གཅིག

       ང་ཡི་སྲིང་མོ་ནད་ཀྱིས་མནར་མནར་མཐར་ལུས་ཡོངས་སྐམ་རིད་དུ་སོང་ཡོད་ལ། སྨན་རིན་མང་པོ་སྤྲད་སྤྲད་མཐར་སྒོ་ཕྱུགས་འགའ་ཡོད་པ་ཡང་བཙོངས་ནས་སྒོ་ནག་ཏུ་བུད་ཡོད།ཐ་ན་རྟ་མཆོག་རྒོད་པོ་བརྒྱུགས་ན་མགྱོགས་པ་རྩྭ་ཐང་གི་རྩྭ་གླག་ལྟ་བུ་ཞིག་ཡོད་པ་ཡང་རིན་གོང་སླ་མོ་སླ་མོ་ཞིག་བྱས་ནས་མི་བཙོངས་རང་བཙོངས་བྱུང་། ད་ནི་སྒོར་མོ་མང་པོ་ཞིག་དོམ་ཆད་བྱེད་དགོས་པའི་ཚད་ལ་ཐོན་སོང་བས།ཨ་མ་དང་ངེད་གཉིས་སྔ་གཞུག་ལྟར་གྲོགས་པོ་སྤུན་མཆེད་མང་བོ་ཞིག་སར་ཞུ་བ་བྱེད་དུ་སོང་བ་ཡིན་མོད་ཀྱང་། རང་ལ་མེད་ན་གླིང་ན་མེད་ཟེར་བ་ཅི་མ་བདེན། ང་འདྲའི་མི་མེད་པོ་ཐེད་པོ་དག་སྡུག་ལ་ཐུག་སྐབས། སྐྱིད་སྡུག་ཞུ་སའི་བླ་མ་དང་མེད་མུག་འདོན་སའི་དཔོན་པོ་ཞིག་ཡོད་རྒྱུ་ཕར་ཞོག  ཐ་ན་རོགས་རམ་ཙམ་རེ་བྱེད་ཨེ་ཐུབ་བལྟ་ཟེར་བའི་ཁ་ཡག་ཙམ་བཤད་པའི་ཤ་ཉེ་རིང་གཅིག་ཀྱང་མི་འདུག་པས། ད་ནི་ཆེས་སྡུག་ཐུག་གི་ལས་ཀ་ཞིག་སྟེ་རྐུན་མ་ཞིག་གི་སྐྱེ་བ་མི་ལེན་རང་ལེན་རེད། ངོ་མ་སྟག་ཤ་ར་ལྟོགས་ན་ཅི་ཟ་འདི་ཟ་མི་འདུག  ང་རང་དངོས་ནས་སྡུག་ལ་ཐུག་སོང་བ་ཡིན།
       མ་གཞི་མི་ཟེར་བ་འདི་སྡུག་ལ་ཐུག་སྐབས་ཅི་ཡང་བསྒྲུབ་ཕོད་པའི་སྲོག་ཆགས་འཇིགས་སུ་རུང་བ་ཞིག་རེད། སྔོན་ཆད་ཁབ་སྐུད་པ་ཙམ་ཡང་བརྐུས་མ་མྱོང་བའི་སྟབས་ཀྱིས་ལོས་ཡིན། གློག་འོད་ཆེམ་ཆེམ་འཕྲོ་བའི་གྲོང་ཁྱེར་འདིའི་ག་ས་གང་དུ་ངས་ང་དང་འཚམ་པའི་བརྐུ་རྫས་ཤིག་རེག་རྒྱུ་མ་བྱུང་། མཚམས་ཤིག་ང་རང་ཁ་ཆེའི་ལྷ་ཁང་ཞིག་ཡོད་པ་དེའི་མདུན་སྒོ་ནས་འགྲོ་སྐབས་སྙིང་གི་ལྡིང་ཚད་དབང་མེད་དུ་ཇེ་མགྱོགས་སུ་སོང་བ་དང་། ད་ནི་སྔོན་ཆད་རྨི་ལམ་དུ་ཡང་རྨིས་མ་མྱོང་བའི་དོན་དག་ངན་པ་ཞིག་བསྒྲུབ་པའི་དུས་ལ་ཐུག་སོང་སྙམ། ཡར་བལྟ་མར་བལྟ་ཞིག་བྱས་པ་ན་ནམ་གུང་གི་གྲོང་ཁྱེར་འདིའི་སྲང་ལམ་དུ་སྔར་བཞིན་དུ་ཡར་འགྲོ་མར་འགྲོ་བྱེད་བཞིན་པའི་མི་ཚོགས་ལ་མཚམས་ཆད་རྒྱུ་མི་འདུག  དེ་ཡང་གྲོང་ཁྱེར་གྱི་ཁྱད་ཆོས་ཤིག་རེད། གང་ལྟར་ད་ནི་ལག་འཇོག་རན་རེད།
       སྤྲང་བོ་དེ་གཉིད་དུ་ཡུར་འདུག  ངས་ཁོའི་མདུན་དུ་ཡོད་པའི་སྤྲང་ཁུག་ནང་གི་དངུལ་སྒོར་སིལ་མ་དེ་དག་བརྐུ་གྲབས་བྱེད་བཞིན་ཡོད། སྤྲང་ཁུག་དེ་རུ་ཆེས་ཉུང་ན་ཡང་དམངས་སྒོར་སུམ་བརྒྱ་ཙམ་ཡོད་རྒྱུ་རེད། དམངས་སྒོར་སུམ་བརྒྱ་ཙམ་གྱིས་མིག་སྔར་གྱི་དཀའ་ཁག་ཡོད་ཚད་སེལ་ཐབས་མེད་པ་ཤེས་ན་ཡང་།བས་མཐའི་གྲོང་ཁྱེར་འདི་ནས་ཉིན་འགའི་རིང་གི་འཚོ་བའི་འགྲོ་གྲོན་ལ་འདང་རྒྱག་ཆེ་ཡོད། ང་རང་ག་ལེར་སྤྲང་བོ་དེ་དང་ཉེ་སར་བཅར་ནས་སྤྲང་ཁུག་ནང་གི་སྒོར་མོ་དག་ཧ་ཅང་སེམས་ཆུང་གིས་ཚུར་བླངས་པ་ཡིན།སྙིང་རྗེ། མགོ་སྐྲ་འཛིང་ཞིང་སྨྲ་ར་སྟུག་པོ་སྐྱེས་ཡོད་པའི་སྤྲང་པོ་འདིས་ད་དུང་ཡང་སྔུར་བ་ཞིག་འཐེན་བཞིན་གཉིད་དུ་ཡུར་འདུག  