རྩོམ་པ་པོ། ཀརྨ་རབ་གསལ།
ཚ་བ་མདའ་སྨྱུག་གམ་ཚ་སྒང་བློ་གྲོས་དཔལ་ལྡན་གྱི་ངོ་སྤྲོད་མདོར་བསྡུས། ཕྲན་ནི་རྩོམ་པ་པོ་ཞིག་མིན་ཀྱང་མི་སྣ་འདི་དང་ཐོག་མཐའ་གཉིས་ཀར་འབྲེལ་འདྲེས་ཆེ་ཤོས་ཤིག་ཏུ་ཡིན་བཟོ་འདུག་ལ་ཉེ་ཆར་ཕྱོགས་མཐའ་ཀུན་ནས་ཁོ་ལ་བཟང་ངན་ཅི་རིགས་སུ་གཟིགས་བཞིན་པའི་ཤེས་ལྡན་གྱི་མི་སྣ་མང་པོས་ཁོའི་ལོ་རྒྱུས་ཤེས་འདོད་ཡོད་པ་གོ་ཐོས་བྱུང་ལ་བློ་དཀར་འགས་ངོ་སྤྲོད་ཅིག་འགོད་ན་དགེ་མཚན་ཆེ་ཚུལ་བརྗོད་བྱུང་བས་བརྗོད་བྱ་དང་རྗོད་བྱེད་གང་གི་ཆ་ནས་སྙན་ཞིང་ཡིད་དུ་འཐད་པ་ཞིག་འབྲི་མི་ཤེས་ཀྱང་མཐོང་ཐོས་དངོས་བྱུང་གང་ཤེས་མདོར་བསྡུས་ཤིག་ཡིག་ཐོག་ཏུ་འགོད་རྒྱུ་ལས་བཟང་ངན་གྱི་དབྱེ་ཞིབ་གང་ཡང་བྱ་རྒྱུ་མིན། དེ་ཡང་ཁོང་ནི་བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་མདོ་སྟོད་བར་ཁམས་ཚ་བ་དཔའ་ཤོད་དམ་སྒང་དྲུག་གི་ཡ་གྱལ་ཚ་བ་སྒང།དེར་འབྲོག་སྡེ་སྟོད་སྨད་གཉིས་ལས་སྒང་སྟོད་སྐུ་ལྷ་ངང་ཡག་ཅེས་པའི་གནས་རི་དང་ཉེ་བའི་གྲོང་སྡེ་དབེན་མདའ་ཞེས་པར་ཕ་ཟ་སུ་དགེ་ལེགས་དང་མ་དཔེ་རུ་མ་ཡེ་ཤེས་དབང་མོ་གཉིས་ཀྱི་རིགས་སུ་རབ་བྱུང་བཅུ་དྲུག་ཤིང་ཕོ་སྟག་གི་ལོར་སྐྱེས།ཕ་འདི་ས་གནས་དེ་གའི་མི་མ་ཡིན་པར་སྒང་སྨད་ཚ་བའི་སྨུག་མོ་ཞེས་པའི་གནས་རི་དང་ཐག་ཉེ་སའི་འབྲོག་སྡེ་དབུས་གྲོང་ཟེར་བ་ནས་མག་པ་ཡོང་བ་དང་། བློ་ཁོག་ཆེ་ཞིང་སྤྱོད་པ་རྩིང་ལ་ཕྲུག་གུར་རྡུང་སྡིག་མང་པོ་གཏོང་དགོས་མཁན་ཞིག་ཡིན།མ་ནི་གཤིས་ཀ་མཇམ་ཞིང་ཀུན་ལ་བསྟུན་མཁས་དང་ཕྲུ་གུར་བྱམས་སྐྱོང་བྱེད་མཁན་ཞིག་ཡིན་པ་མ་ཟད་དཔེ་རུ་མ་ཟེར་བའི་བླ་བརྒྱུད་བཅུ་གསུམ་ཟམ་མ་ཆད་པ་བྱུང་བའི་ལོ་རྒྱུས་ཅན་དང་ཡུལ་མིས་དད་གོས་དང་མཐོང་ཆེན་བྱེད་སའི་ཁྱིམ་ཚང་ཞིག་ནས་ཡིན་ལ་བཤད་སྲོལ་ལ་དཔེ་རུ་མ་ཞེས་པའི་རིགས་རྒྱུད་དམ་རུས་རྒྱུད་འདིའི་མིར་དམིགས་བསལ་གྱི་རིག་སྟོབས་ཡོད་པར་གླེང་།འོན་ཀྱང་དེང་སྐབས་ཆེ་མཐོང་ཡོངས་སུ་ཉམ་ཏེ་ལྟ་ལོག་སོགས་ཀྱི་ཞ་མོ་ནག་པོ་གྱོན་ནས་གནས་ཡོད། ཁོ་ལ་སྤུན་བུ་མོ་གཅིག་དང་བུ་དྲུག་ཡོད་པའི་ནང་ནས་ཁོ་ཨང་བདུན་པ་དེ་ཡིན་ཞིང་ཆུང་དུས་ནས་ཡི་གེ་ཀློག་འདོན་ལ་གཙོ་བོར་བྲེལ།མི་ལོ་གསུམ་ཙམ་རིང་སྐ་རགས་བཅིང་མྱོང་མེད་ཅེས་ཟེར།དེའི་དོན་ནི། མི་ལོ་གསུམ་ལ་ཡི་གེ་ཀློག་ཏེ་ནང་དུ་སྡོད་པ་ལས་སྐ་རགས་བཅིངས་ནས་ཕྱི་རོལ་ཏུ་འགྲོ་ཆོག་པའི་གནང་བ་མ་རགས་པ་རེད་ལ་དེ་གའི་རིང་ཕ་རྒན་འགྲམ་ནས་རྟག་ཏུ་རྡུང་སྡིག་ཕོག་བཞིན་ཡོད་པ་གྲོང་རོགས་ཚོར་ཆ་རྒྱུས་ཡོད་པ་ཞིག་རེད།དེའི་རྐྱེན་པས་ཡིག་རྩ་ཧ་ཅང་གི་བཟང་ཞིང་ཀློག་བདེ་ལ་མྱུར།ཐེངས་ཤིག་ཁོང་གཅིག་པུས་རྒྱལ་བའི་