དོན་གྲུབ་ཚེ་བརྟན། (སེང་སྨྱོན། མཚོ་ལྷོ)

                     ༡

  ཨ་མྱེས་དང་ཨ་ཕ་བསོད་རྡོ་གཉིས་ནི་ཉི་མ་ལྷ་སར་མཆོད་མཇལ་དུ་ཕེབས་པའི་དབུས་གྲོགས་དང་ཚེ་གང་གི་མནའ་ཆད་བོར་བའི་མནའ་གྲོགས་ཡིན་པ་ཡུལ་ཚོ་གཉིས་ཀས་མི་ཤེས་མཁན་ཞིག་ཕལ་ཆེར་ཡོད་མི་སྲིད་ལ།ངའི་ཨ་མྱེས་འདས་གྲོངས་སུ་ཕྱིན་ནས་ལོ་འདི་འདྲ་མང་བོ་ཞིག་འགོར་བའི་ནང་དུ་ཨ་ཕ་བསོད་རྡོའི་གཟུགས་པོ་དེ་བས་ཀྱང་རིད་ཅིང་འཁོགས་པར་གྱུར་ནའང་བེམ་པོ་བྱ་ལ་སྟོར་རྒྱུའི་ལས་ཀ་འདི་རྒྱུན་ཆད་དུ་མ་བཅུག་པར་ད་ལྟའི་བར་དུ་རྒྱུན་བསྐྱངས་པ་ལ་དམངས་འཚོའི་བྱ་བ་འགན་ལེན་ཁང་གིས་ཁོང་ལ་གཟེངས་བསྟོད་དཔང་ཡིག་ཅིག་གནང་རྒྱུ་ཁས་འཆེས་ཤིང་དེ་མིན་ཁོང་གི་འཚོ་འཚིས་ལའང་གཟིགས་སྐྱོང་གང་ལེགས་ཡོང་ཐབས་བྱ་རྒྱུ་ཡིན་པའི་རྣམ་འགྱུར་བསྟན་པར་ངའི་བྲང་ཁོག་ཏུ་ཧ་ཅང་ཟུག་གཟེར་དྲགས་པོ་ཞིག་ལངས་ཤིང་ཁོང་གི་མི་ཚེ་འདིའི་འཕེལ་འགྲིབ་ལ་གདུང་སེམས་མཉམ་བསྐྱེད་ཅིག་ཀྱང་ཡོང་བཟོ་ཞིག་འདུག

  རྒྱའི་གྲོང་ནས་བོད་ཁུལ་དུ་ལྗོངས་རྒྱུ་བསྐོར་བར་ཕྱག་ཕེབས་པའི་རྒྱ་མི་ཞིག་གིས་ཨ་ཕ་བསོད་རྡོས་བེམ་རོ་གསིལ་ཏེ་བྱ་ལ་སྟོར་བཞིན་པ་བརྙན་གཟུགས་སུ་ཕབ་སྟེ་དྲ་ལམ་དུ་བཏང་བ་ནས་བཟུང་།བོད་ཁུལ་གྱི་བྱ་སྟོར་ལ་རྒྱལ་ཁབ་ཕྱི་ནང་ཡོངས་ནས་དོ་སྣང་བྱས་ཤིང་གསར་ཤོག་འབྲི་མཁན་དང་བརྙན་རིམ་ལེ་ཚན་གྱི་མདོ་འཛིན་པ་མང་བོ་ཧོར་ཚང་ཡུལ་ཚོར་མ་བོས་མགྲོན་པོའི་ཚུལ་དུ་ཨ་ཕ་བསོད་རྡོར་དོགས་འདྲི་ལན་གྲངས་སུ་ཞུ་བཞིན་འདུག་པ་དེས་ད་གཟོད་ཧོར་ཚང་ཡུལ་ཚོའི་གཞུང་ཞབས་པ་ཚོར་ཡང་བསོད་རྡོ་ཟེར་བའི་རྒན་པོ་ཞིག་ངོ་ཤེས་སུ་བཅུག་པ་རེད།ཧོར་ཚང་ཡུལ་ཚོའི་གཞུང་ཞབས་པ་དག་གིས་དུད་ཐོ་དང་སྒེར་བའི་གནས་ཚུལ་ཆ་ཚང་རྒྱུས་ལོན་བྱས་པ་ལྟར་ན།  བསོད་རྡོ་ནི་སྤྱི་ལོ༡༩༦༦ལོར་ཧོར་ཚང་སྨད་པ་ནས་སྐྱེས་ཤིང་།ཁྱིམ་ཚང་གི་འཁོས་ཀ་ཞན་ཆེ་བས་ཆུང་ངུའི་དུས་ནས་ཆོས་སྒོར་ཞུགས་ཤིང་།བླ་མ་རྒྱ་ཞང་གི་ཞབས་འབྲིང་དུ་ལོ་མང་བོར་བསྡད་རྗེས།བླ་མས་ཧོར་ཚང་དུར་ཁྲོད་དུ་བྱ་སྟོར་གྱི་འགྲོ་དོན་ཡོང་བར་ཤོག་ཅིག་ཅེས་བཀའ་ཐེབས་པ་ནས་བཟུང་དགོན་པ་ནས་ཕྱིར་ཧོར་ཚང་དུ་ལོག་སྟེ་ཁྱིམ་ཐུབ་བཟུང་ཞིང་ཧོར་ཚང་དུར་ཁྲོད་ཀྱི་བྱ་སྟོར་ལས་མཁན་དུ་གྱུར།ཁོས་ལོ་བཞི་བཅུའི་ནང་དུ་བེམ་རོ་ཆིག་སྟོང་ལྷག་གསིལ་འདུག་པ་གྲངས་ཀ་ཡང་འདའ་འགོངས་ཆེར་མེད་པ་ཞིག་ཞིབ་ཏུ་བརྩད་གཅོད་གནང་འདུག་པར།གོང་རིམ་ནས་ཐད་ཀར་དམངས་འཚོའི་བྱ་བ་འགན་ལེན་གནང་སའི་ལས་ཁུངས་སུ་གནས་ཚུལ་འདྲི་རྟོགས་ཡན་གར་བ་ཞིག་བྱས་རྗེས་ལས་མི་ང་དང་ལས་གྲོགས་ཧྥང་ངེད་གཉིས་ཧོར་ཚང་ཡུལ་ཚོ་ལ་དཔོན་ཁག་གི་ཚབ་མར་ཨ་ཕ་བསོད་རྡོར་ཁམས་འདྲི་ཞུ་རུ་བཏང་སོང་།དེ་ནི་ང་ལས་ཀ་འདིར་ཞུགས་ནས་ཟླ་གཉིས་ལྷག་ཕྱིན་པའི་དུས་ཚོད་ཅིག་ཏུ་ཁེལ།

