-2022ལོའི་ཁ་ཐར་འཛམ་གླིང་བུམ་པ་རྟགས་མའི་རྐང་གྲུག་འགྲན་སྡུར་ལ་བལྟས་རྗེས།
ཕྲན་ཆུང་ང་ནི་དགའ་ཕྱོགས་ཆེས་ཆེར་མང་བའི་མི་བུ་ཞིག་ཡིན་པ་མ་ཟད། གང་ལ་གང་འཚམ་གྱིས་དེ་དག་ལ་ལག་ལེན་དངོས་ཀྱི་སྟེང་ནས་ཚོད་ལྟ་ཡང་བྱེད་བསམ་མཁན་ཞིག་ཡིན། དེ་ལྟ་ན་རང་ཉིད་རྐང་གྲུག་འགྲན་སྡུར་གྱི་ཞེན་མི་ཞིག་ཀྱང་ཡིན་པའི་ཆ་ནས། ད་རེབ་སྐབས་ཉེར་གཉིས་པའི་འཛམ་གླིང་རྐང་གྲུག་འགྲན་སྡུར་དེ་ཡ་གླིང་གི་རྒྱལ་ཁབ་ཁ་ཐར་ནས་སྤེལ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་ཐོས་འཕྲལ། སེམས་སུ་དགའ་སྣང་ཆེན་པོ་ཞིག་སྐྱེས་པ་མ་ཟད། དུས་ཚོད་ངེས་ཅན་ཞིག་རྐང་གྲུག་འགྲན་སྡུར་ལ་བལྟ་བར་བཀོལ་གྲབས་བྱས་པ་མ་ཟད།ཉིན་འདི་ཚོར་དུས་ཚོད་ངེས་ཅན་ཞིག་འཛམ་གླིང་བུམ་པ་རྟགས་མའི་རྐང་གྲུག་འགྲན་སྡུར་སྟེང་དུ་བཀོལ་གྱིན་ཡང་ཡོད།
དབྱིན་ཀི་ལན་ཏི་དང་ནེ་རྡེར་ལན། ཨ་རི།འཇར་མན། ཧྥ་རན་སི། ཕོར་ཁྲི་གལ། ཉི་ཧོང་བ་དག་གིས་མཚོན་པའི་བཙན་རྒྱལ་དེ་དག་གིས། འདས་ཟིན་པའི་ལོ་རྒྱུས་ཁྲོད་དུ་མི་གསོད་ཁྲག་འདོན་གྱི་སྦྱོར་བ་ཆེས་ཆེར་སྤེལ་ཏེ། རང་རང་སོོ་སོའི་ཁེ་ཕན་ཁོ་ན་གཉེར་བ་དང་མངའ་ཐང་རྒྱ་བསྐྱེད་ཡོད་ན་ཡང་། དེ་དག་ལ་ནང་ཆོས་ལས་བཤད་པ་ལྟར་ལས་རྒྱུ་འབྲས་ཟེར་བ་ཞིག་འཁོར་རྒྱུ་ཕར་ཞོག ད་དུང་དེ་ལས་ལྡོག་སྟེ་འཛམ་གླིང་གི་གར་སྟེགས་ཆེ་ཤོས་སོགས་ནས་མུ་མཐུད་ནས་གོ་ས་ངེས་ཅན་རེ་འཛིན་ཐུབ་པ་འདི་ཅི་མ་ཉན་ནི་རེད། དཔེར་ན་འཛམ་གླིང་བུམ་པ་རྟགས་མའི་རྐང་གྲུག་འགྲན་སྡུར་སྟེང་དུ་གོང་གི་བཙན་རྒྱལ་དེ་དག་ལ་དམིགས་བསལ་གྱིས་གཟི་མདངས་ཤིག་མངོན་རྒྱུ་ཡོད་པ་ལྟ་བུ། མ་གཞི་འཇིག་རྟེན་འདི་རུ་ལས་རྒྱུ་འབྲས་ཟེར་བ་ཞིག་མེད་པ་ཡིན་ནམ། གཅིག་བྱས་ན་དེ་ནི་ལྐོག་གྱུར་གྱི་དོན་དག་གཞན་ཞིག་ཡིན་སྲིད། ང་ཚོས་མཐོང་ཐབས་ཁག་པའི་གནས་བབ་གཞན་ཞིག་ཏུ། ལས་རྒྱུ་འབྲས་ཀྱི་དཀར་ནག་གསལ་ཏེ་ཡོང་བཞིན་ཡོད་ན་ཐང་། ཡང་དེ་ནི་སྔ་གཞུག་གི་ཁྱད་པར་ཞིག་སྟེ། ནམ་ཞིག་དོན་དམ་པའི་གནས་ལུགས་དང་རྒྱུ་འབྲས་ཟེར་བ་ཞིག་མིའི་རིགས་ཀྱི་ལོ་རྒྱུས་སྒང་ནས་འབྱུང་སྲིད་གི་རེད།
ལྷོ་ཁོ་རེ་ཡ་དང་ཉི་ཧོང་། ཁ་ཐར། དབྱི་རན། ད་དུང་སོ་ཏི་ཨ་རབ་དང་ཨོ་སི་ཁྲི་ལི་ཡ་བཅས་ཁྱོན་བསྡོམས་ཡ་གླིང་གི་རྒྱལ་ཁབ་དྲུག་ད་ལོའི་འཛམ་གླིང་བུམ་པ་རྟགས་མའི་རྐང་གྲུག་འགྲན་སྡུར་སྟེང་དུ་ཞུགས་ཐུབ་ཡོད་ན། ཤུལ་དུ་ལྷག་པའི་ཡ་གླིང་གི་རྒྱལ་ཁབ་བཞི་བཅུ་ཞེ་གཉིས་བོ་དེ་དུས་ནམ་ཞིག་ལ་འཛམ་གླིང་བུམ་པ་རྟགས་མའི་རྐང་གྲུག་འགྲན་སྡུར་སྟེང་དུ་ཞུགས་རྒྱུའི་ཐོབ་ཐང་རེག་སྲིད་དམ། ལྷག་པར་དུ་རྒྱ་གར་དང་ཀྲུང་གོ་ལྟ་བུའི་མི་གྲངས་ཀྱི་མང་ཉུང་འཛམ་གླིང་ཡོངས་ནས་ཨང་དང་པོ་དང་གཉིས་པ་ཡིན་པའི་རྒྱལ་ཁབ་འདི་གཉིས་ཀྱི་སོ་སོའི་མི་འབོར་དུང་ཕྱུར་བཅུའི་ཡན་ལ་སླེབས་ཡོད་ཀྱང་། ལུས་རྩལ་འགྲན་སྡུར་ཨང་དང་པོར་བགྲང་བའི་རྐང་གྲུག་འགྲན་སྡུར་དུ་འཛམ་གླིང་དུ་སྐད་གྲགས་ཆོད་པའི་རྐང་གྲུག་གྲགས་སྐར་རེ་འབྱུང་རྒྱུ་ཕར་ཞོག ཐ་ན་ཡ་གླིང་གི་ཐོག་མའི་འདེམ་འགྲན་བརྒྱུད་ནས་ཡར་འཛམ་གླིང་རྐང་གྲུག་འགྲན་སྡུར་སྟེང་དུ་འགྲོ་རྒྱུའི་གོ་སྐབས་ཙམ་ཡང་མི་རེག་དོན་ནི་དོན་དམ་དུ་ཅི་ཞིག་ལན་པ་ཡིན་ནམ། བློ་ཁོག་ཡངས་ལ་མིག་རྒྱང་རིང་བའི་མི་ཞིག་གིས་དཔྱད་པར་བགྱིད་ན། དེ་ལ་རྒྱུ་རྐྱེན་ཞིག་ལོས་ཡོད་དེ་ཡོད།