བཀའ་འགྱུར་ཉིན་བཞིན་པོད་རེ་བྱས་ཏེ་ཀློག་ཡོད་ལ་རྗེས་སུ་ཁོང་ཆོས་ཞུགས་བྱ་སའི་དགོན་དུ་སྤྲུལ་སྐུ་ཞིག་དང་ལྷན་དུ་བཀའ་འགྱུར་ཚར་གཅིག་ཀློག་ཡོད་འདུགགང་ལྟར་ཀློག་བདེ་བ་ནི་ཕུལ་དུ་ཕྱིན་པ་རེད།སྤྱིར་གཏང་ཡུལ་འདིའི་གཞོན་སྐྱེས་སྐྱ་སེར་སུ་ཡིན་རུང་ཀློག་པ་ཙམ་ནི་མི་ཤེས་པ་ཕ་ཆེར་མེད། དེ་ནི་སློབ་གྲྭ་སོགས་ཀྱི་མཐུན་རྐྱེན་གང་ཡང་མེད་ཀྱང་ཕ་མ་ཚོར་ཀློག་སློབ་ཏུ་འཇུག་རྒྱུའི་གོམས་གཤིས་ཤིག་སྔར་ནས་ཡོད་འདུག་ལ་མུ་མཐུད་རྒྱུན་འཛིན་བྱེད་བཞིན་ཡོད། ༡༩༨༧ཡས་མས་ཤིག་ཏུ་ཁོ་དང་ན་མཉམ་གྱི་གཞོན་སྐྱེས་ཁ་ཤས་ལྷན་དུ་གནས་ཆུང་སློབ་གྲ་ནས་སློབ་མཐར་ཕྱིན་པའི་ཞིང་གཤེགས་མཁན་པོ་ཀརྨ་རྡོ་རྗེ་ཞུ་བའི་དྲུང་ནས་སུམ་རྟགས་ཀྱི་འཆད་ཁྲིད་ཐེངས་གཅིག་ཞུ་མྱོང་ཡོད།༡༩༩༠ལྕགས་རྟ་ལོར་ཐོག་མར་ཕ་ཡིས་ས་གནས་དེར་ཡོད་པའི་དགོན་པ་ཀོ་དགོན་ནམ་ཐུབ་བསྟན་དཔལ་འབར་བཀྲིས་ཆོས་གླིང་དགོན་ཟེར་བ་དེར་འཇུག་རྒྱུ་བྱས་ཡོད་ཀྱང་ཡེ་ཆེན་སྤྲུལ་སྐུ་ཞུ་བ་ཁོང་དང་ཉེ་འབྲེལ་ཡིན་པའི་སྤྲུལ་སྐུ་དེས་ཁོང་གིས་གཟིགས་སྐྱོང་གནང་སའི་ཡུལ་དགོན་ཡེ་ཆེན་དགོན་ཞེས་པ་སྒང་སྨད་དུ་ཆགས་པའི་དགོན་དེར་ཁྲིད།སྤྱིར་གཏང་ཡུལ་འདིའི་མིས་སྐྲ་ཕུད་ཕུལ་ཚར་ན་གྲྭ་པར་བརྩི་བཞིན་ཡོད་པས་འདི་ཡང་ཆུང་དུས་ནས་སྐྲ་ཕུད་འབུལ་ཚར་མཁན་ཞིག་ཡིན་ཀྱང་བླ་མ་སུར་ཕུལ་མིན་མི་ཤེས།༡༩༩༢ ཙམ་ལ་སྐྱེ་རེ་དགོན་པའི་བླ་མ་ཀརྨ་སེང་གེ་ཞུ་བའི་མདུན་ནས་ཡག་དགོན་དུ་མངའ་རིས་ལོ་ཙཱ་བས་མཛད་པའི་སྡོམ་གསུམ་རྣམ་ངེས་ཀྱི་འཆད་ཁྲིད་ཞུས།སྐབས་དེ་དག་ཏུ་དགོན་འདིར་ཆོ་ག་དང་ཆོས་སྤྱོད་སོགས་ཀྱི་ལག་ལེན་ལས་གཞུང་ལུགས་དང་བརྡ་སྤྲོད་སྦྱོང་སའི་འཛིན་གྲྭ་ལྟ་བུ་གང་ཡང་མེད་པས་ཁོ་ཡང་སྤྱི་མཚུངས་ལྟར་ཆོ་ག་སོགས་སྦྱང་ཏེ་དགེ་གཡོགས་ཀྱང་གནང་འདུགཡུལ་འདིའི་མིར་ཡི་གེ་ཀློག་འདོན་ཙམ་ལས་བརྡ་སྤྲོད་སོགས་རིག་གནས་ཀྱི་ཆུ་ཚད་ཧ་ཅང་སྐྱོ་བས་སྐབས་ཤིག་ཏུ་སྤྲུལ་སྐུ་ཞིག་ཁྲི་སྟོན་མཛད་སྒོའི་སྐབས་ཁོས་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྒོ་ནས་མཎྜལ་གྱི་བཤད་པ་ཞིག་བྲིས་ཏེ་ཀློག་ཡོད་ཅིང་སྐྱ་སེར་ཀུན་ཡིད་སྨོན་ཤོར་འདུགདེ་ཁོས་རང་སྟོབས་ཀྱིས་བྲིས་སམ་དཔེ་བཤུས་བྱས་པ་ཡིན་ཆ་མ་འཚལ། ༡༩༩༥ ལོར་དགོན་དེར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟླ་གཅིག་མ་ཟིན་ཙམ་སྤེལ་ཏེ་མཐའ་བསྡོམས་རྒྱུག་སྤྲོད་ལྟ་བུ་གྲྭ་པ་རེ་ནས་གཏམ་རེ་བཤད་དགོས་སྟབས་གྲྭ་པ་ཚོས་དངོས་ཡོད་བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་ནི་མ་ཤེས།ཉིན་ཤས་རིང་སྦྱང་པའི་རྒྱ་གཞུང་གིས་བརྫུན་བསྒྲིགས་ཀྱི་གཏམ་དེ་བསྐྱར་བཟློས་བྱེད་མ་ནུས་ནས་འུ་ཐུག་པའི་སྐབས་ཁོས་བོད་གཙན་པོའི་དུས་རབས་ནས་བཟུང་སྟེ་༡༩༥༠བར་གྱི་རྒྱལ་རབས་ལྟ་བུ་ཆུ་ཚོད་ཁ་ཤས་རིང་བཤད་སྐབས་རྒྱ་གཞུང་གི་ལས་བྱེད་ཚོས་རྒྱལ་རབས་མི་ཤེས་སྟབས་ཁོ་ཉིན་ཤས་ལས་སློབ་གསོར་ཡོང་མེད་ཀྱང་འདི་ལྟར་ཤེས་པ་དཔེ་མེད་རེད་ཟེར་བ་ཙམ་ལས་ཆབ་སྲིད་ཀྱི་ནག་ཉེས་གང་ཡང་གཡོག་མི་འདུག།དེར་ཡོད་འདུས་མང་ལའང་ངལ་གསོའི་དབུག་ཅིག་ཐོབ་འདུགདེ་དུས་དགོན་པའི་ཉིན་རེའི་བྱེད་སྒོ་ལས་བརྒལ་ཏེ་རང་ངོས་ནས་རྒྱལ་རབས་དང་ལོ་རྒྱུས།བརྡ་སྤྲོད་སོགས་ཀྱི་དེབ་འདྲ་མིན་དུས་ཚོད་སྟོང་པ་ནམ་ཡིན་ལ་ཀློག་བཞིན་ཡོད་ཅིང་ཅུང་ཟད་རིག་གནས་ལ་དུངས་པའི་གྲྭ་གཞོན་འགའ་དང་ལྷན་དུ་བསམ་ཚུལ་བགྲོ་གླེང་བྱེད་བཞིན་ཡོད།ཁོང་གི་སྡོད་ཤག་ནི་དཔེ་མཛོད་ཁང་ལྟར་དེབ་ཧ་ཅང་མང་ཚུལ་གྲོགས་ཚོས་གླེང་།སྐབས་དེ་དུས་ནས་རྩོམ་ཡིག་འབྲི་རྒྱུར་ཧ་ཅང་གི་དགའ་མོས་ཡོད་པ་ཡིན།ཚོགས་སུ་སྐྱབས་ཐོ་དང་སྐྱབས་ཞུ་ལྟ་བུ་འབྲི་སྐབས་ཀྱང་རྟག་ཏུ་སྙན་ཞིང་འཇེབས་ལ་རྒྱས་ཤིང་མ་ཚང་བ་མེད་པ་འབྲི་ཞིང་དག་ཆ་ཚུན་ཆད་ལ་ཧ་ཅང་གིས་ནན་ཏན་བྱེད་བཞིན་ཡོད། སྐབས་འདི་ནི་མདའ་སྨྱུག་རླུང་རྟ་དར་བཞིན་པའི་སྒང་ཡིན་པས་སྐྱ་སེར་སུ་ཡིན་རུང་འདིར་ཡིན་སྨོན་མ་ཤོར་བ་མེད་པ་ལྟ་བུ་རེད།འབྲོག་སྡེ་འདིར་ཀམ་ཚང་བཀའ་བརྒྱུད་ཀྱི་དགོན་ཁག་བཞི་དང་འབྲུག་པ་བཀའ་བརྒྱུད་ཀྱི་དགོན་ཁག་གསུམ།ཉེ་འཁོར་དུ་དཔའ་ཤོད་དགོན་ཆེན་དང་སྤོམ་མདའ་དགོན་སོགས་དགེ་ལུགས་པའི་+དགོན་པའང་ཡོད་ལ་ཁོང་ཞུགས་སའི་དགོན་ནི་ཀམ་ཚང་བཀའ་བརྒྱུད་དགོན་པ་ཡིན།སློབ་སྦྱོང་བྱེད་སའི་སྟི་གནས་ཤིག་ལ་སྔར་ནས་འགྲོ་འདོད་ཡོད་ཀྱང་དགོན་བདག་སྤྲུལ་སྐུས་དང་ལེན་མ་གནང་སྟབས་ལོ་ཤས་ལུས།༡༩༩༦ལོར་འཛོ་རྫི་དགོན་དུ་ལོ་གཅིག་དང་ཕྱེ་ཙམ་རིང་སྤྱོད་འཇུག་སོགས་ཀྱི་བཤད་ཁྲིད་མི་ཉུང་བ་ཐོབ་ཡོད་འདུག༡༩༩༨ལོ་མཇུག་ལ་དགོན་བདག་སྤྲུལ་སྐུ་ལ་མ་ཞུས་པར་གསང་སྟབས་ཀྱིས་ཁམས་ཤར་ཕྱོགས་སྡེ་དགེ་རྫོང་གསར་བཤད་གྲྭར་སོང་།དེ་སྐབས་དགོན་པའི་གྲྭ་ཤག་མ་རེག་པར་ཟུར་དུ་ཤིང་ཁང་རླུང་ལྷག་མི་ཁོག་སར་ཨུ་ཚུགས་ཀྱིས་བསྡད་དེ་ཚོགས་ཆོས་འགྲིམས།ལྟོ་ཚད་ལྡན་མེད་ཅིང་ཉལ་ཆས་ཀྱང་མེད་སྟབས་མཁན་པོ་ཕུན་ཚོགས་རྣམ་རྒྱལ་ཞུ་བས་ཁོང་གི་མ་ཡུམ་མའི་ལུག་ལྤགས་ཀྱི་སླག་པ་རྙིང་པ་ཞིག་གནང་འདུགམཐུན་རྐྱེན་ཧ་ཅང་སྐྱོ་བས་གྲང་འབམ་གྱི་ནད་ཡོད་པ་ཇེ་སྡུག་དུ་སོང་ཡང་འཚོ་བའི་མཐུན་རྐྱེན་མེད་སྟབས་ལོ་དེ་གའི་དབྱར་མཚམས་སྐབས་ལག་གཉིས་མཁར་བ་ལ་བརྟེན་ནས་རྒྱུས་མེད་ཀྱི་རི་ལུང་མང་པོ་བརྒལ་ཏེ་སློང་ལ་སོང་བས་མར་དང་སྐྱུ་ར་སོགས་མི་ཉུང་བ་རེག་འདུགདེ་སྐབས