གཅིག་བྱས་ན་སྤྲང་ཁུག་ནང་གི་སྒོར་མོ་འདི་དག་ནི་ཁོའི་ཚེ་ནོམ་ལྟ་བུ་ཞིག་ཡིན་ཡང་སྲིད། དགོངས་པ་མ་ཚོམ། ང་རང་དངོས་ནས་སྡུག་ལ་ཐུག་སོང་བ་ཡིན།
       ང་རང་ཕྱིར་མགྲོན་ཁང་ཐབས་ཆག་དེ་རུ་མྱུར་སྟབས་ཀྱིས་ལོག་སོང་། མགྲོན་ཁང་འདིའི་ནང་དུ་ཁྲུས་ཁང་མེད་ལ་བརྙན་འཕྲིན་མེད། ཐ་ན་གཙང་སྤྱོད་ཁང་ཡང་མེད། ཡོད་པ་ནི་མལ་ཁྲི་དེ་དང་མལ་ཐུལ་དེ། ད་དུང་སྔས་འབོལ་ཞིག་ཡོད་པ་དེ་ཡིན། ང་རང་མལ་ཁྲི་དེའི་སྟེང་དུ་གན་ཀྱལ་ལམ་གན་རྐྱལ་དུ་ལོག་ནས་དེ་རིང་གི་ཡོང་འབབ་ན་ག་ཚོད་ཡོད་པར་བལྟས་པ་ཡིན། ངས་དང་ཐོག་ཚོད་རྩིས་བྱས་པ་འཁྲུལ་མི་འདུག ཏག་ཏག་སྒོར་སུམ་བརྒྱ་བཅུ་མེད་བརྒྱད་ཙམ་འདུག སྙིང་རྗེ། ད་ལྟ་སྤྲང་པོ་དེ་གཉིད་ལས་སད་ཡོད་ལས་ཆེ། ཁོ་རང་གཉིད་ལས་སད་རྗེས་སྒོར་མོ་མེད་པ་མཐོང་སྐབས་སེམས་ན་སྡུག་བསྔལ་ཇི་ལྟ་བུ་ཞིག་ཡོད་དམ། ང་རང་དངོས་ནས་མྱི་དགའ་ཞིག་མ་རེད། ཡིན་ན་ཡང་ང་རང་དངོས་ནས་སྡུག་ལ་ཐུག་སོང་བ་ཡིན།
       ངས་འདི་ལྟར་དགའ་སྐྱོ་ཟུང་འབྲེལ་གྱི་སེམས་ཁམས་ཤིག་གིས་རང་གིས་རང་ལ་འདང་རྒྱག་ལྷག་མ་ཞིག་བསྩལ་ནས་བསྡད་ཡོད་སྐབས། ཕྱི་ནས་མགྲོན་ཁང་གི་སྒོ་ཁྲོག་ཁྲོག་ཁྲོག་ཐེངས་འགར་བརྡུངས་བྱུང་། གནམ་རྒན་མ།ཉེན་རྟོག་པ་ཡིན་ནམ་སྤྲང་པོ་དེ་ཡིན་ནམ། གང་ལྟར་ད་ནི་དོན་དག་དགའ་ཞིག་ཡོད་མ་སོང་སྙམ་ཞིང་། མྱུར་དུ་བརྐུས་ནས་ཡོང་བའི་སྒོར་མོ་དེ་དག་སྔས་འབོལ་གྱི་འོག་ཏུ་སྦས་ཙམ་བྱས་རྗེས་སྐྲག་མ་དངངས་ཀྱིས་མགྲོན་ཁང་གི་སྒོ་ཕྱེ་རུ་སོང་། ཡིད་ལའང་མ་ཤར་བ་ཞིག་ལ་སྒོ་འགྲམ་དུ་བཙུན་པ་ཞིག་སླེབས་འདུག་པས། ང་རང་ལྷག་ཏུ་ནས་ཀྱང་དངངས་འཚུབ་སྐྱེས་སོང་།
       ‘གསར་བུ། ང་རང་ནང་དུ་ཡོང་ན་ཆོག་གམ།’
       ངས་ཅི་ཡིན་འདི་ཡིན་མེད་པར་ཁོ་རང་ནང་དུ་བསུས་ཤིང་། མཚར་སྣང་དང་དངངས་འཚུབ་འདྲེས་མའི་སེམས་ཁམས་འདི་ད་དུང་ཡང་ལྷོད་ལ་འབབ་ཐུབ་ཀྱིན་མི་འདུག  གདོང་མདོག་དཀར་ཞིང་གཟུགས་ཚད་མི་རིང་མི་ཐུང་གི་བཙུན་པ་དེས་མགྲོན་ཁང་ནང་གི་ག་ས་གང་ལ་ཞིབ་ཀྱིས་མིག་ཉུལ་བྱེད་བཞིན་འདུག