གཅིག
དལ་བུར་ལྡང་བའི་གྲང་ངད་ཅིག་ནོར་འཛིན་སྒེག་མོའི་ཕྱོགས་སུ་འབྱོར་དུས། བསིལ་དྲོད་དང་སྦྲང་ཆར་གྱིས་བསྐྱངས་པའི་སྔོ་ལྗང་གི་ལོ་མ་དང་དྲི་ཞིམ་གྱི་མེ་ཏོག་དག་སྐད་ཅིག་ཉིད་དུ་སྐྱ་ཧྲེང་ཧྲེང་དུ་འགྱུར་ནས་བཀྲག་མདངས་ཀྱི་སྤོབས་པ་ཡེ་ནས་བྲལ། ལྷགས་རླུང་རྒོད་པོ་དང་དངུལ་དཀར་གྱི་ལྭ་བས་གཡོགས་པའི་འཇིག་རྟེན་གཞན་ཞིག་ཏུ་ཁྲིད་མཁན་ནི་དུས་ཀྱི་ཕོ་ཉས་མངགས་པའི་ནམ་དུས་དགུན་ཁ་རེད། དགུན་དུས། ཁྱེད་འཛིན་མའི་ཁྱོན་དུ་འབྱོར་བའི་ཉིན་མོ་དེ་ནས་བཟུང་། དྭངས་གཙང་གི་ཆུ་རྒྱུན་རིང་མོ་རིམ་བཞིན་འཁྱམས་རོམ་གྱི་བཙོན་དུ་བཅུག་ཅིང་བརླན་ཞིང་བཤེར་བའི་ས་གཞི་གཤིན་པོ་དེའང་གྲང་ངར་ཆེ་བའི་བསེར་བུས་ལྷན་དུ་ཁྲིད། གཡུ་ལྟར་སྔོ་བའི་མཐའ་ཡས་སྤང་ཐང་ཆེན་མོ་གྲང་ངར་གྱིས་འཚེ་བ་མ་བཟོད་པར་སྐྱ་ཐང་ཐང་གི་སྣང་བ་ཤུགས་ཀྱིས་ཟད། ང་རང་མཚན་མོའི་རང་སྦྱོང་གྲོལ་རྗེས་ངས་རང་ཤག་ཏུ་ལོག་རྒྱུའི་སྟ་གོན་བྱེད། ཟླ་འོད་གཉོམ་པོ་ཞིག་གིས་མུན་པའི་ཡོལ་བ་ཕྱེས་ཏེ་ངའི་ལུས་ཐོག་ལ་འཕྲོ་བྱུང་། སྐབས་དེར། འབིར་དང་གྲགས་པའི་གླུ་གཞས་གཅིག་གིས་ངའི་ལྷིང་འཇགས་ཀྱི་ཁོར་ཡུག་དཀྲོགས་སོང་། ཁ་པར་ནང་དུ་“ཨ་རོགས། མ་མཇལ་ཡུན་རིང་། སང་ཉིན་ཁོམ་ཡིན་ན་མཉམ་དུ་གཅིག་ཨེ་འཕྲད”ཟེར། ཡུད་ཅིག་ངས་ངག་སྒོ་བརྣངས་ཏེ་ཅི་ཡང་ཁ་ནས་མ་ཐོན་དུས། ཁོས་མུ་མཐུད་དུ་“ང་ནི་ཁྱོད་ཀྱི་གྲོགས་པོ་སྲི་ཆོད་ཡིན་ མི་དྲན་ནམ་” ཞེས་ཞུས་བྱུང་། དེ་དུས་ངས་གཞི་ནས་སྲི་ཆོད་ཅེས་པའི་གྲོགས་པོ་ཞིག་ཡོད་པ་ཡིད་ལ་འཁོར་ཞིང་། ཏག་ཏག་དེ་ནི་ལོ་ངོ་བཅུ་ཤས་མ་འཕྲད་པའི་ཁ་ལོ་བ་གཞོན་ནུ་དེ་ཡིན་པ་ཤེས་སོང་། ངས་དེ་མུར་“ངོ་མ་མ་མཇལ་ཡུན་རིང་། བདེ་མོ་ཡིན་ནམ་”ཞེས་ཕར་ལ་འཚམས་འདྲི་ཞུས་པ་ཡིན། ཁ་པར་ནང་དུ་ཉུང་ཤས་དེ་བཤད་དེ་མཐར་སང་ཉིན་ཐུག་རྒྱུའི་གྲོས་ཐག་བཅད། དེ་ཡང་སང་ཉིན་གཟའ་ཉི་མ་ཡིན་པའི་སྟབས་དང་བསྟུན་པ་རེད།
གཉིས།