་རྫོང་གསར་བློ་གྲོས་ཟེར་བའི་སྨན་པས་སྨན་བཅོས་བྱས་ཏེ་ཅུང་ཟད་དྲག་སྐྱེད་བྱུང་།མུ་མཐུད་སློབ་གཉེར་གནང་།ལོ་གཅིག་དང་ཕྱེད་ཙམ་ལ་ཕ་ཡུལ་དུ་གཉེན་འཕྲད་ལ་ཁྱུག་ཙམ་ཕེབས།ཕྱི་ལོ་༢༠༠༠སྤྱི་ཟླ་༦་ཙམ་དུ་སླར་ཡང་རྗོང་གསར་བཤད་གྲྭར་ཕེབས་ཏེ་སྔར་རྒྱུན་བསྲིངས། ༢༠༠༡ལོར་དགོན་དེའི་བདག་པོ་རྗོང་གསར་མཁྱེན་བརྩེ་རིན་པོ་ཆེ་བོད་དུ་ཕེབས་སྐབས་བརྒལ་བརྟག་ཀྱི་བགྲོ་གླེང་གི་མི་སྣ་རུ་ཁོང་དང་གསེར་གཞུང་བསམ་འགྲུབ་ཞུ་བ་གཉིས་གྲྭ་མང་ནས་གདམས་ཏེ་བགྲོ་གླེང་གནད་དུ་འཁེལ་བ་་གནང་བས་བླ་མ་ཧ་ཅང་གི་ཐུགས་མཉེས་པོ་བྱུང་འདུག དེ་རྗེས་ཙམ་ལ་རྫོང་གསར་དགོན་དུ་མཁན་ཆེན་པདྨ་དམ་ཆོས་མཆོག་གིས་ལམ་འབྲས་ཀྱི་བཀའ་ཁྲིད་གནང་བར་ཞུས། སྤྱིར་ན་སྐུ་གཟུགས་ཐང་པོ་མེད་ཁར་བཤད་གྲྭའི་སྒྲིག་ལམ་ཡང་ཧ་ཅང་དམ་པོ་ཡོད་འདུག་ཀྱང་སློབ་ཚན་ལ་བརྩོན་པ་ལྷོད་མེད་ཐོག་སྒྲིག་ལམ་བརྩི་སྲུང་ཆེ་ཞིང་བློ་རིག་ཧ་ཅང་གི་བཀྲ་བས་སྐབས་དེའི་མཁན་པོ་ལས་ཐོག་པ་ཚེ་བསྟན་ཞུ་བས་ཧ་ཅང་གི་ཐུག་བརྩིས་ཆེན་པོ་གནང་ཡོད་འདུག་ལ་སྒེའུ་ཁུང་ལྕགས་རིའི་ཕྱི་རོལ་དུ་ཁ་ཕྱོགས་པའི་གྲྭ་ཤག་གཉིས་ཡོད་པ་ལས་གཅིག་འདི་དང་གཞན་དེ་གསེར་གཞུང་བསམ་འགྲུབ་ཞུ་བ་བཞུགས་གཅུག་འདུག་ལ་འདིའང་ཆེ་མཐོང་ལྟ་བུ་ཡིན་འདུག ནམ་རྒྱུན་ཁོང་གིས་ཟུར་ཁྲིད་གནང་སའི་སློབ་མ་མང་པོ་ཡོད་འདུག ༢༠༠༢ནང་བསྐྱར་དུ་ཕ་ཡུལ་ལ་ཟླ་ཤས་རིང་བཞུགས་རྗེས་ཕྱིར་བཤད་གྲྭར་ཕེབས་ཏེ་༢༠༠༣གི་ལོ་དཀྱིལ་ཙམ་བར་དུ་སློབ་གཉེར་གྱི་རྒྱུན་མཐུད། དེ་རྗེས་གནས་དོན་གང་ཡིན་གསལ་པོ་མ་ཤེས་ཀྱང་བཤད་གྲྭ་དེ་ནས་ཁ་བྲལ་ཅིང་ལྷོ་ཁ་ལྡིང་པོ་ཆེ་དགོན་པར་སོང་སྟེ་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་འཛིན་པ་མཁན་པོ་བསྟན་པ་རབ་རྒྱས་ཞུ་བ་བསྟེན་ཏེ་དབུ་མའི་བསྟན་བཅོས་ལུང་རིགས་འབྲུག་སྒྲ་དང་བོད་མཁས་པའི་སྙན་ངག་གཉིས་ཀྱི་བཤད་ཁྲིད་ཆ་ཚང་ཞུས་པ་མ་ཟད་གོ་རམས་པའི་གསུང་ཡོངས་འདུས་རབ་གསལ་ལ་དོགས་དཔྱོད་ཞུས།ངག་དབང་ཤེས་རབ་ཞུ་བའི་མདུན་ནས་ཚད་མའི་བསྟན་བཅོས་དབྱང་ཅན་མགྲིན་གླུའི་བཤད་ཁྲིད་ཞུས་ཏེ་ཟླ་ཤས་བཞུགས།དེ་རྗེས་ལྷ་སར་ཟླ་ཤས་རིང་སྨན་བཅོས་གནང་སྟེ་མདོ་སྨད་རེབ་གོང་དུ་ཕེབས་ཤིང་རོང་པོ་དགོན་ཆེན་དུ་ཟུར་བཞུགས་ལྟ་བུ་བསྡད་ཡོད་བཟོ་འདུག་ཀྱང་གནས་ཚུལ་གསལ་པོ་ནི་ནང་མི་དང་སྤུན་མཆེད་ལའང་གསུངས་མེད།༢༠༠༥ཙམ་ལ་ཁམས་ཏྲེ་ཧོར་ནས་བཀའ་བརྒྱུད་བན་རྒན་དགོན་པའི་གནད་ཡོད་མི་སྣ་རྗོང་གསར་བཤད་གྲར་ཕེབས་ཏེ་མཁན་པོ་ཞིག་གནང་རོགས་ཞེས་སྐྱབས་འཇུག་ཞུས་པར་རྫོང་གསར་མཁན་པོས་ཚ་སྒང་བློ་གྲོས་དཔལ་ལྡན་འཚོལ་ན་བཟང་ཚུལ་གྱི་ལམ་སྟོན་འོག་ཁོང་