་གཅོད་པ་སྐྱབས་གཉིས་ཡོད་སར་ཐོན།
       ‘ཁྱེད་གཉིས་ཀྱིས་མགོ་སྒུར་སོང་བ་དེ་དངོས་ནས་དགའ་འོས་པའི་གདམ་གསེས་ཤིག་རེད།མགོ་དཀྲིས་དེ་མར་ཕུད་དང་།’
       ད་ནི་རྒྱ་མི་ཉེན་དཔོན་དེ་ལས་ཀྱང་བཀྲ་ཉེན་རྟོག་པ་ལ་སྐད་ཆ་བཤད་དབང་ཡོད་པ་འདྲ།ཆེས་མ་མཐའ་ཡང་དོ་ནུབ་དེ་འདྲ་ཞིག་རེད།བཀྲ་ཉེན་རྟོག་པས་མགོ་དཀྲིས་མར་ཕུད་དགོས་པར་སྐུལ་བ་ནི་གཅིག་བྱས་ན་ཉེན་རྟོག་པ་ཚོས་བསྒྲུབ་འོས་པའི་འགན་ཁུར་ཞིག་ཡིན་ན་ཐང་།ཡང་ན་ཆེད་དུ་བསམ་གཟས་ནས་ཇག་པ་སྤུན་བདུན་གྱི་གཏེ་བོ་ལྟ་བུའི་མི་འདི་གཉིས་དོན་དམ་དུ་སུ་ཞིག་ཡིན་ནམ་སྙམ་ནས་ཤེས་འདོད་ཆེ་བས་ཡིན་ཡང་སྲིད།གང་ལྟར་མགོ་དཀྲིས་མར་ཕུད་པར་སྐུལ་བ་ན་སྐལ་བཟང་ཚེ་རིང་དང་གཅོད་པ་སྐྱབས་གཉིས་ཀྱིས་ཀྱང་ག་ལེར་གཅིག་འཕྲོར་གཅིག་མགོ་དཀྲིས་མར་ཕུད་མ་ཐག བཀྲ་ཉེན་རྟོག་པ་དང་བཀྲ་ཉེན་རྟོག་པའི་གམ་དུ་ལངས་པའི་ཚེ་ཉེན་རྟོག་པ་སོགས་ཉེན་རྟོག་པ་སྐོར་ཞིག་གི་གདོང་ལ་རང་གིས་རང་ལ་ཡིད་མི་ཆེས་པ་ལྟ་བུའི་རྣམ་འགྱུར་རེ་མངོན་པ་མ་ཟད།ད་དུང་ཚེ་ཉེན་རྟོག་པས་ངག་འཁྲོལ་ལ་མི་འཁྲོལ་བའི་ངང་ནས་’ཁྱོད་་་ཁྱོད་་་’ཅེས་འདུག་སྐབས།སྐལ་བཟང་ཚེ་རིང་གིས་ཆེད་དུ་དགོད་རྒྱུ་མེད་ཀྱང་དགོད་ཁུལ་བྱས་ཏེ་བཤད་རྒྱུར།
       ‘ཧུ་ཧུ་ཧུ།ང་ཚོ་ཡང་བསྐྱར་ངོ་འཕྲད་སོང་ནི་རེད།’

དགུ།

       ལོ་ངོ་བཅུ་ལྷག་འགོར་སོང་།བརྒྱ་ལོ་ཉེར་གཅིག་པ་ཡང་ཚེས་ལ་ཉེ།དུས་རབས་དང་སྤྱི་ཚོགས་གཞི་ནས་འགྱུར་སོང་།ལོ་བཅུའི་ཡར་སྔོན་དང་བསྡུར་ན་ད་སྐབས་ཇག་པ་དང་རྐུན་མ་ལྟོས་བཅས་ཀྱིས་ཇེ་ཉུང་ལ་སོང་འདུག ལྷག་པར་དུ་ཉི་མ་ལུང་ཉག་ག་ལ་གནམ་ས་བླ་འོག་བརྗེས་འདྲའི་འགྱུར་ལྡོག་ཅིག་བྱུང་འདུག་སྟེ།སྣུམ་ལམ་གསར་བ་བཏིང་བའི་སྟེང་དུ་འགྲིམ་འགྲུལ་འཕྲུལ་འཁོར་སྣ་ཚོགས་ཅི་དགར་རྒྱུ་ལ་ཇག་རྐུན་ཟེར་བ་ཞིག་གི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག གལ་ཏེ་ཉི་མར་ལྡེ་བའི་རྒད་པོ་རེ་ཟུང་གིས་མཚམས་རེར་ཁ་བརྡ་བྱས་ཀྱིན་བྱས་ཀྱིན་ཉི་མ་ལུང་ཉག་ག་ནས་བྱུང་བའི་ཇག་རྐུན་གྱི་དོན་དག་རེ་གླེང་བར་རྩོམ་པའི་ཚེ་ན།གནམ་ན་སྐར་མ་སྨེ་བདུན།ས་ན་ཇག་པ་སྤུན་བདུན་ཞེས་ཇག་པ་སྤུན་བདུན་དང་ཉི་མ་ལུང་ཉག་གའི་བར་དུ་བྱུང་བའི་གནའ་གཏམ་ལྟ་བུའི་གཏམ་རྒྱུད་རེ་འཆད་པ་ལས།ཁ་སང་དེ་རིང་གི་ཉི་མ་ལུང་ཉག་ག་ནི་ཆེས་སྤྱིར་བཏང་གི་ཉག་ག་གམ་ས་མིང་ཞིག་ལས་ཅི་ཡང་མིན་ཚོད་རེད།
       ལོ་ལེགས་སྙེ་མ་ཤིན་ཏུ་རྒྱས་པའི་སྟོན་མཇུག་ཅིག་ལ།ལོ་བཅུའི་ཁྲིམས་ཐག་བབས་པའི་གཅོད་པ་སྐྱབས་ཀྱིས་གཞི་ནས་ཁྲིམས་ཁུར་ཚར་ནས་བཙོན་གྲོལ་ཐོབ་པ་དང་།དེ་རིང་སྟོན་མཇུག་གི་རླུང་བུ་ཞིག་དང་ལྷན་དུ་འདི་ག་འབྲུའི་སྙེ་མ་རྒོད་པའི་ཞིང་འགྲམ་ཞིག་ཏུ་ཐོན་འདུག བཙོན་གྲོལ་ཐོབ་མ་ཐག་ཡིན་པའི་ཁོའི་མགོ་བོའི་སྐྲ་ཐུང་ཐུང་བོ་དེའི་ནང་དུ་སྐྲ་དཀར་གྱི་ཉག་མ་འགའ་རེ་སྐྱེས་ཡོད་པ་མ་ཟད།དཔྲལ་བའི་ཐད་དུ་གསལ་བྱེད་ཀྱི་ཡི་གེ་ཇ་ཡིག་ལྟ་བུའི་གཉེར་མ་འགའ་ཡང་ཆུ་རིས་བཞིན་དུ་བབས་ཡོད་པས།ལོ་ཟླའི་འཁོར་སྐྱོད་དེའི་སྟབས་ཀྱིས་ཁོའི་བྱད་དབྱིབས་ལ་ཡང་འགྱུར་ལྡོག་མི་དམན་པ་ཞིག་བྱུང་དུ་བཅུག་ཡོད་པ་ཤེས་ལོས་ཐུབ།ཁོའི་མིག་གཉིས་འགུལ་བ་མེད་པར་ཞིང་ནང་དུ་ལོ་འབྲེག་བཞིན་པའི་བུ་མོ་དར་མ་ཞིག་གི་རྒྱབ་གཟུགས་ལ་ཅེར་འདུག བུ་མོ་དེས་ཞིང་འབྲེག་བཞིན་པའི་སྟང་སྟབས་ནི་ཅི་འདྲའི་ཡང་ཟོར་དང་ལྡན་པ་ཞིག་རེད།ཅུང་ཙམ་ནས་གཅོད་པ་སྐྱབས་མི་དལ་མི་བྲེལ་གྱི་གོམ་སྟབས་ཅིག་དང་བཅས་ཏེ་བུ་མོ་དེའི་གམ་དུ་སོང་ཡང་།བུ་མོ་དེས་ཁ་ཕར་འཁོར་ནས་མུ་མཐུད་དུ་ཞིང་འབྲེག་བཞིན་འདུག་པས་ཁོ་མོའི་རྒྱབ་ལོགས་སུ་གཅོད་པ་སྐྱབས་ལངས་ནས་བསྡད་ཡོད་པ་མ་ཚོར།