རེད་ཡ། ཁོ་ནི་ཕར་བལྟས་ཚོད་ཀྱིས་བཙུན་པ་ལ་ལ་ཞིག་དང་འདྲ་བར་ཁོག་སྟོད་དུ་གྲོང་ལྭ་གྱོན་ཞིང་ལག་མགོར་གདུབ་བུ་སོགས་ཀྱིས་རྒྱན་སྤྲས་ཡོད་པ་ཞིག་མ་ཡིན་པར། སྟོན་པའི་ན་བཟའ་ཡག་པོ་མནབས་ཡོད་མཁན་ཞིག་ཡིན་པ་མ་ཟད། ལག་གཡོན་པའི་མཁྲིག་མ་རུ་ཆེས་སྤྱིར་བཏང་གི་ཕྲེང་བ་བཏགས་ཡོད་མཁན་ཞིག་ཡིན་པས། ང་རང་ཁོ་ལ་དད་པ་སྐྱེས་སོང་ཟེར་མི་ཐུབ་མོད། འོན་ཀྱང་ཁོས་ང་ལ་བཞག་པའི་ཆེས་ཐོག་མའི་བག་ཆགས་ནི་ཡག་པོ་ཞིག་ཏུ་གྱུར་སོང་བ་དང་ལྷན་དུ། ད་ཅི་ལྟར་དངངས་འཚུབ་ཆེས་ཆེར་སྐྱེས་པའི་སེམས་ཁམས་དེ་ཡང་ག་ལེར་ག་ལེར་ཞི་སོང་། ཡིན་ན་ཡང་དང་ཐོག་མའི་མཚར་སྣང་གི་སེམས་ཁམས་དེ་ད་དུང་ཡང་ཡལ་མ་ཐུབ་པར་ང་ཡི་དོན་ལྔ་སྣོད་དྲུག་གི་གནས་ཡུལ་གང་རུང་ཞིག་ཏུ་ཡིབ་འདུག
       ‘ཨ་ཁུ། ཁྱོད་སུ་ཡིན། ང་བཙལ་ནས་དོན་དག་ཡོད་དམ།’
       ངས་དེ་ལྟར་དྲིས་པ་ན། བཙུན་པ་དེས་གདོང་ལ་འཛུམ་ཞིག་ལངས་ཞོར། ཁོའི་གདོང་མདོག་ལས་ཀྱང་དཀར་བའི་སོ་དཀར་གྱི་ཕྲེང་བ་དེ་ང་ལ་ངོམ་པ་ལྟར་ལན་བཏབ་བྱུང་ལ། ཁོང་གི་ལན་བཏབ་པའི་སྐད་ཆ་དེས་ང་རང་ལྷག་ཏུ་ནས་ཀྱང་ཧ་ལས་ཤིང་ཧང་སངས་པར་བྱས་སོང་། འཇིག་རྟེན་གནམ་འདིའི་འོག་ན་འདི་འདྲའི་མི་བཟང་བོ་ཡང་ཡོད་དམ།ང་རང་དོགས་པ་སྐྱེས་སོང་། ང་རང་དངོས་ནས་དོགས་པ་སྐྱེས་སོང་།
       ‘གསར་བུ།ཅི་འདྲའི་སྡུག་ལ་ཐུག་ཀྱང་ཆོག གཞན་ལ་གནོད་པ་མ་བྱེད། འདི་ངའི་ཁ་པར་ཨང་གྲངས་ཡིན། གཞུག་ཕྱོགས་དོན་དག་ཡོད་ན་ང་ལ་འབྲེལ་བ་བྱོས། ཁྲིགས་ཁྲིགས་མེད་ན་ངས་ཁྱོད་ལ་རོགས་རེ་བྱེད་ཐུབ་ཀྱང་སྲིད། སྤྲང་པོ་དེས་བཤད་པ་ལྟར་ན་ཁོའི་ཁུག་མའི་ནང་དུ་སྒོར་སུམ་བརྒྱ་བཅུ་མེད་བརྒྱད་ཙམ་ཡོད་ཟེར། ངས་ཁྱོད་ཀྱི་ཚབ་ཏུ་ཁོ་ལ་དམངས་སྒོར་བཞི་བརྒྱ་བྱིན་ཡོད། ཕྱིན་ཆད་རང་གི་ལུས་ལ་དཔེ་ལོངས་ལ་གཞན་ལ་གནོད་པ་མ་བྱེད། དེ་ནི་གྲྭ་བཙུན་ངའི་རེ་བ་ཡིན།ཡ།ད་ང་རང་བུད་འགྲོ།’
       བཙུན་པ་ཁོང་གིས་ང་ལ་དེ་ལྟར་སེམས་འགུལ་ཐེབས་པའི་ཁ་ཏ་སློབ་གསོ་ཞིག་དང་། ཁོང་གི་ཁ་པར་ཨང་གྲངས་བྲིས་ཡོད་པའི་ཤོག་ལྷེ་ཞིག་ང་ཡི་ལག་ཏུ་བཞག་རྗེས། གདོང་ལ་སྔར་ལྟར་འཛུམ་ཞིག་ལངས་བཞིན་གོམ་པའི་སྟངས་སྟབས་ལྷོད་པོ་ལྷོད་པོ་ཞིག་སྤོས་ནས་མགྲོན་ཁང་ཐབས་ཆག་འདིའི་སྒོ་ཕྱི་རུ་བུད་སོང་།ཁོང་སླེབས་ཤུལ་དུ་ང་རང་སེམས་འགུལ་ཚད་མེད་ཐེབས་པའི་སེམས་འགྱུའི་ཀློང་ན་ལུས་ཡོད། མགྲོན་ཁང་ཐབས་ཆག་འདིའི་སྒེའུ་ཁུང་དེ་འདྲ་ཆེ་རྒྱུ་མེད་ན་ཡང་ཕྱི་རོལ་གྱི་ཁོར་ཡུག་གསལ་བོར་མཐོང་ཐུབ། ང་རང་སྒེའུ་ཁུང་དེའི་རྩར་སོང་ནས་ཐ་མག་ཅིག་ལ་མེ་བསྒྲོན་ཏེ་ཧབ་ཀྱིས་རྔུབ་པ་ཡིན། འཇིག་རྟེན་འདི་ན་བཙུན་པ་འདི་དང་འདྲ་བའི་མི་བཟང་བོ་ཡང་ཡོད་ཨང་། གནམ་འོག་འདི་ན་ང་དང་འདྲ་བའི་མི་ཐ་ཤལ་ཡང་ཡོད་ཨང་།དྲང་མོར་བཤད་ན། ང་ཅི་འདྲའི་སྡུག་ལ་ཐུག་ཀྱང་ཆོག  