ཚོས་རེབ་གོང་དུ་ཡོད་པ་ཤེས་རྟོགས་བྱུང་རྗེས་དགོན་བདག་དང་ཕྱག་མཛོད་གཉིས་གླང་འཁོར་ཆུང་ཆུང་ཞིག་ཁྲིད་ནས་རེབ་གོང་དུ་ཆེད་དུ་ཕེབས་ཏེ་ཁོང་ཚོའི་དགོན་དུ་མཁན་པོ་ཕེབས་རོགས་ཞུས་ཀྱང་ཁོང་གིས་དང་ལེན་གནང་མི་འདུགའོན་ཀྱང་ཨུ་ཚུགས་ཆེ་སྟབས་ཧ་ཅང་གི་སུན་སྣང་བྱུང་གསུངས། སྐབས་དེ་ནས་དེར་བཞུགས་མ་འདོད་པར་གསང་སྟབས་ཀྱིས་རྔ་པ་ཀིར་ཏི་དགོན་པར་ཕེབས།དེ་སྐབས་གསང་བ་བྱ་དོན་ནི་གོང་བཀོད་ལྟར་གང་ཟག་གཞན་པའི་རེ་བ་དང་ལེན་གནང་མི་ཐུབ་པས་ཡིན།དེ་ནས་བཟུང་སྟེ་ཁོང་གིས་ནང་མི་ལའང་ང་ཨ་མདོར་ཡོད་གསུངས་པ་ཙམ་ལས་གར་ཡོད་གསལ་པོ་གཏན་ནས་གསུངས་མེད།སྐབས་དེར་ང་དང་ཁ་དཔར་བརྒྱུད་ནས་འབྲེལ་བ་ཡང་ཡང་བྱུང་།སྐབས་ཤིག་ལ་ཁོང་ལ་རྩོམ་པོ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་བརྩམས་པའི་ནུབ་ཕྱོགས་འགྲིམས་པའི་གཏམ་དགོས་ཚུལ་གསུངས་ཤིང་བསྐུར་ཡུལ་གྱི་རྐྱེན་པས་ངས་དེ་སྐབས་ཁོང་གར་ཡོད་ཤེས་རྟོགས་བྱུང་ཡང་ནང་མིར་མ་བཤད་གསུངས་བྱུང་།དེ་སྐབས་ཀྱང་ཀིར་ཏིའི་དགོན་དུ་ཟུར་ཞུགས་ལྟ་བུའམ་སྒྲིག་ཁོངས་སུ་ཡོད་མེད་སོགས་ཀྱི་གསལ་ཁ་ཕྲན་ལ་གང་ཡང་མེད།ཉིན་ཞིག་ཁོང་གིས་ངར་ཁ་དཔར་བརྒྱུད་གསུང་རྒྱུར།ང་དེ་རིང་ཀིར་ཏི་དགོན་པའི་དགེ་བཤེས་གྲགས་ཅན་ག་གེ་མོ་ཞིག་དང་བགྲོ་གླེང་བྱས་ཡིན།ངས་ཁོང་ལ་ (ཨ་ལགས་དགེ་བཤེས།དེ་རིང་ངས་རླུང་འཕྲིན་བརྒྱུད་༧གོང་ས་མཆོག་གིས་ཨ་རིའི་མཐོ་རིམ་སློབ་གྲྭ་ཞིག་ཏུ་བཀའ་སློབ་གནང་བ་ཞིག་གོ་བྱུང་།དེ་སྐབས་ཁོང་གིས་མཛོད་གནས་གཉིས་པའི་བསྟན་དོན་དེ་མེད་པ་གསལ་པོ་ཆགས་ཟིན་པས་ང་ཚོས་ཨུ་ཚུགས་བྱས་ན་ལྐུག་པ་རེད།དུས་རབས་ཉེར་གཅིག་ཏུ་ཀུན་མཁྱེན་དབྱིག་གཉེན་བསྐྱར་དུ་ཕེབས་ན་མཛོད་གནས་གཉིས་པ་གསར་རྩོམ་གནང་དགོས་རེད་ཅེས་གསུངས་བྱུང་བས་དེའི་ཐད་ཨ་ལགས་ལ་དགོངས་ཚུལ་ག་རེ་ཡོད།དགེ་བཤེས་ལགས་ཀྱིས།ཁྱོད་ཀྱིས་དེ་ལྟར་མ་བཤད།ཁྱོད་ཀྱིས་དེ་ལྟར་གསུངས་བྱུང་ཟེར་བར་ཡིད་ཆེས་རྒྱུ་ལྟ་ཞོག་ང་རང་གིས་དངོས་སུ་ཐོས་ནའང་ང་རང་ལས་སྣང་མ་དག་པས་དེ་ལྟར་ཐོས་པ་ལས་ཁོང་གིས་དེ་ལྟར་གསུངས་ག་ལ་སྲིད་བསམ་ས་རེད།) ཟེར།ཁོང་གཉིས་བར་གྱི་དྲི་བ་དྲི་ལན་དེ་ང་ལ་ཡ་མཚན་མཚན་གནང་ནས་གསུངས་བྱུང་།གོང་དུ་བཀོད་པ་དེ་ཚིག་ཇི་མ་ཇི་བཞིན་ཡིན་མིན་མ་ཤེས་ཀྱང་དོན་ནི་དེ་ག་རེད་འདུག