ད་ཐེངས་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སྐུ་ཚེ་སྟོད་ཀྱི་ཀློག་པ་ཐོས་བསམ་གྱི་རྣམ་ཐར་རིང་མོ་ལས་འཕྲོས་ཏེ། ཐུན་མོང་བའི་སྣང་ངོར་གྱི་ཁོང་གི་གཤིས་སྤྱོད་དང་ཁྱད་ཆོས་ཉུང་ཙམ་རེ་གླེང་རྒྱུ་ཡིན། དེ་ལ་ཐོག་མར་གླེང་གཞིའི་ཚུལ་དུ། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ་བའི་སྐབས་ཀྱི་གྲྭ་སྐོར་མཛད་རིམ་སོགས་མདོར་བསྡུས་ཤིག་བརྗོད་ན། རྗེ་བདག་ཉིད་ཆེན་པོ་དབུས་སུ་འབྱོར་ནས་ལོ་གཉིས་སོང་མཚམས། དགུང་ལོ(༡༩)ཐོག་ལ(༡༣༧༥)གསང་ཕུ་ནས་དབུ་བཙུགས་ཏེ།  དབུས་གཙང་གི་གདན་ས་ཆེན་པོ་རྣམས་ལ་ཕར་ཕྱིན་གྱི་གྲྭ་སྐོར་མཛད། གྲྭ་སྐོར་དེ་གནང་ཡུལ་དབུས་གཙང་གི་གདན་ས་ཆེན་པོ(༡༩)དང་སྡོམ་པའི་སྤྱི་ལེ(༡༢༠༠)ལྷག་ལ་ཞབས་ཐང་མ་ཕེབས་ཡོད་འདུག ། གྲྭ་སྐོར་དེ་ཚར་བ་དང་གཙང་ནས་མཁས་པའི་དབང་པོ་རིན་པོ་ཆེ་ཉ་དབོན་ཀུན་དགའ་དཔལ་བས་མཚམས་སྦྱར་ནས། ཁོང་གི་མི་ཚེའི་ནང་དུ་རྩ་ཆེ་བའི་བླ་མ་ཞིག་དང་འཕྲད་པ་ནི། རྗེ་བཙུན་རེད་མདའ་བ་ཆེན་པོ་གཞོན་ནུ་བློ་གྲོས་རེད། ཁོང་ལས་མངོན་པ་མཛོད་སློབ་སྦྱོང་གནང་པས། མཁྱེན་དཔྱོད་ལ་ཐུགས་ཤིན་ཏུ་དགྱེས་པ་གྱུར། ཕར་ཕྱིན་ལ་སྦྱང་པ་མཐར་ཕྱིན་པའི་སྐབས་འདིར།  མངོན་པ་གོང་འོག་ལ་སྦྱང་འདོད་ཆེན་པོ་ཞིག་འཁྲུངས་ཡོད་པ་འདྲ་སྟེ། དེའི་སྐབས་སུ(༡༣༧༦)ལྷ་སར་པོ་ཏ་ལ་རུ་ལོ་ཙཱ་བ་བྱང་ཆུབ་རྩེ་མོས(༡༣༠༣-༡༣༨༠) མངོན་པ་ཀུན་བཏུས་གསུངས་ཀྱི་ཡོད་པ་ཐོས་ནས། གཙང་ནས་དབུས་སུ་ཕེབས་ཡོད་འདུག་ཀྱང་། མངོན་པའི་ཁྲིད་མ་ཐོབ། དེ་ནས་འདུལ་བ་རང་མཁས་སྐྱོ་མོ་ལུང་པའི་གདན་ས་པ་ལས།པ འདུལ་བ་རྩ་འགྲེལ་ཆ་ལག་དང་བཅས་པ་གསན་ནས། ཉི་མ་རེ་ལ་འདུལ་རྩ་ཤོག་ལྡེབ་མདའ་ཚད་མ་བཅུ་བདུན་རེ་བློ་འཛིན་གནང་བ་སོགས་མཛད། དགུང་ལོ(༢༡)པའི་ཐོག(༡༣༧༧)སླར་ཡང་གཙང་ལ་བྱོན་ཡོད་པ་ནི། རྗེ་རེད་མདའ་བའི་གམ་དུ་མངོན་པ་སོགས་གསན་ཕྱིར་ཕེབས་འདྲ་སྟེ།  དེ་ནས་བཟུང་ས་སྐྱར་ཟླ་བ་བཅུ་གཅིག་ལྷག་གི་རིང་ལ་མངོན་པ་ཀུན་བཏུས་དང་ཚད་མའི་སྐོར་སློབ་སྦྱོང་མཛད་ནས་བཞུགས་འདུག ། སྐབས་དེར(༡༣༧༩)ཕ་ཡུལ་མདོ་སྨད་ནས་རྗེ་ལ་ཅ་དངོས་འགའ་ཞིག་སྐུར་ཡོད་པ་ཐོས་ཏེ། གཙང་ནས་དབུས་སུ་བྱོན། དགུན་ཚེ་བདེ་བ་ཅན་དུ་བཞུགས་ནས་ཡང་བསྐྱར་གཙང་དུ་ཕྱག་ཕེབས་པ་ནི། དཀའ་ཆེན་ལྷག་མ་བཞི་སྟེ། མངོན་པ་གོང་འོག ། རྣམ་འགྲེལ། མདོ་རྩ་བཅས་གྲྭ་སྐོར་མཛད་ཕྱིར་བྱོན་པ་ཡིན། དགུང་ལོ(༢༤)ཐོག(༡༣༨༠)ལ་སྣར་ཐང་ནས་འགོ་བཙུགས་པའི་གདན་ས་ཆེན་མོ་ལྔ་ལ་གྲྭ་སྐོར་མཛད་པ་གསལ། ཐེངས་འདི་ནི་གྲྭ་སྐོར་མཛད་རིམ་གཉིས་པ་ཡིན་ཞིང་། དེ་ནི་གཙང་ནས་དབུས་སུ་མཛད་པའི་ལམ་ཐག་སྤྱི་ལེ(༧༠༠)ལྷག་བརྒྱུད་ཡོད་འདུག ། ཐེངས་འདིའི་གྲྭ་སྐོར་དེ་འདྲ་སྔར་མ་བྱུང་ཞེས། རྗེ་བདག་ཉིད་ཆེན་པོའི་མཁྱེན་དཔྱོད་དང་མཁས་པའི་སྙན་གྲགས་ཕྱོགས་ཀུན་ན་ཁྱབ་ཡོད་པ་འདྲ།དེ་ནས་དགུང་ལོ(༢༥)སྟེང(༡༣༨༡)ཡར་ལུང་རྣམ་རྒྱན་དུ་ཕེབས་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཚལ་གུང་ཐང་དུ་བཀའ་བསྟན་འགྱུར་རོ་ཅོག་ལ་གཟིགས་རྟོགས་ལེགས་པར་མཛད་ནས་དགུང་ལོ(༢༩)བར་དུ་ཚལ་ལ་བཞུགས་འདུག ། སྐབས་དེར་ཕར་ཕྱིན་གྱི་རྣམ་བཤད་ཆེན་མོ་དེ་ཡང་བརྩམས་མཛད་ཡོད་པ་འདྲ་ལ། རྗེ་རེད་མདའ་བས་འཆད་ཉན་ལ་བསྐུལ་ནས་ལོ་བདུན་ལ་འཆད་ཉན་མཛད་ཅེས་ཟུར་འདེགས་ནང་དུ་གསལ། དེ་ནས་དགུང་ལོ(༣༢)པའི་ཐོག(༡༣༨༨)མོན་མཁར་བཀྲ་ཤིས་གདོང་དུ། གཞུང་ཆེན་བཅོ་ལྔའི་རྒྱ་གར་སྐད་དུས་གཅིག་ལ་དབུ་བཙུགས་ཏེ། ཐུགས་ཐོག་ནས་འཆད་ཅིང་འགའ་ཞིག་བོད་ཀྱི་ཊཱིཀ་ཆེན་རྣམས་ཀྱི་འཆད་ཚུལ་ལ་དགག་བཞག་ལེགས་པར་མཛད་བཞིན། མང་ཆེ་བ་རང་རང་གི་སྟེང་ནས་ཟླ་བ་གསུམ་ཙམ་གྱིས་མཇུག་གྲུབ་པར་མཛད་འདུག། འདི་ནི་ཆེས་ངོ་མཚར་བའི་གནས་སུ་གྱུར་ནས། རྗེ་བདག་ཉིད་ཆེན་པོ་ཞེས་སྐྱེ་བོ་ཀུན་གྱི་གཙུག་ཏུ་བཀུར་བ་དང་སྐྱབས་སུ་འཛིན་པ་འདྲ། དེ་ནས་ཐོས་པ་ཙམ་གྱིས་མ་ཚིམ་པ། ཐོས་དོན་སྒྲུབ་པའི་དོན་དུ་གཞོལ་བ་དགོངས་ནས་དགུང་ལོ(༣༦)པའི་སྟེང(༡༣༩༢)བྱ་བྲལ་ལ་བྱོན་མཛད་ནས། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།། ཐ་མ་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་པའི་རྣམ་ཐར་བྲིས་འདུག། དེ་ལྟར་ཀློག་པ་ཐོས་བསམ་གྱི་རྣམ་ཐར་ནང་། རླབས་ཆེན་གྱི་བརྩོན་འགྲུས་དང་མཁྱེན་དཔྱོད། རྒྱལ་སྲས་ཀྱི་སྙིང་སྟོབས་སོགས་ལས། ཆ་ཤས་ནང་གི་ཡང་ཤས་མཐའ་མེད་པའི་རྒྱ་མཚོ་ཆེན་མོ་ལས་རྩྭ་རྩེར་འགོས་པའི་ཆུ་ཐིགས་ཙམ་བརྗོད་ག་ལ་ནུས་ཏེ་རེ་ཞིག་བཞག་ནས།