སྤྲང་བོ་དེ་ལྟར་འཛུལ་སའི་ཁང་བ་ཡང་མེད་པར་སྲང་ལམ་དུ་འཆམས་ནས་འདུག་དགོས་པ་ཞིག་གང་ནས་ཡིན། གྲོང་ཁྱེར་འདི་དང་རྒྱང་ཐག་རིང་བའི་ཕ་ཡུལ་དུ་ང་ལ་རང་ཉིད་ལ་དབང་བའི་ཁང་མིག་ཡོད་ལ་ཁྱིམ་ཚང་ཡང་ཡོད། འདང་བརྒྱབ་ནས་མཚམས་འདིར་ཐོན་དུས་ངས་རང་གིས་རང་ལ་འགྲམ་ལྕག་ཚ་ཐག་ཆོད་པ་འགའ་གཞུས་ཤིང་། ད་ནས་བཟུང་མི་གཞན་ལ་གནོད་མི་བྱེད་པའི་དམ་བཅས་པ་ཡིན།

                        གཉིས།

       ང་རང་ཕྱིར་ཕ་ཡུལ་དུ་ལོག་ཀྱང་སེམས་ཁམས་གཏན་ནས་བདེ་ལ་འབབ་ཐབས་ཤིག་མི་འདུག  ད་ལྟ་ང་ཡི་སྲིང་མོའི་ནད་གཞི་སྔར་ལས་ཇེ་ཐུ་ནས་ཇེ་ཐུ་རེད། ཨ་མའི་མིག་ཀོང་གི་མཆི་མ་ཡང་སྔར་ལས་ཇེ་མང་ནས་ཇེ་མང་རེད། ངས་ད་དུང་རྫོང་སྨན་ཁང་གི་སྨན་པ་དེས་གདེང་ཚོད་ཡོད་པའི་སྒོ་ནས་བཤད་པའི་སྐད་ཆ་དེ་བརྗེད་རྒྱུ་ཞིག་མི་འདུག
       ‘ཞིང་ཆེན་སྨན་ཁང་དུ་སོང་ན་སངས་དྲག་ཏུ་འགྲོ་ཁོ་ཐག་རེད། ཡིན་ན་ཡང་སྨན་རིན་ཆེས་ཉུང་ན་ཡང་སྒོར་མོ་འབུམ་གཅིག་ཙམ་གྲ་སྒྲིག་བྱེད་དགོས་རྒྱུ་རེད།’
       སྒོར་མོ་འབུམ་གཅིག་གིས་སྲིང་མོའི་ནད་སངས་དྲག་ཏུ་གཏོང་ཐུབ་ན། ཨ་མ་དང་ངེད་གཉིས་ཀྱིས་མགོ་ཡི་ཁང་བ་ཡིན་ཡང་བཙོངས་ལོས་ཐུབ། ཡིན་ཡང་ཞིག་རལ་དུ་གྱུར་བའི་ཁང་རྙིང་འདི་སུ་ལ་དགོས་སམ། དགོས་མཁན་གཅིག་ཀྱང་མི་འདུག  ཐ་ན་ཁང་ས་ཉོ་མཁན་ཞིག་བྱུང་བ་དེས་ཀྱང་གོ་སྐབས་བཙལ་བ་ལོས་ཡིན། ཁང་བ་དང་ཁང་ས་གཉིས་ལ་ཁྱོན་བསྡོམས་སྒོར་ཁྲི་གཉིས་ཙམ་མ་གཏོགས་སྟེར་མི་ཐུབ་ཟེར། ཤུ་རེ་ཁོ། གལ་ཏེ་ཁང་བ་འདི་དང་ཁང་ས་འདི་གཉིས་སྒོར་འབུམ་གཅིག་བྱས་ནས་ཉོ་མཁན་ཞིག་ཡོད་ན་ཅི་མ་རུང་། གཙོ་བོ་སྲིང་མོ་བདེ་ཐང་ཅན་ཞིག་ཏུ་གྱུར་སོང་ན་ནི། མགོ་ན་ཁང་བ་མེད་ན་མེད། ལག་ན་སྒོར་མོ་མེད་ན་མེད། དཀོན་མཆོག་མཁྱེན། ད་ནི་ངས་ཇི་ལྟར་བྱས་ནས་དེ་འདྲའི་སྒོར་མོ་མང་བོ་ཞིག་བཙལ་ཐབས་བྱེད་དམ། རེད། བཙུན་པ་དེ་ལ་ཁ་པར་ཞིག་གཏོང་བར་བྱེད། ཁོང་གིས་ང་ལ་དོན་དག་ཡོད་ན་ཁོ་ལ་ཁ་པར་ཐོངས། ཁྲིགས་ཁྲིགས་མེད་ན་རོགས་རེ་བྱེད་ཐུབ་ན་ཐང་ཟེར་བ་མིན་ནམ།
       ངས་དེ་སྔ་བཙུན་པ་དེས་གནང་བའི་ཤོག་ལྷེ་དེ་འཁྱེར་ཡོང་ནས། ཤོག་ལྷེའི་ངོས་ཀྱི་ཨང་གྲངས་རྣམས་གཅིག་རེ་གཅིག་རེ་བྱས་ཏེ་ཁ་པར་ངོས་སུ་མནན། མ་བསམ་ས་ནས་ཁོང་གིས་དངོས་ནས་ངས་བཏང་བའི་ཁ་པར་ལ་སྣེ་ལེན་བྱས་སོང་།
       ‘བདེ་མོ། ཁྱོད་སུ་ཡིན།’
       བཙུན་པ་ཁོང་གིས་ཧ་ཅང་ངག་འཇམ་པོའི་སྒོ་ནས་དེ་ལྟར་བཤད།