སློབ་ཆུང་གི་སྐབས་སུ་སྲི་ཆོད་ནི་བཟང་པོ་གསུམ་ལྡན་གྱི་སློབ་མ་རྩེར་སོན་ཞིག་གི་མཚན་སྙན་གྲགས་ཡོད། སློབ་སྦྱོང་ལ་བརྩོན་པ་ཧུར་ཐག་བྱེད་པའི་ཁོས་ཉིན་ཞིག དགེ་རྒན་བཀྲ་ཤིས་ཀྱི་སྦག་སྦག་སོ་མ་དེར་མི་འཁྱམ་འགའ་རེས་རྐུ་མ་རྒྱག་གི་ཡོད་པ་མཐོང་། “ཝེ་ སྦག་སྦག་རྐུ་བྱེད་མི་ཆོག ངས་རྒན་བཀྲ་ཤིས་ལ་ལབ་ཀྱི་ཡིན་”ཟེར་ནས་མྱུར་བར་འཁྲིད་སུ་བཅར། རྐུ་མ་ཚོས་ཀྱང་བྱིས་པ་ཞིག་གི་སྐད་ཆ་དང་ཡིད་འཇོག་མེད་པར་མ་ཟད། གཅིག་གིས་བྱི་རིལ་ཞིག་རུམ་ནས་སྟོན་ཏེ་ཕར་ཙམ་ཁྲིད“ཨ་ཉོག ཁ་ལ་ཉན་པོ་བྱོས་དང་ བྱི་རིལ་འདི་ཁྱོད་ལ་སྤྲད་ཆོག་”ཟེར་ འོན་ཏང་ཁོ་རང་བདེན་པའི་རྒྱབ་ཏུ་ལངས་དགོས་རྐྱེན་ཕྲ་ཞིང་ཆུང་བའི་ལུས་པོ་དེས་ནུས་ཤུགས་ཡོངས་རྒུས་ཕུད་རྒྱག་བཏང་ནས་སྦག་སྦག་གི་སྟེང་དུ་འཐམས། གོ་རྒྱུ་མེད་པའི་གླང་རྒན་ལ། རྒྱལ་པོའི་བཀའ་ལས་དབྱུག་པ་བཙན་ཟེར་བ་ནང་ལྟར་རྐུ་མ་དེ་ཚོས་ཁོའི་འཇམ་ཞིང་མཉེན་པའི་ལག་པ་གཉིས་ཐག་ལས་བསྡམས་ཤིང་ཁ་ནང་དུའང་རས་སྲབ་པོ་ཞིག་བརྫང་། ཕྲ་ཞིང་ཆུང་བའི་གཟུགས་པོ་དེར་ཇི་སྲིད་འཕག་འཚག་བརྒྱབ་ན་ཡང་གཏན་ནས་འགུལ་མ་ཐུབ། ཁོའི་མིག་ཟུང་ལས་རོགས་སྐྱོར་གྱི་འདུན་པས་ཁེངས་འདུག་ཅིང་དགེ་རྒན་བཀྲིས་མྱུར་དང་མགྱོགས་ཀྱིས་སླེབས་ན་བསམ་ནས་ཤུགས་ཀྱིས་ངུས་དུས་སྒོ་སྲུང་བསམ་འགྲུབ་ཀྱིས་གློག་བཞུ་གཅིག་ལག་ན་ཐོགས་ནས་ཕྱིར་ནུད་མེད་པའི་དཔའ་སྟོབས་ཀྱི་གོམས་པ་དེར་མདུན་ལ་བཏེགས་ཤིང་སྐད་ཤུགས་ཆེན་པོས་“མི་ཤོག འདིར་རྐུ་མ་འདུག”ཅེས་འཇིགས་སྐྲག་བསྐུལ་བས་རྐུ་མ་ཚོས་ཀྱང་རིམ་བཞིན་གྱང་རྩེ་ནས་བྱ་འཕུར་བ་བཞིན་མཆོང་ཏེ་བྲོས། སྡེ་བའི་མི་རྣམས་ཀྱིས་“སྲི་ཆོད་ལ་སློབ་སྦྱོང་བྱེད་དགོས་ཟེར་” དང་ཐོག་ཁོས་ཀྱང་གཟི་བརྗིད་དེ་འདྲ་ཞིག་ཁུར་ནས་དམའ་འབྲིང་དུ་བཞུགས་པ་ནི་རང་ཉིད་ཀྱིས་ཡུན་རིང་བཅང་བའི་རེ་བ་དང་འདུན་པ་ཡིན་པ་རེད།ཁོས་གྲོང་ཁྱེར་གྱི་ཁང་བརྩེགས་མཐོ་པོ་དང་ཁྲ་ཆིལ་གློག་འོད་མཐོང་པ་ཐེངས་དང་པོ་ཡིན་པས་སེམས་སུ་ཡ་མཚན་གྱིས་ཁེངས། རིམ་བཞིན་གྲོང་ཁྱེར་གྱི་འཚོ་བ་གོམས་ཞིང་འདྲིས་ལ། དེ་བས་སྐྲ་ཚོན་བྱུགས་པ་དང་དོར་མ་རལ་བ་གོན་པ། ཐ་མག་འཐེན་པ། ནང་མ་ཁང་དུ་འཁྱམ་པ་སོགས་སློབ་མའི་སྤྱོད་གཤིས་དང་སྒྲིག་ཁྲིམས་ལས་འགལ་བའི་བྱ་བ་མང་