འཛམ་གླིང་བུམ་པའི་ཤིང་རྟའི་སྲོལ་འབྱེད་ལི་མིལ་ཐི་༼雷米特༽མཆོག

དང་པོ། འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་སྐོར།

འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན།   ད་ལོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གཉེར་བའི་ཆེད་དུ།  ཁ་ཐར་བས་རྐང་རྩེད་སྤོ་ལོའི་ཐང་ཆེན་བརྒྱད་དང་།  གསོལ་མགྲོན་ཁང་ཆེན་བརྒྱ་ལྷག   ས་འོག་མེ་འཁོར་འབབ་ཚུགས་དང་གནམ་ཐང་གཅིག་བཅས་གསར་དུ་བསྐྲུན་པར་གྲགས།  ཁྱོན་ཨ་སྒོར་དུང་ཕྱུར་ཉིས་བརྒྱ་ཉི་ཤུ་ལྷག་བཏང་ཞིང་། འདི་ནི་འཛམ་གླིང་བུམ་པ་ཐེངས་ཉེར་གཅིག་ཡོངས་ཀྱི་འགྲོ་གྲོན་དང་མཉམ་པར་བཤད།  ས་ཁོངས་རྒྱ་ཆུང་ཞིང་མི་གྲངས་ཆེས་ཉུང་བས་རྒྱལ་ཁབ་ཆུང་ཆུང་ཞིག་གིས་རང་གི་རྒྱལ་ཁབ་ཏུ་འཛམ་གླིང་བུམ་པའི་འགྲན་བསྡུར་ཐེངས་གཅིག་ཚོགས་རྒྱུའི་དོན་དུ་ཅིའི་ཕྱིར་འདི་ལྟ་བུའི་འགྲོ་སོང་མང་པོ་བཏང་བ་ཡིན་ནམ།  འགའ་ཞིག་གིས་ཁ་ཐར་ནི་ས་ཁོངས་ཆུང་ཞིང་མི་གྲངས་ཉུང་ཡང་། རྡོ་སྣུམ་དང་སོལ་རླངས་ཐོན་ཁུངས་ཀྱི་གཏེར་མཛོད་ལྟ་བུ་ཞིག་ཡིན་པས་རྒྱུ་ནོར་ལ་ཐོགས་པ་མེད་ཅེས་བཤད་ཀྱང་སྲིད།  དེ་ཡང་བདེན་མོད།  གོ་ཐོས་ཤིག་ལ། ཁ་ཐར་རྒྱལ་ཁབ་ཏུ་རྐང་རྩེད་སྤོ་ལོའི་ཐང་ཆེན་དེ་དག་འཛུགས་བསྐྲུན་བྱེད་སྐབས་སུ་ལས་མི་སྟོང་ཕྲག་དྲུག་ལྷག་གི་ཚེ་སྲོག་ཤོར་བར་གྲགས།   གལ་ཏེ་སྐད་ཆ་འདི་བདེན་ན།  དཔལ་འབྱོར་གྱི་འགྲོ་སོང་ཙམ་མ་ཡིན་པར།  ཚེ་སྲོག་ཀྱི་མཆོད་པའང་ཕུལ་ཡོད་པ་འདྲ།  རྒྱུ་ནོར་ལ་ཐོགས་པ་མེད་ཀྱང་གཅེས་པའི་ཚེ་སྲོག་ལ་མི་ཕངས་མཁན་སུ་ཞིག་མཆིས་སམ།  འོ་ན་ཁ་ཐར་བས་ཅིའི་ཕྱིར་འཛམ་གླིང་བུམ་པའི་འགྲན་བསྡུར་ཚོགས་རྒྱུར་ནུས་ཤུགས་བཏོན་ནས་རང་གི་རྒྱལ་ཁབ་ཀྱི་གཟི་བརྗིད་དང་ལ་རྒྱ་རྩོད་པ་ཡིན་ནམ།   གཤམ་ལ་ང་ཚོས་མཉམ་དུ་འཛམ་གླིང་བུམ་པའི་དར་འཕེལ་གྱི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟ་བར་བྱའོ། །