       ‘ང་ང་ནི་དེ་སྔོན་སྤྲང་བོ་ཞིག་གི་སྒོར་མོ་བརྐུ་མཁན་དེ་ཡིན། ཁྱོད་ཀྱིས་ངའི་ཚབ་ཏུ་ཁོ་ལ་སྐྱིན་ཚབ་སྤྲད་སོང་ཟེར། འུན་་་། ད་ཁྱོད་ཀྱིས་ང་ངོ་ཤེས་སམ།’
       ངས་ངག་འཁྲོལ་ལ་མ་འཁྲོལ་བའི་ངང་ནས་དེ་ལྟར་བཤད།
       ‘ཤེས་སོང་། ད་ལྟ་ཁྱོད་ཀྱིས་གཞན་ལ་གནོད་པ་བྱེད་ཀྱིན་ཡོད་དམ། ཧེ་ཧེ་ཧེ། ཀུ་རེ་ཡིན། ང་ལ་ཁ་པར་གཏོང་བར་བལྟས་ན་ཁྱོད་ལ་དོན་དག་ཅིག་ཡོད་པ་ཁོ་ཐག་རེད།འཛེམ་དོགས་མེད་པར་ཤོད་དང་། ཁྲིགས་ཁྲིགས་མེད་ན་ངས་ཁྱོད་ལ་རོགས་རེ་བྱེད་ཐུབ་ཀྱང་སྲིད།’
       ལ་ལ་ལ།ཅི་འདྲའི་བཙུན་པ་ལྷག་བསམ་ཅན་ཞིག་རེད་ཨང་། ཁོང་གིས་ང་ལ་དེ་ལྟར་ཀུ་རེའི་སྐད་ཆ་ཞིག་དང་མཉམ་དུ་དོན་དག་ཅི་ཡོད་འཛེམ་མེད་དུ་ཤོད་དང་ཅེས་སྐུལ་སྐབས། ང་ཡི་སྣ་ཁུང་གཉིས་ཀྱི་ནང་ལ་སྐྱུར་ལངས་པ་ལྟ་བུའི་ཚོར་བ་ཞིག་གིས་ཡོངས་སུ་གཏམས་པར་གྱུར་ཞིང་།  ཡུན་རིང་བག་ལ་ཉལ་བའི་མིག་ཆུའི་ཐིགས་པ་ཞིག་ཀྱང་ག་ལེར་འགྲམ་པ་གཡས་གཡོན་གཉིས་ཀྱི་ངོས་སུ་འདྲིལ་སོང་།  ངས་བཙུན་པ་ཁོང་ལ་རང་གིས་ད་ལྟ་བརྒྱུད་བཞིན་པའི་དཀའ་ཁག་ཡོད་ཚད་རྦ་གསང་མེད་པར་ཁ་པར་ལམ་ནས་བཤད་ཅིང་།  ད་ལྟ་རང་ལ་སྒོར་འབུམ་གཅིག་གིས་རོགས་རམ་རེ་བྱེད་ཐུབ་ན། མི་ཚེ་གང་བོར་གཞན་ལ་ཚེ་གཡོག་བྱེད་དགོས་ཀྱང་ཕྱིར་སྐྱིན་ཚབ་འཇལ་ཁོ་ཐག་ཡིན་ཞེས་མནའ་ཐོ་བཅད་པ་ན།
       ‘ཁྱོད་རང་བྲེལ་བ་མ་ལངས། སྒོར་མོས་ཐག་ཆོད་པའི་དོན་དག་ཅིག་ཡིན་ན་སྐྱོན་ཡོད་ནི་མ་རེད། གསར་བུ། འཇིག་རྟེན་འདི་རུ་སྒོར་མོས་ཐག་གཅོད་དཀའ་བའི་དོན་དག་མང་ནི་རེད། ཁྱོད་རང་ང་སར་ཤོག་དང་ངས་ཁྱོད་ལ་བཀོད་པ་འཐེན། ང་རང་ད་ལྟ་མགོ་ལོག་དར་ལག་རྫོང་ན་ཡོད།’
       ‘ཡ་ལགས།ཡ་ལགས།ཁྱོད་རང་དངོས་ནས་བཀའ་དྲིན་ཆེ།’
       རེད་ཡ།སྙིང་ཉེ་བའི་ཀློག་པ་པོ་ལགས།ཁྱོད་རང་ཡིད་ཆེས་ཐབས་བྲལ་ན་ཡང་། ང་ཚོའི་འཇིག་རྟེན་འདི་རུ་དངོས་ནས་དེ་འདྲའི་མི་བཟང་ཡོད་འདུག  ངས་ཨ་མ་དང་ནུ་མོ་གཉིས་ལ་གནས་ཚུལ་དེ་བཤད་སྐབས།ཁོ་གཉིས་ཀྱང་དང་ཐོག་ཡིད་ཆེས་ཀྱིན་མི་འདུག  རྗེས་ནས་དེ་སྔ་གྲོང་ཁྱེར་དེ་ནས་བྱུང་བའི་དོན་དག་རྣམས་མགོ་ནས་མཇུག་བར་བསྐྱར་བཤད་ཐེངས་ཤིག་བྱས་པ་ན། ད་གཟོད་ཁོ་གཉིས་ཀྱང་ཡིད་ཆེས་ཅུང་ཙམ་བྱེད་འགོ་བརྩམས་ལ། ཨ་མས་ད་དུང་ང་ལ་བཙུན་པ་དེའི་གསུངས་བ་བདེན་པ་རེད།ཁྱོད་ཀྱིས་བརྐུ་བྱེད་སྲོལ་ཞིག་གང་ན་ཡོད། ལྷག་པར་དུ་སྤྲང་པོ་དེ་ཚོ་སྙིང་མ་རྗེ་ཞེས་གཤེ་གཤེ་ཙམ་བཏང་བའི་མོད་ལ། ནུ་མོས་གློ་ལུ་འགའ་བྱེད་པ་དང་མཉམ་དུ་མལ་སའི་ནང་ནས་ཡར་ལ་དགྱེ་ཙམ་བྱས་ཤིང་། གསལ་ལ་མི་གསལ་བའི་ཚིག་འབྲུ་འགའ་ངག་ནས་འདི་ལྟར་བརྗོད་སོང་།