    ལས་གྲོགས་ཧྥང་དང་ངེད་གཉིས་ཀྱིས་ཨ་ཕ་བསོད་རྡོས་ལོ་འདི་འདྲ་མང་བོ་ཞིག་ལ་གྲག་མེད་འགུལ་མེད་ངང་མི་དམངས་ཀྱི་བྱ་དོན་ཕངས་མེད་དུ་བསྒྲུབས་པ་ལ་གོང་རིམ་ནས་གནང་བའི་གཟེངས་བསྟོད་དཔང་ཡིག་ཁ་གང་གྲུ་བཞི་མ་དེ་དང་འགྲོ་གྲོན་ལས་ཁུངས་ནས་ཁག་འཁུར་བྱས་པའི་ལྕགས་ཀྲིན་དང་ཤེལ་ཀྲིན་གང་རུང་ཏུ་བླུགས་པའི་བཟའ་ཆས་ཀྱི་རིགས་སོག་སོག་པོ་ཞིག་མོ་ཊར་ཉར་རྗེས་ཧོར་ཚང་ཡུལ་ཚོའི་ཕྱོགས་སུ་ཆས་པ་ན།ངའི་ཡ་ཆུང་ཁོག་ཏུ་ཅི་ཞིག་གིས་མནན་ཡོད་པ་བཞིན་དུ་ཧ་ཅང་ཐེག་དཀའ་བར་སྣང་བ་དང་མགོ་ཡུ་འཁོར་ཞིང་ལུས་པོའི་མགོ་སུག་ཀུན་ལ་ཚ་རྒྱས་འདྲའི་མི་བདེ་ཚུལ་ཞིག་བྱུང་བར་ངེད་གཉིས་ཧོར་ཚང་ཡུལ་ཚོར་བསླེབས་སུ་ཉེ་བ་ན་ང་རང་རྐང་ཐང་དུ་བསྐྱོད་རྒྱུར་རེ་ཞུ་ཞུས་པ་ཡིན།ཅིས་ཀྱང་རྐང་ཐང་དུ་བསྐྱོད་རྒྱུའི་རེ་ཞུ་ནན་དུ་ཞུས་པར་ལས་གྲོགས་ཧྥང་གིས་མོ་ཊ་གཞོགས་སུ་བསྒགས་ནས་གཞུག་སྒམ་ལས་ཅ་ལག་བསྣམས་ཏེ་ངའི་རྗེས་འདེད་ཅི་ཐུབ་བྱེད།