དེ་སྐབས་དགོན་དུ་ཁོང་ལ་ལྟ་སྟངས་གཏན་ནས་ཡག་པོ་མེད་བཟོ་འདུགཁམས་ཀྱི་མི་འཁྱམ་ལྟ་ལོག་ཅན་དེ་དང་འབྲེལ་བ་མ་བྱེད་མ་གཏོགས་ལོག་ལྟ་སྐྱེ་བའི་ཉེན་ཡོད་ཚུལ་དགེ་བཤེས་དང་སླབ་པ་རྒན་གྲས་འགས་གསུངས་ཚུལ་ཁོང་གིས་ཐོས་འདུགདེ་ནས་གནས་དབྱུང་བཏང་བའམ་རང་དགར་ཐོན་པ་མ་ངེས་ཀྱང་མཛོད་དགེ་དཔེ་མཛོད་ཁང་ཆེན་པོ་ཡོད་ས་དེར་ཕེབས་ཏེ་ཉེ་འགྲམ་གྱི་དུད་ཚང་ཞིག་གི་ཁང་མིག་ཅིག་གླས་ཏེ་ཉིན་ལྟར་དཔེ་མཛོད་ཁང་དུ་དེབ་ཀློག་སར་ཕེབས་ཡོད། ཟླ་འོད་གཞོན་ནུའི་འཁྲི་ཤིང་གི་མགོ་བརྗོད་ཀྱི་རྩོམ་བྱང་དུ་མེ་ཁྱི་ཟླ་བ་གསུམ་པའི་ཚེས་ཉེར་བརྒྱད་ཉིན་ཞེས་གསལ་བར་གཞིགས་ན་༢༠༠༦་ནས་མཛོད་དགེར་ཡོད་འདུག་པས་ཀིར་ཏིའི་དགོན་དུ་རྒྱུན་རིང་བཞུགས་མེད་བཟོ་འདུག ཉིན་ཞིག་ཁ་དཔར་བརྒྱུད་ད་སྐབས་ངས་དགེ་ལུགས་པའི་དབུ་མའི་བསྟན་བཅོས་ཁག་མཇལ་བཞིན་ཡོད་ལ་གོ་བའང་གཏིང་ཟབ་པོ་ལོན་བཞིན་འདུགགསུངས་བྱུང་།དེ་སྔོན་དུས་དེབ་ཁ་ཤས་སུ་ཁོང་གི་རྩོམ་ཡིག་འགའ་བཀོད་ཡོད་འདུག་ཀྱང་ཕྲན་ལ་གཅིག་ཀྱང་ལག་སོན་མ་བྱུང་བས་ཅི་ཞིག་བྲིས་མིན་མ་ཤེས།འོན་ཀྱང་ཁོང་གི་རྩོམ་ཡིག་དྲ་ཐོག་ཏུ་༢༠༠༧་༨་༨ཉིན་ཚ་བ་སྒང་པའི་འབྲོག་ཁྱིམ་ཟེར་བའི་ཟིན་བྲིས་ནང་དུ་ཐོག་མར་བཀོད་ཡོད། དེ་ཡང་མགོ་བརྗོད་དུ། རྒྱ་གར་ཡུལ་ལ་རྔམ་སྟོན་བྱེད་པའི་དུས།རྒྱ་ནག་ཡུལ་ལ་དགའ་སྟོན་བྱེད་པའི་དུས།ཚ་བ་མདའ་སྨྱུག་བཤམ་སྟོན་བྱེད་པའི་དུས།ཞེས་བཀོད་ཡོད་ལ་དེ་རྒྱལ་སྤྱིའི་ཨོ་རྩལ་རྒྱ་ནག་ཏུ་མ་འཚོགས་པའི་ལོ་གཅིག་གི་སྔོ་ཏག་ཏག་ཡིན། དེ་ནས་བཟུང་སྟེ་༢༠༠༨་སྤྱི་ཟླ་༣་པའི་སྤྱི་ཚེས་༢༧་བར་དུ་ང་ལ་འབྲེལ་བ་ཡོད་པས་ཁོང་མཛོད་དགེ་རུ་ཡོད་པ་གསལ་ཡང་དེ་ནས་བཟུང་སྟེ་བོར་ཟིན་པས་ད་བར་གསོན་པའི་མི་དང་ཤི་བའི་རོ་གང་ཡང་སུ་ཞིག་གིས་འུད་སྒྲོག་ཙམ་ལས་མཐོང་ཐོས་མེད།ཉེ་སྔོན་ནོར་ཝེ་བོད་སྐད་རླུང་འཕྲིན་ཁང་དང་བོད་ཀྱི་བང་ཆེན་སོགས་སུ་གངས་ལྗོངས་མཁས་པའི་བགྲོ་གླེང་དུ་མདའ་སྨྱུག་ལ་མགྲོན་ཤོག་བཏང་ཚུལ་བཤད་པར་འབྲེལ་ཡོད་ལ་ཞིབ་འདྲི་བྱས་སྐབས་མི་ག་གེ་མོས་ཟེར་ཟེར་བ་ཙམ་ལས་ཁུང་དང་རྒྱུ་མཚན་གང་ཡང་མི་འདུག དེ་ཡན་མདའ་སྨྱུག་གི་ངོ་སྤྲོད་མདོར་བསྡུས་ཤིག་བྲིས་ཟིན་ནས་ཞར་བྱུང་དུ་གསལ་བཤད་མདོར་བསྡུས་ཤིག་ལ། ལ་ལས་ཁོ་ཨ་མདོ་བ་ཞིག་ཡིན་པས་བོད་ཡུལ་ཆོལ་ཁ་གསུམ་ཞེས་པར་ཁམས་དང་དབུས་གཙང་ལ་སྨད་ཅིང་མདོ་སྨད་ལ་བསྟོད་པར་བཤད་པ་ལྟ་བུ་ཁོ་ཕ་ཡུལ་གང་ཡིན་མ་དགོངས་པ་ལྟ་བུ་དང་།ཡིག་འབྲེལ་ཙམ་བྱུང་མྱོང་ཡོད་མེད་གསལ་པོ་མ་ཤེས་ཀྱང་ཁོང་དང་རྩོམ་པ་པོ་ཞོགས་དུང་བར་གཏན་ནས་ཐུག་འཕྲད་བྱུང་མྱོང་མེད་ཀྱང་བདག་དཔེ་ཚོགས་རྩོམ་སྒྲིག་ཁང་དུ་ཞུགས་ཏེ་ཞོགས་དུང་གི་འཁོར་ལྟ་བུ་གནས་ཡོད་ཚུལ་གྱི་ཁུང་མེད་འུད་སྒྲོག་དང་།རྔུལ་ཆུའི་དཔའ་བོས་ཀུན་སློང་འདྲ་མིན་བཞི་ལས་བྱུང་བ་ཡིན་པར་ཤེས་ཞེས་པར་མཁས་འདོད་དང་གྲགས་འདོད་མ་ཡིན་པ་ང་དོ་བདག་དང་ཆ་རྒྱུས་ཆེ་བས་བཤད་ཐུབ་སྙམ་ལ་གཉིས་པ་དང་འབྲེལ་བ་ཡོད་ཤས་ཆེ་ཡང་རྔུལ་ཆུའི་དཔའ་བོས་འགྲེལ་ཚུལ་དང་མཐུན་མིན་མི་ཤེས།སྤྱི་ཚོགས་ཀྱི་ཁྲོད་ནས་མ་ཡལ་བར་དུ་ཁོ་ནི་གང་ཐུབ་ཀྱིས་ཚུལ་ཁྲིམས་སྲུང་མཁན་ཞིག་ཡིན་པས་སྐྱོན་གསུམ་པའང་གནས་དཀའ་ལ་དེ་བཞིན་རིག་གནས་གཞན་ལས་ནང་རིག་ལ་སྦྱང་པ་ཆེ་བས་སྐྱོན་བཞི་པ་ཟུག་ཐབས་མེད་པར་སེམས།འོན་ཀྱང་འདི་གསལ་བཤད་ཙམ་ལས་རྔུལ་ཆུའི་དཔའ་བོ་ལགས་ལ་དགག་པ་ལྟ་བུ་གཏན་ནས་མིན། ལ་ལས་ཨ་ཞང་ཚང་ལ་བསྙེས་ཡོད་ཚུལ་བཤད་པ་ནི་དངོས་ཡོད་གནས་ཚུལ་གཏན་ནས་མིན་སྟེ་མི་རིགས་འདིའི་མདུན་ལམ་གྱི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་མཁན་ཞིག་ཡིན་ལ་ཁོང་གི་རྩོམ་ཡིག་འདི་དག་ལ་བརྟེན་ནས་སྤྱི་ཚོགས་ཧྲིལ་པོ་དང་ཁ་བྲལ་དགོས་པ་ཁོང་གིས་སྔ་ས་ནས་ཤེས་ཀྱང་དཀའ་སྡུག་མང་པོའི་ཁྲོད་ནས་དང་དུ་བླངས་པ་ཡིན་པ་ནི་ཕྲན་གྱིས་རྩོམ་པ་པོའི་སེམས་ཁམས་ལ་ཆ་རྒྱུས་ཡོད་པའི་སྒོ་ནས་བཤད་ཐུབ།དེ་མིན་ཁོང་དགོན་པ་ག་གེ་མོ་ཞིག་ཏུ་མཁན་པོའི་མཚན་གནས་ཐོག་ནས་བདེ་བར་བཞུགས་ཏེ་ཕྱོགས་དང་མཐའ་ནས་འཁོར་བརྒྱ་སྟོང་མང་པོ་འཁོར་ཐུབ་པའི་ནུས་པ་ཆ་ཚང་བ་ཞིག་ཡོད་ཀྱང་ལམ་ཁ་འདི་འདྲ་བ་ཞིག་བདམས་པ་ནི་ཁོང་གི་བློས་གཏོང་ཡིན། འོན་ཀྱང་ཐབས་ལ་མཁས་མིན་དང་གངས་ཅན་པའི་མདུན་ལམ་ལ་ཕན་གནོད་གང་བཟོས་བཟུར་གནས་བློ་ལྡན་རྣམ་པས་དཔྱད་རོགས་གནང་། བསྐྱར་བཤད་ཞུ་རྒྱུར། ཆད་ལྷག་མང་པོ་ཡོད་ངེས་པས་རྒྱུས་ཡོད་མི་སྣས་ལམ་སྟོན་དང་གསལ་བཤད་གནང་རོགས།ཁ་མ་གསལ་བ་དང་དོགས་གཞི་རིགས་ཡོད་ན་བཀའ་འདྲི་གནང་རོགས་དང་གང་ཤེས་གསལ་བཤད་ཞུ་ཆོག བཀྲིས་བདེ་ལེགས། ཁོང་གི་སྤུན་མཆེད་ཉི་མ་དབང་ཕྱུག་གིས་བྲིས་པའིརྩོམ་ཐུང་འདི་ཟུར་འགོད་ཞུ་རྒྱུ་ཡིན། བློ་གྲོས་དཔལ་ལྡན་ལགས་ནི་དགོང་ལོ་བཅུ་བདུན་བཅོ་བརྒྱད་ཡས་མས་སྐོར་ལ་རང་དགོན་དུ་སྒྲུབ་ཆེན་ལྟ་བུ་རྒྱུན་ཚོགས་སྐབས་སུ་ཡང་ཕྱི་ཚུལ་གྱི་རྔ་བརྡུང་རོལ་མོ་སོགས་ཆོག་གའི་གོ་རིམ་ཙམ་ལ་མགོ་བོ་མི་འཁོར་བར་ནང་དོན་དགོས་པ་རྒྱུ་མཚན་ལོ་རྒྱུས་མཛད་བྱང་སོགས་གོ་བ་གཏིང་ཟབ་ལེན་པ་དཔེར་ན་གསང་སྔགས་ཀྱི་ཆོ་ག་འགའ་ཤས་ཀྱི་མགོར་ཧཱོུཾཿགསུམ་རེ་ཡོད་པ་རྣམས་ལ་མཛུབ་མོ་གཙུག་སྟེ་ད་འདི་ཚོ་ལ་ཅི་བསམ་དགོས་རེད་ཧཱོུཾཿདང་པོ་འདིའི་བསྟན་དོན་ག་རེ་རེད་གཉིས་པ་འདིའི་ཅི་ཟེར་བ་རེད་ཟེར་བས། ངས་དེ་ཚོ་ལ་དོན་དག་ཆེན་པོ་འདྲ་ལོས་ཡོད་མ་གཏོག་རེ་རེ་བཞིན་ཅི་ཟེར་བ་ཡིན་ཤེས་ཀྱི་མེད་ཟེར་བས་༡(ཨོ་གནའ་སྡིག་)ཁྱེད་ཚོ་སྐྱིད་པ་ལ་དག་སྣང་དེ་འདྲ་ཆེ་བ་ལ། ངས་ཆོ་ག་འདི་ཚོ་ད་ནི་འདོན་ཤེས་ས་མི་འདུག་གཞན་གྱི་ལད་མོ་རྐྱང་རྐྱང་བྱེད་ནས་མུན་ནག་ནང་ལག་མྱུག་བྱེད་པ་ནང་བཞིན་བྱས་ནས་འདུག་དགོས་ན་མི་ཚེ་༢(རེ་བ་སྡུག་སྡིག་པ་ཁུར་)འགྲོ་ས་མ་རེད། ད་ནི་ང་རང་གིས་ང་རང་ལ་ཆོས་ཟེར་རྒྱུ་དེ་འདི་དང་འདི་ལྟ་བུ་རེད་འདུག་སྙམ་པའི་སྒྲོ་འདོག་ཆོད་སའི་གྲྭ་ས་ཞིག་ཏུ་འགྲོ་ནས་རིག་གནས་ལ་སྦྱང་བརྩོན་ཞིག་དང་། ཡང་ན་སྒོམ་པ་ཉམས་སུ་ལེན་རྒྱུ་འདི་ཡིན་ཞེས་༣(སངས་རྒྱས་ལག་གཏད)་བྱེད་མི་ཞིག་དང་མ་འཕྲད་བར་དུ་ད་ང་ཁ་རོག་མི་འདུག་སེམས་ཐག་ཡིན་ཟེར་བ་སོཌ་རྣམ་དཔྱོད་གཞན་དང་མི་འདྲ་བ་ཆུང་དུས་ནས་ལྷན་སྐྱེས་སུ་ཡོད་པ་མ་ཟད་སྙིང་སྟོབས་ཀྱང་དེ་མཚུངས་ལྡན། དེ་ནས་༡༩༩༢ཡས་མས་ནས་བཟུང་གོ་དྲུག་གོ་བདུན་བར་དུ་ཡག་དགོན་དང་མཛོ་རྩེ་དགོན་བཅས་ལ་སྡོམ་གསུམ་དང་སྤྱོད་འཇུག་འདྲ་གསན་ནས་འགོར་སོང་། དེ་རྗེས་གློ་བུར་དུ་ཕྱོག་གཞན་དུ་འགྲོ་བའི་སེམས་ཐག་བཅད་ནས་འགྲོ་བར་རྩོམ་ཚེ་ངས་གཤོལ་མ་མང་དག་གཅིག་བཏབ་པ་ཡིན།རྒྱུ་མཚན་ནི་༤(སྤུན་ཟླ་ཆེ་བ་)ཡང་དགོན་པར་མཉམ་དུ་སྡོད་པའི་གོ་སྐབས་རེག་མ་བྱུང་ད་ཡང་ཁོ་རང་གཞན་དུ་སོང་ན་ང་རང་གཅིག་པུ་ལུས་པའི་ཚོར་སྣང་འདྲ་ཞིག་གིས་སེམས་དེ་ཏག་ཏག་བསྡད་མ་བྱུང་བས་ངས་ནན་གྱིས་ཞུས་ཀྱང་ཁོང་གིས་གསུང་དོན་ལ།ང་རང་སྤུན་ཟླ་གཉིས་པོ་ད་སྔོན་ཡན་ཆད་ངའི་ནང་མི་དང་ཅུང་ཟད་ཙམ་ཡང་ཁྱད་པར་མེད་པའི་མཛའ་མཐུན་དང་ཡིད་ཆེས་བློ་གཏད་མཐུན་སྦྱོར་དཔེ་མི་སྲིད་པ་ཡོད་བཀའ་དྲིན་ཆེ་ངས་དུས་ནམ་ཡང་བརྗེད་མི་སྲིད་། ད་རེས་ང་ལ་གཤོལ་མ་དེ་༥(ཉན་ཕན་ཨུ་རུ་ཐོག་ལེ་མེད་)ཟེར་ནས་མཛུབ་མོ་གནམ་དུ་གཙུག་ཞོར་ཐོད་ཅིག་གཏུག་ནས་མིག་མཐར་མཆི་མ་འཁོར་བཞིན་ཁོང་རང་ངོས་ནས་སེམས་ཐག་བཅད་བྱུང་བས་ངར་ཅི་བྱ་བྲལ་སྟེ་ང་རང་ལ་དངུལ་ཉུང་ཤས་མ་གཏོགས་མེད་པ་དེ་ཁོ་རང་ལ་སྤྲད་ནས་འདི་ཁྱེད་རང་གིས་ལམ་བར་ཇ་གསོལ་ས་བྱེད་རོགས་ཞུས་པས་ཁོང་གིས་ལེན་དཀའ་ཙམ་བྱུང་། དེ་ནས་ཉིན་ཤས་རྗེས་ཁྱིམ་དུ་ཡར་སོང་ནས་བྱ་སྤུ་སྟོད་གཡོག་དང་སྨད་འདུང་སྐེད་བཀྲིས་སོགས་བཟོས་ནས་ད་ང་རང་རྫོང་གསར་དགོན་དུ་སྒྲིག་ཁྲིམས་ཡག་པོ་ཡོད་སྐད་འདུག་པས་དེར་ཨི་འགྲོ་ཚོད་མེད་མ་གཞི་ཏན་ཏན་རང་མེད་ཟེར་ནས་གྲོ་ཆས་ཅུང་ཟད་ཁུར་ནས་དེ་དུས་རླང་འཁོར་སོགས་སྟབས་བདེ་པོ་མེད་ཀྱང་ཁོ་རང་གཅིག་པུ་ལམ་དུ་ཆས་སོང་། དུས་དེ་ནས་བཟུང་ང་ཡི་མིག་ཡ་གཅིག་གཞན་དུ་ཤོར་སོང་ངོ་།ཡུལ་སྐད་ཁག་ཅིག་ལ་ཟུར་མཆན། ༡ ཨོ་སྡིག་པ་ཁུར་ཟེར་བ་དང་དོན་འདྲ། ༢ མནའ་སྐྱེལ་བའི་དོན། ༣ སངས་རྒྱས་ཀྱི་གོ་འཕང་ལག་ཏུ་གཏད་པའི་དོན། ༤སྔོན་ཁོང་གི་སྤུན་ཆེ་བ་ཞིག་དགོན་འདིར་ཆོས་ཞུགས་བྱས་ཀྱང་རྗེས་སུ་སྐྱ་སར་བབས་པ་དེར་གོ ༥(ཉན་ཐུབ་ས་མ་རེད་ཟེར་ནས་གནའ་སྐྱེལ་བའི་དོན)
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=198
དཔྱད་མཆན་སྤེལ།