       ‘ཨ་མ།ཕུ་བོས་ང་བསམ་པ་མིན་ནམ།ཕུ་བོ།གྲྭ་བཙུན་དེ་ལ་ཡིད་ཆེས་བྱས་ཆོག་གམ།སེམས་ཆུང་བྱོས།ང་སྐྱོན་ཡོད་ནི་མ་རེད།’
       གཅིག་བྱས་ན་ནུ་མོས་བཤད་པ་བདེན་ཡང་སྲིད།ང་རང་ཉིད་ཀྱང་འཇིག་རྟེན་འདི་རུ་དེ་འདྲའི་མི་བཟང་བོ་ཞིག་ཡོད་མེད་ལ་དོགས་པ་ཟ་གི་ཡིན་ན་ཡང་མིག་སྔར་གྱི་གནས་བབ་ལ་བསམ་རེ་ཚུགས་ན། ངས་བཙུན་པ་དེ་ལ་ཡིད་ཆེས་མི་བྱེད་རང་བྱེད་རེད། དེའི་ཕྱིར་ན་ཕྱི་ཉིན་གྱི་ཞོགས་པར་ང་རང་གླ་གཏོང་རླངས་འཁོར་ཞིག་ཏུ་བསྡད་དེ་མགོ་ལོག་དར་ལག་རྫོང་དུ་ལམ་ལ་ཆས་སོང་།

                       གསུམ།

       ང་རང་བཙུན་པ་དེས་བཤད་པ་ལྟར་མགོ་ལོག་དར་ལག་རྫོང་གི་རྒྱབ་རིའི་རྩེ་ན་གླིང་རྗེ་གེ་སར་རྒྱལ་བོའི་རྡོ་སྐུ་ཞིག་ཡོད་པ་དེ་རུ་སོང་། ང་རང་རི་རྩེ་རུ་འབྱོར་མ་ཐག  བཙུན་པ་ཞིག་གི་གཟུགས་བརྙན་ཙམ་ཡང་མཐོང་རྒྱུ་མི་འདུག་པས་སེམས་ལ་འཚུབ་སྣང་སྐྱེས་ཤིང་། ཁ་སང་ནུ་མོས་བཤད་པའི་སྐད་ཆ་གསལ་ལ་མི་གསལ་བ་དེ་ཡིད་ལ་འཁོར་ཞིང་། བཙུན་པ་དེ་ནི་དོན་དམ་དུ་མི་ཇི་ལྟ་བུ་ཞིག་ཡིན་པ་ལ་ཐེ་ཚོམ་སྐྱེས།ངས་ཡང་བསྐྱར་ཁོ་ལ་ཁ་པར་ཞིག་གཏོང་དགོས་བསམ་ཡང་དེ་ལྟར་མ་བྱས་པར། མུ་མཐུད་དུ་རི་རྩེ་དེ་རུ་བཙུན་པ་དེ་ཡི་གཟུགས་བརྙན་བཙལ་བ་ཡིན། དགའ་འོས་པ་ཞིག་ལ་ཅང་མ་འགོར་བར་ངས་བཙུན་པ་དེ་ཡི་གཟུགས་བརྙན་རྙེད་བྱུང་།ཁོང་རི་རྩེ་དེ་རུ་སྐྱིལ་དྲུང་དུ་བསྡད་ཡོད་ཅིང་ཞལ་ངོ་དལ་འབབ་རྨ་ཆུ་རིང་མོའི་ཕྱོགས་སུ་གཏད་འདུག རེད་ཡ། རི་རྩེ་འདི་ནས་མཐོང་བའི་རྨ་ཆུ་ནི་ཅི་འདྲའི་རབ་ཁ་མང་བའི་རྨ་ཆུ་ཞིག་རེད། དེ་ཡང་ལོས་ཡིན་ཏེ་འདི་ནི་རྨ་ཆུའི་བཞུར་རྒྱུན་ཁྲོད་དུ་རབ་ཁ་ཆེས་མང་བའི་རྨ་ཆུ་དེ་ཡིན་པར་བཤད།
       ང་རང་བཙུན་པ་ཁོང་གི་གམ་དུ་ཐོན་སོང་། ཁོང་གི་གདོང་མདོག་ནི་དེ་སྔོན་གྲོང་ཁྱེར་དེ་ནས་མཐོང་བ་དང་འདྲ་བར་ཅི་འདྲའི་དཀར་མདངས་དང་ལྡན་པ་ཞིག་རེད། མཁྲིག་མའི་སྟེང་གི་ཕྲེང་བ་ཡང་དེ་སྔའི་ཕྲེང་བ་སྤྱིར་བཏང་བ་དེ་རེད། འཛུམ་མདངས་ཀྱང་དེ་སྔའི་འཛུམ་མདངས་ལྷད་མེད་པ་དེ་རེད། ན་བཟའ་ཡང་དེ་སྔའི་ན་བཟའ་མིག་ལ་རན་པ་དེ་རེད། ཁོང་གིས་ང་རང་གམ་དུ་ཐོན་པ་མཐོང་རྗེས་མར་སར་ཙོག་པར་སྐུལ་ཞིང་། ཕྱག་གཡས་པས་དལ་འབབ་རྨ་ཀླུང་རིང་མོ་བསྟན་ཏེ་ཐོག་མར་འདི་འདྲའི་དྲི་བ་ཞིག་བཏོན་སོང་།
       ‘གསར་བུ། ལྟོས་དང་། རྨ་ཆུ་ཨེ་ཡག་གི’
       ‘ཡག་གི ཡག་པ་ལ་ཚད་ཅིག་མི་འདུག’
       འདི་ནི་ང་ལ་མཚོན་ན་ཟོལ་བརྫུ་མ་ཡིན་པའི་ལན་ཞིག་ཡིན།