པོ་བརྒྱུད་ལ་འགོས་ཏེ། རང་ཉིད་སློབ་མ་ཡིན་པའི་ཐོབ་ཐང་ཡེ་ནས་བརྗེད། སློབ་གྲྭའི་ནང་དུའང་རྒྱག་རེས་རྒྱག་པ་སོགས་སློབ་མའི་འོས་འགན་དང་ལྡོག་པའི་བྱ་བ་སྤྱོད་པ་ཤིན་ཏུ་ངན་པས་དགེ་རྒན་ཚང་མས་མཐའ་གཅིག་ཏུ་“སློབ་མ་སྲི་ཆོད་ལྟ་བུ་ལ་སློབ་སྦྱོང་བྱེད་མི་རུང་ཟེར་” ཕྱི་ལོའི་དམའ་འབྲིང་ལོ་རིམ་གཉིས་པའི་སྐབས་སུ་ཁོར་སློབ་གྲྭ་ནས་འཐེན་ཏེ་སྤྱི་ཚོགས་ཀྱི་ལམ་དུ་བཞུགས་འགོ་བཙུགས། ཁོ་རང་ལ་རླངས་འཁོར་རྫིག་པོ་ཞིག་ནས་ཁ་ལོ་བ་བྱེད་པའི་ཕུགས་བསམ་དེ་ཕལ་ཕྱིར་དེ་དུས་ནས་བཟུང་ནས་ཡོད་པ་འདྲ། ཁོས་རླངས་འཁོར་ཆེ་འབྲིང་ཆུང་གསུམ་མང་པོ་ལག་ནས་བསྐོར་ཏེ་ལག་རྩལ་ཡག་པོ་ཞིག་ཀྱང་བརྒྱུད་ལ་འཇགས་ཤིང་། སེམས་སུ་ཁ་ལོ་བའི་ལག་ཁྱེར་དེ་མྱུར་དུ་བླངས་ན་བསམ། ཟླ་བ་ཁ་ཤས་རྗེས་སུ་ཁ་ལོ་བའི་ལག་ཁྱེར་བླངས་ནས་གླ་བྱེད་རླངས་འཁོར་ཞིག་གི་ཁ་ལོ་བ་བྱེད་པ་རེད།
གསུམ།
ཉི་འོད་རབ་ཏུ་དྲོ་བའི་ཞོགས་པ་དེར། ངས་སྔ་པོ་ནས་ཁ་ངོ་བཀྲུས་ཏེ་ཁ་སང་གི་ཁ་དན་བྱེད་སའི་ཇ་ཁང་དེའི་ཕྱོགས་སུ་ཐོན་འགོ་བརྩམས། ཁ་བས་བཀླུབས་པའི་གྲོང་ཁྱེར་ནག་ཆུའི་ཞོགས་པ་དེར་མཁའ་དབུགས་དྭངས་ཤིང་ཉི་མར་དྲོ་བ།ལམ་གྱི་གཡས་གཡོན་དུ་ཡོད་པའི་སྒོ་རྩིས་ཚོང་ཁང་དང་ཇ་ཁང་། ཡང་ན་རླངས་འཁོར་མཛེས་བཟོ་ཁང་སོགས་མང་དུ་སྣང་ཡང་སྔ་པོ་དེ་འདྲར་སྒོ་ཕྱེས་མེད། ཁ་བ་ནི་བྱིས་པའི་ཞང་པོ་ཡིན་ཟེར་བ་ཅི་མ་བདེན་ཨང་། གངས་མི་བཟོ་ཞིང་གངས་རྩེད་རྩེ་བའི་བྱིས་པ་རེ་འགའ་གྲང་འཁྱག་བཟོད་ཅིང་རྩེ་དགའི་དཔལ་དུ་རོལ་བཞིན་མཆིས། ཕར་བལྟས་ན། ལོ་ལོན་གྱི་བྱིས་པ་དེ་དག་ནི་ངའི་རྣམ་ཤེས་དང་འདྲ་བའི་མི་ཚེའི་གཏམ་རྒྱུད་ཡིན་ཚོད་རེད། གོམས་པ་སྟོང་ཕྲག་གཅིག་གི་རྗེས་སུ་མཐར་ཇ་ཁང་དེའི་སྒོ་ཁ་རུ་གྲོགས་པོ་ཁོར་སྒུག་པ་ཡིན། ཁ་དན་ཚིག་ལ་གནས་པའི་གྲོགས་པོ་ཁོང་ཡང་ཡུན་རིང་མ་འགོར་བར་ཇ་ཁང་དེའི་སྒོ་ཁར་སླེབས་བྱུང་། ནག་ཅིང་སྣུམ་པའི་སྐྲ་ལོ་དེར་བཟོ་ལྟ་ལན་པོ་ཞིག་བཞག་འདུག་ལ། དེའི་སྟེང་དུ་ཡང་མིག་ཤེལ་ནག་པོ་གཅིག་བཏགས་འདུག