      ངེད་གཉིས་ཀྱིས་གཞུང་ལམ་དང་དྲང་འཕྱང་དུ་འཐེན་པའི་ལམ་ཕྲན་ལ་ཞུགས་པ་ན་ལམ་ཕྲན་ནེམ་ཞིང་བརླན་པས་ན་ངེད་གཉིས་སྐབས་རེར་དུས་མཉམ་པོར་ཕྱོགས་གཅིག་ཏུ་ཡོ་ནས་ཐང་ལ་མི་བརྡབ་ཐབས་ཤིག་བྱས་ཡོང་ལ།ངེད་གཉིས་མི་མཐུད་དུ་ལམ་སྣེ་ག་ལ་བར་ཕྱིན་པར་ལོ་མང་བོ་ཞིག་ལ་རྐང་བས་འགུལ་བསྐྱོད་མ་བྱས་པའི་ངེད་གཉིས་ནི་དབུགས་ཧད་པ་དང་རྔུལ་ཆུ་ཤམ་ཤམ་དུ་འཛར་བར་བྱེད།ངས་ལག་པ་གཉིས་ཀས་གཟི་བརྗིད་དཔངས་ཡིག་གྲུ་བཞི་མ་དེ་པང་ནས་སྤོ་ཐོ་མང་བའི་ལམ་ཕྲན་དེར་ཞུགས་ཅི་ཐབས་བྱས།གདོང་ལར་གཏད་ནས་འཛེགས་དུས་སུ་དཔང་ཡིག་ཤིང་བྱས་མ་དེ་ཡང་ཧ་ཅང་ལྗིད་སྣང་ཞིག་ཆེ་བ་དང་ཡིད་ལ་ཨ་མྱེས་འདས་པོ་དང་ངེད་གཉིས་ཐེངས་མང་བོ་ཞིག་ལ་ལམ་ཕྲན་སྐན་གཟར་བ་འདི་རང་བརྒྱུད་ནས་ཧོར་ཚང་ཡུལ་ཚོར་སོང་བ་དྲན་ཞིང་སོང་ཐེངས་རེ་རེར་ཁོང་འཛུམ་དམུལ་ལེར་བསུ་རུ་ཡོང་མཁན་གྱི་ཨ་ཕ་བསོད་རྡོ་དྲན་ཡོང་།

                              ༢

      ད་སྐབས་ཕྱིར་འདང་ཞིག་བརྒྱབ་ན་དྲན་པ་ཡོད་ཚད་ལོ་བཅོ་ལྔའི་སྔོན་ལ་གཏུག་དགོས་པ་འདྲ།ལོ་བཅོ་ལྔའི་སྔོན་ཞིག་ཏུ།མི་མང་བོས་བཤད་ན་ང་ནི་ཨ་ཕ་བསོད་རྡོའི་ཨ་མ་རེད་ཟེར།སྐབས་དེར་ངས་ང་རང་ཨ་ཕ་བསོད་རྡོའི་ཨ་མ་ཡིན་པའི་ངེས་ཆ་ཅི་ཡང་རྙེད་མེད་ནའང་།སྐད་ཆ་དེ་ཧོར་ཚང་ཡུལ་ཚོར་ཁྱབ་པ་དང་མཐུད་དེ་ངེད་ཚོའི་ཡུལ་ཚོར་ཡང་གྲགས་སོང་།དེ་ནས་བཟུང་ཨ་ཕ་བསོད་རྡོས་ཀྱང་དེའི་ཚུལ་གྱི་རྣམ་འགྱུར་བསྟན་ཏེ་ང་ལ་བྱི་རིལ་དང་རྩེད་ཆས་ཉོ་བ་དང་ང་ཁྲིད་ནས་འགྲོ་དུས་སུ་ཡུལ་ཚོའི་མི་གཞན་དང་ཕྲད་ཙར་འདི་ངའི་ཨ་མའི་རྣམ་ཤེས་རེད་ཅེས་འཛུམ་དམུལ་དམུལ་གྱིས་བཤད་ཀྱིན་འདུགཁོས་བཤད་དོན་མི་གཞན་དང་མི་མཚུངས་ས་ཞིག་ཡོད་པ་ནི་ང་ཁོའི་ཨ་མ་ཙམ་མིན་པར་དེའི་ཉིང་མཚམས་སུ་ཡང་རྣམ་ཤེས་ཞེས་པ་ཞིག་ཀྱང་ཡོད་པ་དེ་རེད།

 ཧོར་ཚང་ཡུལ་ཚོར་མི་གྲགས་རྟ་གྲགས་ཤིག་ཡོད་པ་ཡང་ཨ་ཕ་བསོད་རྡོ་ཡིན་ཞེས་ཀུན་གྱིས་སྨྲ་ལ།ཨ་ཕ་བསོད་རྡོ་ནི་ངའི་ཨ་ཕ་མིན་ཡང་ཨ་ཕ་ཞིག་གི་ཚད་ཀྱི་ང་ལ་གཅེས།ཨ་ཕ་བསོད་རྡོ་བཤད་ན་མི་ཀུན་པོས་གླེང་ཕྱོགས་གཅིག་ཏུ་འབེབས་ཆ་བ་ཞིག་མིན།ལ་ལས་ཤུབ་བུར་བཤད་རྒྱུར་བསོད་རྡོ་ནི་བེམ་པོ་གསིལ་རྒྱུར་ཉམ་ང་བག་ཚ་མེད་པ་ཞིག་ཡིན་པ་མ་ཟད་ཐ་ན་རང་གི་ཨ་མའི་བེམ་རོ་ཡང་ལྷུ་ལྷུ་སར་ཕྲལ་སོང་ཟེར་ལ།ཡང་ལ་ལས་བསོད་རྡོ་དང་བླ་མ་རྒྱ་ཞང་གི་དགོངས་པ་གཅིག་ཐོག་ཏུ་བཞེས་ཡོད་པས་ཁོ་ནི་མི་རང་ག་བ་ཞིག་མིན་ལ་རོ་གསིལ་རྒྱུ་ཡང་ཚོགས་གསོག་མཆོད་བསྟོད་ཀྱི་བྱ་བ་ཞིག་ཅི་ལ་མིན་ཨང་ཟེར།ཡང་མི་ལ་ལས་བསོད་རྡོ་ལྟ་བུ་ཞིག་ཡུལ་ཚོར་འདིར་དཀོན་ལ་རྗེས་ཕྱོགས་ཀྱང་འབྱུང་བར་དཀའ་ཟེར།ཡང་ལ་ལས་བསོད་རྡོ་ཚང་གི་མནོལ་གྲིབ་ཕོག་ཉེན་ཆེ་ཞེས་རང་གི་བྱིས་པ་དང་ཉེ་དུའི་ཚོགས་རུ་ཉུལ་དུ་གཏོང་བར་མི་བྱེད།