སུའུ་ལོ་(Cristiano Ronaldo)དང་མེ་སི་(Lionel Messi)གཉིས།ང་འདྲའི་ལོ་རབས་དགུ་བཅུ་བ་མང་བོ་ཞིག་གི་ལང་ཚོའི་ཕྱིར་དྲན་བྱེད་ས་ཡིན་པ་མ་ཟད། ལོ་རབས་ཉིས་སྟོོང་པ་དག་གི་མ་འོངས་པའི་ཕྱིར་དྲན་ཡིན་ལ། ལོ་རབས་བརྒྱད་ཅུ་པ་དང་བདུན་ཅུ་པ་དག་གི་འདས་ཟིན་པའི་ཕྱིར་དྲན་ཡང་གང་ནས་མིན་སྙམ།འཛམ་གླིང་ཡོངས་སུ་ཞེན་མི་དུང་ཕྱུར་ལྔ་ཡོད་ལ།ད་ལོར་ལོ་ན་སོ་བདུན་ལ་བུད་པའི་སུའུ་ལོ། ཁྱེད་ཀྱི་རང་གཅུན་གྱི་འཚོ་བ་དེ་དང་ལྷོད་མེད་ཀྱི་འབད་བརྩོན་དེ་མེད་ན། དེ་རིང་གི་ཁྱེད་ནི་སྔར་བཞིན་ཆེས་སྤྱིར་བཏང་གི་མི་བུ་རང་ག་བ་ཞིག་ལས་ཅི་ཡང་ཡིན་མི་སྲིད་སྙམ་ལ། ཡང་འཛམ་གླིང་ཡོངས་སུ་ཞེན་མི་དུང་ཕྱུར་གསུམ་ཚེག་བདུན་དྲུག་ཡོད་ལ། ད་ལོར་ལོ་ན་སོ་ལྔ་ལ་སོན་པའི་མེ་སི། ཁྱེད་ཀྱི་ལྷན་སྐྱེས་ཀྱི་ཁྱད་ནུས་དེ་དང་དམིགས་བསལ་གྱི་བསོད་ནམས་དེ་མེད་ན། དེ་རིང་གི་ཁྱེད་ཀྱང་སྔ་མ་ལྟར་ཆེས་རྒྱུན་ལྡན་གྱི་ཕལ་བའི་མི་ཞིག་ལས་ཅི་ཡང་མིན་ཚོད་རེད་སྙམ། འོན་ཀྱང་། ཁྱེད་གཉིས་ནི་རང་རང་སོ་སོའི་རྩལ་དང་འཇོན་ནུས། ཡུན་རིང་གི་རྒྱུན་འཁྱོངས་དང་འགྱུར་མེད་ཀྱི་ཆོད་སེམས་བཅས་ལ་བརྟེན་ནས། ལྗང་མདོག་གི་རྐང་གྲུག་ར་བ་རུ་མི་གྲངས་དུང་ཕྱུར་མང་པོར་ལྟད་མོ་ཁྱད་མཚར་བ་རེ་སྟོན་ནུས་པའི་རྐང་གྲུག་ཁམས་ཀྱི་སྒྱུ་མ་མཁན་རེ་རེར་གྱུར་ཡོད་པ་མ་ཡིན་ནམ།
ང་ཚོའི་ཁོར་ཡུག་གི་མི་མང་བོ་ཞིག་གིས་རྐང་གྲུག་འགྲན་སྡུར་ཞིག་ལ་དེ་འདྲའི་དོ་སྣང་བྱེད་དོན་མི་འདུག་སྙམ་མོད་ཀྱང་། ངས་བསམ་ན་རྐང་གྲུག་འགྲན་སྡུར་ནི་རོལ་རྩེད་ཀྱི་རྣམ་པའི་ལམ་ནས་འཛམ་གླིང་ཡོངས་ལ་ངེས་ཤེས་དང་རྒྱུས་ལོན་བྱེད་པའི་གོ་སྐབས་མཆོག་ཏུ་གྱུར་པ་ཞིག་རེད་སྙམ། དཔེར་ན་དབྱི་རན་དང་ཨ་རི་བར་གྱི་རྐང་གྲུག་འགྲན་སྡུར་དེ་མ་བྱས་གོང་ལ། རང་ལྟ་མཁྲེགས་འཛིན་ལ་གོམས་པའི་རྒྱལ་ཁབ་གང་དང་སྤྱི་དམངས་མང་བོ་ཞིག་གིས་དེ་ནི་ཕན་ཚུན་དགྲ་རུ་ལངས་པའི་རྒྱལ་ཁབ་གཉིས་ཀྱི་འགྲན་སྡུར་ཡིན་པས། དེ་ལ་ཛ་དྲག་རང་བཞིན་དང་ལྟད་མོ་ཆེ་རྒྱུ་རེད་སྙམ་པའི་ཀུན་སློང་མི་ལེགས་པ་རེ་བཅངས་མོད། འོན་ཀྱང་། མཐའ་མཇུག་ཐིག་སྡུར་གཅིག་སྟེ་དབྱི་རན་གྱི་རྐང་གྲུག་རུ་ཁག་ཨ་རིའི་རྐང་གྲུག་རུ་ཁག་ལས་ཕམ་པར་གྱུར་ན་ཡང་། ཕན་ཚུན་ལ་ངོ་མཚང་འདྲུ་བ་དང་སྙིང་འཆུས་གཏོང་བ།ཡང་ན་མི་དགའ་བའི་རྣམ་འགྱུར་མ་བསྟན་པ་མ་ཟད། དེ་ལས་ལྡོག་སྟེ་རྒྱལ་སོང་བའི་ཨ་རིའི་རྐང་གྲུག་རུ་ཁག་གི་རུ་མི་དག་གིས་ཕམ་སོོང་བའི་དབྱི་རན་རྐང་གྲུག་རུ་ཁག་གི་རུ་མི་རྣམས་ལ་སེམས་གསོ་གཏོང་བ་དང་། ཕན་ཚུན་ལ་འཐམ་འཁྱུད་དང་ལག་འཇུས་གནང་ནས་འཛམ་གླིང་གི་མི་དམངས་དུང་ཕྱུར་མང་བོར་མིག་དཔེ་དགའ་ཞིག་འཇོག་ཐུབ་སོང་སྙམ་ཡོད་དེ། དུས་རབས་གསར་བའི་མི་དམངས་ནི་ཞི་བདེ་ལ་མོས་ཤིང་དམག་འཁྲུག་ལ་སྡང་བའི་བསམ་པ་ཆེས་ཆེར་མཚོན་ཐུབ་པ་མ་ཟད། ང་ཚོ་ལ་གྱོད་ཀྱི་རྨ་ཁ་གཉེན་གྱིས་གསོ་ཞེས་པའི་ཁ་དཔེ་ཞིག་ཡོད་པ་ལྟར། འདས་པའི་ལོ་ཟླའི་ཁྲོད་དུ་རྒྱལ་ཁབ་འདི་གཉིས་ཀྱི་བར་ལ་དམག་འཁྲུག་ཆེན་པོ་བྱུང་མྱོང་ཡང་། ད་རེབ་འཛམ་གླིང་བུམ་པ་རྟགས་མའི་རྐང་གྲུག་འགྲན་སྡུར་འདི་ལ་བརྟེན་ནས། རྒྱལ་ཁབ་འདི་གཉིས་ཀྱིས་ཕན་ཚུན་བར་ལ་དཀྱེལ་ཡངས་དང་བཟོད་སྒོམ། དགོངས་ཡང་གནང་འགོ་བརྩམས་པའི་ཞི་བདེའི་མེ་སྟག་ཅིག་ཀྱང་རང་ཤུགས་སུ་མཆེད་ཐུབ་ཡོད་པ་མ་ཡིན་ནམ།
དེ་བས་འདི་ནི་རོལ་རྩེད་ཁོ་ནའི་དབང་དུ་གྱུར་པའི་རྐང་གྲུག་འགྲན་སྡུར་ཙམ་མ་ཡིན་པར། དེའི་ཟ་དང་ཟུར་ནས་དམག་འཁྲུག་དང་ཞི་བདེ། འདྲ་མཉམ་དང་བར་ཁྱད། ས་ཁོངས་དང་ཆོས་ལུགས། ཚེ་སྲོག་དང་སྐད་ཡིག མཛའ་བརྩེ་དང་མི་གཤིས། སད་རྟོགས་དང་རྒྱལ་ཕམ། དུས་ཚོད་དང་བར་སྟོང་། ལོ་རྒྱུས་དང་འབྱུང་འགྱུར། ད་དུང་འགྲོ་བ་མིའི་ཐོབ་ཐང་དང་དཔལ་འབྱོར་གོ་ལ་ཅན་སོགས་མང་བོ་མང་བོ་ཞིག་མཉམ་གཅིག་ཏུ་འདུས་པའི་འཛམ་གླིང་རང་བཞིན་གྱི་བྱེད་སྒོ་ཞིག་ཡིན་པས། བྱེད་སྒོ་དེའི་ནང་དུ་ཞུགས་རྒྱུ་ནི་ཧ་ཅང་གལ་ཆེ་སྙམ་ལ། བྱེད་སྒོ་དེའི་ནང་དུ་ཞུགས་པར་མི་སྤྲོ་བ་ནི་མི་བུ་སོ་སོའི་རང་དབང་དང་གདམ་ང་ལ་ཐུག་ཡོད་པ་ཞིག་ཡིན་ན་ཡང་།བྱེད་སྒོ་འདིའི་ནང་དུ་མི་ཞུགས་པ་ནི་གོ་སྐབས་བཟང་ཤོས་ཤིག་འཆོར་དུ་བཅུག་པ་དང་གཉིས་སུ་མ་མཆིས་སྙམ་པས། གནས་ཚུལ་ཁྱད་པར་ཅན་རེ་མ་བྱུང་ན་ནི། ལོ་བཞི་རེའི་མཚམས་སུ་ཐེངས་རེར་སྤེལ་བའི་འཛམ་གླིང་རྐང་གྲུག་འགྲན་སྡུར་ལ་ཚང་མས་དོ་ཁུར་ཡོད་པར་ཞུག