       དེའི་མཚམས་སུ་གཅོད་པ་སྐྱབས་ཀྱིས་མཐོ་དམའ་རན་པའི་སྐད་གདངས་ཤིག་གི་སྒོ་ནས་’ཡ།ཞི་མོ།ཁྱོད་ལ་རྒད་པོ་ཨེ་ཡོད།མེད་ན་ང་ཁྱེད་ཚང་ལ་མག་པ་ཡོང་ཆོག’ཅེས་བཤད་མ་ཐག བུ་མོ་དེས་ཀྱང་ཞིང་འབྲེག་མཚམས་བཞག་སྟེ་ཅུང་ཡ་མཚར་བའི་མིག་མདངས་ཤིག་དང་བཅས་ཏེ་ག་ལེར་ཁ་ཕྱིར་འཁོར་སོང་།རེད་ཡ།མ་གཞི་བུ་མོ་དེ་ནི་ལོ་བཅུའི་ཡར་སྔོན་དུ་རྟར་ཆུ་བླུད་དེ་ཕྱིར་ཡུལ་ལ་ལོག་པའི་ལམ་བར་དུ་གཅོད་པ་སྐྱབས་དང་གདོང་ཐུག་བརྒྱབ་མྱོང་བའི་བུད་མེད་དེ་རེད།མ་གཞི་གཅོད་པ་སྐྱབས་ཀྱིས་ཀྱང་ལོ་བཅུའི་ཡར་སྔོན་གྱི་སྐད་ཆ་ཞིག་བསྐྱར་བཤད་བྱེད་བཞིན་འདུག ལོ་བཅུའི་རིང་དུ་བུ་མོ་འདི་ལ་ཡང་འགྱུར་ལྡོག་མི་དམན་པ་ཞིག་བྱུང་འདུག་སྟེ།ད་ཆ་ཁོ་མོ་ཡང་ལོ་བཅུའི་སྔོན་གྱི་ལུས་ལང་ཚོ་དར་ལ་བབས་པའི་ཤ་དར་ཁྲག་དར་གྱི་བུད་མེད་དེ་མ་ཡིན་པར།ལང་ཚོ་མི་རྟག་ནམ་མཁའི་འཇའ་གཟུགས་ལྟར་ཡལ་བཞིན་པའི་བུ་མོ་དར་མ་ཞིག་རེད།བུ་མོས་གཅོད་པ་སྐྱབས་མཐོང་འཕྲལ་ཡུད་ཙམ་ལ་ཅི་ཡང་མི་ཟེར་བར་ཁ་རོག་གེར་གཅོད་པ་སྐྱབས་ཀྱི་ལུས་ཡོངས་ལ་ཞིབ་བལྟ་ཐེངས་ཤིག་བྱས་ཤིང་།དེ་ནས་མུ་ཏིག་ཆད་པ་ལྟ་བུའི་མཆི་མའི་རྡོག་ཕྲེང་འགའ་འགྲམ་པའི་ངོས་སུ་གཏོར་བཞིན་’ད་ལྟ་ང་ལ་ཞི་མོ་ཞེས་འབོད་པ་ལས་ཨ་ཡེ་ཞེས་བོས་ན་དགའ།ཁ་ཡག་རྫུན་རྐྱལ་ཁྱོད།ལོ་འདི་དག་གི་རིང་ལ་གང་ཞིག་ལ་སོང་བ་ཡིན།’ཞེས་བཤད་པ་ན།གཅོད་པ་སྐྱབས་ཀྱིས་གདོང་ལ་ཅུང་གཟབ་ནན་གྱི་རྣམ་འགྱུར་ཞིག་མངོན་བཞིན་གསལ་བཤད་བྱེད་འགོ་བརྩམས།
       ‘དྲང་མོར་བཤད་ན།ཁྱེད་ཚོ་སྡེ་བའི་ཉེ་འདབས་ཀྱི་ཉི་མ་ལུང་ཉག་ག་ནས་འཛིན་བཟུང་བྱས་པའི་ཇག་པ་དེ་ཚོའི་ཁྲོད་ཀྱི་གཅིག་ང་ཡིན།ལོ་འདི་དག་གི་རིང་ལ་ང་ཚོ་བཙོན་ནས་བསྡད་པ་ཡིན།ཡིན་ན་ཡང་ད་ལྟ་གྲོགས་པོ་གཅིག་མ་གཏོགས་ཚང་མ་བཙོན་གྲོལ་ཐོབ་ཡོད།ད་ནི་གྲོགས་པོ་གཅིག་པོ་དེ་ཡང་ལོ་གཉིས་ལ་མ་གཏོགས་བཙོན་ནས་འདུག་མི་དགོས།’