  ང་རང་ལོ་ན་ཆུང་དུས་ཨ་མྱེས་དང་བསྡེབས་ཏེ་ཧོར་ཚང་ཡུལ་ཚོར་འགྲོ་རྒྱུར་ཧ་ཅང་དགའ།ཧོར་ཚང་ཡུལ་ཚོར་ཕྱོགས་པའི་ལམ་སྣེར་ཐོན་ཐེངས་རེར་ངའི་དྲན་ངོགས་སུ་འཁྱུག་ཅིང་རྩེན་པ་ནི་ཨ་ཕ་བསོད་རྡོ་སྟངས་དཔྱལ་གྱི་གདོང་གི་བག་དཐོ་བའི་འཛུམདངས་དེ་ཁོ་ན་ཡིན་པ་འདྲ།སྐབས་དེར་ངའི་ཨ་མྱེས་ཤང་སྲིད་གཞུང་ནས་མངགས་པའི་ཟོག་རིགས་ཀྱི་སྨན་པ་ཐོག་མའི་གྲས་སུ་ཚུད་པ་ནས་བཟུང་།ཨ་མྱེས་ཧོར་ཚང་ཡུལ་ཚོར་ཟོག་ནད་སྔོན་འགོག་གི་ཡིག་ཆ་བཀྲམ་གཏོང་དང་སྨན་སྦྱིན་དུ་འགྲོ་ཐེངས་རེར་ང་རང་ཁྱིམ་ནས་བཙན་གྱིས་ཤོར་བའམ་ཁ་རོག་གེར་རྗེས་སུ་བྲོས་ཏེ་ཧོར་ཚང་ཡུལ་ཚོར་ཐེངས་མང་བསླེབས་མྱོང་།

   ང་རང་ཧོར་ཚང་ཡུལ་ཚོར་བསླེབས་ཐེངས་རེར་ཨ་ཕ་བསོད་རྡོས་རྟག་པར་པང་སྟེ་ཁྱིམ་ནང་མགྲོན་དུ་འཁྲིད་རྐྱང་བྱེད་པ་དང་ཁོ་རང་ཁྱིམ་དུ་མེད་དུས་ཁོང་གི་སྐུ་ཟླ་བཀྲ་མཚོ་ལེན་དུ་ཡོང་ཁོ་ཐག་ཡིན་པས་དེང་ཐོག་ཨ་མ་གཙོས་པའི་ནང་ཚགས་དག་གིས་ང་རང་ཧོར་ཚང་དུ་མི་གཏོང་རྒྱུ་བྱས་ནའང་ཨ་མྱེས་གད་མོ་དགོད་ཞོར་དུ་བུ་སྟག་ལོ་བ་ཞིག་ལ་གང་གིས་ཀྱང་གནོད་མི་ཚུགས་པ་ཡིན་ཞེས་སྣང་མེད་བྱས་པ་དེས་རྐྱེན་པས་ནང་ཚགས་ཀྱིས་བཤོལ་བཏབ་པའང་རང་ཡལ་དུ་གྱུར།

  ཧོར་ཚང་ཡུལ་ཚོ་ནི་གཟས་ཀར་བསྟུན་ནས་རུ་སྤོ་བའི་འབྲོག་ཁྱིམ་དུ་མས་གྲུབ་ནའང་།གོང་རིམ་གྱི་ཐུགས་ཁུར་དང་ཐེ་ཇུས་འོག་ཕྱུག་ར་བསྐོར་ཏེ་གཟན་ཆས་སྤྲོད་པ་དང་དེ་བས་ཀྱང་མི་དམངས་ཀྱི་འཚོ་བའི་སྟབས་ཇེ་བདེར་གཏོང་ཆེད་རྩྭ་ཐང་བསྡོགས་ནས་ལུང་གཤོང་ཅིག་ཏུ་རུ་བ་གཏན་ཕབ་བྱས་པ་རེད།  དབྱར་དགུན་སྟོན་དཔྱིད་གང་ལ་རུ་སྤོ་མི་དགོས་པ་དེ་ཐོག་དང་བོར་ང་ལ་ངོམས་སོ་བྱེད་མཁན་ཧོར་ཚང་ཡུལ་ཚོའི་རྩེད་གྲོགས་སྣབས་འབྱར་ཚོ་ཡིན་ཏེ།ཁོ་ཚོས་བཤད་ན་ཧོར་ཚང་ཡུལ་ཚོ་གཞི་གཅིག་ཏུ་གནས་བཅོས་པ་ནས་བཟུང་ཡུལ་ཚོ་འདིར་རྩེད་ཆས་ཌ་མ་རི་དང་མེ་མདའ་དང་མོ་ཊ་སོགས་འཚོང་མཁན་མང་དུ་བསླེབས་ཀྱི་ཡོད།ཁྱོད་ཚོའི་ཡུལ་ཚོ་ནི་གནས་ངེས་མེད་དུ་ལྡོམ་བུར་འགྲོ་བས་རྩེད་ཆས་འཚོང་མཁན་གྱིས་རྙེད་མི་སྲིད་ཟེར། ངས་ཁོ་ཚོས་ཟེར་ལུགས་ལ་ཡིད་སྨོན་གཏིང་ནས་སྐྱེས་ནའང་ཁོ་ཚོའི་གདོང་གཅོག་ཆེད་དུ་ཨ་ཕ་བསོད་རྡོས་ང་རང་བུ་སྐལ་དུ་སློང་རྩིེས་ཡོད་པས་ད་ནས་བཟང་ང་ཡང་འདི་གར་བསྡད་ནས་རྩེད་ཆས་ཉོ་སྲིད་ཅེས་ཧམ་བཤད་བྱས་པ་ཡིན།