གོང་དུ་ཞུས་པ་ལྟར་གྱི་ཐུན་མོང་གི་སྣང་ངོར་དུ་གྲུབ་པའི་རྗེའི་གཤིས་སྤྱོད་སྐོར་ནས་ཉུང་ཙམ་གླེང་བའི་སེམས་བསྐྱེད་པ་ལ། དེ་ཡང་རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པ་ཞེས་ཀུན་གྱི་ངག་ནས་གླེང་བ་དང་། མཆོད་པའི་ཡུལ་དུ་གྱུར་རུང་ང་ཚོ་ཐལ་མ་པའི་བློ་ངོར་འཆར་སྐབས། ལྡེབ་ངོས་དང་ཐང་ག་ནང་དུ་བྲིས་པའམ། ཡང་ན་འདྲ་སྐུ་བཞེངས་ཡོད་པ་དེ་རང་ལས། མིའི་ཤ་ཚུགས་ཅན་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ་གྱིས་དུས་འདས་པའི་ཞི་དུལ་སྤྱོད་པ་ཅན་གྱི་དགེ་སློང་ཞིག་བློ་ཡུལ་དུ་འཆར་དཀའ་བ་ཙམ་དུ་འདུག །  མ་ཟད་རྣམ་ཐར་ནང་དུ་ཡང་རྗེ་བདག་ཉིད་ཆེན་པོའི་བྱད་གཟུགས་དང་། ནམ་རྒྱུན་གཤིས་སྤྱོད་སོགས་ཀྱི་མཛད་རྣམ་ཉུང་ངུ་ལས་འཁོད་མེད་པ་འདྲ། དེས་ན་རྗེ་བདག་ཉིད་ཆེན་པོའི་ནམ་རྒྱུན་གྱི་མཛད་རྣམ་ཕལ་བའི་རིགས་ཏེ། དཔེར་ན་ཆོས་འཆད་ཉན་མཛད་སྐབས་ཀྱི་སྐུ་དང་གསུང་། དེ་བཞིན་དུ་གཞན་དང་འགྲོགས་འདྲིས་སྐབས་ཀྱི་ཐུགས་གཤིས་སོགས་ཇི་ལྟར་ཡོད་པ་ཉུང་ཙམ་ཤེས་ཐབས་ལ་འཇུག་པར་བྱ།

རྗེ་བདག་ཉིད་ཆེན་པོ་ནི་སྐུ་མདོག་དཀར་བའི་མདངས་ཅན། སྐུ་གཟུགས་ཆུང་ཆུང་མ་ཡིན་པ་ཞིག་ཡོད་ཚོད་འདུག་སྟེ། ཟང་ཟང་ནེ་རིངས་པས་མཛད་པའི་རྗེའི་རྣམ་ཐར་ནང་དུ། དགུང་ལོ་མཐོན་པོར་ཕེབས་ཅིང་སྐུ་ན་བགྲེས་པོའི་སྐབས་སུ་ཡང་། སྐུ་གཟུགས་ཆེ་ཙམ་ཡོད་པ་གསུངས(1)། རྣམ་ཐར་དད་པའི་འཇུག་ངོགས་ནང་དུ་སྐུ་མདོག་དཀར་པོ་མེ་ཏོག་ཀུ་མུད་ལྟར་མཛེས་པ་ཞིག་ཡོད་པ་གསུངས་ཀྱང་།  སྐུ་གཟུགས་ཆེ་ཆུང་ཇི་ལྟར་ཡོད་མིན་སོགས་མི་གསལ། དེ་བཞིན་དུ་རྣམ་ཐར་ཟུར་འདེགས་དང་། ལེགས་བཤད་ཀུན་འདུས་སོགས་རྗེའི་དངོས་སློབ་རྣམས་ཀྱིས་མཛད་པའི་རྣམ་ཐར་ཁག་ནང་དུ་གསལ་པོར་འཁོད་པ་མཇལ་མ་བྱུང་། གང་ལྟར་སྐུ་གཟུགས་ཆུང་ཆུང་མ་ཡིན་པ། ཞལ་མདོག་དཀར་ལ་ཞི་བའི་བརྩེ་མདངས་ཅན་ཞིག་ཡོད་པ་མངོན་འདུག །

ནམ་རྒྱུན་གཟའ་ཤམ་སོགས་གྱོན་པའི་རིགས་ནི། མཚན་ཉིད་ཚང་ཙམ་ལས་རྒྱས་སྤྲོས་དང་གཟབ་སྤྲོས་མི་བྱེད་པ། རྒྱུ་དང་ཁ་དོག་ཚད་བྱིན་རླབས་རུང་ཙམ་བཞེས་པ་དང་། དེ་ཡང་རབ་བྱུང་གི་རྟགས་ཆ་ལུགས་ལས། གཞན་ཅི་ཡང་མནབས་ཀྱི་མེད་པར་གསུངས།(2)ལྷག་པར་དུ་ཐོས་བསམ་གཙོ་བོར་མཛད་སྐབས། གསོལ་རྒྱུའི་མཐུན་རྐྱེན་དང་བཞུགས་མལ་སྐྱོ་བོ་ཡིན་པར་གསུངས་ཏེ། གསོལ་རྒྱུ་ཚོགས་ནས་གང་བྱུང་བ་ཙམ་དང་། གནས་མལ་བླ་གབ་མེད་པའམ་ཁང་པ་ཐོག་མེད་པའི་ནང་དུ་ཡང་བཞུགས་ནས་ཐོས་བསམ་མཛད་པ། རྣམ་ཐར་གཏམ་བརྒྱ་རྩ་བརྒྱད་ལས་གསུངས(3)། དེ་ཡང་སྐབས་དེར་འཚོ་བ་སོགས་མཐུན་རྐྱེན་སྐྱོ་བོ་ཡོད་ངེས་ཏེ། ཕ་ཡུལ་ས་ཐག་རིང་བས་སྐྱེས་སྐུལ་དཀའ་བ་དང་། མཉེན་ཉེ་དང་སྦྱིན་བདག་སོགས་ཅི་ཡང་མེད་པའི་ཆ་མེད་རྒྱུས་མེད་ཀྱི་མི་ཡུལ་ལུང་པའི་ནང་དུ། ཐོས་བསམ་སློབ་གཉེར་ཁོ་ནས་དུས་འདའ་བར་མཛད་པའི་ཐུན་མོང་བའི་སྣང་ངོར་སློབ་གཉེར་བ་དཀྱུས་མ་ཞིག་ཡིན་པསོ།།