སྨིན་མའི་དཀྱུས་རིང་ཞིང་མིག་རྩ་དམར་བ། གདོང་པ་སྨུག་ཅིང་ངོ་མདངས་བཟང་བ།ཕར་བལྟས་ཙམ་གྱིས་ཕོ་ཉམས་ལྡན་པའི་གསར་བ་ཞིག་གི་ཁྱད་ཆོས་མངོན་དུ་གསལ་ཡོད། སྲི་ཆོད་ངེད་གཉིས་“ཀླུ་ཐུག་ཇ་ཁང”གི་ནང་དུ་འཛུལ་རྗེས་སྡོད་ས་རན་པོ་ཞིག་གམ། ཡང་ན་ངེད་གཉིས་ཁོ་ནར་དབང་བའི་ཁང་ཆུང་ཞིག་ཏུ་བསྡད་པ་ཡིན། ངས་ད་དུང་ཁོས་ང་ལ་སྐད་ཆ་ཅི་ཞིག་བཤད་འདོད་པ་ཡིན་ནམ་སྙམ་སྟེ་རེ་བའི་མིག་ཟུང་སྟོན་རྒྱུ་ལས་མ་འདས།
བཞི།
“གྲོགས་པོ་ དེ་རིང་དམིགས་བསལ་གྱི་བསུ་སྟངས་གང་ཡང་མེད་སོང་བས་ དགོངས་དག” ཟེར་ ཁོའི་མིག་གཉིས་ལས་ལྷག་བསམ་རྣམ་དག་གི་ངང་ཚུལ་སྟོན་བྱུང་ལ། དེ་བས་བརྩེ་འདང་མངོན་བྱུང་།
ངས་“གལ་ཡོད་མ་རེད་ ངས་ཀྱང་ཁོར་ཡུག་ཡག་པོ་ཞིག་འདེམས་ནས་བསུ་རྒྱུ་མ་བྱུང་ཡ་”
དེ་ནས་ཁོས་“ད་ངེད་གཉིས་ཇ་འཐུང་ ཁ་བརྡ་བྱེད་”
“ མ་ཐུག་ནས་ཡུན་རིང་རེད་ སྐད་ཆ་མང་པོ་བཤད་རྒྱུ་ཡོད་ངེས་རེད……”
གཤམ་ནི་སྲི་ཆོད་ཀྱིས་ང་ལ་བཤད་པའི་ཁོའི་ལང་ཚོའི་བརྒྱུད་རིམ་གྱི་དོན་དག་འགའ་ཡིན་ལ། སྙིང་ཉེ་བའི་ཀློག་པ་པོ་ཚོར་འབུལ་བའི་སེམས་ཀྱི་ལོངས་སྤྱོད་ཡིན།
ལྔ།
ང་རང་ཁ་ལོ་བའི་ལག་ཁྱེར་བླངས་ནས་གྲོང་ཁྱེར་དུ་རླངས་འཁོར་རྒྱུགས་ནས་འཚོ་ཐབས་བྱེད་དུས། ཕ་མས་ཇི་ལྟར་རང་ཁྱིམ་དུ་ལོག་ཤོག་ཟེར་ཡང་གཏན་ནས་མ་ཉན་པར་མུ་མཐུད་ཁ་ལོ་བའི་ལས་ཀ་དེ་བསྡད་པ་ཡིན། ཡུན་རིང་མ་འགོར་བར།འགོ་ཁྲིད་ཀྱིས་ང་རང་འཁོར་ཆེན་ཞིག་ལག་ཏུ་བཞག་ནས་དོ་པོ་གང་དེ་ཆེ་འབུམ་ཟེར་བའི་ཡུལ་དུ་སྐྱེལ་བར་མངགས། ང་རང་ས་ཆ་དེར་གཉེན་དང་སྤུན་མཆེད་གཏན་ནས་མེད་པའི་མཐར་གྲོང་ཚོ་དེའི་ནང་དུ་གནས་ཚང་གཡར་བ་ཡིན། ཁོང་ཚང་གིས་ཀྱང་རྣམ་འགྱུར་གང་ཡོད་ཀྱིས་ཆ་མེད་རྒྱུས་མེད་ཀྱི་ང་ལ་སྣེ་ལེན་ཞུས་སོང་བ་ངའི་བསམ་པར་དགའ་ཞིང་བདེ་བས་མྱོས། གནས་ཚང་གཡར་སའི་ཁྱིམ་དེར་བསོད་ནམས་ཚང་ཟེར་ཞིང་། དགོང་མོ་དེར། ང་རང་ནམ་རྒྱུན་བཞིན་སྐད་ཆ་འབེལ་པོ་དང་ཐ་མག་འཐེན་གྱིན་མེད་ལ། དེ་བས་སྐྱེས་པ་པོ་ཞིག་གི་ཚུགས་ཀ་ཡང་སྟོན་པ་ཡིན། ཁྱིམ་བདག་བསོད་ནམས་ཀྱིས་“ཇ་འཐུང་ ཤ་ཟོ” ཟེར་ནས་ཡང་ཡང་བསྐུལ་བྱུང་། ཁྱིམ་བདག་བསོད་ནམས་ཀྱིས་ཀྱང་ང་རང་ལོ་ག་ཚོད་དང་ཁྱིམ་དུ་བཟའ་ཟླ་ཡོད་མེད་སོགས་མང་པོ་དྲིས་བྱུང་ལ་ངས་ཀྱང་རེ་རེ་བཞིན་བདེན་པར་ལན་བཏབ་པ་ཡིན། ཁྱིམ་དེར་ལོ་ཆེ་བ་ཁོང་དང་ཁོང་གི་བཟའ་ཟླ་ཟླ་སྒྲོན་གཉིས་རེད་འདུག་ཅིང་། ཆུང་བ་ང་དང་ལོ་མཉམ་གྱི་བུ་མོ་མེ་ཏོག་ཟེར་བ་ཞིག་འདུགཁོ་མོར་ཁ་སྒོ་སྐྱེ་འབྲས་བཟང་ཞིང་། ལས་ལ་འཇོན་པ། གང་ལྟར་ཀྱང་བུད་མེད་བཟང་པོ་ཞིག་ཡིན་འདུག་པ་དེ་དུས་ངས་ཤེས་ཙམ་བྱུང་། ཆུ་ཚོད་བཅུ་གཅིག་ཙམ་ལ་ཡོལ་ལ་ཉེ་དུས། ཁོ་ཚོ་ཚང་མར་ཉལ་རྒྱུའི་བྲེལ་བ་ལངས་ཤིང་། ང་རང་གི་ཉལ་ས་དེ་ཡང་ལོག་གི་ཁང་ཆུང་ཞིག་ཏུ་རེད་འདུག དེའི་ཁ་གཏད་ཀྱི་ཁང་པ་དེ་ནི་ཁོ་ཚོའི་བུ་མོ་མེ་ཏོག་ཟེར་བ་དེའི་ཉལ་ཁང་ཡིན་ཚོད་རེད། དང་ཐོག་ངས་མགོ་བོ་སྔས་ལ་ཕབ་ཏེ་ངལ་གསོ་ལེགས་པོ་ཞིག་གམང་དགོ་བསམ། འོན་ཏང་བུ་མོ་དེའི་ཁ་སྒོ་སྐྱེ་འབྲས་ཡིད་ལ་དྲན་པས་གཏན་ནས་གཉིད་ཐབས་མི་འདུག དེ་ནས་སེམས་ཤུགས་ཡོད་རྒུ་བཏང་ནས་མཐར་ཁོ་མོའི་ཉལ་ཁང་གི་སྒོ་དེར་རྡུང་བ་ཡིན།
དྲུག
“ཁྲོག–ཁྲོག–ཁྲོག”
“སུ་ཡིན”
“མགྲོན་པོ་དེ་ཡིན”
“དོན་དག་ཅི་ཡོད”
“ལུང་པ་དེར་ང་རང་ཆ་རྒྱུས་མེད་པས་གཉིད་ཕོད་ཀྱི་མི་འདུག”
“ད་འ་ན་གང་འདྲ་བྱེད་དགོ་རེད”
“ཁྱོད་ཀྱི་རུམ་དུ་ཉལ་དུ་ཨེ་ཆོག”
“ཨ་–ཨ་–དེ་འདྲ་ཨེ་ཡོང་ན”ཞེས་ཐེ་ཚོམ་གང་མང་སྐྱེས་རྗེས་སུ་མཐར་སྒོ་དེ་ཕྱེ་ཙམ་བྱུང་། ཟླ་འོད་གཉོམ་པོ་ཤིག་སྒེའུ་ཁུང་བརྒྱུད་ནས་ནང་དུ་འཕྲོ་འདུག་ལ། ལྷིང་འཇགས་ཀྱི་མཚན་མོ་དེར་སྙིང་གི་འཕར་ལྡིང་བྱེད་པའི་སྒྲ་དེ་གསལ་པོ་གོ་ཐུབ་ཅིང་། ཕྱིས་སུ་ཁང་ཆུང་དེར་ལུས་པོ་གཉིས་མཉམ་སྡེབ་ཀྱི་ཆག་སྒྲ་དང་ཧིན་སྒྲ་ཁོ་ནས་མཚན་མོ་བསྐྱལ། ཕྱི་ཉིན་ཞོགས་པར།ངས་ཁ་པར་ཨང་གྲངས་གཅིག་དང་མདང་ནུབ་ཀྱི་ཕྱིར་དྲན་དེ་གཉིས་བཞག་ནས་དེ་ནས་གྱེས། དེ་ནས་བཟུང་། ཁོ་མོ་དང་ལྷན་དུ་བརྩེ་དུང་གི་ས་བོན་བཏབ་ནས་འབྲས་བུ་སྨིན་རྒྱུའི་ཚོད་ལ་ཕྱིར་ཆེ་འབུམ་ཡུལ་གྱི་བསོད་ནམས་ཚང་དུ་མག་པ་རུ་སོང་བ་ཡིན།