འཛམ་གླིང་ཐོག་མཚན་སྙན་ཆེ་ཤོས་དང་རྩལ་འགྲན་གྱི་ཚད་གཞི་མཐོ་ཤོས་ཡིན་པའི་ལུས་རྩལ་བྱེད་སྒོ་ནི། རྐང་རྩེད་སྤོ་ལོའི་འགྲན་བསྡུར་རེད།  འཛམ་གླིང་བུམ་པ་ལ། ཚེ་སྲོག་གི་བུམ་པ་རུ་འབོད་པར་གྲགས།  རྐང་རྩེད་སྤོ་ལོའི་ལས་རིགས་ཀྱི་བླ་ན་མེད་པའི་གཟི་བརྗིད་དང་མཚན་སྙན་མཚོན་བཞིན་ཡོད་ལ།  འཛམ་གླིང་སྒང་གི་སྤོར་ཞེན་པ་སྐྱེ་བོ་ཁྲི་སྟོང་མང་པོའི་རེ་སྒུག་དང་དགའ་བསུ་བླ་ལྷག་ཐོབ་བཞིན་པའི་ལུས་རྩལ་བྱེད་སྒོ་ཞིག་ཡིན།  འཛམ་གླིང་བུམ་པ་དང་ཨོ་ལིན་ཕིག་གཉིས་ལ་འཛམ་གླིང་གི་ལུས་རྩལ་འགྲན་བསྡུར་ཆེ་ཤོས་ཞེས་པའི་མཚན་སྙན་ཡོད་མོད། འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཤུགས་རྐྱེན་དང་བརྒྱུད་གཏོང་ཁྱབ་ཚད་ནི་ཨོ་ལིན་ཕིག་ལས་བརྒལ་ཡོད་དོ། ། འཛམ་གླིང་བུམ་པའི་མིང་ཆ་ཚང་ལ། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་བུམ་པའི་འགྲན་བསྡུར། ཞེས་ཟེར་ལ། འཛམ་གླིང་བུམ་པའི་སྲོལ་གཏོད་མཁན་ནི། རྒྱལ་ཁོངས་ཧྥ་རན་སི་ནས་ཡིན་པའི་ལིག་མིལ་ཐི།༼雷米特༽   ལགས་ཡིན་ཞིང་ལ།  ཁོང་ལ་༼འཛམ་གླིང་བུམ་པའི་ཡབ་ཆེན་༽ཞེས་པའི་མཚན་སྙན་ཐོབ་ཡོད། མི་རྣམས་ཀྱིས་ཁོང་ལ་དྲན་གསོ་ཞུ་བའི་ཆེད་དུ།  འཛམ་གླིང་བུམ་པར། ལི་མིལ་ཐི་འཛམ་གླིང་བུམ་པའི་འགྲན་བསྡུར་ཞེས་ཀྱང་འབོད་དོ། །

འདི་ནས་ཡར་ལ་རྩིས་པའི་ལོ་ངོ་བརྒྱ་དང་ཉི་ཤུ་ལྷག་གི་གོང་རོལ་ཏེ།  ཕྱི་ལོ་༡༨༩༦ལོར་སྐབས་དང་པོའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་གྷི་རིག་ཏུ་ཚོགས་ཤིང་།  རྐང་རྩེད་སྤོ་ལོའང་བྱེད་སྒོའི་རྣམ་གྲངས་ཤིག་ཏུ་གྱུར་ཡོད། སྐབས་དེའི་འགྲན་བསྡུར་ནང་ཏེན་མག་གིས་བསྡུར་གྲངས་༩:༠ཐོག་ནས་གྷི་རིག་ལས་རྣམ་པར་རྒྱལ། ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྟེང་ཆེས་ཐོག་མར་ཨང་དང་པོ་ཐོབ་མཁན་དུ་གྱུར་བ་རེད། འོན་ཀྱང་། ཨོ་རྩལ་འགྲན་ཚོགས་ལ་ལས་རིགས་ལུས་རྩལ་པ་ཞུགས་མི་ཆོག་པས། ཕྱི་ལོ་༡༩༢༨ལོར་སྐབས་དགུ་པའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་རྗེས་སུ་མུ་མཐུད་ཞུགས་མི་ཐུབ་བོ།  ། ཕྱི་ལོ་༡༩༠༤ ལོའི་ཟླ་བ་༥པའི་༢༡ཉིན་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་སུ་ཆེས་ཐོག་མར་འཛམ་གླིང་རང་བཞིན་གྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཚོགས་རྒྱུའི་འགྲོ་འགོ་བཏོན་མོད། རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཉུང་བས་གྲོས་འགོ་ལག་ལེན་དུ་འདེབས་མ་ཐུབ་བོ། །འཛམ་གླིང་དམག་ཆེན་དང་པོའི་རྗེས་ཏེ། ཕྱི་ལོ་༡༩༢༦ལོར་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་ལྷན་ཚོགས་ཐོག་ཏུ་ཚོགས་གཙོ་ལིག་མིལ་ཐི།༼雷米特༽ལགས་ཀྱིས་འཛམ་གླིང་བུམ་པའི་འགྲན་བསྡུར་ཚོགས་རྒྱུར་ལ་ཆོག་མཆན་གནང་བས། ཕྱི་ལོ་༡༩༢༨ལོར་ལོ་བཞི་རེར་ཐེངས་རེ་ཚོགས་རྒྱུའི་གྲོས་འཆམ་བྱུང་ངོ་། །

 

འཛམ་གླིང་བུམ་པ་སྐབས་དང་པོའི་དུས་ཀྱི་ཡུག་ར་ཀུ་ཡི་རྐང་རྩེད་སྤོ་ལོའི་ཐང་ཆེན།
འཛམ་གླིང་བུམ་པ་སྐབས་དང་པོའི་དུས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ཅིག

 