       ‘འོ་ན། ཁྱོད་ཀྱིས་ཤོད་དང་། ཁྱོད་ཀྱིས་ཡག་གི་སྙམ་པའི་ཡག་སྣང་དེ་གང་ན་འདུག’
       བཙུན་པ་ཁོང་གིས་སླར་ཡང་ང་ལ་ཅུང་གཏིང་ཟབ་པའི་དྲི་བ་ཞིག་བཏོན་སོང་། ངས་ཇི་ལྟར་བྱས་ཏེ་ལན་འདེབས་དགོས་པ་མ་ཤེས་པར་ཡོད་དུས།ཁོང་གིས་ང་ལ་འཛུམ་ཞིག་སྟོན་ཞོར་གཟན་ཤམ་གྱི་འོག་ནས་ལག་ཁུག་དམར་པོ་ཞིག་བཏོན་སོང་།
       ‘དྲི་བ་དེའི་ལན་ལ་ཁྱོད་ཀྱིས་གཞུག་ནས་དལ་མོར་འདང་རྒྱོབས་དང་། འདི། འདི་ན་དམངས་སྒོར་ཁྲི་བཅུ་གཉིས་ཡོད། ཁྱོད་ཀྱི་སྲིང་མོ་མྱུར་དུ་བདེ་ཐང་ཡོང་བའི་སྨོན་ལམ། དཀོན་མཆོག་གསུམ་པོས་མཁྱེན།’
       ཨ།གནམ་རྒན་མ། འདི་རྨི་ལམ་ཡིན་ནམ་མངོན་སུམ་ཡིན། ད་ལྟའི་སྤྱི་ཚོགས་འདིའི་ཁྲོད་དུ་སྒོར་ཁྲི་བཅུ་གཉིས་འདི་ལྟར་ཕངས་མེད་དུ་སྟེར་ཐུབ་མཁན་ཕར་ཞོག  བསྐྱི་ཐུབ་མཁན་ཡང་མེད་པ་ཁ་ཐོག་མིག་ཐོག་མ་ཡིན་ནམ། ལག་ཁུག་དམར་པོ་དེའི་ནང་དུ་དངོས་ནས་སྒོར་བརྒྱ་ཤོག་ཅན་བསྡམས་ལོག་དང་བསྡམས་ལོག་བྱས་ནས་ཡོད་པ་བཅུ་གཉིས་འདུག  གློ་བུར་དུ་ངས་བཙུན་པ་ཁོང་ལ་ཇི་ལྟར་བྱས་ཏེ་བཀའ་དྲིན་ཞུ་དགོས་པ་ཡང་ཤེས་མ་སོང་།
       ‘ཨ་ཁུ། དངོས་ནས་བཀའ་དྲིན་ཆེ། ངས་རྗེས་ནས་ཁྱོད་ལ་སྐྱིན་པ་སྤྲོད་ཁོ་ཐག་ཡིན།’
       ངས་དེ་ལྟར་བཤད་པའི་མོད་ལ།བཙུན་པ་ཁོང་གིས་སླར་ཡང་གདོང་ལ་འཛུམ་ཞིག་ལངས་ཤིང་ཕྱག་གཡོན་པས་ང་ཡི་ཕྲག་པར་རྡེབ་རྡེབ་ཙམ་བྱེད་ཞོར་དུ་གསུངས་པ་སྟེ།
       ‘ང་ལ་བཀའ་དྲིན་ཞུ་མི་དགོས། བཀའ་དྲིན་ཞུ་ན་བདག་གི་ཆོས་གྲོགས་ཚོར་བཀའ་དྲིན་ཞུས།སྒོར་མོ་འདི་ཡོད་ཚད་ང་ཡི་ཆོས་གྲོགས་མང་བོ་ཞིག་གིས་མཉམ་དུ་ཞལ་འདེབས་བྱས་པ་རེད།ད་དུང་བཀའ་དྲིན་ཞུ་ན་རྒྱ་ཆེའི་དད་ལྡན་མང་ཚོགས་ཚོར་བཀའ་དྲིན་ཞུས།སྒོར་མོ་འདི་ཡོད་ཚད་དད་ལྡན་མང་ཚོགས་དག་གིས་ང་ཡི་ཆོས་གྲོགས་ཚོར་ཕུལ་བའི་འབུལ་བ་ཡིན་ནི་རེད།’
       ཁོང་གིས་ང་ལ་དེ་ལྟར་གསུང་སྐབས།ང་ཡི་སྣ་ཁུང་གཉིས་ཀྱི་ནང་ལ་ཡང་བསྐྱར་སྐྱུར་ལངས་པ་ལྟ་བུའི་ཚོར་བ་ཞིག་གིས་གཏམས་པར་གྱུར་ཞིང་། སེམས་སུ་འཇིག་རྟེན་འདི་ནི་དངོས་ནས་གཅིག་ལ་གཅིག་རྟེན་དུ་གནས་ཡོད་པ་ཞིག་རེད་སྙམ་ཞིང་།གནམ་འོག་འདིར་བཙུན་པ་ཁོང་དང་ཁོང་གི་ཆོས་གྲོགས་ཚོ་དང་འདྲ་བའི་གྲྭ་བཙུན་ཁྲི་སྟོང་ཞིག་ཡོད་ན་ཡང་ང་ཚོ་དད་ལྡན་མང་ཚོགས་ཀྱི་བསོད་ནམས་ཤིག་རེད་སྙམ་པ་དང་ཆབས་ཅིག  ངས་ཀྱང་བཙུན་པ་ཁོང་དང་འདྲ་བར་སྐྱིལ་དྲུང་དུ་བསྡད་དེ་མདུན་ཕྱོགས་ན་ལྗང་ཐིང་ངེར་ལྷུང་ལྷུང་དུ་བཞུར་དང་བཞུར་བཞིན་པའི་རྨ་ཆུ་ལ་བལྟས་ནས་བསྡད་པ་ཡིན།