  ང་ནི་ཏག་ཏག་ཨ་ཕ་བསོད་རྡོའི་ཨ་མ་ལགས་འདས་གྲོངས་སུ་ཕྱིན་པའི་ལོ་དེའི་ཕྱི་ལོར་སྐྱེས་པ་རེད། ཨ་ཕ་བསོད་རྡོས་ཁོང་གི་ཨ་མ་འདས་མོའི་བེམ་རོ་ཡང་དུར་ཁྲོད་དུ་ཁུར་ནས་ཁོང་གི་རྒྱུན་ལས་ནང་བཞིན་ཁོང་གི་སྣོད་དྲུག་ཕྱིར་ཕྱུངས་ཤིང་ལྷུ་དང་རུས་ཚིགས་རེ་རེ་ཕྲལ་ཏེ་ཁྲག་ཁྲག་ཏུ་མཆོད་ཚིལ་ཚིལ་ཏུ་སྟོར་ནས་བྱ་ཚོགས་ལ་སྦྱིན་པར་བཏང་བ་ཡུལ་ཚོའི་མི་ཚང་མས་ཤེས་ཤིང་ངའི་ཨ་མྱེས་ཀྱིས་དངོས་སུ་གཟིགས་པ་རེད།ལོ་དེའི་ཕྱི་ལོར་ཨ་མ་ལགས་ལ་གཟུགས་པོ་འཁོར་ནས་ང་བཙས་པ་དང་ཨ་ཕ་བསོད་རྡོས་ང་ཐེ་བའི་བྱིས་པ་གསུམ་གྱི་མིང་ཡིག་ཁྱེར་ནས་ཁོང་གི་བླ་མའི་སྐུ་མདུན་ལ་བཅར་ནས་ཨ་ལགས་ཀྱི་རྣམ་ཤེས་ག་པར་འཕོས་མིན་དྲིས་ཏེ་མིང་ཡིག་ཕུལ་སྐབས་བླ་མས་ངའི་མིང་ཡིག་བཏོན་ནས་མི་ལུས་སངས་སེ་བ་ཞིག་ཐོབ་འདུག་གོ་ཞེས་བསྙད་པ་ནས་ང་ཡང་ཨ་ཕ་བསོད་རྡོའི་ཨ་མར་གྱུར་བ་རེད།མ་རེད་རྣམ་ཤེས་སུ་འབོད་པ་དེར་གྱུར་བ་རེད།

     ཨ་ཕ་བསོད་རྡོས་ཁྲོམ་སྲང་དུ་ཤིང་གིས་བྱས་པའི་མདོངས་མོ་བཞོ་ཟེའུ་བཞོ་ཆར་དང་བཅས་པ་ཞིག་གསར་དུ་ཉོས་རྗེས་ཁ་བཏགས་གིས་བཅིངས་སྟེ་ངེད་ཚང་ལ་རྣམ་ཤེས་ཡིན་ཚུལ་ཞུས་པའི་སྐོར་ངའི་ཨ་མར་རྣམ་ཐར་ལྟ་བུ་ཞིག་བཤད་དུ་ཡོད།དེ་ནས་བཟུང་ངའི་ཨ་མྱེས་དང་ཁོང་མནའ་གྲོགས་གཉིས་ཀྱི་འབྲེལ་འདྲིས་དེ་བས་ཟབ་པོ་བྱུང་བ་དང་གཅིག་གིས་མི་གཏོང་ན་གཅིག་གིས་མི་ལྷོད་པའི་ངང་ཚུལ་དུ་གྱུར་བ་རེད།