ལ་ཏེ་གནས་ཚུལ་ཁྱད་པར་ཅན་རེ་བྱུང་ན་ནི། དེ་ནི་མིའི་རིགས་ཐུན་མོང་གི་ལས་དབང་ཞིག་ཡིན་པར་གྱིས། དཔེར་ན་འཛམ་གླིང་འཁྲུག་ཆེན་ཐེངས་དང་པོ་དང་གཉིས་པའི་སྐབས་སུ། དམག་འཁྲུག་གི་དབང་གིས་འཛམ་གླིང་རྐང་གྲུག་འགྲན་སྡུར་ཡང་དུས་ལྟར་སྤེལ་མ་ཐུབ་པ་དེ་རེད།
ཚ་ཚ་འུར་འུར་གྱི་རྐང་གྲུག་འགྲན་སྡུར་འདི་ལ་བལྟས་ཀྱིན་བལྟས་ཀྱིན།ངས་དབེན་ཞིང་ཁུ་སིམ་པའི་ང་རང་ཚོའི་ཕ་ཡུལ་དང་འབྲེལ་བའི་སེམས་འགྱུ་མང་བོ་ཞིག་ཡིད་ལ་དབང་མེད་དུ་འཁོར་ཡོང་དོན་ཅི། ཕ་ཡུལ་ལགས། གལ་ཏེ་ཁྱེད་ནི་རྐང་གཉིས་འགྲོ་བ་མི་ཞིག་ཡིན་པའི་དབང་དུ་བཏང་ན། སྔོན་ཆད་ངས་ཁྱེད་ལ་ཚད་ལས་བརྒལ་བའི་མཐོང་ཆུང་བྱས་མྱོང་སྟེ། མིག་ཞ་ར་རེད་ལ་རྣ་འོན་པ་རེད། སྐད་ལྐུགས་པ་རེད་ལ་ལུས་ཞ་བོ་རེད་ཅེས་སྨད་མྱོང་ལ། དེ་ལྟར་མཐོང་ཆུང་དང་དམའ་འབེབས་བྱས་པ་ལ་ཡང་གནས་ལུགས་དང་རྒྱུ་མཚན་རེ་དྲངས་ཏེ། རང་གི་འདོད་ཕྱོགས་ནི་ཡིན་ལུགས་སུ་བརྩི་ཁུལ་བྱས། ཡང་གཅིག་བྱས་ན། དེ་ནི་ང་རང་ཕ་ཡུལ་ལ་བརྩེ་འདང་མེད་པ་མ་ཡིན་པར། ཕ་ཡུལ་ལ་ཡུལ་གྲུ་གཞན་དང་མི་འདྲ་བའི་བརྩེ་བ་ལྷག་མ་ཞིག་ཡོད་པའི་སྟབས་ཀྱིས།ཕ་ཡུལ་གྱི་ཆེད་དུ་ཕ་ཡུལ་ལ་དེ་ལྟར་སྡིག་དམོད་བྱས་མྱོང་བ་མ་ཡིན་ནམ།
བལྟས་ཡོང་ན་ངས་ཕ་ཡུལ་ལ་བཟུང་བའི་ལྟ་སྟངས་དེ་འཁྲུལ་ཡོད་སྲིད། འཛམ་གླིང་རྐང་གྲུག་འགྲན་སྡུར་དུ་གཟི་བརྗིད་ཀྱིས་འགྱིང་བའི་རྒྱལ་ཁབ་དེ་དག་ལ་མཚོན་ན། ཕྱི་དངོས་པོའི་དཔལ་འབྱོར་དར་བའི་རྩེ་མོར་སོན་ཡོད་ན་ཡང་། རྒྱལ་ཁབ་དེ་དག་ལས་རྒྱལ་ཁབ་ལ་ལ་ཞིག་གི་མང་ཚོགས་ཀྱི་སེམས་ཁམས་ནི་བདེ་སྐྱིད་ལས་སྡུག་བསྔལ་ཆེ་ཞིང་། བག་ཕེབས་ལས་གནོན་ཤུགས་ལྕི་བ་ནི་མཁས་རྒན་གན་ཚོས་གསུངས་མྱོང་ལ། ཚོགས་སྤྱི་དེས་ཀྱང་འུར་མྱོང་བ་རེད། དེ་བཞིན་དུ་ཕ་ཡུལ་དུ་འཚོ་བའི་ཡུལ་མི་ཚོའི་ཕྱི་དངོས་པོའི་དཔལ་འབྱོར་དེ་འདྲའི་རྩེར་སོན་པ་ཞིག་མིན་ན་ཡང་། ཧ་ལམ་ཁོ་ཚོ་མི་རེའི་ངོ་གདོང་དུ་འཛུམ་མདངས་ཀྱིས་བརྟས་ཤིང་སེམས་ཁམས་ནམ་ཡང་སྐྱིད་སྣང་རེ་རེ་དང་བསྡོངས་ཏེ་བསྡད་ཡོད་པས། ཕྱིའི་དངོས་པོའི་ལོངས་སྤྱོད་དང་ནང་བསམ་པའི་ལོངས་སྤྱོད་ཀྱི་བསྡུར་བ་ལས། མཐར་ཐུག་གི་བདེ་སྐྱིད་ངོ་མ་ནི་ནང་སེམས་ཀྱི་བདེ་སྐྱིད་དེ་ཡིན་ཙ་ན། ངས་དང་ཐོག་ཕ་ཡུལ་ལ་བཟུང་བའི་ལྟ་སྟངས་མང་བོ་ཞིག་རང་ཤུགས་སུ་ཤ་དང་རུས་པའི་གསེང་ཞིག་ནས་འགྲེ་ལོག་བརྒྱབ་སྟེ་འགྱུར་འགོ་བརྩམས།
འཇིག་རྟེན་འདི་རུ་འདྲ་མཉམ་མིན་པའི་བྱ་དངོས་ཧ་ཅང་མང་སྟེ། ཐ་ན་ངོའི་སྐྱི་མོའི་ཡག་བཙོག་ཀྱང་འདྲ་མཉམ་མིན་པ་དེ་རེད། འོན་ཀྱང་། འདྲ་མཉམ་གྱི་བགོས་སྐལ་ཡང་ཤིན་ཏུ་མང་སྟེ། མི་ཚང་མ་སྐྱེས་པའི་ཐ་མ་འཆི་དགོས་པ་འདྲ་མཉམ་རེད་ལ། འཆི་བའི་ཚེ་ན་ཡོད་ཚད་ཤུལ་དུ་བསྐྱུར་ནས་འགྲོ་དགོས་པ་ཡང་འདྲ་མཉམ་ཡིན། མ་གཞི་འཆི་བ་ནི་ཅི་འདྲའི་དྲང་བདེན་དང་ལྡན་པ་ཞིག་རེད། སུ་ཞིག་གི་གོ་ས་རི་རབ་ལྟར་མཐོ་ཡང་།འཆི་བས་དེ་ཉིད་སྙོམས་པར་བྱེད་ཐུབ་ལ། གང་ཞིག་གི་རྒྱུ་ནོམ་སྐར་ཚོགས་ལྟར་གྲངས་མང་ཡང་། འཆི་བས་དེ་ཉིད་སྟོངས་བར་བྱེད་ནུས་པས། འཆི་བདག་གི་མདུན་དུ་ངོ་ཐང་འདྲ་མཉམ་ཡིན་ལ་སྲིད་ཤུགས་ཀྱང་འདྲ་མཉམ་ཡིན།