                        བཞི།

       ང་རང་ཕྱིར་ཕ་ཡུལ་དུ་ལོག་པའི་ལམ་བར་དུ་ཆེད་དུ་དེ་སྔའི་གྲོང་ཁྱེར་དེ་རུ་དམིགས་ཡུལ་ཡོད་པའི་སྒོ་ནས་ཐེངས་གཅིག་སོང་བ་ཡིན་ལ།ཡང་ས་རུབ་མ་ཐག་དང་ཐོག་མ་རང་གིས་བརྐུས་བྱེད་མྱོང་སའི་ཁ་ཆེེའི་ལྷ་ཁང་དེའི་ཉེ་འགྲམ་དུ་སོང་བ་ཡིན།དེ་དུས་ང་རས་ཡ་ང་སྙིང་རྗེ་མེད་པའི་སྒོ་ནས་ལག་འཇོག་སའི་སྤྲང་པོ་དེ་སྔར་གྱི་ཤུལ་དེ་ན་བསྡད་འདུག  སྙིང་རྗེ། ཁོ་རང་མི་ཚེ་གང་བོར་ཀླད་ཁེབས་མེད་ལ་ཀ་བ་དང་གདུང་མ་ཡང་མེད་པའི་སྲང་ལམ་སྟོང་བ་འདི་ཉིད་རང་གི་ཁྱིམ་གཞིས་ལྟ་བུ་ཞིག་ཏུ་བཀུར་ནས་འདུག་དགོས་པ་ཡིན་ནམ།མིན།ཁོས་ཀྱང་རང་གི་འཚོ་བ་ལ་འགྱུར་ལྡོག་གཏོང་དགོས། ཁོ་ལ་ཡང་བཙུན་པ་དེ་དང་འདྲ་བའི་རོགས་རམ་འདེགས་བྱེད་མཁན་དགོས།འདི་འདྲའི་བསམ་ཚུལ་ཞིག་གིས་སྣེ་ཁྲིད་པའི་མོད་ལ།ང་ཡི་གོམ་པའི་འདེགས་འཇོག་གི་སྟང་སྟབས་སྤྲང་བོ་དེའི་གམ་དུ་སྤོས་ཤིང་། གསར་དུ་ཉོས་པའི་ཀོ་ཁུག་དེ་ལས་བརྒྱ་ཤོག་བསྡམས་ལོག་ཅིག་བཏོན་དེ་ཕངས་མེད་དུ་སྤྲང་བོ་དེའི་ལག་ཏུ་བཞག་མ་ཐག  སྤྲང་བོས་དགའ་བའི་མཆི་མ་འདོན་ཞོར་དུ་བཀའ་དྲིན་ཆེ་དང་བཀའ་དྲིན་ཆེ་ཞེས་བཤད་སྐབས་ཀྱི་རྣམ་འགྱུར་དེ་ནི་ཅི་འདྲའི་སྙིང་རྗེ་བ་ཞིག་རེད།
       ‘དགོངས་པ་མ་ཚོམས། དེ་སྔོན་ཁྱོད་ཀྱི་དངུལ་སྒོར་སུམ་བརྒྱ་བཅུ་མེད་བརྒྱད་ཡོད་པ་བརྐུ་མཁན་དེ་ང་ཡིན།’
       ངས་དེ་ལྟར་སྤྲང་བོ་དེ་ལ་རང་གི་བྱས་ཉེས་ལ་ངོས་ཟིན་བྱས་རྗེས་ཁོ་དང་རྒྱབ་ཀྱིས་ཕྱོགས་ཏེ་ལམ་ལ་ཆས་ཤིང་། ཧ་ལམ་གོམ་པ་ཉི་ཤུ་ལྷག་ཙམ་གྱི་སར་ཁ་ཕྱིར་འཁོར་ཏེ་བལྟས་པ་ན། སྤྲང་པོ་དེ་ཡར་ཀྲོང་ངེར་ལངས་ནས་ངའི་རྗེས་ལ་བལྟས་འདུག་པ་དང་། དེ་ནས་ང་སར་ག་ལེར་བཅོས་མ་མ་ཡིན་པའི་འཛུམ་མདངས་ཤིག་འཕངས་པ་ན། ངས་ཀྱང་ཕྱིར་ཁོ་ལ་འཛུམ་ཞིག་བསྟན་ནས་འདུག་པའི་མོད་ལ། གྲོང་ཁྱེར་འདིའི་མཁའ་དབྱིངས་སུ་ཤོག་སྦག་འགའ་ཡང་འོད་ཆེམ་ཆེམ་དུ་འགད་འགོ་བརྩམས།རེད་ཡ། དེ་རིང་ནི་སྤྱི་ལོ་ཉིས་སྟོང་ཉི་ཤུ་རྩ་གསུམ་ལོའི་སྤྱི་ཟླ་དང་པོའི་ཚེས་གཅིག་ཉིན་མ་ཡིན་ནམ། ད་ཡང་ལོ་གསར་བ་ཞིག་གི་འགོ་བརྩམས་སོང་ལ།ལོ་གསར་བ་འདིའི་ནང་དུ་ངའི་ཁ་གཏད་དུ་ཡོད་པའི་སྤྲང་བོ་དང་ངེད་གཉིས་ཀྱི་འཚོ་བ་ལ་འགྱུར་ལྡོག་འགྲོ་ཐུབ་བམ། བདེ་སྐྱིད་ལྡན་ཐུབ་བམ། གནམ་འོག་གི་ང་དང་སྤྲང་བོ་ལྟ་བུའི་མི་བུ་ཉམ་ཐག་ཡོད་དོ་ཅོག་ལ་བཙུན་པ་དེ་དང་འདྲ་བའི་དུས་ཐོག་ཆར་བ་རེ་ཡོད་སྲིད་དམ་སྙམ་སོང་ངོ་།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2087