   ངས་འཆི་བའི་སྐོར་ལ་ཅི་ཡང་མི་ཤེས་དུས་ངའི་ཨ་མྱེས་དང་ཨ་ཕ་བསོད་རྡོའི་ཁ་བརྡར་རྟག་ཏུ་འཆི་བ་དང་འབྲེལ་ནས་གླེང་མོལ་བྱེད་པ་ཡིན་ཏེ།ཨ་མྱེས་ཀྱིས་རྒན་པོ་ང་ཁྱོད་ཀྱིས་རྗེས་སུ་མི་ལུས་པ་དང་ཁྱོད་རང་གི་ལུས་ཟུངས་ཟད་མེད་དུས་སུ་འཆི་བར་ཤོག་ཅིག་ཅེས་ཟེར་བ་ལ།ཨ་ཕ་བསོད་རྡོས་འཆི་བ་ནི་རྣམ་ཤེས་ཀྱི་ཤུན་པགས་དོར་བ་ཙམ་ཡིན་པ་རེད།མི་མང་བོས་ངས་བེམ་རོ་གསིལ་བར་སྙིང་ན་ན་ཞིག་བྱེད་རྒྱུ་འདུག་པ་དེར་ངས་ཧ་མི་གོ་བར་འདུག ང་ཚོར་དལ་བརྒྱད་འབྱོར་བཅུའི་མི་ལུས་གཡར་བོ་ཐོབ་ནས་ཚེ་ཟིན་རག་ཅིག་ཏུ་འཚོ་བར་ཡོང་བའི་རྗེས་སུ་ནང་གི་རྣམ་ཤེས་གར་འཁྱམ་ལ་མི་བལྟ་བར་ཕྱིའི་བེམ་པོ་ལ་ཡིད་ཆགས་དོན་ཅི་ཞིག་ཡོད་དམ་ཞེས་བདེན་ཡུས་འདོན་པ་འདྲ་ཞིག་བྱེད། རྒན་པ་ཚོའི་ནང་དུ་ཨ་ཕ་བསོད་རྡོའི་སྔོན་ལ་ཚེ་ཡིས་ཟིན་པར་ཤོག་ཟེར་མཁན་ཧ་ཅང་མང་བ་འདྲ།ཨ་ཕ་བསོད་རྡོས་བཤད་ན་ཁོམ་དུས་ཀྱི་ཉི་མར་ལྡེ་རོགས་ཇ་ཐག་འཛིན་རོགས་མང་ཆེ་བ་ཁོས་བེམ་ལས་བྱས་ཚར་ཟེར་ཞོར་ཁོང་ཚོ་དག་པའི་ཞིང་དུ་སྐྱེས་པར་སྨོན་ཞེས་ཕྱག་པདྨོར་སྦྱར་ནས་གསོལ་འདེབས་ཞུ་བའང་མིག་ལམ་ནས་ཡལ་རྒྱུ་ཞིག་མེད།

 ང་རང་རྫོང་ཁུལ་དུ་སློབ་གྲྭར་མངགས་པའི་ལོ་དེ་ནས་བཟུང་།ང་རང་ཕྱིར་ཕ་ཡུལ་དུ་ལོག་པའང་ཐེངས་རེ་གཉིས་ལས་མེད་ཅིང་།ལོག་ཐེངས་རེར་ཡང་བྲེལ་བྲེལ་གྱིས་ལོག་རྗེས་འཚབ་འཚུབ་ཀྱིས་ཕྱིར་ལོག་དགོས་པས་སླར་ཡང་ཧོར་ཚང་ཡུལ་ཚོར་བསྐྱོད་པའི་སྐལ་བ་མ་མཆིས།ཆེས་སྐྱོ་བ་ཞིག་ནི་རྫོང་ཁུལ་ནས་སློབ་རིམ་མ་རྫོགས་པར་ངའི་ཨ་མྱེས་དྲིན་ཆེ་བ་དེས་ཀྱང་མ་ལྕོགས་པར་ཆེས་གཅེས་སུ་འོས་པའི་ང་རང་ཡང་བློས་མི་ཐོངས་པའི་ཆཙམ་ཡང་མེད་པར་མི་ཡུལ་དུ་བསྐྱུར་བ་རེད།ཨ་མྱེས་ཀྱི་ཞལ་ཆེམས་ཉག་གཅིག་ནི་རྩ་བའི་བླ་མར་བསྔོ་བ་ཞུ་རྒྱུ་དང་ཨ་ཕ་བསོད་རྡོ་གདན་དྲངས་ནས་བེམ་རོ་དུར་ཁྲོད་དུ་རྫོགས་པར་བྱེད་རྒྱུ་དེ་ཡིན་ཟེར་བར་ནང་ཚགས་དག་གིས་ཀྱང་བཤོལ་བ་མེད་པར་དེ་བཞིན་བྱས་པར་ངས་ཁོང་རྣམ་པ་གཉིས་ཀའི་སོས་དལ་དུས་ཀྱི་གླེང་མོལ་སྐོར་ཡིད་ལ་ཝ་ལེར་དྲན་བྱུང་།ཁོང་རྒན་རབས་དག་གི་ནང་གི་འཁྱེར་སོ་བརྟན་པོ་དེར་ང་མཚམས་རེར་སྐྲག་སྣང་ཞིག་ཡོང་ལ་མཚམས་རེར་ཡིད་སྨོན་པ་ཞིག་ཀྱང་སྐྱེས།