དེ་ལྟར་མི་ཚེའི་དབུགས་རྒྱུན་གྱི་གཏོང་ལེན་ལ་རྫོགས་ཤད་བཀོད་པ་ལྟ་བུའི་འཆི་བ་དེ་དྲན་ཚེ། ཐོབ་དང་གོ་ས། མཚན་དང་སྙན་གྲགས། རྒྱུ་དང་ནོམ་པ་ནི་ཡོད་ཚད་ཀྱི་ཡོད་ཚད་ག་ལ་ཡིན་ཏེ་མིན། རིང་ཟེར་ན་རིང་ལ།ཐུང་ཟེར་ན་ཐུང་བའི་མི་ཚེ་འདིའི་ཆེས་མཛེས་སྡུག་ལྡན་པ་དང་ཆེས་རིན་ཐང་དང་ལྡན་པ་ནི་འདི་འདྲ་ཞིག་རེད་ཟེར་དཀའ་ཡང་། ངེས་པར་དུ་ལན་ཞིག་འདེབས་དགོས་པ་ཡིན་ན་འདི་ལྟ་སྟེ། དེ་ནི་གཞན་ལ་མི་འཚེ་བའི་ཆ་རྐྱེན་ཞིག་གི་འོག་ཏུ་རང་གི་འདོད་མོས་ལྟར་གྱི་མི་ཞིག་བྱེད་རྒྱུ་དེ་རེད་བསམ། དེའི་རྐྱེན་གྱིས་རང་གཞན་གཉིས་ཀྱིས་ནམ་ཡང་རྗེས་ལུས་རེད་ཅེས་བསྙད་པའི་ཕ་ཡུལ་ནི་དཔལ་འབྱོར་གྱི་འགྲོ་རྒྱུག་ཧ་ཅང་དལ་བའི་ཡུལ་གྲུ་དབེན་ཞིང་འཇགས་པ་ཞིག་ཡིན་ན་ཡང་། དེ་རུ་འཚོ་བའི་ཡུལ་མི་སྤུན་ཟླ་བྱིངས་ལ་འདོད་ཆུང་ཆོག་ཤེས་ཀྱི་བསམ་བློ་ལྡན་པ་མ་ཟད། མི་ཚེའི་ཐོབ་ཤོར་དང་རྒྱལ་ཕམ་ནི་ཕར་ལས་དབང་ཟེར་བ་ཞིག་ལ་སྦྱར་ཏེ་རང་སེམས་རང་གིས་ལྷོད་པོར་གཏོང་ཐུབ་པ་འདི་ཡང་མཐའ་གཅིག་ཏུ་དགག་རྒྱག་བྱེད་རུང་བ་ཞིག་མ་རེད་སྙམ། ཆེས་མ་མཐའ་ཡང་ཁོ་ཚོས་རང་སེམས་ཀྱི་གནོན་ཤུགས་ཇེ་ཆུང་དུ་བཏང་སྟེ། ཆེས་སྤྱིར་བཏང་སྤྱིར་བཏང་གི་བབ་ཆགས་པའི་འཚོ་བ་རེ་རོལ་གྱིན་ཡོད་པ་མ་ཡིན་ནམ།
སྲོལ་རྒྱུན་གྱི་རྫོངས་མཐུག་པའི་ཕ་ཡུལ་དུ།ཨ་རོ་གླུ་ལེན་གར་རྩེད་མ་བྱེད་མ་གཏོགས། མི་དེའི་སེམས་སུ་སྡུག་ཡོད་སྲིད། རྒྱུ་མཚན་ཁོས་སྐེ་རགས་མདུན་དུ་བཅིངས་འདུག་ཅེས་པ་ལྟ་བུའི་འཛེམ་སྲོལ་བགྲང་ལས་འདས་པ་ཞིག་ཡོད་ལ། སྔོན་ཆད་སེམས་སུ་དེ་དག་ནི་དགོས་མེད་ཀྱི་ཆོ་ག་རེ་རེ་ལས་ཅི་ཡང་མ་རེད་སྙམ། ཡིན་ན་ཡང་ཞིབ་ཏུ་འདང་རེ་བརྒྱབ་ན། དེ་དང་དེ་ལྟ་བུའི་ཡུལ་སྲོལ་གོམས་གཤིས་མང་བོ་ཞིག་ནི་ཅི་འདྲའི་ཡི་གར་འོང་ཞིང་ཅི་འདྲའི་གོ་ཆོད་དང་ལྡན་པ་ཞིག་རེད། གསར་བ་ཐམས་ཅད་བླང་བྱ་མིན་ལ་རྙིང་བ་ཐམས་ཅད་དོར་བྱ་མིན་པ་ནི་བདེན་པ་རེད། ང་ཚོས་སྤྱོད་གོ་ཆོད་པའི་ཕ་ཡུལ་གྱི་ཡུལ་སྲོལ་མང་བོ་ཞིག་རྒྱུད་འཛིན་དང་དར་སྤེལ་བྱེད་འོས་པ་ཞིག་རེད། རྩྭ་མ་འབལ་མ་གཏོགས་གཟུགས་སྐྱེ་ནི་མ་རེད་ཅེས་པའི་སྲོལ་རྒྱུན་གྱི་བསམ་བློ་འདི་གཅིག་པུར་གཞིགས་ན་ཡང་། རྩྭ་བལ་ན་གཟུགས་མི་སྐྱེ་བའི་མ་ཁྱབ་ཀྱང་། བསམ་བློ་འདིས་ཁོར་ཡུག་སྲུང་སྐྱོབ་ལ་ཕན་ག་འདྲ་ཞིག་ཐོགས་ཡོད་དམ། དེ་བས་ད་ནས་བཟུང་ང་ཚོས་ཉམས་དང་ཉམས་བཞིན་པའི་ཕ་ཡུལ་གྱི་ཡི་གར་འོང་ལ་སྤྱོད་གོ་ཆོད་པའི་ཡུལ་སྲོལ་གོམས་གཤིས་མང་བོ་ཞིག་ལ་དཔྲལ་ཞབས་ཀྱི་མིག་ལྟར་གཅེས་སྤྲས་བྱེད་རན་རེད་སྙམ།
ཞེ་དུངས་སའི་ཕ་ཡུལ་ལགས། སྔོན་ཆད་ངས་ཁྱེད་ལ་མཐོང་ཆུང་དང་དམའ་འབེབས་བྱས་པར་དགོངས་ཡངས་ཞུ། ད་ལོ་སྟེ་ཉེར་གཉིས་ལོའི་འཛམ་གླིང་རྐང་གྲུག་འགྲན་སྡུར་དུ་ཞུགས་ཐུབ་ཡོད་མེད་ཀྱི་རྒྱལ་ཁབ་དང་མི་རིགས་མང་བོ་ཞིག་ཕྱི་དངོས་པོའི་དཔལ་འབྱོར་གྱི་སྟེང་ནས། ང་ཚོ་དང་བསྡུར་ཐབས་མེད་པའི་དཔལ་འབྱོར་འབོར་ཆེན་མངའ་བ་མ་ཟད། དེ་ཚོའི་བཟོ་ལས་དང་ཚན་རིག་ལག་རྩལ་ཡང་ཤིན་ཏུ་ནས་ཀྱང་དར་བའི་མཐོ་སར་སྙེག་ཡོད་པ་ཞིག་ཡིན་ན་ཡང་། ང་ཚོས་རང་ཉིད་དང་རང་ཉིད་ཀྱི་ཕ་ཡུལ་ལ་སྙིང་འཆུས་གཏོང་བ་དང་ཁོ་ཆད་སྐྱེ་དོན་གཏན་ནས་མི་འདུག་སྟེ། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་མི་རིགས་མང་བོ་ཞིག་གིས་རྙེད་ཀྱིན་མེད་ལ་རྙེད་ཐབས་ཁག་པའི་སེམས་ཀྱི་བདེ་སྐྱིད་ཇི་སྙེད་ཅིག་དབེན་ཞིང་ཁུ་སིམ་པའི་ཡུལ་ལུང་འདི་ནས་རྙེད་ཐུབ་ཀྱིན་ཡོད་པ་མ་ཡིན་ནམ། ཡིན་ཕྱིན། ང་ཚོས་ནམ་ཡང་རང་ཉིད་ཀྱི་རྩ་བར་ཟུག་པའི་སྲོལ་རྒྱུན་གྱི་བསམ་བློ་ཡག་ཤོས་དེའི་རིགས་འབོར་མི་ཆོག་པར་ཞུ།