རྗེ་བླ་མ་ནམ་རྒྱུན་གང་དུ་བྱོན་ན་ཡང་ཆོས་གོས་རྣམ་གསུམ་དང་། མཁར་གསིལ། ལྷུང་བཟེད་སོགས་ཉེར་ལྡན་གྱི་ཡོ་བྱད་རྣམས་འབྲལ་མེད་དུ་བརྟེན་པ་དང་། བྱིན་ལེན་དང་རུང་ཆུ་དང། ནུབ་ལྷག་ཉལ་སྲུང་སོགས་བསླབ་པའི་གཞི་ཕྲ་མོ་གཅིག་ཡན་ཆད་ལ་ནན་ཏན་དུ་སྲུང་བར་མཛད་པས། སྐབས་དེའི་འདུལ་འཛིན་ཐམས་ཅད་ནང་ནས་ཉི་ཟླ་ལྟར་གྲགས་པ་ཆེན་པོ་བྱུང་ཞིང་། གནས་བརྟན་འདུལ་འཛིན་སྡོམ་བརྩོན་ཆེན་པོ་རྣམས་ཀྱིས་ཀྱང་གུས་པས་བཏུད། རྒྱང་ནས་རྩད་བཅད་ཞུ་བ་འབུལ་བ་དང་། དྲུང་དུ་ཡོང་ནས་བསླབ་བྱ་ཞུ་བ། དགེ་ཚུལ་སློང་གི་སྡོམ་པ་གསར་དུ་ཞུ་བ་སོགས་བྱས་པ་རེད་ཅེས། ཟང་ཟང་ནེ་རིངས་པས་གསུངས་འདུག ། (4) དེའི་ཕྱོགས་ཀྱི་མི་རྣམས་ཁོང་མཇལ་ཁ་འགྲོ་སྐབས།  སྐུའི་གཟིགས་བརྗིད་དང་བྱིན་རླབས་ཟིལ་གྱིས་སྐོར་ལམ་ནང་དུ་སླེབས་པ་དང་། གཟིམ་ཁང་མཐོང་བ། སྒོ་ནང་དུ་སླེབས་པ་ཙམ་གྱིས་འཇིགས་ཞུམ་ཞུམ་ཡོང་ཡང་། སྐུའི་དྲུང་དུ་སླེབས་པ་ན། བཀའ་ལུང་གནང་བ་དང་། བརྡ་སྤྲོད་ལེགས་པར་མཛད་རྗེས་སུ། མི་དྲག་ཞན་ཕོ་མོ་སུ་ཡིན་རུང་རང་དབང་མེད་པ་དད་པ་སྐྱེས་པ་དང་། བློ་བག་ཕེབས་པ་འབྲལ་སྙིང་མི་འདོད་པ་ཞིག་ཡོད་འདུག་གསུངས།(5) གོང་དུ་ལུང་འདྲེན་བྱས་ཡོད་པའི་རྣམ་ཐར་འདི་དག་ལས། ཟང་ཟང་ནེ་རིངས་པ་འཆི་མེད་རབ་རྒྱས་ཞུ་བས་མཛད་པའི་རྣམ་ཐར་ནི། རྣམ་ཐར་གཞན་རྣམས་ལས་ཀྱང་གདུལ་བྱ་མཐུན་མོང་བ་ལྷག་པར་ཡིད་ཆེས་འཕེལ་བ་ཞིག་ཡིན་འདུག། འདིའི་རྒྱུ་མཚན་དང་རྣམ་ཐར་དེའི་རྩོམ་པ་པོ་སོགས་ཀྱི་ངོ་སྤྲོད་མཇུག་ཏུ་ཞུ་ཡོང་།

རྗེ་བདག་ཉིད་ཆེན་པོའི་གསུང་སྐད་ཀྱི་ཆ་ནས། སྐད་ཧ་ཅང་སྙན་ཞིང་འབོལ་བ། ཚོགས་དབུས་སུ་ཆོས་སོགས་གསུངས་སྐབས་ཐག་རིང་པོར་གྲལ་མཐའ་དབུས་མེད་པ་ཚང་མས་གོ་ཐུབ་པ། ཚིག་དོན་གཉིས་ཀ་འཇེབས་པ་ཞིག་ཡོད་གསུངས། གསུང་སྐད་མ་གཞི་དེ་ཁམས་ཀྱི་སྐད་དེ་དེང་གི་ཨ་མདོའི་སྐད་ལྟར་ཡོད་ཀྱང་། དགུང་ན་ཆུང་ཆུང་སྐབས་ནས་དབུས་གཙང་རྣམས་སུ་སློབ་གཉེར་མཛད་ནས་བཞུགས་སྟབས། སྐད་སྙན་ལ་གོ་བདེ་བ་ཧ་ཅང་འཇམ་པ་ཆོས་སོགས་ཞུས་ཚར་ནས། ཞག་མང་པོར་རྣ་བའི་ལམ་དུ་གསུང་ཡང་ཡང་འཁོར་བ་ཞིག་ཡོད་འདུག་ཅེས། ཟང་ཟང་ནེ་རིངས་པས་གསུངས།(6) གཞན་ད་དུང་མི་སུ་ཞིག་གིས་མདོ་སྔགས་ཅི་རིགས་པའི་ཚིག་དོན་དང་། ཉམས་རྟོགས་ལ་དོགས་པ་བྱུང་བ་རྣམས་དྲི་བ་ཆེ་ཆུང་ཅི་འདྲ་ཞུས་ཀྱང་། ཁྱད་གསོད་སོགས་མི་མཛད་པ། ཁྱེད་རྣམ་པའི་གོ་རྟོགས་དང་དྲི་བ་དེ་ཚོ་དགའ་པོ་བྱུང་། ང་ལ་བཤད་རྒྱུ་ཡོད་གསུངས་ནས། དོགས་པ་རྣམས་སེལ་ངེས་ཀྱི་ལེགས་བཤད་དང་། བཀའ་ལུང་གནང་གི་རེད་ཅེས་གསུངས་འདུག །(7)