       བུ་མོས་གཅོད་པ་སྐྱབས་ཀྱི་གསལ་བཤད་དེར་ཉན་རྗེས་ཤུགས་རིང་ཞིག་འཐེན་པ་དང་།མིག་གིས་རྒྱང་ལ་བལྟ་ཞོར་མཁུར་ཚོས་སུ་བཞུར་བའི་མིག་ཆུ་དེ་འཕྱིད་ཞོར་དུ་’དེ་རིང་ཁྱོད་རང་བསྐྱར་དུ་ཐེངས་གཅིག་མཐོང་ཐུབ་པ་ནི་ངའི་བདེ་སྐྱིད་རེད།མ་གཏོགས་ངའི་མི་ཚེ་གང་བོར་ཁྱོད་རང་ཡོང་བར་རེ་སྒུག་བྱེད་སྲིད།ཡ།ད་ང་བུད་འགྲོ།ངའི་རྒད་པོ་ཐོན་འདུག’ཅེས་བུ་མོ་དེ་གཅོད་པ་སྐྱབས་ཀྱི་གམ་ནས་ཕར་ཞིང་ནང་གི་རྐ་ཚུགས་ཤིག་ཏུ་ཀྲོང་ངེར་ལངས་ཏེ་ཚུར་བལྟས་ནས་བསྡད་ཡོད་པའི་མི་དེའི་ཕྱོགས་སུ་འགྲོ་འགོ་བརྩམས་སྐབས།གཅོད་པ་སྐྱབས་ཀྱིས་ཅུང་བྲེལ་འཚུབ་དང་བཅས་ཏེ་ཁོ་མོའི་གཞུག་ཏུ་’ངའི་མིང་ལ་གཅོད་པ་སྐྱབས་ཟེར།འོ་ན་ཁྱོད་ཀྱི་མིང་ལ་ཅི་ཟེར།’ཞེས་དྲིས་པ་ན།བུ་མོ་དེས་རང་གི་ཁྱོ་གས་མཐོང་བར་དོགས་པས་ལོས་ཡིན།གང་ལྟར་ཁོ་མོ་རྒྱབ་ཕྱོགས་སུ་གསེག་ཚད་ཏུའུ་བརྒྱ་དང་བརྒྱད་ཅུ་བྱས་ནས་འཁོར་བ་ཕར་ཞོག ཐ་ན་གསེག་ཚད་ཏུའུ་དགུ་བཅུ་བྱས་ནས་འཁོར་ཡང་མ་ཕོད་མོད།འོན་ཀྱང་ཆེས་ཆུང་ན་ཡང་རྒྱབ་ཕྱོགས་སུ་གསེག་ཚད་ཏུའུ་བཞི་ཅུ་ཞེ་ལྔ་ཙམ་འཁོར་རྗེས་མར་སྒུར་ནས་ཅིིིི་ཞིག་ལས་ཁུལ་བྱེད་པ་དང་ཆབས་ཅིག
       ‘ཁྱོད་ཀྱི་མིང་ལ་གཅོད་པ་སྐྱབས་ཟེར།ཨེ་བདེན་ན།ངའི་མིང་ལ་གཅོད་པ་སྐྱིད་ཟེར།ཧུ་ཧུ།’ཞེས་ཁོང་དགོད་སྙིང་རྗེ་བོ་ཞིག་བྱས་པ་དང་སྦྲགས་ཡར་ལངས་ཏེ་མུ་མཐུད་དུ་རང་གི་ཁྱོ་གའི་ཕྱོགས་སུ་སོང་ཤུལ་དུ།གཅོད་པ་སྐྱབས་ཀྱིས་ཁོ་མོའི་གཞུག་ལ་བལྟས་ནས་བསྡད་ཅིང་།དེ་ནས་གདོང་ལ་ག་ལེར་འཛུམ་ཞིག་ལངས་བཞིན་’གཅོད་པ་སྐྱབས།གཅོད་པ་སྐྱིད།་་་ཁྱོའི་བདེ་སྐྱིད་ཡིན་ན།ངའི་བདེ་སྐྱིད་ཀྱང་ཡིན།’ཞེས་རང་གིས་རང་ལ་ཆིག་ལབ་ཅིག་ཀྱང་བརྒྱབ་སོང་ངོ་།