ཞེ་དུངས་སའི་ཕ་ཡུལ་ལགས། ཕ་ཨ་ཁུའི་རིང་གི་སྲོལ་རྒྱུན་གྱི་ལུགས་དང་སྲོལ་རྒྱུན་གྱི་བསམ་བློ་མང་བོ་ཞིག་ལ་དངོས་ནས་རིན་ཐང་དང་དོན་སྙིང་ཟེར་བ་འདུག་པ་ལ་ཨང་། འཛམ་གླིང་ཤར་ནུབ་གཅིག་ཏུ་འདྲེས་ནས་གོ་ལ་གཅིག་གྱུར་ཅན་དུ་གྱུར་དང་འགྱུར་བཞིན་པའི་དུས་སྐབས་འདི་ལ། ཕ་ཡུལ་གྱི་ཡུལ་སྲོལ་མང་བོ་ཞིག་ཉེན་ཁའི་གནས་སུ་ཐུག་ཡོད་ན་ཡང་། ལེགས་ཉེས་བླང་དོར་གྱི་མིག་ཟུང་མ་ལྡོངས་པར་ལེགས་ཆ་རྣམས་རྒྱུན་འཛིན་དང་དར་སྤེལ་བཏང་བ་ཡིན་ན། རི་མཐོ་ཆུ་གཙང་གི་ཉམས་དགའ་བའི་ཡུལ་གྲུ་འདི་རུ་མུ་མཐུད་ནས་ཕ་ཡུལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་སློབ་གསོའི་རྐང་ཡག་པོ་ཞིག་ཚུགས་ལོས་ཐུབ་སྙམ་པས།ང་ཚོས་དུས་རབས་ཀྱི་རླབས་རྒྱུན་དང་བསྡོངས་ཏེ་ཕ་ཡུལ་གྱི་ཡུལ་སྲོལ་དང་རིག་གནས་མང་བོ་ཞིག་ལ་བདག་པོ་རྒྱག་དགོས་པའི་རེ་སྐུལ་ཟབ་མོ་ཞིག་ཀྱང་ཡང་དང་ཡང་དུ་ཞུས་པ་ཡིན།གང་ལྟར་ང་རང་ངོས་ནས་ཕ་ཡུལ་གྱི་རིག་གནས་སྲོལ་རྒྱུན་ལེགས་ཤོས་མང་བོ་ཞིག་ལ་གཟུགས་དང་གྲིབ་མ་ལྟ་བུའི་འགྲོགས་གཤིབ་གནང་ན་བསམ་སོང་།
ཞེ་དུངས་སའི་ཕ་ཡུལ་ལགས།ཡང་ཁྱེད་ཀྱི་པང་ཁུགས་སུ་འཚོ་བའི་ཡུལ་གྲུ་དེ་ལ་བཟང་མ་གཏོགས་ངན་མེད་པ་ཞིག་ཀྱང་གཏན་ནས་མ་ཡིན་པར།རྒྱུ་འབྱོར་གྱི་ཆེད་དུ་རང་གི་ཤ་གསེང་རུས་གསེང་དུ་གྲུབ་པའི་རུས་རྐང་བརྗེ་སོར་གཏོང་དགོས་ཀྱང་འཛེམ་བག་མེད་པའི་ཡ་སོ་མ་སོ་གསེར་གྱིས་ཤན་པའི་གསེར་སོ་ཅན་དེ་དག་གི་ངོ་རུ་ཐལ་གྱིས་མཆོད་དོ་སྐྱབས་སུ་མཆིའོ། གསེར་སོ་ཅན་དེ་དག་གིས་ལག་ཏུ་ཕྲེང་བ་རེ་བཟུང་ཡོད་པ་བདེན་ན་ཡང་། རྒྱུ་འབྱོར་གྱི་མདུན་ནས་དེ་ཚོས་ཅི་ལས་ལ་གཏད་སོ་ཞིག་མེད། དེ་ཚོས་ཐ་ན་ཤ་ཉེ་རིང་གི་ཉེ་འབྲེལ་དེ་ཡང་རྒྱུ་འབྱོར་གྱི་མཐུག་སྲབ་ལ་བརྟེན་ནས་ཐད་གཅོད་བྱས་འཇོག་པ་སྟེ། རྒྱུ་ནོམ་གྱིས་ཕྱུག་པའི་ཕྱུག་པོ་ཞིག་ཡིན་ན།དོན་གྱིས་ཉེ་འབྲེལ་མེད་ན་ཡང་། ཁྲག་རྒྱུད་ཀྱི་འབྲེལ་བ་ཡར་འདེད་མར་འདེད་བྱས་ནས་ཤ་ཉེ་རུ་བཀུར་འཇོག་ལ།རྒྱུ་ནོམ་གྱིས་དབུལ་བ་ཞིག་མཐོང་ཚེ། དོན་གྱིས་ཤ་རུས་འབྲེལ་བའི་ཤ་ཉེ་ཡིན་ན་ཡང་། ཡར་བཤད་མར་བཤད་བརྒྱབ་ནས་ཤ་ཉེ་ཡང་མིན་པ་ལྟ་བུ་ཞིག་ཏུ་བརྩིས་འགྲོ་བ་རེད། ཞེ་མེར་བ་ལ། སྐྱུག་བྲོ་བ་ལ། ང་ཡི་མཐོང་ལམ་ནས་གསེར་སོ་ཅན་འདི་དག་ཐ་ན་མི་ཞིག་ཡིན་པའི་ངེས་ཤེས་ཀྱང་མེད་པར། ཁོ་ཚོའི་ཡ་མ་བརླའི་བྱ་སྤྱོད་དེ་དག་ལས། ང་ཡི་སྣང་ངོར་ཁོ་ཚོ་ནི་རྔ་མ་སྐྱེས་མེད་པའི་རྒྱུ་ནོར་སྐྱབས་བཅོལ་རིང་ལུགས་ཀྱི་དུད་འགྲོ་རེ་རེའི་སྣང་བརྙན་དུ་གྲུབ་འགྲོ་ཡི་འདུག འོ། རེད་ཡ། འདིར་གསེར་སོ་ཅན་ཡོད་དོ་ཅོག་ལ་ཟེར་བ་མིན། གསེར་སོ་ཅན་ཡོད་ཚད་དེ་འདྲའི་མི་གཞི་མེད་པ་ཏག་ཏག་ག་ལ་ཡིན་ཏེ་མིན།ངས་ནི་སློབ་སྦྱོང་མེད་པ་ཕར་ཞོག ཐ་ན་མི་གཞི་ཡང་མི་ལེགས་པའི་གསེར་སོ་ཅན་དེ་དག་ལ་དམིགས་ཀྱིས་ཁ་རྡུང་ཞིག་གཏོང་འདོད་སྐྱེས་སོང་བ་དེའོ།
གལ་ཏེ་སློབ་སྦྱོང་མེད་ལ་མི་གཞི་ཡང་མི་ལེགས་པའི་གསེར་སོ་ཅན་དེ་དག་མིན་ན། ཕ་ཡུལ་གྱི་རྣམ་པ་ད་ལྟ་ལས་ཀྱང་ཉམས་དགའ་བའི་ཡུལ་གྲུ་ཞིག་ལོས་ཡིན་སྙམ་ཞིང་། གསེར་སོ་ཅན་འདི་དག་གི་སྟབས་ཀྱིས་ཕ་ཡུལ་ལ་ཡང་གནས་སྐབས་གོད་ཆག་བྱུང་བ་བདེན་མོད་ཀྱང་། སློབ་སྦྱོང་ཡོད་པའི་སྟེང་ལ་མི་གཞི་ཡང་ལེགས་པའི་ཕ་ཡུལ་གྱི་གཞོན་སྐྱེས་ཤེས་ཡོན་ཅན་མང་བོ་ཞིག་ཁྱུ་དང་ཁྱུ་བྱས་ནས་ཇེ་མང་དུ་སོང་བ་ཡིན་ན། གསེར་སོ་ཅན་དག་གིས་གོ་བབ་ངེས་ཅན་བཟུང་མྱོང་བའི་ཕ་ཡུལ་གྱི་རྣམ་པ་ལ་སྔར་ལས་ལྷག་པའི་འགྱུར་ལྡོག་ཅིག་འབྱུང་སྲིད་ལ། དེ་དུས་ཀྱི་ཕ་ཡུལ་ནི་ད་ལྟ་ལས་ཀྱང་ཉམས་དགའ་ལ་ཡིད་སྤྲོ་བའི་ཕ་ཡུལ་ཞིག་ཏུ་གྱུར་འགྲོ་བར་ཡིད་ཆེས་བྱེད་ཀྱིན་ཡོད་ལ་རེ་བ་ཡང་འཆང་ནས་ཡོད། ཀྱེ། ང་ཡི་སྙིང་དུ་སྡུག་པའི་ཤེས་འཇོན་གཉིས་ལྡན་གྱི་མི་རབས་ཕྱི་མ། ཁྱེད་ཅག་གི་ལས་འགན་ནི་གླེན་པའི་དཔུང་ཁག་མཐུག་པའི་གསེར་སོ་ཅན་དག་གི་རྗེས་ལུས་ཀྱི་བསམ་པའི་རླབས་རྒྱུན་ལ་མགོ་སྒུར་རྒྱུ་དེ་མ་ཡིན་པར། ཕ་ཡུལ་གྱི་རིན་ཐང་བྲལ་ལ་སྙིང་བོས་ཕྱུག་པའི་ཤེས་བྱ་རིག་གནས་དག་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་ཡིན་པ་མ་ཟད། གསེར་སོ་ཅན་དག་གི་ཁ་གཏད་དུ་ལངས་ནས་དུས་རབས་གསར་བའི་ཁ་ཕྱོགས་དང་མཐུན་པའི་ཕ་ཡུལ་གྱི་མཁའ་དབུགས་དང་རིག་གནས་སློབ་གསོའི་མཁའ་དབུགས་ཡང་དག་ཅིག་ཆགས་སུ་འཇུག་རྒྱུ་དེ་ཡིན་པས། ཁྱེད་ཅག་གི་འགན་འཁྲི་ནི་ཧ་ཅང་ལྕི་སྟེ། གཅིག་ཏུ་གསེར་སོ་ཅན་དག་གི་བསམ་བློ་འཇིགས་སུ་རུང་བ་དག་གི་ལྡོག་ཕྱོགས་སུ་ལངས་དགོས་པ་དང་།གཉིས་སུ་ཕ་ཡུལ་གྱི་ཁྱད་ཆོས་དང་ལྡན་པའི་བསམ་བློ་ཡང་དག་དང་རིག་གནས་སློབ་གསོ་ཡང་དག་པ་ཞིག་གསར་འཛུགས་བྱེད་རྒྱུ་དེ་རེད་སྙམ། ཀྱེ། ང་ཡི་ཡིད་འོང་གི་རིག་པའི་བུ་དང་བུ་མོ། ང་ཁྱེད་ཅག་ལ་ཡིད་ཆེས་དང་རེ་བ་གཏམས་ནས་ཡོད།
འཛམ་གླིང་རྐང་གྲུག་འགྲན་སྡུར་ལ་བལྟ་སྐབས།ངའི་ཡིད་དུ་འཁོར་ཡོང་བ་ནི་འཛམ་གླིང་རྐང་གྲུག་འགྲན་སྡུར་གཅིག་པུ་མ་ཡིན་པར། རྐང་གྲུག་འགྲན་སྡུར་དང་བར་ཐག་ཧ་ཅང་རིང་བའི་ཕ་ཡུལ་གྱི་དར་རྒུད་དང་ལས་དབང་རེད། ཕ་ཡུལ་ལགས། ཕ་མེས་ཡང་མེས་སྐུ་དྲིན་ཅན་དག་གི་བཀའ་དྲིན་གྱིས་ཡུལ་འདིར་བཅུ་ཕྲག་རིག་པའི་རྩ་བ་རྒྱས་ཤིང་རྩེ་མོ་སྨིན་ཡོད་པ་མ་ཟད། སྔ་རབས་པ་དེ་དག་གིས་རིག་གནས་སྣ་མང་ནང་འདྲེན་བྱེད་པར་ལུས་སེམས་གཉིས་ཀྱིས་དཀའ་སྤྱད་ཁུར་དུ་བླངས་པས་མི་ཚད། གསེར་དངུལ་མང་པོ་བྲེ་ལ་འཇལ་ནས་ཕ་རོལ་པོའི་ཆོས་དང་རིག་གཞུང་མང་པོ་ཚུར་འདྲེན་བྱས་མྱོང་རབས་བཤད། དེ་ནི་ཅི་འདྲའི་ཡིད་དུ་འོང་ཞིང་སྙིང་ལ་འབབ་པ་ཞིག་རེད། ཡིན་ན་ཡང་། རྟ་ཤུལ་ཐོ་རུས་བརྗེས་ནས་ཕ་ཤུལ་བུ་ཡིས་བརྗེས་ནས་ཐོན་པའི་སྐབས་ཤིག་ལ། གསེར་སོ་ཅན་མང་བོ་ཞིག་གིས་གསེར་དངུལ་བྲེ་ལ་འཇལ་ནས་ཤེས་བྱ་རིག་གནས་དང་ཆོས་ལུགས་སློབ་གསོ་དར་སྤེལ་དང་རྒྱུད་འཛིན་བྱེད་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ། གསེར་སོ་ལ་ཤན། སོ་གསེར་གྱིས་བཏུམས་ནས་དེ་ཉིད་གཟི་བརྗིད་ལྟ་བུ་ཞིག་དང་ངོམ་སོ་བྱེད་རུང་བ་ལྟ་བུ་ཞིག་ཏུ་བརྩིས་མྱོང་ལ། དེ་དང་དེ་མཚུངས་ཀྱི་ངན་ཤུགས་གཞན་པ་མང་བོ་ཞིག་ཀྱང་ཕ་ཡུལ་གྱི་ཡུལ་ལུང་སོ་སོར་ཁྱབ་པས།ཕ་ཡུལ་གྱི་གནས་སྐབས་རིང་གི་གོད་ཆག་ཅིག་ཀྱང་འདི་ལྟར་འབྱུང་འགོ་བརྩམས་པ་མ་ཡིན་ནམ།དེ་འདྲ་ཡིན་ཕྱིན། སློབ་སྦྱོང་མེད་ལ་མི་གཞི་གྱོང་བ། ལྟ་རྒྱ་ཆུང་ལ་བློ་ཁོག་དོག་ཅིང་། བླུན་གཤིས་མངའ་ལ་འགྲོ་སྟངས་བཙོག་པ། ཕྲག་དོག་ཆེ་ལ་ཨུ་ཚུགས་ཆེ་བའི་གསེར་སོ་ཅན་དག་གིས་ཕ་ཡུལ་ལ་བཞག་པའི་ཉེས་པ་ནམ་མཁར་མི་ཤོང་།
ཡང་གཅིག་བྱས་ན་དེ་ནི་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཡིན་སྲིད། ཞེ་དུངས་སའི་ཕ་ཡུལ་ལགས།ཁྱེད་ལ་བསྐྱར་དར་འབྱུང་བའི་ཉི་མ་ཞིག་ལོས་ཡོད།གསེར་སོ་ཅན་དག་གི་ལོ་རབས་ནག་པོ་དེ་ལ་ཡང་མཇུག་རྫོགས་པའི་ཉི་མ་ཞིག་ལོས་ཡོད། སེམས་ཤུགས་དང་ལུས་ཤུགས་ཕ་ཡུལ་དང་ཕ་ཡུལ་གྱི་དར་རྒུད་ལ་བསྟིམ་དང་སྟིམ་བཞིན་པའི་རིག་གནས་དང་ཀུན་སྤྱོད་ལྡན་པའི་མི་རབས་ཕྱི་མ་མང་པོ་ཞིག ལོ་ཟླའི་གྲོགས་སུ་བསྡོངས་ནས་འཚར་སྐྱེ་འབྱུང་བཞིན་པའི་གོ་རིམ་དེ་ནི། ཕ་ཡུལ་ལགས།ཁྱེད་ཀྱི་བསྐྱར་གསོན་གྱི་མྱུ་གུ་དེ་ཉིད་ཀྱང་བསྐྱར་འབུས་བྱེད་འགོ་བརྩམས་པའི་གོ་རིམ་དེ་ཡང་ཡིན།ད་ལོའི་རྐང་གྲུག་འགྲན་སྡུར་སྟེང་གི་རྒྱལ་ཁབ་དེ་དག་གི་ཕྱི་དངོས་པོའི་འཕེལ་རྒྱས་གཅིག་ལས་གཅིག་གི་སྟོབས་འབྱོར་ཆེ་ན་ཡང་། དུས་རབས་དང་ལོ་རྒྱུས་ཀྱི་ཞུན་བརྡར་རིང་མོས་མིའི་རིགས་ལ་བསྩལ་བའི་མཐར་ཐུག་གི་བདེ་སྐྱིད་དང་འཕེལ་རྒྱས་ངོ་མ་ནི། སེམས་ཁམས་ཀྱི་བདེ་སྐྱིད་དང་སེམས་ཁམས་ཀྱི་འཕེལ་རྒྱས་དེ་ཡིན་ཙ་ན། ཕ་ཡུལ་ལགས། ཁྱེད་ལ་དེའི་ཕྱི་ནང་གི་མཐུན་རྐྱེན་འཛོམས་ཡོད་པ་མ་ཡིན་ནམ།ཁྱེད་ཀྱི་ཁོར་ཡུག་ནི་ད་གཟོད་མིའི་རིགས་ཐུན་མོང་གིས་བསྙེག་དང་སྙེག་བཞིན་པའི་བསམ་པའི་དཔལ་ཡོན་གྱི་ཞིང་ས་དེ་མ་ཡིན་ནམ།