ཕྱི་ལོ་༡༩༣༠ལོར་ཡུག་ར་ཀུ་༼乌拉圭༽ལ་སྐབས་དང་པོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཚོགས་ཞིང་།  དེར་རྒྱལ་ཁབ་བཅུ་གསུམ་འགྲན་བསྡུར་ནང་དུ་བཞུགས་ཡོད་ལ། ཡུག་ར་ཀུ་ཡིས་ཨང་དང་པོའི་རྟགས་མ་བླངས། འདི་ནི་འཛམ་གླིང་བུམ་པའི་རྟགས་མ་ཐོག་མར་ལེན་མཁན་གྱི་རྒྱལ་ཁབ་རུ་ཁག་ཅིག་ཏུ་ཆགས་ཡོད་དོ། ། ཕྱི་ལོ་༡༩༣༤ལོར་འཛམ་གླིང་བུམ་པའི་འགྲན་བསྡུར་ཐེངས་གཉིས་པ་དབྱི་ཏ་ལི་རུ་ཚོགས་ཞིང་། ཁྱོན་རྒྱལ་ཁབ་བཅུ་དྲུག་ཞུགས་ཡོད། ཐེངས་འདིར་དབྱི་ཏ་ལིས་ཨང་དང་པོའི་རྟགས་མ་བླངས།   ཕྱི་ལོ་༡༩༣༨ལོར་ཧྥ་རན་སིར་སྐབས་གསུམ་པའི་འཛམ་གླིང་བུམ་པའི་འགྲན་བསྡུར་ཚོགས་ཞིང་། བསྐྱར་དུ་དབྱི་ཏ་ལིས་རྒྱལ་ཁའི་རྟགས་མ་བླངས། དེའི་རྗེས་སུ་དམག་འཁྲུག་གིས་རྐྱེན་པས་དུས་ཡུན་ལོ་འཁོར་གཅིག་ཏེ།  ལོ་ངོ་བཅུ་གཉིས་རིང་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་མ་ཐུབ།  འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་རྫོགས་རྗེས་ཀྱི་ཕྱི་ལོ་༡༩༥༠ལོར་སྦར་ཛིལ་༼巴西༽རྒྱལ་ཁབ་ཏུ་སྐབས་བཞི་པའི་འཛམ་གླིང་བུམ་པའི་འགྲན་བསྡུར་ཚོགས་ཤིང་།  བསྐྱར་དུ་ཡུག་ར་ཀུ་ཡིས་ཨང་དང་པོའི་རྟགས་མ་བླངས། དེའི་རྗེས་སུ་འཆར་ཅན་ལྟར་ལོ་ངོ་བཞི་རེའི་ནང་འཛམ་གླིང་བུམ་པའི་འགྲན་བསྡུར་ཐེངས་རེ་ཚོགས་ཞིང་།  ད་ལོ་ཁ་ཐར་འཛམ་གླིང་བུམ་པ་ནི་སྐབས་ཉེར་གཉིས་པ་ཡིན། སྐབས་གོང་མ་ནི་ཕྱི་ལོ་༢༠༡༨ལོར་ཨུ་རུ་སུར་ཚོགས་ལ།  ཧྥ་རན་སའི་རུ་ཁག་གིས་ཨང་དང་པོའི་རྟགས་མ་བླངས་སོ། །

འཛམ་གླིང་བུམ་པའི་འགྲན་བསྡུར་ཚོགས་ཐེངས་ཉེར་གཅིག་ནང་དུ་སྦར་ཛིལ་རུ་ཁག་གིས་ཐེངས་ལྔ་ལ་ཨང་དང་པོའི་རྟགས་མ་བླངས་ཞིང་། འཛམ་གླིང་བུམ་པའི་ལོ་རྒྱུས་ནང་འགྲན་བསྡུར་ལ་ཞུགས་ཐེངས་མང་ཤོས་དང་ཨང་དང་པོའི་རྟགས་མ་ལེན་གྲངས་མང་ཤོས་ཀྱི་རྒྱལ་ཁབ་རུ་ཁག་ཅིག་ཏུ་ཆགས་ཡོད། གཞན་ཡང་འཇར་མན་དང་།  དབྱི་ཏ་ལི་གཉིས་ལ་ཨང་དང་པོའི་རྟགས་མ་ཐེངས་བཞི་རེར་རག་མྱོང་འདུག གོང་གི་རྒྱལ་ཁབ་རུ་ཁག་གསུམ་ཕུད་པའི་མིང་དུ་གྲགས་པའི་རུ་ཁག་ནི།  ཨ་ཀེང་ཐིན་དང་ཧྥ་རན་སི། ད་དུང་འགྲན་རྩལ་མི་དམན་པ་ཡོད་པའི་ཡུག་ར་ཀུ་བཅས་ལ་ཨང་དང་པོའི་རྟགས་མ་ཐེངས་གཉིས་རེ་ཐོབ་མྱོང་།  སི་ཕེན་ཡ། དབྱིན་ཀེ་ལན།༼英格兰 ༽གཉིས་ལའང་ཨང་དང་པོའི་རྟགས་མ་ཐེངས་རེ་ཐོབ་མྱོང་། འཛམ་གླིང་བུམ་པའི་འགྲན་བསྡུར་ལ་ཨང་གཉིས་པ་ཐོབ་མྱོང་བའི་རྒྱལ་ཁབ་བཅུ་དང་ཨང་གསུམ་ཐོབ་མྱོང་མཁན་བཅུ་བཞི། ཨང་བཞི་པ་ཐོབ་མྱོང་མཁན་བཅུ་དྲུག་བཅས་ཡོད་དོ། ། སྐབས་དང་པོའི་འཛམ་གླིང་བུམ་པ་ཕྱི་ལོ་༡༩༣༠ལོ་ཡུག་ར་ཀུར་ཚོགས་པ་ནས་ད་བར་དུས་ཡུན་ལོ་ངོ་དགུ་བཅུ་གོ་གཉིས་དང་ཚོགས་ཐེངས་ཉེར་གཅིག་ཡིན་ནོ། །འགྲན་ཞུགས་རྒྱལ་ཁབ་ཀྱང་དང་ཐོག་མར་༡༣ནས་ད་ལྟའི་རྒྱལ་ཁབ་༣༢བར་རྒྱ་བསྐྱེད་རིམ་པ་བཞིན་བྱུང་ཡོད་ལ།  ཕྱི་ལོ་༢༠༢༦ལོའི་སྐབས་རྗེས་མའི་འཛམ་གླིང་བུམ་པ་ནི།  རྒྱལ་ཁབ་གསུམ་མཉམ་འབྲེལ་ཐོག་ཚོགས་ཤིང་།  བསྐྱར་དུ་རྒྱ་བསྐྱེད་ནས་རུ་ཁག་༤༨བཟོ་འཆར་ཡོད་ཚུལ་འབྲེལ་ཡོད་གསར་འགྱུར་སོགས་སུ་གསལ་ལོ།  །