     ཨ་མའི་སྐད་པར་ཨ་མྱེས་འདས་གྲོངས་སུ་མ་ཕྱིན་གོང་ལ་ཨ་ཕ་བསོད་རྡོས་ཁྱོད་རང་བུ་སྐལ་དུ་བསླངས་པ་དང་ཨ་མྱེས་ཀྱིས་འཐད་པའི་ཚུལ་བསྟན་ཡོད་ནའང་།ཨ་མྱེས་འདས་གྲོངས་སུ་ཕྱིན་རྗེས་ཁོང་གིས་ཨ་མ་ལ་ངས་བུ་བསླངས་པར་ངའི་མནའ་གྲོགས་ཀྱིས་ངོ་མ་གཅོག་པར་བྱིན་ནའང་ངའི་བཟོ་ལྟ་དང་ངའི་ལས་ཀ་སོགས་ཀྱིས་བུ་རང་འཇིགས་དོགས་ཀྱིས་ནང་དུ་བསུ་བར་སེམས་ཁྲལ་ཆེ་བས་ད་བུ་ཁོ་རང་གང་བདེར་བཏང་ན་ངའི་སེམས་ཀྱང་བདེ་ཞེས་མིག་ཆུ་ཙར་ཙོར་དུ་བཏོན་སོང་ཟེར།

  དེ་ནས་བཟུང་ང་རང་སློབ་གྲྭ་བསྟར་བརྒྱུས་སུ་ཕྱིན་ནས་ཕྱིར་ཕ་ཡུལ་ལ་འཁོར་ཐེངས་ཧ་ཅང་དཀོན་ཚོད་ཡིན་ལ།རང་མགོ་ཕེར་ཙམ་གྱིས་ཕྱི་ནས་རང་གི་འཚོ་བ་ཡོང་ཐབས་སུ་འབུངས་པས་ན་ཕྱིར་ཕ་ཡུལ་དུ་ལོག་རྒྱུ་ནི་ཧ་ཅང་དཀའ་བར་འདུག དུས་ཚོད་དང་ལས་དབང་རྒྱུ་སྤུན་དུ་བྱས་ཏེ་མི་རེ་རེའི་འདུན་མར་ཐགས་ག་འདྲ་ཞིག་བཏགས་སྲིད་པ་སུས་ཀྱང་མི་ཤེས་ཟེར་བར་སྐད་ཆ་མཐར་ཐུག་པ་ཞིག་པ་སྟེ།ང་རང་ཡང་མཐར་ཐུག་པ་དེ་འདྲ་ཞིག་གི་མདོར་ཕྱིར་ཕ་ཡུལ་དུ་གཞུང་ཞབས་པའི་ལས་ཀར་ཞུགས་དགོས་བྱུང་བར་ཕ་ཡུལ་ནས་ལས་ཀར་འབྱོར་ནས་དུས་ཚོད་མང་ཙམ་མ་འགོར་བར་ངའི་མིག་ལམ་དུ་ཡང་བསྐྱར་ཨ་ཕ་བསོད་རྡོ་ཤར་དུས་ནི་ཉིན་གུང་གི་ཆར་བསླེབས་ཙམ་ཡིན་ལ།མགོ་ཁྲིད་ཀྱིས་ཁ་པར་བསླེབས་ནས་ལམ་སེང་གཞུང་སྒྲུབ་ཁང་དུ་ཐེངས་ཤིག་ཤོག་དང་དོན་དག་སུན་པོ་རང་ཞིག་ཏུ་ཕྲད་སོང་ཟེར་བ་ལ་ང་ཕྱིན་པར་ཁོས་ཉེ་ལམ་ཧོར་ཚང་ཡུལ་ཚོའི་རྒན་པོ་བེམ་པོ་སྟོར་མཁན་ཞིག་གིས་དྲ་བའི་བརྙན་ལམ་ཁག་ཏུ་ཡ་མ་བརླ་ཅི་ཡང་བྱེད་དུ་ཡོད་པར་བཀག་འགོག་མ་བྱས་ན་རང་རེའི་རྫོང་དང་ཡུལ་ཚོའི་མིང་ལ་རྡོག་བརྫིས་བཏང་བ་ལས་མེད་པས་ཁྱོད་དང་ཁྱོད་ཀྱི་ཚོ་དཔོན་ཧྥང་སོང་ལ་ཁ་འབྲིད་ཐབས་ཤིག་བྱོས།ཞོར་དུ་ལས་ཁུངས་ནས་དཔངས་ཡིག་ཤིག་དང་ལག་རྟགས་ཆུང་ངུ་རེ་ཡང་བཀོད་སྒྲིག་བྱས་ཡོད་ཟེར། ང་རང་ཕྱིར་སྡོད་གནས་སུ་ལོག་རྗེས་སྐད་ཆས་སྟོངས་ཤིང་ཀླད་པར་ཅི་ཡང་དྲན་དུ་མེད་པས་སྒེའུ་ཁུང་གི་ཁར་བཅར་ནས་ཉི་འོད་ཀྱི་ལྡོག་ཕྱོགས་སུ་གཟུག་པའི་གནས་ཕ་གི་ཞིག་སྟེ་ཧོར་ཚང་ཡུལ་ཚོའི་ཕྱོགས་སུ་ཅེར་ནས་ཡུན་རིང་བསྡད་པ་ཡིན།