ཞེ་དུངས་སའི་ཕ་ཡུལ་ལགས། སྔོན་ཆད་ངས་ཁྱེད་ལ་ལེ་བདའ་དང་འཁང་ར་བྱས་མྱོང་། བལྟས་ཡོང་ན་ང་རང་འཆུགས་འདུག ང་རང་དངོས་ནས་འཆུགས་ཡོད་པ་འདྲ།གལ་སྲིད་གསེར་སོ་ཅན་གྱི་ལོ་རབས་དེ་མཇུག་རྫོགས་ནས།འཛམ་གླིང་ཤར་ནུབ་ཡོངས་ཀྱི་འཕེལ་ཕྱོགས་དང་གོམ་སྟབས་ལ་རྒྱུས་ཡོད་པ་མ་ཟད།རང་ས་གནས་ཀྱི་རིག་གནས་སློབ་གསོ་དང་ཡུལ་སྲོལ་གོམས་གཤིས་ལ་བརྩེ་འདང་ཆེ་བའི་ཤེས་འཇོན་གཉིས་ལྡན་གྱི་མི་རབས་ཕྱི་མའི་དཔུང་ཁག་དེ་སྟོབས་ཇེ་ཆེ་ནས་ཇེ་ཆེར་སོང་བ་ཡིན་ན། ཕ་ཡུལ་ལགས། ཁྱེད་ནི་མིའི་རིགས་ཐུན་མོང་གིས་ཡིད་སྨོན་འཆོར་སའི་ཆེས་མཐའ་མཇུག་གི་དག་ཞིང་རྣལ་མ་དེ་ལོས་ཡིན།གསེར་སོ་ཅན་གྱི་བསམ་བློའི་མུན་ནག་གི་ཁྲོད་ནས། ང་ཚོར་ཐ་ན་རྐང་གྲུག་ལ་ནང་བྱན་ཆུད་པ་ལྟ་བུའི་ལུས་རྩལ་པའི་རུ་ཁག་གཅིག་ཀྱང་འཁྱོངས་ཐུབ་ཀྱིན་མེད་པ་དེ་རེད། འོན་ཀྱང་། བསམ་བློ་གསར་བ་དང་མི་རབས་གསར་བའི་ཐོན་སྐྱེད་གསར་བ་དེའི་ཁྲོད་དུ། ནམ་ཞིག་ང་ཚོའི་ཕ་ཡུལ་ནས་ཀྱང་རྐང་གྲུག་གི་ཕྱོགས་ནས་ཁྱད་ནུས་ལྡན་པའི་ལུས་རྩལ་པ་ཚད་ལྡན་རེ་འབྱུང་ལོས་ཐུབ་སྙམ། གལ་ཏེ་གསེར་སོ་ཅན་དག་གི་བསམ་བློའི་ལངས་ཕྱོགས་དེ་མིན་ན། ང་ཡང་རྐང་གྲུག་གི་ཕྱོགས་ནས་རང་གི་ནུས་པ་ཕྱིར་འདོན་ཐུབ་པའི་ལུས་རྩལ་པ་རྣལ་མ་ཞིག་ཡིན་སྲིད། ཧ་ཧ་ཧ། ཀུ་རེ་ཡིན། གང་ལྟར་ནམ་ཞིག་ཡང་དག་པའི་བསམ་བློའི་རླབས་རྒྱུན་ཞིག་གི་ཁྲོད་དུ། ངའི་བུ་དང་ངའི་ཚ་བོ།ཁྱོའི་བུ་དང་ཁྱོའི་ཚ་བོ་རྣམས་འཇིགས་རུང་གི་བསམ་བློས་ཀུམ་པར་མི་བྱེད་པར། དུས་རབས་གསར་བ་དང་བསམ་བློ་གསར་བའི་མཁའ་དབུགས་ཁྲོད་དུ།རང་ལ་ནུས་པ་ཡོད་ན་ནུས་པ་འདོན་ཆོག་ཆོག་ཡིན་པའི་བདེ་སྐྱིད་དང་བསོད་ནམས་ལྡན་ལ། རང་དབང་དང་འདྲ་མཉམ་མངའ་བའི་བུ་རབས་ཚ་རྒྱུད་ཅིག་ཏུ་འགྱུར་ལོས་ཐུབ་སྙམ།
རང་ལྟ་མཁྲེགས་འཛིན་བྱེད་མི་འོས་པའི་ཕ་ཡུལ་ལགས། ཉིན་འདི་ཚོར་གསེར་སོ་ཅན་དག་གིས་ཡུལ་ལུང་བྱེ་བྲག་པ་དང་རང་གི་ཁེ་ཕན་ཉི་ཚེ་བ་རེའི་དོན་དུ། འཛམ་གླིང་རྐང་གྲུག་འགྲན་སྡུར་ལ་བལྟ་རྒྱུ་མེད་རབས་དང་། ངོ་གདོང་ནས་བལྟས་ན་གཞན་དོན་དང་ཞིབ་ཏུ་བསམ་དུས་ཁོ་ཚོ་རང་ཉིད་ཀྱི་ཁེ་ཕན་འབའ་ཞིག་ལ་རྙབ་བཞིན་པའི་གཡོ་འོག་ཏུ་མི་ཚུད་པར་བགྱིས་ཤིག འཛམ་གླིང་མི་དམངས་ཁྱིམ་ཚང་གཅིག་ལྟ་བུ་ཞིག་ཏུ་འགྱུར་དང་གྱུར་བཞིན་པའི་དུས་རབས་གསར་བའི་སྐས་ཐེམ་འདི་ནས། ང་ཚོས་ཀྱང་ཁྱིམ་ཚང་ཆེན་པོ་འདིའི་ཐུན་མོང་གི་འཕེལ་རིམ་དང་ལས་དབང་ལ་སོ་ལྟ་རེ་བྱེད་ཨེ་ཐུབ་བལྟ།རེད་ཡ།ང་ཚོ་འཛམ་གླིང་མི་དམངས་ཀྱི་རྗེས་སུ་ལུས་མི་འདོད་ན་འཛམ་གླིང་རང་བཞིན་གྱི་བྱ་འགུལ་དང་གོམ་འགྲོས་ལ་ཡང་རྒྱུས་ལོན་དང་གསལ་ཆ་ཡོང་ཐུབ་པར་བྱེད་དགོས། རེད་ཡ། སད་གྱིན་པ་དང་སད་དགོས་པའི་ཕ་ཡུལ་ལགས།ཉིད་ཀྱིས་བསམ་ན་ད་ལོའི་ཁ་ཐར་འཛམ་གླིང་རྐང་གྲུག་འགྲན་སྡུར་ཁྲོད་དུ། མཐའ་མཇུག་ཨང་དང་པོ་རེག་མཁན་གྱི་རྒྱལ་ཁབ་དེ་གང་ཡིན་ནམ་སྔོན་རྩིས་ཤིག་བྱོས་དང་། ང་ཡི་རེ་བར་ཨར་ཅེན་ཁྲེ་ན་(Argentina)དང་ཕོར་ཁྲུ་གལ་(Portugal)རྒྱལ་ཁབ་གཉིས་ལས་གཅིག་ཡིན་པའི་རེ་བ་ཆེ། རྒྱུ་མཚན་རྒྱལ་ཁབ་དེ་གཉིས་སུ་ང་འདྲའི་ལོ་རབས་དགུ་བཅུ་བ་མང་བོ་ཞིག་གི་ལང་ཚོའི་ཕྱིར་དྲན་བྱེད་ས་ལྟ་བུའི་སུའུ་ལོ་(Cristiano Ronaldo)དང་མེ་སི་(Lionel Messi)གཉིས་ཡོད་པས་ཡིན། འདི་ནི་ཕྱོགས་རེས་ཕྱོགས་འཐེན་གྱི་བསམ་པའི་འཁྱེར་སོ་ཞིག་རེད་མ་ཟེར། མཚམས་རེར་རོལ་རྩེད་ཀྱི་དབང་དུ་བྱས་ན་མི་ལ་འདི་འདྲའི་ལངས་ཕྱོགས་ཡོད་ཆོག་ཆོག་ཡིན།