ཕྱི་ལོ་༡༩༩༨ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་ནི། སྤོ་ལོར་དགའ་བའི་རྒན་རབས་རྣམས་ཀྱི་སེམས་སུ་བརྗེད་པར་དཀའ་བའི་ལོ་ཞིག་ཡིན་པར་སྙམ།  ལོ་དེར།  མ་ལག་ལྟོ་ནག༼马拉多纳༽དང་ལོ་ན་འར་ཏོ་༼罗纳尔多༽སོགས་རྐང་རྩེད་སྤོ་ལོའི་རྒྱལ་སྲས་ཏེ། དུས་རབས་ཤིག་གི་སྐར་མ་འོད་ཆེན་མང་པོ་ལྷན་དུ་འཛོམས་པའི་ཆེས་མཐའ་མཇུག་གི་འགྲན་བསྡུར་ཞིག་ཡིན།  ཚུལ་དེ་བཞིན་དུ།  ཏག་ཏག་ལོ་འཁོར་གཉིས་འདས་པའི་ཕྱི་ལོ་༢༠༢༢ལོ་སྟེ། ཁ་ཐར་འཛམ་གླིང་བུམ་པའི་འགྲན་བསྡུར་ནི།  ད་ལྟའི་གཞོན་རབས་པ་མང་པོ་ཞིག་གི་ངོས་ནས་ཀྱང་། མ་འོངས་པར་ནམ་ཡང་བརྗེད་པར་དཀའ་ཞིང་དྲན་པར་སླ་བའི་ལོ་ཞིག་ཡིན་ངེས་ཏེ། དུས་རབས་གསར་པའི་རྐང་རྩེད་སྤོ་ལོའི་སྐར་ཆེན་མེ་ཤེལ་དང་གསེར་ལོ།  བྟིན་ཛི་མ་སོགས་ཀྱིས་རྐང་རྩེད་སྤོ་ལོའི་གར་སྟེགས་སྟེང་དུ་ཆེས་མཐའ་མའི་དམག་འཐབ་ཅིག་ཏུ་གྱུར་ཡོད་པས་སོ། །

འོ་ན་འཛམ་གླིང་མི་མང་དུང་ཕྱུར་མང་པོས་ཆེས་དགའ་བསུ་ཐོབ་པའི་ལུས་རྩལ་བྱེད་སྒོ་རྐང་རྩེད་སྤོ་ལོ་ཞེས་པ་ཐོག་མར་གང་ནས་བྱུང་བ་ཡིན་ནམ།

  སུང་བྱང་མའི་རི་མོ་མཁས་ཅན་སུའུ་ཧན་ཁྲིན་༼苏汉臣༽གྱིས་བྲིས་པའི་རི་མོ་ཁག་གཉིས།

གཉིས་པ།  རྐང་རྩེད་སྤོ་ལོའི་ཐོག་མའི་འབྱུང་ཁུངས་ཀྱི་སྐོར།

ཀྲུང་གོའི་གནའ་དུས་ཀྱི་ཚོས་ཅུས་༼蹴鞠༽ཞེས་པ་ནི།  རྐང་རྩེད་སྤོ་ལོའི་ཐོག་མའི་འབྱུང་ཁུངས་ཡིན་པའི་ཤོད་སྲོལ་འདུག  དེ་ནི་རྒྱ་ནག་པ་རང་གི་བཤད་པ་ཙམ་མ་ཡིན་པར།  རྒྱལ་ཕྱི་ནང་གི་མཁས་པ་མང་དག་ཅིག་གིས་ཁས་ལེན་ཞུ་བཞིན་ཡོད་པ་འདྲ།  དཔེར་ན།  སྔོན་ཆད་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས་མྱོང་བའི་པོ་ལ་ཐི། ༼布拉特༽ཡིས་རྐང་རྩེད་སྤོ་ལོའི་འབྱུང་ཁུངས་ནི་ཀྲུང་གོའི་གནའ་རབས་ཀྱི་ཚོས་ཅུས་ཞེས་པར་ཐུག་ཅིང་། དེ་ཡང་ཐོག་མར་རྒྱ་ནག་ནས་ཨེ་ཅིབ་དང་། ཨེ་ཅིབ་ནས་གྷི་རིག གྷི་རིག་ནས་རོ་མ།  རོ་མ་ནས་ཧྥ་རན་སི།  མཐའ་མཇུག་ཧྥ་རན་སི་ནས་དབྱིན་ཇིར་ཁྱབ་ཚུལ་གསུངས། དབྱིན་བཙན་རྒྱལ་རིང་ལུགས་པའི་ཆབ་སྲིད་ཀྱི་མངའ་ཐང་དང་འགྲོགས་ནས་འཛམ་གླིང་ས་སྒང་རིལ་མོ་ཡོངས་ལ་ཁྱབ་པ་འདྲ།   དེ་བས་དེང་རབས་ལུགས་ཀྱི་རྐང་རྩེད་སྤོ་ལོ་སྲོལ་གཏོད་མཁན་ནི་དབྱིན་ཇི་རྒྱལ་ཁབ་ལ་ངོས་འཛིན་ཆོག་པར་སྙམ་མོ། །