ནམ་རྒྱུན་ཉེར་རིང་ཆགས་སྡང་དང་འབྲེལ་ནས་ཕལ་བའི་སྐད་ཆ་ཅི་ཡང་མི་གསུངས་ཤིང་།  རྒྱུན་དུ་གཟུངས་སྔགས་འདྲ་མིན་ཁ་ཏོན་མཛད།  མི་དྲག་ཞན་སུ་འདྲ་ཞིག་ཡིན་རུང་ཆོས་དང་འཇིག་རྟེན་གྱི་ཞལ་ཏ་གནང་དགོས་བྱུང་བའི་ཚེ། ཐམས་ཅད་ཆོས་དང་མཐུན་ཞིང་ཡར་རབས་སུ་གྱུར་པའི་ལེགས་བཤད་ཁོ་ན་བརྡ་སྤྲོད་པ་མཛད་པ་དང་། གཞན་ལ་ཚིག་སྨྲ་སྐབས་ཧ་ཅང་གུས་ཞབས་ཀྱིས་བསྟོད་པའི་ཚིག་སྨྲ་ནས། མཚན་ཉིད་ཀྱི་ཡོན་ཏན་འཛིན་པ་ཚོ་ལ། སློབ་དཔོན་དཀའ་བཅུ་པ་དང་། སློབ་དཔོན་བཀའ་བཞི་པ་ཞེས་སོགས་གསུངས་ཤིང་། མཚན་ཉིད་མ་སྦྱངས་པ་སྔགས་ཕྱོགས་ཅུང་ཟད་ཤེས་པ་རྣམས་ལ། བླ་མ་ཞེས་དང་དགེ་བཤེས་ཞེས་ཡོན་ཏན་བརྗོད་ཀྱི་རེད་གསུངས་འདུག ། (8)དེ་ལྟར་གསུངས་རྣམས་ལ་བརྟག་ཡོང་ན། རྗེ་བདག་ཉིད་ཆེན་པོ་གང་ཉིད་ལ། སྐུ་མདོག་དཀར་ཞིང་ནབ་བཟའ་སོགས་ཧ་ཅང་ལེགས་པོ་མིན་པ་མནབས་པ། སྐྱེ་བོ་ཀུན་ལ་གུས་ཞབས་དང་ལྡན་པའི་དགེ་སློང་གཉོམ་ཆུང་། ནམ་རྒྱུན་གཟུངས་སྔགས་ཅི་རིགས་པ་ཞལ་ནས་དིར་དིར་སྒྲོག་པ། གསུང་གླེང་མཛད་པའི་ཚེ་དམ་པའི་ཆོས་དང་མཐུན་པའི་ལེགས་བཤད་ཁོ་ན་གསུངས་མཛད་པ། གསུང་སྐད་ཀྱང་ཧ་ཅང་སྙན་ཞིང་གདངས་མཐོ་བ་ཞིག་ཡོད་འདྲ།

མཁྱེན་པའི་ཆ་ནས་ཐུགས་རིག་ཀྱང་ཤིན་ཏུ་རྣོ་སྟེ། དེ་ཡང་འཆད་རྩོད་རྩོམ་གསུམ་གྱི་མཛད་བཟང་ལས། གཞུང་འཆད་པའི་ཚེ་འགྲེལ་བ་འགྲེལ་བཤད་མང་པོའི་འདོད་ཚུལ་དང་། དེ་དག་འཐད་མིན་སོགས་དགག་བཞག་གནད་ལ་སྨིན་པར་མཛད་ཀྱི་རེད་གསུངས་འདུག ། ད་དུང་གཞུང་ཆེན་བཅོ་ལྔ་དཔེ་རས་ནང་དུ་བསྡམས་ནས། ཐུགས་ཐོག་ནས་རྒྱ་གར་སྐད་བཅོ་ལྔ་ཉི་མ་གཅིག་ལ་དབུ་བཙུགས་ཏེ། ཉིན་མ་གཅིག་ལ་མཇུག་གྲུབ་པར་བྱས་འདུག་པ་དེ་རེད། རྩོད་པའི་སྐབས་ན་ཡང་དབུས་གཙང་གི་གདན་ས་ཆེན་པོ་རྣམས་སུ་དཀའ་ཆེན་རྣམས་གྲྭ་སྐོར་མཛད་པའི་ཚེ། རྩོད་པ་རྩོད་ལན་དང་བགྲོ་གླེང་མང་དུ་མཛད་པ་དང་། ཁྱད་པར་དུ་དཔལ་ལྡན་ས་སྐྱ་དང་། ངམ་རིང་ཆོས་སྡེ། འགའ་རོང་། གནས་རྙིང་རྣམས་ཀྱི་དགེ་བཤེས་མཁས་པ་མང་པོ་དང་རྩོད་ཅིང་། ཚད་ལྡན་གྱི་གཞུང་དང་། བཤེས་གཉེན་བཟང་པོ་མང་པོ་དཔང་དུ་བཞག་སྐབས། རྗེ་ཉིད་རྩོད་པ་བཟང་བ་དང་། རྩོད་པའི་མཆོག་ཏུ་གྱུར་ཞེས་སྙན་པའི་བ་དན་དབུས་གཙང་ཀུན་ན་གཡོས་པ་གསུངས་འདུག །(9)

རྗེ་རེད་མདའ་བ་ཆེན་པོས་ཀྱང་རྩོད་པའི་མཆོག་གྱུར་དར་མ་རིན་ཆེན་ཞེས་བསྔགས་ནས། སྐབས་དེར་དབུས་གཙང་གཉིས་ན་སྙན་གྲགས་ཆེ་བའི་རྒྱལ་ཚབ་རིན་པོ་ཆེ་ཡང་། ཐོག་མར་རྗེ་ལ་རྩོད་པ་མཛད་པའི་ཚེ། སློབ་དཔོན་དཀའ་བཅུ་བ་རང་ག་ལེ་གསོན་ཅིག་ཅེས། ཁྱེད་ཀྱིས་ཁས་ལེན་དེ་མི་འཐད་དེ། མདོ་འདི་དང་རྒྱ་གཞུང་འདི། རིགས་པ་འདི་ལ་འགལ་ཞེས་ལུང་རིགས་ཅུང་ཟད་རེ་གསུངས་པ་ན། རྒྱལ་ཚབ་རིན་པོ་ཆེའི་ཁས་ལེན་དང་དམ་བཅའ་ཐམས་ཅད་རང་ཞི་རུ་འགྲོ་ཞེས། ནེ་རིང་པས་བླ་མ་འཇམ་དབྱངས་ཆོས་རྗེ་དང་། རྗེ་དགེ་འདུན་གྲུབ་པ་སོགས་ཀྱི་ངག་ལས་ཐོས་པས་བདེན་གསུངས།(10)  དེ་ནས་རྒྱལ་ཚབ་ཐམས་ཅད་མཁྱེད་པ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ལ་མི་ཕྱེད་པའི་དད་པ་འཁྲུངས་པ་འདྲ་སྟེ། རྗེ་རང་ལས་མདོ་སྔགས་གཞུང་རྣམས་གསན་ཞིང་། རྗེའི་གསུང་ཟིན་བྲིས་མཛད་པ་སོགས་ཁོ་ན་བྱས་འདུག ། རྗེ་བདག་ཉིད་ཆེན་པོས་མཛད་པའི་གསུང་རབ་ལ་ཐོས་བསམ་མཛད་པ་རྣམས། རྩོད་པ་བཟང་བ་དང་རིགས་པ་རྣོ་བ། དོགས་པ་བཟང་བ་སོགས་ཡོང་བ་ནི། རྗེ་བདག་ཉིད་ཆེན་པོ་ཁོང་དེ་ལྟར་ཁྱད་པར་དུ་འཕགས་པས་ཡིན་ཞེས། དུས་རབས་བཅོ་ལྔའི་ནང་དུ་རྗེའི་ཞབས་མ་ཟིན་ཙམ་དུ་བྱོན་པའི་འཆི་མེད་རབ་རྒྱས་ཀྱིས་གསུངས་འདུག(11)། དེ་ཡང་རྗེ་ཉིད་ཀྱི་ཞལ་སྔ་ནས་གཞུང་རྣམས་ལ་དཔྱད་པ་ཞུགས་པའི་ཚེ། རིགས་པ་ཕྲ་མོས་ལེགས་པར་དཔྱད་པ་ན། དང་པོར་ཡིན་ཡིན་འདྲ་བའི་གོ་བ་རྙེད་པ་རྣམས་ཀྱང་ཕལ་ཆེར་ཞིག་འགྲོ་བ་མང། དེས་ན་རིགས་པ་རྣམ་པར་དག་པ་ཕྲ་མོ་ཞིག་གིས་ལེགས་པར་དཔྱད་པའི་དཔྱད་པ་མ་རྫོགས་བར་དུ་དོན་དེར་ཁ་ཚོན་བཅད་ཀྱང་ཤབ་ཤོབ་ཏུ་འགྲོ་བ་ཡིན། ཞེས་གསུངས་ཀྱི་རེད་གསུངས། (12)

རྣམ་ཐར་དད་པའི་འཇུག་ངོགས་སོགས་སུ། རྗེ་བླ་མའི་རྩོད་པ་མཛད་པ་དང་། སུ་ཞིག་ལས་རྒྱལ་བ་བྱས་པ། གང་ཞིག་ཚར་བཅད་ནས་ཕམ་པ་བྱས་པ་སོགས་མང་པོ་འཁོད་མེད་པར་གཞིགས་ན། རྗེ་བདག་ཉིད་ཆེན་པོའི་ནམ་རྒྱུན་གཞན་ཚར་བཅད་ནས་ཕམ་པ་བྱས་པའི་རྩོད་པ་ལ་དོན་གཉེར་མི་བྱེད་པ་ཤེས་ཐུབ། དེའི་ཐོག་ནས་རྗེའི་ཐུན་མོང་མ་ཡིན་པའི་ཐུགས་གཤིས་དེ་དཔོག་ཐུབ་འདུག་སྙམ། དེ་ཡང་ཁོང་གི་འཆད་རྩོད་རྩོམ་གསུམ་གང་ཞིག་མཛད་རུང་། ཐར་པ་དང་ཐམས་ཅད་མཁྱེན་པ་ཁོ་ན་ཆེད་དུ་ལས། གཞན་རྙེད་བཀུར་དང་སྙན་གྲགས། ང་རྒྱལ་ཁྱོད་ཕམ་གྱི་ཆེད་དུ་མིན་པའི་རླབས་ཆེན་གྱི་མཛད་བཟང་དེ་མཐོང་ཐུབ། དེ་ལྟར་ཡང་རྣམ་ཐར་དད་པའི་འཇུག་ངོགས་ནང་། གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་ཐོས་བསམ་སྒོམ་སྒྲུབ་མཛད་པ་ཐམས་ཅད། ཚེ་འདིའི་རྙེད་བཀུར་དང། སྙན་གྲགས་དང། འཁོར་དང། འདུ་འགོད་ཕུན་སུམ་ཚོགས་པ་དང་། བདག་ཉིད་གཞན་ལས་ཁྱད་པར་འཕགས་པ་ཉིད་དུ་མཐོང་བར་གྱུར་ན་ཅི་མ་རུང་སྙམ་པ་སོགས་ཀྱི་ཀུན་སློང་གི་དྲི་ཙམ་ཡང་མ་འདྲེས་པར། གཅིག་ཏུ་ཐམས་ཅད་མཁྱེན་པའི་ཆེད་དུ་དམིགས་པ་འབའ་ཞིག་གིས་ཐུགས་རང་དབང་མེད་པར་འཕྲོགས་པས། དེ་བས་ན་བདག་ཉིད་རྒྱལ་ཞིང་ཕ་རོལ་སྨ་དབབ་པར་བཞེད་པ་དང། རང་ཉིད་མཁས་པར་རློམ་པའི་ང་རྒྱལ་གྱིས་དེ་ཉིད་གཞན་ལ་གྲགས་པར་བྱ་བའི་ཆེད་དུ། འཆད་པའམ། རྩོད་པའམ༑ རྩོམ་པ་འདི་ལྟ་བུ་ཞིག །དང་པོ་ཐོས་བསམ་གཙོ་བོར་ལྷུར་མཛད་པའི་ཐོག་མ་ནས་བརྩམས་ཏེ་དེང་སང་གི་བར་གང་གི་སྐབས་སུའང་དུས་འདིའི་ཚེ། ཚུལ་འདི་ལྟར་མཛད་དོ།། ཞེས་གཟུ་བོར་གནས་པ་སུས་ཀྱང་ལན་ཅིག་ཀྱང་དྲང་པོར་གླེང་བའི་སྐབས་མི་རྙེད་པ་འདི་ནི། ཞེས་གསུངས། (13)

རྩོམ་པའི་ཚེ་ན་ཡང་། རྗོད་བྱེད་ཚིག་གི་སྡེབ་སྦྱོར་ལེགས་ཤིང་སྙན་པ། བརྗོད་དོན་གྱི་ཆ་ནས་གཞུང་ཆེན་བཀའ་པོད་ལྔའི་སྙིང་དོན། ཡང་ཡང་དཔྱད་པའི་རིགས་ལམ་དང་། ཤིན་ཏུ་ཟབ་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་ཡོད་པ་ཚང་མས་མཁྱེན་གསལ་ལྟར། གསུང་འབུམ་པོད་བཅོ་ལྔ་བཞུགས་ཡོད་པ་དེ་རེད། ལྷག་པར་དུ་ལྟ་བའི་ལེགས་བཤད་ཆེན་མོ་ལྔའི་སོ་སོའི་ཁྱད་ཆོས་འབུར་དུ་ཐོན་པ་རེའི་སྒོ་ནས། དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་དེ་ལེགས་པར་གཏན་ལ་ཕབས་ཡོད། ལྷག་མཐོང་ཆེན་མོ་ནང་དགག་བྱ་ཁྱབ་ཆེ་ཆུང་དགག་པ་མཛད་སྐབས། རིགས་པས་དཔྱད་བཟོད་མི་བཟོད་བརྟགས་ནས་བཀག་པས་སུན་འབྱིན་མི་ནུས་པ་དང༌། ཚད་མས་གྲུབ་མ་གྲུབ་བརྟགས་ནས་འགོག་པས་སུན་འབྱིན་མི་ནུས་པ་དང༌། མུ་བཞིའི་སྐྱེ་བ་ཡིན་མིན་བརྟགས་ནས་འགོག་པས་སུན་འབྱིན་མི་ནུས་པ་དང༌། དངོས་པོ་ཡོད་མེད་སོགས་ཀྱི་མུ་བཞི་ཀ་འགོག་པ་གནོད་བྱེད་དུ་མི་རུང་བར་བསྟན་པའོ།། ཞེས་སོགས་ས་བཅད་གཅིག་པུར་བརྟག་ན། དོན་གྱི་ལྕི་ཚད་མཁྱེན་ཡོང་བ་ལྟ་བུར་རེད། འཇུག་འགྲེལ་དགོངས་པ་རབ་གསལ་སོགས་སུ། ཆོས་དང་གང་ཟག་གི་དགག་བྱ་བདག་ལ་ཕྲག་རགས་ཁྱད་པར་མེད་པ་ཟླ་བས་དངོས་སུ་གསུངས་སྟབས། ལུགས་དེར་ཉན་རང་དགྲ་བཅོམ་པས་ཆོས་ཀྱི་བདག་མེད་ཕྲ་མོ་རྟོགས་པ་དང་། བདེན་འཛིན་ཉོན་སྒྲིབ་ཏུ་འདོད་པ། མངོན་པ་གཉིས་ནས་བཤད་པའི་དགྲ་བཅོམ་པ་མཚན་ཉིད་པ་མ་ཡིན་པ་སོགས། ལུང་རིགས་བརྒྱ་ཕྲག་དུ་མའི་སྔོན་མེད་ལེགས་པར་བཤད་པའི་གངས་ཅན་ལྗོངས་སུ་ཤིང་རྟའི་སྲོལ་ཆེན་པོ་ཞིག་ཕྱེས་ཡོད་འདུག། ད་དུང་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་ནང་། བརྗོད་བྱའི་དོན་གྱི་དྲང་ངེས་རྣམ་དབྱེ་འབྱེད་པ་ལ་རྗོད་བྱེད་ཚིག་གི་དྲང་ངེས་ལ་རགས་ལས་ཅེས། དབུ་སེམས་ཀྱི་དྲང་ངེས་སྲོལ་ལེགས་པར་འབྱེད་པ་སོགས་གང་ལྟར་གསུང་རྩོམ་གྱི་ཆ་ནས་ཞུ་མི་ཤེས་བཞིན་དུ་བཤད་གང་ལ་དགོས། ཚང་མའི་མདུན་དུ་མདོ་སྔགས་གཉིས་ཀྱི་ཟབ་དོན་སྙིང་པོ་ལོང་སྤྱོད་ཆོག་ཆོག་མཛད་པའི་བཀའ་དྲིན་བསྐྱངས་འདུག་པ་དེ་རེད།