                            ༣

     ལས་གྲོགས་ཧྥང་གིས་ཅ་ལག་བེད་མེད་དེ་དག་མ་ཐེག་པའམ་ངལ་ཆེ་བས་ང་ལ་འཁང་ར་རྫོགས་མེད་ཅིག་བྱས་མཐར་ངེད་གཉིས་གཞི་ནས་ཨ་ཕ་བསོད་རྡོ་ཚང་གི་གཞིས་ཁང་མཐོང་ལམ་དུ་མངོན་སར་ཐོན་པ་དང་། ལས་གྲོགས་ཧྥང་གིས་ད་ནི་ཐོན་ལ་ཉེའམ་ད་ཁོ་རང་ཐང་ཆད་དྲགས་པས་གོམ་པ་སྤོ་མི་ཐུབ་པར་འདུག་ཟེར་བར་ངས་ལན་དུ་ཕ་གིར་ཁང་བ་སྐྱ་ལོག་གེ་བ་ཞིག་འདུག་པ་དེ་རང་རེད་ཅེས་ཞུས་པར་ཁོང་གིས་གདོང་མདོག་དེ་མུར་ནག་རོག་གེར་འགྱུར་ནས་ཧོར་ཚང་ཡུལ་ཚོར་གོང་རིམ་ནས་དབུལ་ཁྱིམ་ལ་འབུབས་རྒྱུའི་ཁང་བར་ཞལ་འདེབས་སུ་སྒོར***ཞིག་བཏང་བར་ཁྱིམ་དུད་འདི་འདྲར་ཁང་བ་མི་རྒྱག་དོན་ཅི།  དབུལ་བོར་ཁང་བ་བརྒྱབ་ནས་འཚོ་འཚིས་ཐག་ཆོད་དུ་སོང་ཕྱིན་ཁོ་ཚོས་དུར་ཁྲོད་ཀྱི་ལས་ཀ་ཐ་ཤལ་བ་འདི་འདྲ་བྱས་ནས་རྫོང་ཁུལ་དང་ཡུལ་ཚོའི་མིང་སྣོག་གི་མ་རེད་ཨང་ཟེར།སྐད་ཆ་འདི་དག་ནི་ངས་ཅི་ལྟར་རྣ་བའི་བུ་གར་བསུས་ནས་རང་གི་མགྲིན་པ་ལས་ཀྱང་སྐད་ཆ་རིགས་གང་ཞིག་གིས་སྣེ་ལེན་བྱེད་དགོས་མིན་ཡང་མི་ཤེས་པར་འདུག་པའི་སྐབས་དེར་ངའི་སྣང་ངོར་ལས་གྲོགས་ཧྥང་གི་བྱད་གཟུགས་ནི་གློ་བུར་དུ་ཆ་མེད་རྒྱུས་མེད་ཅིག་གྱུར་ཏེ་ང་ལ་ཞེད་སྣང་ཞིག་བསླངས་རྗེས་སླར་ཡང་ཆ་ཡོད་རྒྱུས་ཡོད་ཅིག་གྱུར་ཏེ་ཨ་ཕ་བསོད་རྡོའི་གཞིས་ཁང་དུ་ཕྱོགས་ཏེ་ངའི་ལྭ་འདབས་ནས་འཐེན་བཞིན་འདུག

       ངའི་སྣང་བ་ཞིག་ལ་ལས་གྲོགས་ཧྥང་དང་ངེད་གཉིས་ཀ་ཉིན་ཧྲིལ་བོ་ཞིག་ལ་གཟེངས་བསྟོད་དཔང་ཡིག་ཅིག་མཆན་དུ་བཙིར་ནས་ཨ་ཕ་བསོད་རྡོའི་གཞིས་ཁང་གི་ཕྱོགས་ཤིག་ཏུ་འགྲེང་ནས་བསྡད་པ་དང་འདྲ་བར་སྐབས་དེའི་དུས་ཚོད་ནི་དལ་ཐལ་བས་ངའི་ཕྱི་ནང་གསང་གསུམ་དུ་བྲེལ་ཤ་ལར་མེད་པ་ཞིག་གིས་བསྐུལ་ཞིང་བདའ་བཞིན་པ་འདྲ།  ཧོར་ཚང་ཡུལ་ཚོའི་དྲང་ཐད་ཀྱི་ནམ་མཁའ་ལ་སྤུ་སྡུག་རབ་ཏུ་བཀྲ་བའི་རྒོད་པོ་དག་ནི་ལན་རེར་དྲང་འཕྲོའི་ཉི་འོད་ཀྱི་འོག་ཏུ་ལྡིང་ནས་ས་གཞིའི་ཕང་བ་ཆེན་པོར་ཡང་གཤོག་རུ་ཆེན་པོའི་གྲིབ་མ་ཟེགས་པར་བྱེད་ཅིང་ཡང་ལན་རེར་བག་ཕེབས་པོས་མཐོངས་དབྱིངས་ཀྱི་གྲང་རླུང་ལ་བྲང་བདར་ནས་ལྡིང་གིན་འདུག

                 2022ལོའི་ཟླ་བདུན་པར་ཐེངས་གསུམ་པ་བཅོས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1975