ཚོས་ཅུས་ཞེས་པ་ནི། ཀྲན་གོའི་དུས་རབས་ཀྱི་ཆིས་གོ་༼战国时期齐国༽ནས་ཡོད་པར་གྲགས་ཤིང་། རྒྱ་ནག་གནའ་རབས་ཀྱི་རྐང་རྩེད་སྤོ་ལོའི་ཚབ་མིང་ཞིག་ཡིན་པར་བཞེད། རྒྱའི་གནའ་བོའི་ཡིག་ཚང་དུ། རྒྱུ་ཀོ་བ་ལས་གྲུབ་པའི་རྐང་པའི་རྩེད་ཆས་ཤིག་ཡིན་པར་བཤད་དོ། །ཚོས་ཅུས་ཀྲན་གོའི་དུས་སུ་ཡོད་པར་བཤད་མོད།  དར་འཕེལ་བྱུང་བའི་དུས་རབས་ནི་ཧན་རྒྱལ་རབས་ཀྱི་སྐབས་སུ་ཡིན་སྐད། ཧན་རྒྱལ་རབས་ཀྱི་སྟོབས་ཤུགས་ཆེ་རུ་སོང་ནས་མཐའ་སྐོར་རྒྱལ་ཕྲན་ཁག་ཏུ་དར་ཞིང་དར་གོས་ཚོང་ལམ་དང་འབྲེལ་ནས་ཨེ་ཅིབ་སོགས་སུ་དར་བར་འདྲ། ཐང་རྒྱལ་རབས་སྐབས་སུ་ཤེས་ཡོན་ཅན་འགའ་ཞིག་གི་སྙན་ངག་བརྩམས་ཆོས་སུ་ཚོས་ཅུས་ཀྱི་སྐོར་འཁོད་ཡོད་ཚུལ་བཤད་དོ། །ཚོས་ཅུས་འཕེལ་རྒྱལ་ཆེ་བའི་དུས་རབས་ནི།  སུང་རྒྱལ་རབས་སྐབས་སུ་ཡིན། རྒྱུ་མཚན་ནི། སུང་རྒྱལ་རབས་སྐབས་ནི་རྒྱ་ནག་ལོ་རྒྱུས་སྟེང་དུ་དྲག་རྩལ་ཆེས་དར་བའི་དུས་རབས་ཤིག་ཡིན་ལ། རྒྱལ་ཕྲན་ཁག་གི་རྗེ་བློན་མང་པོ་དྲག་པོ་དམག་གི་ལས་ལ་བྱང་ཤིང་ཆུབ་པས།  དམག་རྩལ་དང་འབྲེལ་བའི་ལུས་རྩལ་བྱེད་སྒོ་ལ་རང་བཞིན་གྱི་དགའ་མོས་བྱེད་པ་ནི།  འཇིག་རྟེན་འགྲོ་ལུགས་ཤིག་ཡིན་པས་སོ། ། སུང་བྱང་མའི་རི་མོ་མཁས་ཅན་སུའུ་ཧན་ཁྲིན་༼苏汉臣༽གྱིས་བྲིས་པར་གྲགས་པའི་རི་མོ་ཞིག་ཀྱང་འདུག  རི་མོའི་དེའི་ནང་མཐོ་རིམ་མི་དྲག་གཉིས་ཀྱི་ཕན་ཚུན་ལ་རྐང་པས་སྤོ་ལོ་སྤྲོད་རེས་བྱེད་བཞིན་པ་ལ་གཡས་གཡོན་ནས་མི་གཞན་གྱིས་ལྟད་མོ་ལྟས་ཡོད་པའི་རྣམ་པ་ཞིག་འདུག   ཚུལ་དེ་ལས་སུང་རྒྱལ་རབས་ཀྱི་དུས་སུ་ཚུས་ཅུས་ནི། རྒྱལ་ཚང་དུ་གནས་པའི་རྗེ་བློན་སོགས་མཐོ་རིམ་མི་དྲག་ཀྱི་ལུས་རྩལ་བྱེད་སྒོ་གལ་ཆེན་ཞིག་ཡིན་པར་ཤེས་ཐུབ་པར་སྙམ་མོ། །ཀུན་གྱིས་རྒྱུས་མངའ་ཆེ་བའི་བརྙན་འཕྲིན་ཟློས་གར་ཆུ་ངོགས་གཏམ་རྒྱུད་ནི།  སུང་རྒྱལ་རབས་ཀྱི་ལོ་རྒྱུས་ས་བོན་དུ་བྱས་ནས་བྲིས་པའི་ལོ་རྒྱུས་བརྩམས་སྒྲུང་ཞིག་ཡིན་ཞིང་། ཕྱིས་སུ་བརྙན་འཕྲིན་ཟློས་གར་དུ་བཅོས་པ་ཞིག་ཡིན། ཟློས་གར་འཁྲབ་གཞུང་དེར། ཀོའོ་ཆུའུ་༼高俅༽ནི། ཁྲོམ་སྲང་གི་འཁྱམ་པོ་མདོ་མེད་ཅིག་ནས་གོང་མ་ཚང་གི་དམག་སྤྱི་ཆེན་མོར་གྱུར་དོན་ཡང་།  ཚོས་ཅུས་རྒྱག་པར་མཁས་པས་རང་དང་དགའ་ཕྱོགས་གཅིག་པའི་ཚོས་ཅུས་རྒྱག་རྒྱུར་ཤིན་ཏུ་དགའ་བའི་རྒྱལ་སྲས་སུང་ཧུས་ཙུང་༼宋徽宗༽དང་བྱ་རྡོ་ལམ་འཕྲད་དམ་ལས་འཕྲོ་ལམ་ཐུག་བྱུང་བས་ཆེ་མཐོང་དང་བཀུར་བཟོས་ཐོབ་ཏེ། ཕྱིས་སུ་གོང་མའི་དམག་སྤྱི་ཆེན་མོར་གྱུར་པ་ཀུན་གྱིས་མཁྱེན་གསལ་ལྟར་རོ། །