བློ་འཛིན་མཛད་སྐབས་གྲྭ་ས་ཆེན་པོ་རྣམས་སུ་རྗེ་བདག་ཉིད་ཆེན་པོ་ལ་འགྲན་ཟླ་ཡོད་པ་ཞིག་དཀོན་པ་འདྲ་སྟེ། ཚལ་དུ་བཞུགས་སྐབས་སུ། བློ་འཛིན་བཟང་བ་གྲགས་པའི་གླིང་མཚུངས་མེད་དང། མདོ་སྨད་པ་འཇམ་དཔལ་བཀྲ་ཤིས། ཤཱཀྱ་གྲུབ་ཅེས་པའི་གྲྭ་པ་གསུམ་དང། རྗེ་བདག་ཉིད་ཆེན་པོ་བཅས་བཞི་ལ། སྔོན་གཟིགས་མ་མྱོང་བའི་དཔེ་ཆ་བློ་འཛིན་གནང་བཅུག་སྐབས།  རྗེ་འདིས་ཚལ་དབུས་གླིང་གི་གཙུག་ལག་ཁང་གི་ཏོག་གི་རྩེ་ལ་ཉི་མ་ཤར་བ་དང་མཉམ་དུ། སྔོན་གཟིགས་མ་མྱོང་བའི་མདའ་ཚད་ཕྲེང་དགུ་མ་ཞིག་གི་ཤོག་ལྡེབ་བཞི། ཤིན་ཏུ་དག་པར་ཐུགས་ལ་ཆུད་འདུག་ཅིང། གླིང་མཚུངས་མེད་ཀྱིས་ཕྱེད་དང་གསུམ་ཐོ་རེ་བ་ཞིག་དང། གཞན་གཉིས་ཀྱིས་ཤོག་ལྡེབ་རེ་རེ་ཟིན་པ་རྣམ་ཐར་དད་པའི་འཇུག་ངོགས་ནང་དུ་གསུངས(14)། དེ་ཡང་ཞོགས་པ་ནམ་ལངས་པ་ནས་གཙུག་ལག་ཁང་གི་ཏོག་ལ་ཉི་ཟེར་ཤར་བའི་བར་དུ་བརྩིས་པ་འདྲ། ད་ལྟའི་དབང་དུ་བྱས་ན་ཆུ་ཚོད་གཅིག་ཡས་མས་ཀྱི་དུས་ཚོད་ནང་དུ་ཤོག་ལྡེབ་བཞི་ཤིན་ཏུ་དག་པ་བློ་འཛིན་གནང་ཐུབ་ཀྱི་ཡོད་འདུག ། གཞན་ད་དུང་སྐྱོ་མོ་ལུང་ན་བཞུགས་ནས་འདུལ་བའི་གཞུང་ལ་ཐོས་བསམ་མཛད་སྐབས། འདུལ་རྩ་མདའ་ཚད་མ་ཤོག་ལྡེབ་བཅུ་བདུན་ཙམ་ཐུགས་ལ་མ་ཆག་བློ་འཛིན་གནང་གི་ཡོད་པར་གསལ།

རྣམ་དཔྱོད་དང་བརྩོན་འགྲུས་མཆོག་ཏུ་གྱུར་པའི་སྟེང་ལ། བཤེས་གཉེན་བརྟེན་ཚུལ་ལ་ཡང་འགྲན་པའི་ཟླ་དང་བྲལ་བ། རྟག་ཏུ་ངུ་ཡིས་ཆོས་འཕགས་བསྟེན་པ་ལྟར། རྗེ་ཉིད་ཀྱིས་ཞལ་ནས་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་གསུངས་པ་ཇི་བཞིན་ལག་ལེན་དུ་མཛད་པ་ཡིན་འདུག་སྟེ། རྗེ་བཙུན་རེད་མདའ་བ་ཆེན་པོ། དབུས་སུ་ཕྱག་ཕེབས་ནས་མཁས་པ་རྣམ་གསུམ་སྟེ། རེད་མདའ་བ་དང་ལོ་ཆེན་སྐྱབས་མཆོག་དཔལ་རྗེ་བདག་ཉིད་ཆེན་པོ་གསུམ་གྱིས་གནམ་རྩེ་ལྡེང་དུ་འདུལ་བསྟན་སྤེལ་བའི་སྔོན་མེད་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། རྗེ་བདག་ཉིད་ཆེན་པོས་རང་གི་བླ་མ་རེད་མདའ་བ་ལ་བསྙེན་བཀུར་ཕུན་སུམ་ཚོགས་པ། རྟག་ཏུ་ངུས་ཆོས་འཕགས་བསྟེན་པ་ལྟར་མཛད་སོང་ཞེས། རྗེ་རེད་མདའ་བའི་དངོས་སློབ་མངའ་རིས་སངས་རྒྱས་རྩེ་མོས་གསུངས་འདུག ། (15)

གོང་དུ་ཞུས་པའི་མཛད་རྣམ་དེ་དག་ལ་རིམ་པར་བཞིན་དུ་བསམ་གཞིགས་རེ་བྱ་ཡོང་ན། རྗེ་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་ནི། བཞིན་མདངས་དཀར་ལ་སྐུ་གཟུགས་མི་ཆུང་བ་སྤྱོད་པ་ཤིན་ཏུ་ཞི་ཞིང་དུལ་བ། མི་སུ་ཞིག་ཡིན་རུང་རང་གི་གོང་དུ་བཀུར་ནས། དེའི་མིང་ཙམ་སྨྲོས་ན་ཆེ་བརྗོད་མཛད་པ། གསུང་སྐད་སྙན་ཞིང་འཇེབས་ལ་གདངས་ཅུང་ཙམ་མཐོ་བ། རབ་བྱུང་གི་རྟགས་ཆ་ལུགས་འཛིན་ཞིང་ཚུལ་ཁྲིམས་ཀྱི་བསླབ་པ་ཕྲ་མོ་ཡན་མིག་འབྲས་ལྟར་བསྲུངས་བ། དུས་རྒྱུན་དུ་ཐོས་བསམ་སྒོམ་གསུམ་གྱིས་དུས་འདའ་བ་མཛད་ནས། མཐུན་མཚམས་སོགས་བར་སྐབས་ཅུང་ཙམ་བྱུང་བ་ལ་ཡང་ངག་འཆལ་སྤངས་ཞིང་། བཟུང་སྔགས་སོགས་ཁ་འདོན་མཛད་པ། འཆད་རྩོད་རྩོམ་གསུམ་གྱི་ཆ་ནས་རྣམ་དཔྱོད་ཕུལ་དུ་བྱུང་བའི་སྙན་པའི་བ་དན་མཁས་པ་ཀུན་གྱི་དབུས་ན་གཡོ་བ།  ལྷར་པར་དུ་བླ་མ་ལ་གུས་ཤིང་བཤེས་གཉེན་བསྟན་ཚུལ་མཆོག་ཏུ་གྱུར་པ། རྟག་ཏུ་ངུ་ཡིས་ཆོས་འཕགས་བསྟན་པ་ལྟར་ཞེས་སྙན་པའི་གྲགས་པ། སྐྱེ་འགྲོ་སུ་ཞིག་གིས་མཇལ་རུང་དབང་མེད་དུ་དད་པ་གྱུར་པ་སོགས་མཐུང་མོང་བའི་སྣང་ངོས་ཀྱི་མཛད་བཟང་ཆ་ཤས་ནང་གི་ཡང་ཤས་ཙམ་མཐོང་ཐོས་དྲན་རེག་བྱུང་ཚེ། བློ་དང་ལྡན་པ་སུ་ཞིག་ཡིན་རུང་བློ་ཡི་དད་པའི་པད་མོ་མི་བཞད་པའི་གོ་སྐབས་གང་དུ་མཆིས།

ཐུན་མོང་བའི་སྣང་ངོར་གྲུབ་པའི་ཐུགས་གཤིས་སོགས་གང་ཡོད། མཇལ་དུ་ཡོད་པའི་ཁོང་གི་རྣམ་ཐར་ཁག་ལ་གཞི་བཅོལ་ནས་ཞུ་དགོས་སྟབས། གོང་དུ་ཞུས་པ་རྣམས་རྣམ་ཐར་གང་ཞིག་གི་ནང་དུ་འབྱུང་མིན་སོགས་ཀྱང་ངོ་སྤྲོད་རེ་བྱ་དགོས། རྗེ་བདག་ཉིད་ཆེན་པོའི་རྣམ་ཐར་ནི་ང་ཚོའི་བླ་མའི་རྣམ་ཐར་ནང་ནས་མང་གྲལ་ལ་བསྙེགས་ཡོད་གསུངས་འདུག(16)། དེ་ཡང་བདེན་ངོ་ཆེ་སྟེ་རྗེའི་རྣམ་ཐར་ཕྱོགས་བསྒྲིགས་དེབ་གསུམ་འདུག་པའི་ནང་། རྣམ་ཐར་རྒྱས་བསྡུས(༥༨)འབྱུང་ཞིང་། དེ་མིན་ཆོས་འབྱུང་ཁག་གི་ནང་དུ་འཁོད་པ་སོགས་གང་ལྟར་རྣམ་ཐར(༦༠)ལྷག་ཙམ་ཞིག་ངོས་ཀྱིས་མཇལ་སོང་། རྣམ་ཐར་དེ་དག་གི་ནང་ནས་གོང་དུ་དྲངས་པ་ལྟར། ཟང་ཟང་ནེ་རིངས་པ་འཆི་མེད་རབ་རྒྱས་ཞུ་བས་མཛད་པའི་རྣམ་ཐར་དེ་རྣམས། རྗེ་བླ་མ་ཞིང་དུ་གཤེགས་ནས་ལོ(༥༡)འདས་སྐབས་བྲིས་འདུག་ཅིང་། ཐུན་མོང་བའི་སྣང་ངོས་ཀྱི་རྗེ་བླ་མའི་གཤིས་སྤྱོད་སོགས་རྒྱས་ཙམ་འཁོད་འདུག །  མ་གཞི་ཟང་ཟང་ནེ་རིངས་པ་ཁོང་གི་ཡབ་མེས་དང་ཁྱིམ་རྒྱུད་རྙིང་མ་དང་དྭགས་པོ་བཀའ་བརྒྱུད་ཡིན་འདུག་ཀྱང་། ཁོང་རྗེ་བདག་ཉིད་ཆེན་པོས་ལེགས་བཤད་རྣམས་མཇལ་ནས་དད་པར་གྱུར་པ་གསུངས།  རྗེ་བླ་མའི་དངོས་སློབ་བཞུགས་ཡོད་པ་རྣམས་ལ། རྗེའི་མཛད་རྣམ་དང་གཤིས་སྤྱོད་སོགས་མང་པོ་ཞིག་བཀའ་འདྲི་ཞུ་ཡི་ཡོད་འདུག ། རྗེའི་གསུང་རྩོམ་ཐོར་བུ་དང་བཅས་པ་མཇལ་འདུག་ཅིང་ཁོང་གིས་ཀྱང་རྗེ་བདག་ཉིད་ཆེན་པོའི་མཛད་བཟང་ལྟར་འདུན་པ་ཡོད་ཀྱང་། རྐྱེན་འགའ་ཞིག་གིས་བྱུང་མ་སོང་ཡང་གསུངས། ཁོང་གིས་མཛད་པའི་རྗེ་བླ་མའི་རྣམ་ཐར་བསྡུས་ཙམ་གཉིས་དང་། རྗེའི་དངོས་སློབ་བུ་ཆེན་རྣམས་བྱོན་ཚུལ། དེའི་ཁ་སྐོང་རྣམ་ཐར་གཅིག་དང་བསྡོམས་པའི་བཞི་བཞུགས་འདུག ། དེ་ཡང་དང་པོར། རྣམ་ཐར་ནོར་བུའི་བང་མཛོད་ཅེས་པ་ལ་ཤོག་ལྡེབ་དྲུག་ཙམ་བཞུགས་ཤིང་། འདིའི་ནང་དུ་རྗེའི་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་ཐུན་མོང་བའི་ངག་ཏུ་ཡོད་པ་རྣམས་གཙོ་བོར་བྲིས་འདུག །  མཇུག་ཏུ་ལྕགས་ཕོ་སྟག་ལོར་བྲིས་པ་གསུངས། གཉིས་པ། རྗེ་ཙོང་ཁ་པ་ཆེན་པོའི་འཆད་རྩོད་རྩོམ་གསུམ་མཛད་པའི་རྣམ་ཐར་རྒྱ་ཆེ་བ་ལས་མདོར་ཙམ་བརྗོད་པའི་དད་ལྡན་དགའ་བྱེད། ཅེས་བྱ་བ་ལ། ཤོག་ལྡེབ་བཞི་འདུག་ཅིང་ནང་དུ་གོང་ལྟར་འཆད་རྩོད་རྩོམ་གསུམ་གྱི་ཆེ་བ་རྣམས་བཀོད་འདུག ། འདི་ཡང་ལྕགས་ཕོ་སྟག་གི་ལོ་ཧོར་ཟླ་གསུམ་པའི་ནང་དུ་བྲིས་གསུངས་འདུག ། གསུམ་པ། རྣམ་ཐར་གསེར་གྱི་མཆོག་སྡོང་། འདི་ལ་ཤོག་ལྡེབ་དགུ་ལྷག་འདུག་ཅིང་། ནང་དུ་རྗེ་བདག་ཉིད་ཆེན་པོའི་དངོས་སློབ་རྣམས་བྱོན་ཚུལ་གྱི་རྣམ་ཐར་གལ་ཆེ་བ་ཞིག་རེད་འདུག ། རྣམ་ཐར་ཆེན་མོ་སྟེ་རྒྱལ་དབང་ཆོས་རྗེའི་མཛད་པའི་ནང་དུ། རྗེའི་བུ་ཆེན་བྱོན་ཚུལ་འདི་ལ་ཡང་གཞི་བྱས་འདུག་ཅེས་ཐུབ་བསྟན་ཆོས་དར་ཞུ་བས་གསུངས།   འདི་ཡང་སྟག་ལོ་ནག་པ་ཟླ་བ་སྟེ་ཧོར་ཟླ་གཉིས་པའི་ཚེས་བཅུ་ལ་ནེ་རིང་ལ་བྲིས་ཅེས་གསུངས། དེའི་ཁ་སྐོང་གསེར་གྱི་མྱུ་གུ་བྱ་བ་ལ་ཤོག་ལྡེབ་གཉིས་ལྷག་དང་། ནང་དོན་རྗེའི་དངོས་རྣམས་ཀྱི་མཛད་རྣམས་རེད་འདུག ། རྣམ་ཐར་འདི་རྣམས་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རྗེ་ཙོང་ཁ་པ་ཞིབ་འཇུག་གླིང་གིས་ཕྱི་ལོ(༢༠༡༧)པར་བའི་རྗེའི་ཙོང་ཁ་པའི་རྣམ་ཐར་ཕྱོགས་བསྒྲིགས་དེབ་གསུམ་པའི་ནང་དུ་བཞུགས། གོང་དུ་ཞུས་པའི་རྣམ་ཐར་དད་ལྡན་དགའ་བྱེད་ཅེས་པ་དེ་ཚར་གཉིས་བྱུང་འདུག་སྙམ་པ་ཞིག་འདུག་པས་བརྟག།