མ་གཞི། ང་ནི་གྲོང་ཁྱེར་དུ་སྡོད་ལོབས་སོང་བའི་མི་ཞིག་ཡིན་པས། འབྲོག་པའི་འཚོ་བ་ལ་ཅུང་གོམས་དཀའ་བ་སྣང་། འོན་ཏང་རིང་པོར་མ་འགོར་བར་ང་རང་གནག་རྫི་འགྲོ་རྒྱུར་གོམས་ཤིང་། འབྲོག་པའི་འཚོ་བ་ལའང་མ་འཐད་པ་སྤྱིའི་ཆ་ནས་མེད། དབྱར་ཟླ་དགུན་ལ་གཏུག དགུན་ཟླ་དབྱར་ལ་སྦྱར་བའི་ལོ་ངོ་དེ་དག་རིང་། ང་རང་གནག་རྫི་འགྲོ་བའི་དཀའ་ལས་མྱང་པ་མ་ཟད། ད་དུང་ཁྱིམ་པ་བསོད་ནམས་ཀྱིས་ཁ་སྡིགས་མང་པོ་འཁུར་དགོས་ཀྱི་ཡོད། ལུས་སེམས་གཉིས་ཀ་ཆད་པའི་དུས་ཚིགས་སུ། ཁྱིམ་པས་ང་ལ་ཁ་བྲལ་བྱེད་ཚུལ་མང་པོ་ལབ་བྱུང་། འོན་ཏང་ངས་མེ་ཏོག་ཁོག་ནང་གི་ཕྲུ་གུ་བསམ་ནས་མཐར་བཟོད་བསྲན་བྱེད་པ་ཡིན། དེ་ནས་ང་རང་འབྲོག་ལས་འཇོན་གི་མི་འདུག་ཅེས་པའི་ལབ་གླེང་མང་པོ་ཞིག་གི་རྗེས་སུ།མཐར་ཕྱུགས་ཟོག་བཙོང་ནས་གྲོང་ཁྱེར་དུ་གནས་སྤོ་བྱ་རྒྱུ་བྱས།
བདུན།
སྤྱིར་གྲོང་ཁྱེར་གྱི་འཚོ་བ་ནི་ལས་སླ་པོ་ཞིག་དང་ཁེ་བཟང་བསོགས་བདེ་བ་ཞིག་གཏན་ནས་མ་རེད་མོད། འོན་ཏང་ང་རང་ཁྱིམ་དེའི་ཕ་རྒན་ཞིག་གིས་ངོས་ནས་བཤད་ན་ལས་ཀ་མེད་པར་རྒན་གཞོན་ཆུང་གསུམ་ལ་ཁ་གསོ་ཐབས་མེད་པས་ང་རང་ཡང་ཟླ་བ་རེར་གླ་ཕོགས་སུམ་སྟོང་ཡོད་པའི་གླ་འཁོར་གྱི་ཁ་ལོ་བ་ཞིག་གི་ལས་ཀ་བསྡད་ནས་འཚོ་བའི་དགོས་མཁོ་དག་ལ་གང་འཛོམས་གང་ཡག་བྱེད་པ་ཡིན། འོན་ཏང་རྒན་རྒོན་གཉིས་ཀྱིས་ད་བར་ངའི་བསམ་བློའམ་བྱ་སྤྱོད་གང་ལའང་གདེང་འཇོག་མེད་པར་མ་ཟད། དེ་བས་སྐྱོན་དང་མེད་རབས་མི་འཇོན་ཟེར་ནས་ཉིན་ལྟར་སྡིགས་དམོ་དང་མིག་ལོག་ཀྱང་འཕེན་ཀྱི་འདུག མ་གཞི་ང་ཕྱི་མི་ཞིག་ལ་བརྩི་དགོས་པ་གང་ཡང་ཡོད་མ་རེད། འོན་ཏང་ངས་དཀའ་བས་བསགས་པའི་འཚོ་བའི་ཡོན་བབས་ལ་གཞིགས་ནས་མ་མཐར་ཡང་ང་ལ་དབང་བའི་གང་ལ་གང་འཚམས་ཀྱི་བརྩི་འཇོག་ཅིག་བྱེད་དགོས་པ་རེད། དེ་ལས་ལྡོག་སྟེ་ཉིན་རེ་ནས་ཉིན་རེ་ནས་ངོ་ནག་ནག་དང་མིག་དཀར་དཀར་གྱི་འཚོ་བ་སྐྱེལ་བཞིན་ཡོད། ངས་ཕྲུ་གུ་གསུམ་པོ་མ་བསམ་ན་སྔ་སེ་ནས་གྱེས་ཚར་བ་ཡིན། ང་མི་རྐྱང་གཅིག་ལ་འགྲོ་འདུག་མི་རྙེད་པ་ཅིས་ཀྱང་ཡོད་མ་རེད།འོན་ཏང་ངའི་བུ་ཕྲུག་དང་ངའི་ཆུང་མ་བསམ་ན་དེ་དང་གཏན་ནས་ལྡོག བཟའ་ཚང་ཁ་འཐོར་དུ་འགྲོ་བ་ནི་བུ་ཕྲུག་ལ་ཤུགས་རྐྱེན་ངན་པ་བཞག་པས་མ་ཟད། ཆེས་མ་མཐའི་ཁྱིམ་ཚང་སློབ་གསོ་ཟེར་བ་དེ་གས་ཆག་དུ་འགྲོ་གི་ཡོད་པས་ངས་ཉིན་མོར་བཟས་སྒོམ་ཞིང་མཚན་མོར་གཉིད་མི་བདེ་བའི་ངང་ནས་ལོ་ཟླ་གཅིག་ནས་གཉིས་སུ་བསྐྱལ།