ཆུ་ངོགས་གཏམ་རྒྱུ་ནང་ཀོའོ་ཆུའུ་༼高俅༽ཡིས་ཚོས་ཅུས་རྩེད་བཞིན་པའི་རྣམ་པ།

 

ཡོན་རྒྱལ་རབས་སྐབས་ནས་ཚོས་ཅུས་རིམ་བཞིན་ཉམས་རྒུད་དུ་སོང་ནས། མིང་གི་དུས་མཇུག་དང་མན་ཆིང་གི་སྐབས་སུ་རྒུད་པའི་མཐར་ལྷུང་ནས་མིང་གི་ལྷག་མར་གྱུར་སོང་བ་འདྲ།   ཚོས་ཅུས་ཀྱི་བྱུང་འཕེལ་ལོ་རྒྱུས་དང་དེ་འབྲེལ་གྱི་རི་མོ་དག་ལ་མིག་མྱུལ་བྱེད་དུས། ཁོ་བོའི་དྲན་པའི་མེ་ལོང་ངོས་སུ་ཆུང་བྱིས་པའི་དུས་སུ་དགུན་ཁར་ཕྱུགས་ཟོག་བཤས་པའི་ཉིན་དེར་ནོར་གནག་གི་ལྒང་བུ་ལ་ཕུ་བཏབ་ནས་རྩེད་མོ་རྩེ་བའི་ངང་ཚུལ་དེ་གསལ་ལེར་ཤར་བྱུང་ངོ་།  ། འབྲེལ་ཡོད་མཁས་པའི་དཔྱད་རྩོམ་ལས་སྔོན་ཆད་བོད་ཀྱིས་ཡུལ་ལུང་ལ་ལར་སྲོག་ཆགས་ཀྱི་ལྒང་བུ་ཕྱིང་པ་སོགས་ཀྱི་བཏུམ་ནས་སྤོ་ལོ་ལྟར་རྩེད་པའི་གོམས་སྲོལ་ཡོད་པར་ཐོས།  འོ་ན་བོད་པའི་སྤོ་ལོ་རྩེད་པའི་ལོ་རྒྱུས་ཡོད་དམ།