གང་ལྟར་རྣམ་ཐར་དེ་རྣམས་ནི་ལྕགས་ཕོ་སྟག་གི་ལོ་ལ་བྲིས་པ་མཇུག་བྱང་རྣམས་ཀྱི་ནང་དུ་གསལ་འདུག་པ་ལྟར། ལྕགས་སྟག་དེ་ཕྱི་ལོ(༡༤༧༠)ཡིན་ངེས་སུ་འདུག ། དེ་ལས་ཡར་སྔར་ན་ལྕགས་ཕོ་སྟག་ལོ་དེ(༡༤༡༠)ལོར་ཁེལ་བས་དེ་མི་འགྲིག་སྟེ། སྐབས་དེར་རྗེ་བདག་ཉིད་ཆེན་པོ་སྐུ་འཚོ་ཞིང་བཞུགས་ཡོད་སྟབས། རྣམ་ཐར་རྩོམ་པོ་ཁོང་ཕེབས་སྐབས་རྗེ་བླ་མ་ཞིང་དུ་གཤེགས་ཟིན་པ་གསལ་འདུག་པས་སོ།། དེ་ལས་ཕྱི་ན་ལྕགས་སྟག་དེ(༡༥༣༠)ལོ་ལ་ཁེལ་གྱི་འདུག་པས་དེ་ཡང་མི་འཐད་དེ། རྩོམ་པ་པོ་ཟང་ཟང་ནེ་རིངས་པ་འཇམ་དབྱངས་ཁ་ཆེའི་དངོས་སློབ་ཡིན་པ་དང་། འཇམ་དབྱངས་ཁ་ཆེས་བསྟོད་པ་ཙོང་ཁ་རིང་མོ(༡༣༡༩)ལོར་བྲིས་ཡོད་འདུག་པ་སོགས་ཀྱིས་རེད། དེས་ན་རྣམ་ཐར་འདི་རྣམས་གཏན་གཏན་ཕྱི་ལོ(༡༤༧༠)ལྕགས་ཕོ་སྟག་གི་ལོ་ལ་རྩོམ་པ་ཡིན་ངེས་རེད་འདུག་སྙམ།

 

 

རྗེ་བདག་ཉིད་ཆེན་པོའི་རྣམ་ཐར་ཅུང་ཙམ་མཇལ་བའི་སྐལ་བཟང་བྱུང་བ་ནི། ཤིན་ཏུ་རྙེད་དཀའ་བའི་དོན་ཆེན་ཞིག་གྲུབ་པ་འདོད་ནས། ཆུ་སྟག་ལོའི་དགེ་ལྡན་ལྔ་མཆོད་ཆེན་མོ་དང་བསྟུན་ནས་མཆོད་པའི་རྫས་སུ། ༢༠༢༢/༡༢/༡༧/ཤར་ལྡོང་།

 

ཟུར་མཆན།

 

【1】རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས། དེབ་གསུམ་པ།  མཛད་པ་པོ་ནེ་རིངས་པ་འཆི་མེད་རབ་རྒྱས། ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་། ཕྱི་ལོ༢༠༡༦/ཟླ་བ༧པར་དཔར། ཤོག་གྲངས(༡༤༡)འཆད་རྩོད་གསུམ་གྱི་རྣམ་ཐར་ནོར་བུ་བང་མཛོད།

 

【2】རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས། དེབ་གསུམ་པ།  མཛད་པ་པོ་བ་སོ་སྤྲུལ་སྐུ་ངག་དབང་ཆོས་ཀྱི་དབང་ཕྱུག ། ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་། ཕྱི་ལོ༢༠༡༦/ཟླ་བ༧པར་དཔར། ཤོག་གྲངས(༨༦)

 

【3-12】རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས། དེབ་གསུམ་པ།  མཛད་པ་པོ་ནེ་རིངས་པ་འཆི་མེད་རབ་རྒྱས། ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་། ཕྱི་ལོ༢༠༡༦/ཟླ་བ༧པར་དཔར། ཤོག་གྲངས(༡༦༡)རྣམ་ཐར་དད་ལྡན་དགའ་བྱེད།

 

【3-12】 རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས། དེབ་གསུམ་པ།  མཛད་པ་པོ་ནེ་རིངས་པ་འཆི་མེད་རབ་རྒྱས། ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་། ཕྱི་ལོ༢༠༡༦/ཟླ་བ༧པར་དཔར། ཤོག་གྲངས(༡༦༩)རྣམ་ཐར་གསེར་གྱི་མཆོད་སྡོང་།

 

【3-12】 རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས། དེབ་གསུམ་པ།  མཛད་པ་པོ་ནེ་རིངས་པ་འཆི་མེད་རབ་རྒྱས། ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་། ཕྱི་ལོ༢༠༡༦/ཟླ་བ༧པར་དཔར། ཤོག་གྲངས(༢༧༥)གསེར་གྱི་མཆོད་སྡོང་གི་ཁ་སྐོང་གསེར་གྱི་མྱུ་གུ།

 

【13】 རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་དད་པའི་འཇུག་ངོགས།  མཛད་པ་པོ་མཁས་གྲུབ་དགེ་ལེགས་དཔལ་བཟང་། སྒོམ་མང་དཔེ་ཁང་། ཕྱི་ལོ༢༠༡༨ལོ་ཟླ་བ་བརྒྱད་པ། ཤོག་གྲངས(༥༢)

 

【14】རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་དད་པའི་འཇུག་ངོགས།  མཛད་པ་པོ་མཁས་གྲུབ་དགེ་ལེགས་དཔལ་བཟང་། སྒོམ་མང་དཔེ་ཁང་། ཕྱི་ལོ༢༠༡༨ལོ་ཟླ་བ་བརྒྱད་པ། ཤོག་གྲངས(༥༢)

 

【15】རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ། བོད་ལྗོངས་ཡིག་རྙིང་དཔེ་བསྐྲུན་ཁང་། ཕྱི་ལོ༢༠༡༥ཟླ་བ༦པར་དཔར། ཤོག་གྲངས(༨༦)

 

【16】རྗེས་དྲན་འཇམ་དབྱངས་མཉེས་པའི་མཆོད་སྤྲིན། ཡུན་ནན་རིག་གནས་སྒྱུ་རྩལ་དཔེ་བསྐྲུན་ཁང་། ཕྱི་ལོ༢༠༡༩ལོ་ཟླ་བ༨པར་དཔར། ཤོག་གྲངས།(༡༡༣)

 

 

 

寄信人姓名

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2077