བརྒྱད།
ལོ་གོང་མ་དེའི་དབྱར་གཞུང་དུ། ཉི་མ་ནག་པོ་ངའི་མགོ་ཐོག་ཏུ་ཤར་བ་སྟེ། དྲིན་ཆེན་ཨ་མའི་ཚེ་སྲོག་ལ་རྫོགས་ཤད་འཐེན་སོང་། ངས་མི་ལོ་མང་པོར་རང་གི་ཕ་མ་གཉིས་ལ་བཀུར་བསྟི་ཞབས་ཞུ་གནང་ཐུབ་མེད་ལ། ལྷག་ཏུ་དེ་དུས་ཀྱི་ང་ནི་སྡུག་བསྔལ་ཡོད་ཚད་བཟོད་དེ་ཁོང་ཚང་གི་ཆེད་དུ་ཉིན་མཚན་ཀུན་དུ་དཀའ་ལས་རྒྱག་གིན་ཡོད། འོན་ཏང་རྒན་རྒོན་གཉིས་ཀྱིས་ངའི་སྡུག་བསྔལ་མ་མཐོང་ཁུལ་དང་མ་རིག་ཁུལ་རྐྱང་རྐྱང་བྱེད་ནས་མཐར་ང་རང་ཁྱིམ་དེར་ཞེན་པ་གཏན་ནས་ལོག་སོང་བས་ངས་“མེ་ཏོག་དང་བུ་ཕྲུག་ཁྲིད་ནས་ཁྱིམ་ཚང་ལོག་ཏུ་བཟུང་རྒྱུ་ཡིན་“ཞེས་ཨུ་ཚུགས་མཐའ་འཁྱོང་བྱེད་པ་ཡིན། རྒད་པོས་“ཁྱོད་དང་ལོག་ཏུ་བཟུང་བ་ལས་ སློང་མོ་བ་བྱེད་ན་དགའ་ཟེར” ད་དུང་“ཟ་ཉལ་འཐུང་ཉལ་བྱེད་མཁས་པའི་ཁྱོས་བུ་ཕྲུག་དང་ནག་མོ་ཁ་ཇི་ལྟར་གསོ་གི་ཡིན་ནམ་ དགད་མོ་མ་སློང་”ཟེར་ནས་ཧབ་ཆ་བརྒྱབ་བྱུང་། ཕྱི་མི་ཞིག་ལ་མཐོང་ཆུང་དང་བརྙས་བཅོས་བྱེད་པ་གཅིག་དང་། སེམས་ཀྱི་མ་རྒན་གཅིག་པུ་འཇིག་རྟེན་ནས་གྱེས་པའི་སྡུག་བསྔལ་གཉིས། གང་ལྟར་ཉིན་མོ་དེར་ང་རང་འཆི་བ་བླ་ལྷག་གིས་དྲན་ན་ཡང་། ངས་བུ་ཕྲུག་དེ་དག་གི་འཚར་ལོངས་དང་མ་འོངས་ཀྱི་ཆེད་དུ་ངས་སྡུག་ཡུས་ཡོད་ཚད་རང་གི་ཁོག་པའི་མང་དུ་ཁྱུར་མིད་བྱེད་དགོས་བྱུང་།
དགུ།
ད་ལྟའི་འཚོ་བ་ལྟ་བུར། ང་རང་གནོན་ཤུགས་ཧ་ཅང་ཆེན་པོ་ཡོད། སྤྱི་ཚོགས་ཀྱི་འགྲན་རྩོད་དང་ཁྱིམ་ཚང་གི་དཀའ་ངལ། བུ་ཕྲུག་གི་ལྟོ་གོས་དང་ཆུང་མའི་རྒྱབ་གཟུགས། གནོན་ཤུགས་དེ་དག་གིས་ང་རང་མགོ་བོ་གྱོང་ཡོད། དུད་ཚང་ཕ་རྒན་གཅིག་གི་ཨམ་ཕྲག་ནང་དུ་ལྗིད་ཏིག་ཏིག་གི་དངུལ་རྡོག་ཕྲན་ཙམ་ཡང་