ཚོགས་ཆུང་འགྲན་སྡུར་(小组赛)དང་འདོར་ལེན་འགྲན་སྡུར་(淘汰赛)ལ་བལྟས་ཡོང་ན། ཧྥ་རན་སི་(France)དང་སི་ཕེན་(Spain)རྒྱལ་ཁབ་གཉིས་ལས་གཅིག་ལ་ཨང་དང་པོ་རེག་པའི་སྲིད་ཕྱོད་ཧ་ཅང་ཆེ་སྙམ། གང་ལྟར་གོང་དུ་གླེང་བའི་རྒྱལ་ཁབ་འདི་བཞི་བོར་རེ་བ་དང་ཡིད་ཆེས་ཕེར་ཡོད། འདི་ནི་ང་ཡི་སྔོན་དཔག་ཡིན། ཞེ་དུངས་སའི་ཕ་ཡུལ་ལགས། ཁྱོད་ཀྱི་སྔོན་དཔག་དེ་གང་ཡིན། ལ་ལ་ལ། མདང་ནུབ་ཉི་ཧོང་དང་ཁི་རོ་ཨེ་ཧྲི་ཡ་(Croatia)གཉིས་ཀྱི་འགྲན་སྡུར་དེ་ཛ་དྲག་ཆེ་བ་ལ། ཁི་རོ་ཨེ་ཧྲི་ཡ་རྒྱལ་ཁབ་ཀྱི་རྐང་གྲུག་ལུས་རྩལ་པ་སྟེ།ཨང་རྟགས་བཅུ་བ་མོ་ཏྲི་རེ་ཁི་(Luka Modric)ལ་རྐང་གྲུག་ལུས་རྩལ་ཁམས་ཀྱི་དཀྱིལ་རའི་སྒྱུ་མ་མཁན་(中场魔术师)ཞེས་མཚན་སྙན་ཞིག་གསོལ་ཡོད་པ་ནི་མིང་དོན་དང་མཚུངས་པ་ཞིག་རེད་སྙམ། རྐང་གྲུག་ལ་དོ་སྣང་ཡོད་མཁན་དང་རྐང་གྲུག་རྩེད་མཁན་ཚོས་ཤེས་ནི་རེད། ཁོའི་རྐང་གྲུག་རྒྱག་སྟངས་དེ་ནི་མིག་གི་ལོངས་སྤྱོད་དང་སེམས་ཀྱི་སྨོན་ས་ཞིག་རེད། ཤུ་རེ་ཁོ། ལྗང་མདོག་གི་རྐང་གྲུག་ར་བ་རུ་ངས་ཀྱང་མོ་ཏྲི་རེ་ཁི་བཞིན་དུ། མི་དང་སྤོ་ལོ་གཅིག་ཏུ་སྒྲིལ་བ་ལྟ་བུའི་ལུས་ཀྱི་སྟང་སྟབས་རེ་མངོན་ཐུབ་ན་ཅི་མ་རུང་། ལ་ལ་ལ། དེ་འདྲའི་རྩལ་ཤུགས་ཤིག་འཛོམས་ན་ཅི་འདྲའི་སྐྱིད་པ་ལ། དེ་ངོ་མ་སྐྱིད་རྒྱུ་རེད།
མདང་ནུབ་ཉི་ཧོང་དང་ཁི་རོ་ཨེ་ཧྲི་ཡ་གཉིས་ཀྱི་ཐོག་མའི་རྟིང་རྩོད་ཀྱི་མཇུག་འབྲས་1:1སྟེ་འདྲ་མཉམ་དུ་གྱུར་བས།འདོར་ལེན་འགྲན་སྡུར་གྱི་སྒྲིག་ལམ་ལྟར་དུས་སྣོན་འགྲན་སྡུར་(加时赛)བྱེད་དགོས་བྱུང་སོང་ལ། དུས་སྣོན་འགྲན་སྡུར་བྱས་རྗེས་ཀྱི་མཇུག་འབྲས་སྔར་བཞིན་1:1སྟེ་འདྲ་མཉམ་དུ་གྱུར་བས། ཚད་གྲུག་འགྲན་ཆེན་(点球大赛)གྱི་འགོ་བརྩམས་ཤིང་། གོ་རིམ་དེ་ནི་ང་ཚོ་གྲུག་ཞེན་པ་རྣམས་ལ་མཚོན་ན་ཡང་བརྙན་འཕྲིན་གྱི་མདུན་དུ་དབུགས་ལེན་དཀའ་བ་ལྟ་བུའི་གནོན་ཤུགས་ཤིག་རང་ཤུགས་སུ་སྐྱེས་ཡོང་བས། རྐང་གྲུག་ལུས་རྩལ་པ་དེ་ཚོའི་སེམས་ནང་གི་གནོན་ཤུགས་ནི་རང་ག་བ་ཞིག་མིན་པ་ནི་བཤད་མ་དགོས་པ་ཞིག་ལོས་ཡིན། དེ་ལྟར་ཚད་གྲུག་འགྲན་ཆེན་གྱི་གོ་རིམ་བརྒྱུད་མཐར་2:4སྟེ་མཐར་ཉི་ཧོོང་གི་རྐང་གྲུག་རུ་ཁག་ཁི་རོ་ཨེ་ཧྲི་ཡ་ཡི་རྐང་གྲུག་རུ་ཁག་ལས་ཕམ་སོང་བ་བདེན་ཡང་། ད་རེས་ཡ་གླིང་གི་སྐར་མ་འོད་ཆེན་ལྟ་བུའི་ཉི་མའི་རྒྱལ་ཁབ་ཀྱི་རྐང་གྲུག་རུ་ཁག་གིས་ང་ཚོ་ཡ་གླིང་གི་མི་རྣམས་ལ་གཟི་བརྗིད་དང་ཁོག་དཔུང་ལ་རྒྱ་ག་འདྲ་ཞིག་བརྩོན་ལེན་བྱས་ཡོད་པ་དལ་མོར་དཔྱད་ཞིབ་རེ་བགྱིས་དང་རྟོགས་ལོས་ཡོང་སྙམ།
ཡ། ད་ནི་འབྲི་མཚམས་འཇོག་པར་བྱེད།འདི་ནི་སྤྱི་ལོ་ཉིས་སྟོང་ཉེར་གཉིས་ལོར་ཁ་ཐར་འཛམ་གླིང་བུམ་པ་རྟགས་མའི་རྐང་གྲུག་འགྲན་སྡུར་ལ་བལྟས་རྗེས། ཡ་གླིང་གི་སྒལ་གཞུང་དུ་མཐོ་སར་འཕགས་པའི་མདོ་དབུས་མཐོ་སྒང་གི་གྲུག་ཞེན་པ་ཞིག་གི་སེམས་ཚོར་དང་། ཡང་ན་རྐང་གྲུག་འགྲན་སྡུར་སྐབས་ཀྱི་བརྗེད་ཐོ་ཞིག་ཡིན་ཞེས་བཤད་ཀྱང་འགལ་བ་ཆེར་མེད་པ་འདྲ་བས། ཆེས་མ་མཐའ་ཡང་རྩོམ་ཡིག་འདི་ལ་ཕྱིར་དྲན་རང་བཞིན་མཚོན་པའི་དོན་སྙིང་ཞིག་ལོས་ཡོད་དེ་ཡོད་པར་འདོད། ཡ། དོ་ནུབ་མུ་མཐུད་ནས་རྐང་གྲུག་འགྲན་སྡུར་ལ་བལྟ་བར་བྱ། ཞེ་དུངས་སའི་ཕ་ཡུལ་ལགས། ངས་རང་ཁྱིམ་དུ་འཚིག་ཇ་དང་མོག་མོག་གི་སྡེར་ཁ་བཤམས་ནས་ཁྱེད་ཉིད་མགྲོན་དུ་བོས་ན། ཁྱེད་ཉིད་མགྲོན་དུ་མི་ཡོང་ག་ལ་ཟེར་སྙམ། ཁྱེད་ཉིད་ངེས་པར་དུ་མགྲོན་དུ་ཡོང་དགོས། ང་ཚོས་མཉམ་དུ་འཛམ་གླིང་རྐང་གྲུག་འགྲན་སྡུར་ལ་རོལ་བར་བྱའོ།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2006
དཔྱད་མཆན་སྤེལ།