བླུག་རྒྱུ་མེད་ནའང་ཚ་སོབ་སོབ་ཀྱི་ཁྱིམ་ཚང་ཞིག་ཡོད་ན་འགྲིག་གི་ཡོད་རེད། དགའ་འོས་པ་ཞིག་ལ་ཆུང་མས་ནམ་ཡང་ང་དགའ་ཞིང་བརྩེ་བས་ད་བར་ང་ལ་ལུས་སེམས་གཉིས་ཀྱི་ཐད་ནས་བསྐུལ་མ་བཏང་བ་རེད། རང་གི་བཟའ་ཟླ་དང་རང་གི་ཕ་མ་གཉིས་ཀྱི་བར་དུ་འཚང་དགོས་མིན་མི་ཤེས་པའི་ཁོ་མོ་ནི་ཇི་འདྲའི་སྙིང་རེ་རྗེ་ཨང་། ངས་ཆུང་མ་དང་བུ་ཕྲུག་གཉིས་རྩ་དོན་དུ་འཛིན་ཏེ་མུ་མཐུད་མྱི་ཁ་དང་ཟུར་ཟའི་ཀློང་དུ་འཚོ་ཆོག དུས་ཚོད་མང་པོ་མི་འགོར་བར་ངས་ཁྱིམ་ཚང་དེར་གཡོ་སྐྱོམ་མ་ཤོར་བའི་སློབ་གསོའི་འོད་སྣང་ཤར་བ་དང་བདེ་སྐྱིད་ཀྱི་བསུང་ཞིམ་འཐུལ་ཐུབ་པ་བྱ་ངེས། དེ་ནི་སྐྱེས་པ་ཕོ་ཞིག་གིས་འཚོ་བ་ལ་བཅངས་བའི་བློ་སེམས་དང་སྙིང་སྟོབས་རེད། བསམ་བསམ་ན་ལོ་ངོ་དེ་དག་རིང་ང་–ང་……ཟེར་ནས་ར་ངདབང་མེད་པའི་མིག་ཆུ་རྡོག་པོ་འགའ་མཁུར་འགོ་ནས་སྒྲོག་ཙེའི་སྟེང་དུ་ཐིགས་སོང་། ངས་སྐྱེས་པ་ཞིག་གིས་མིག་ཆུ་གཏོང་བ་མཐོང་ཐེངས་དང་པོ་ཡིན་ལ། དེ་བས་མིག་ཆུ་དེའི་ནང་དུ་སྐྱོ་གདུང་དང་རྨ་ཁ། འཚོ་གནས་དང་ཁྱིམ་ཚང་། ཆུང་མ་དང་བུ་ཕྲུག་སོགས་ཐ་སྙད་མང་པོ་ཞིག་འདུས་ཡོད་ཚོད་རེད། ཡ་ང་བའི་ན་གཞོན་ཁ་ལོ་བ་དེ་ཨང་།
བཅུ།
གྲོགས་པོ་སྲི་ཆོད་ན་རེ་“ངས་འཚོ་བའི་ཐད་ཀྱི་ཉམས་མྱོང་དེ་དག་རང་གིས་ཡིག་ཐོག་ཏུ་ཕབ་ནས་ང་འདྲའི་གྲོང་ཁྱེར་དུ་འཚོ་བའི་གཞོན་ནུ་དག་ལ་མཐོང་དུ་བཅུག་དགོས་ཤིང་། འགྲན་རྩོད་རྣོ་ངར་ཆེ་ཞིང་འཚོ་བ་གནོན་ཤུགས་ཆེ་བའི་སྤྱི་ཚོགས་འདིར་མཐའ་མའི་དབུགས་རྒྱུན་ཁྲོད་ནས་གཞོན་ནུ་དག་གི་གསོན་རྟགས་སྟོན་དགོས་”ཟེར། ཇ་ཁང་ནས་ཐོན་རྗེས་ངས་ཁོང་གི་གཞོན་ནུའི་གཏམ་རྒྱུད་དང་འཚོ་བའི་ངོ་རིས་དེར་ངེས་པར་དུ་གཞོན་ནུ་མང་པོ་ཞིག་ལ་མཐོང་དུ་བཅུག་དགོས་བསམ་བྱུང་ལ། ཁོས་ང་ལ་བཙོལ་བའི་རེ་བ་ཆུང་ངུ་དེ་ཡང་ཆུད་ཟོས་སུ་མི་གཏོང་བར་མཐར་འཐེན་ཤུགས་གང་ཞིག་གིས་གཞུང་ལས་ཁང་གི་ཕྱོགས་སུ་གོམས་པ་སྤོས། དྲོ་ཞིང་འཇམ་པའི་ཉིན་གུང་དེར། གྲོགས་པོ་སྲི་ཆོད་ངེད་གཉིས་འདི་ལྟར་རང་རང་སོ་སོའི་འཁོར་བ་དང་ལས་དབང་གི་ཆེད་དུ་རེ་ཞིག་བདེ་མོ་བཞག་པ་རེད། དེ་དུས་ངས་སླར་ཡང་ཁོའི་མི་ཚེ་ལ་བདེ་སྐྱིད་ལྡན་པའི་གསོལ་བ་ཞིག་རང་བཞིན་གྱིས་ཁོག་ནས་ཤོར་སོང་། བདེ་མོ་བྱོས། ཁ་ལོ་བ་གཞོན་ནུ་ལགས།
༢༠༢༢/༡༡/༢༦ནས་༢༠༢༢/༡༢/༦དངོས་སུ་གྲུབ།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=2002
དཔྱད་མཆན་སྤེལ།