ཐང་མིང་ཧོང་གིས་མཚན་མོར་རྟ་ཐོག་ཕོ་ལོང་འགྲན་པ།༼ 唐明皇夜打马球图 ༽

གསུམ་པ།  བོད་བཙན་པོའི་སྐབས་ཀྱི་རྟ་ཐོག་ཕོ་ལོང་སྐོར།

རང་ཅག་བོད་ལ་ཆེས་སྔ་མོའི་དུས་ནས་རྟ་ཐོག་སྤོ་ལོ་རྒྱག་པའི་སྲོལ་ཞིག་ཡོད་པའི་ཚུལ་ནི། བོད་རང་གི་ཡིག་ཚང་དུ་མི་གསལ་མོད། རྒྱའི་གནའ་རབས་ཀྱི་ཡིག་ཚང་དག་ཏུ་གསལ་ལོ། །འདི་ལ་མཁས་པ་རྣམས་ཀྱིས་རྟ་ཐོག་ཕོ་ལོང་ཞེས་ཟེར་ཞིང་། ཕོ་ལོང་ཞེས་པའི་ཐ་སྙད་འདི་བོད་བཙན་པོའི་སྐབས་ཀྱི་མིང་མཛོད་ལས་ཀྱང་གསལ་ཏེ། བྱེ་བྲག་རྟོགས་བྱེད་ཆེན་མོ་ལས།  ཀནྡུ་ཕོ་ལོང༌། ཞེས་འཁོད་ལ།  དེང་གི་ཚིག་མཛོད་དུའང་། ཕོ་ལོང་ནི་དར་རམ་སྐུད་པའི་ཚོགས་ཟླུམ་པོར་བསྒྲིལ་བའི་མིང་སྟེ། དར་སྐུད་དཀྲིས་ནས་རིལ་བུར་བསྒྲིལ་བའི་རྡོག་པོའོ། །ཞེས་དང་། དག་ཡིག་གསར་བསྒྲིགས་ལས། རྩལ་སྦྱོང་གི་ཡོ་བྱད་གྲུ་གུའི་མིང་སྟེ་སྔོན་དུས་དར་སྐུད་དཀྲིས་ནས་བཟོས་པ་ལ་དར་གྱི་ཕོ་ལོང་ཟེར།ཞེས་འཁོད་དོ།  ། དེང་སང་འཛམ་གླིང་ཡོངས་གྲགས་སུ་སྤོ་ལོ་ལ།  ballཟེར་བའང་བོད་སྐད་དུ་ཕོ་ལོང་ཞེས་པའི་སྒྲ་ལས་བྱུང་བ་དང་དབྱིན་ཡིག་དུ། ballཞེས་པ་འདི་གཡར་ཚིག་ཅིག་ཡིན་ཞིང་།  བོད་སྐད་ཡིན་པ་མཁས་པ་རྣམས་ཀྱིས་བཞེད་དོ།  ། དེང་སང་དབུས་གཙང་གཙོས་པའི་བོད་ཀྱི་ས་ཆ་མང་པོ་ཞིག་ཏུ་སྤོ་ལོ་ཞེས་འབོད་པ་ནི། གནའ་དུས་བོད་རང་གི་ཐ་སྙད་ཕོ་ལོང་ཞེས་པ་ཡོངས་སུ་ཉམས་རྗེས་སུ། དབྱིན་སྐད་སོགས་སུ་baIlཞེས་པ་ལས། སླར་ཡང་ཚུར་བོད་སྐད་དུ་སྒྲ་གསར་པ་ཞིག་ཆགས་པར་སྙམ་མོ། །རྐང་རྩེད་སྤོ་ལོ་ལ།  རྐང་གྲུག་ཅེས་ཟེར་དོན་ལ་བཤད་སྲོལ་ཁ་ཤས་ཡོད་མོད། གྲུ་གུའི་དབྱིབས་དང་འདྲ་བས་ཆ་ནས་བཏགས་པ་ཞིག་ཡིན་ནོ།  །

དུས་རབས་བདུན་པའི་དུས་སྟོད་མེ་མོ་གླང་གི་ལོ་སྟེ་ཕྱི་ལོ་༦༡༧ལོར་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་བཙན་པོ་སྲོང་བཙན་སྒམ་པོ་སྐུ་འཁྲུངས།  དགུང་ལོ་བཅུ་གསུམ་སྟེང་བཙན་པོའི་ཁྲི་ལ་བཞུགས།  དགུང་ལོ་བཅོ་བརྒྱད་དེ། ཕྱི་ལོ་༦༣༤ལོར་བྷོད་ཐང་གཉིས་ཀྱི་བར་ལ་འཚམས་འདྲིའི་འཕྲིན་ཡིག་དང་ལེགས་སྐྱེས་འབུལ་རེས་གནང་ཞིང་། ལོ་ཤས་ཀྱི་རྗེས་སུ་བློན་ཆེན་མགར་སྟོང་བཙན་སོགས་ཐང་རྒྱལ་ཁབ་ཏུ་ཕེབས་ནས་ཐང་གི་རྒྱལ་རིགས་སྲས་མོ་ཞིག་བཙུན་མོར་གཉེན་སློང་ཞིང་།  ཕྱི་ལོ་༦༤༡ལོར་རྒྱ་བཟའ་འུན་ཤིང་ཀོང་ཇོ་བོད་བཙན་པོའི་བཙུན་མོར་གནང་ངོ་། ། ཕྱིས་སུ་བོད་བཙན་པོའི་རྒྱལ་ཁབ་གཞུང་ནས་གཞོན་ནུ་བློ་རྣོ་བ་སྐོར་ཞིག་ཐང་གི་རྒྱལ་སར་སློབ་གཉེར་ལ་མངགས་ཤིང་།  གཞོན་ནུ་དེ་དག་ལ་བརྟེན་ནས་བོད་ཀྱི་རྟ་ཐོག་ཕོ་ལོང་ཡང་ཐང་གི་རྒྱལ་ཁམས་སུ་དར་བར་བྱས་སོ། །  དེ་ནས་ལོ་ངོ་བདུན་ཅུ་ཙམ་གྱི་རྗེས་སུ།  བོད་བཙན་པོའི་གཞུང་ནས་བསྐྱར་དུ་ཐང་ལ་གཉེན་སློང་ཞིང་། ཀོང་ཇོ་ཕྱི་མ་གྱིམ་ཤིང་ཀོང་ཇོ་བཙུན་མོར་གནང་།  བོད་ལྕགས་ཁྱི་ལོ་སྟེ་ཕྱི་ལོ་༧༡༠ལོར་བློན་པོ་ཞང་ཏོ་རེ་ལྷས་བྱིན་སོགས་བཙུན་མོ་བསུ་བའི་གཉེ་བོ་རྣམས་ཐང་གི་རྒྱལ་སར་བྱོན་ཞིང་།  ཐང་གོང་མས་བོད་ཀྱི་ཕོ་ཉ་རྣམས་ལ་སྣེ་ལེན་གཟབ་རྒྱས་གནང་ངོ། །

བོད་བློན་ཚོགས་ཕྱིར་བོད་ཡུལ་དུ་ལོག་ཁའི་ཉིན་ཞིག་ལ། རྒྱ་རྗེ་ཐང་ཀྲུང་ཙུང་གིས་བོད་ཀྱི་བློན་ཆེན་རྣམས་༼ལི་ཡོན་ཐིང་ཙེ༽ཟེར་བའི་གནས་སུ་རྟ་ཐོག་ཕོ་ལོང་གི་གཟིགས་མོར་གདན་འདྲེན་ཞུས་ཅིང་།  ཆབས་ཅིག་ཏུ་ཐང་གོང་མའི་རྟ་ཐོག་ཕོ་ལོང་རུ་ཁག་དང་བོད་ཀྱི་ཕོ་ཉ་གཉིས་འགྲན་བསྡུར་ཞིག་ཀྱང་སྤེལ། འགྲན་སྐོར་དང་པོ་བོད་ཀྱི་རུ་ཁག་རྒྱལ་ནས་ཐང་གོང་མའི་རུ་ཁག་ཕམ་སྟེ།  ཐང་གི་རྒྱལ་ས་ནས་བོད་བཙན་པོའི་ཕོ་ཉའི་རྟ་ཐོག་རྩལ་ངོམས་ཀྱིས་མི་རྣམས་ལྟད་མོའི་མིག་སྦྲིད་པར་བྱས་སོ། ། སྐབས་དེ་དུས་ལྟད་མོ་བའི་ཁྲོད་དུ་རྟ་ཐོག་ཕོ་ལོང་རྩེད་རྒྱུར་ནང་བྱན་ཆུད་པའི་ཐང་གོང་མའི་རྒྱལ་རྒྱུད་ཐང་མིང་ཧུང་ཡོད་པ་གོང་མ་ཐང་ཀྲུང་ཙུང་གིས་མཁྱེན་ནས་འགྲན་བསྡུར་ནང་དུ་གཞུག་དགོས་པའི་བཀའ་ཕབ་བོ། ། དེ་ལྟར་ཐང་བྟོད་རུ་ཁག་གཉིས་ཀྱི་རྟ་ཐོག་ཕོ་ལོང་འགྲན་བསྡུར་ནམ་གུང་བར་རྩེད་ཅིང་། མཚན་མོར་ཕྱོགས་བཞིར་ལྒང་བཞུའི་འོད་མདངས་ཁྲ་ལམ་མེར་འཕྲོས་ནས་ལྟད་མོ་བ་ཚོར་ཉིན་མོ་ཡིན་པ་ལྟ་བུའི་འཕྲུལ་སྣང་ཤར་ནས་ཉིན་མཚན་དབྱེ་བ་མ་ཆོད་པར་ལྟད་མོར་གཡེང་བར་གྲགས་ཤིང་། འགྲན་རྩལ་པས་རྟ་ཐོག་ནས་ཁྱད་དུ་འཕགས་པའི་རྩལ་ངོམས་སྐབས། ལྟད་མོ་བའི་སེམས་སུ་རྟ་ཐོག་ནས་ལྷུང་མི་ཡོང་ངམ་སྙམ་པའི་དངངས་སྐྲག་གིས་རང་གི་ལུས་པོ་ཕར་ཡོ་ཚུར་ཡོ་བྱས་ཞིང་།  འགྲན་པའི་ཟླ་དང་བྲལ་བའི་རྩལ་ངོམས་ལ་བསྔགས་བརྗོད་ཀྱི་མེ་ཏོག་སྟོར་བར་གྲགས་སོ། །

ཐང་བྷོད་རྟ་ཐོག་ཕོ་ལོང་འགྲན་པའི་རྣམ་པ་དེ་ཐང་རྒྱལ་རབས་ཀྱི་རི་མོ་གྲགས་ཅན་ཡན་ལི་པན་༼ 阎立本༽གྱི་ཇི་མ་ཇི་བཞིན་དུ་རི་མོའི་ལམ་དུ་བཀོད་པའི་ཐང་མིང་ཧོང་གིས་མཚན་མོར་རྟ་ཐོག་ཕོ་ལོང་འགྲན་པ་༼ 唐明皇夜打马球图 ༽ཞེས་པ་ནི།  དུས་ད་ལྟའང་པེ་ཅིང་གི་གནའ་བོའི་ཕོ་བྲང་ནང་དུ་རྩ་ཆེའི་རིག་དངོས་ལ་བརྩིས་ནས་ཉར་ཚགས་བྱས་ཡོད།  སྐབས་དེ་དུས་ཐང་རྒྱལ་རབས་སུ་བོད་ཀྱི་རྟ་ཐོག་ཕོ་ལོང་དར་ནས་རིང་ན་ཡང་ལོ་ངོ་བདུན་ཅུ་ཙམ་ལས་མི་འགྲོ་མོད། བོད་བཙན་པོའི་ཕོ་ཉ་དང་འགྲན་ནུས་པའི་རྩལ་ལག་འཛོམས་ཡོད་པའི་ཐོག་ནས་རྩེད་རིགས་དེ་ནི།  ཐང་གི་རྒྱལ་སར་དར་རྒྱས་ཆེན་པོ་བྱུང་ཡོད་པ་མཚོན་ལ། ཐང་བྷོད་གཉིས་ཀྱི་འགྲན་བསྡུར་དེའང་ལུས་རྩལ་བྱེད་སྒོ་སྤྱིར་བཏང་ཞིག་མ་ཡིན་པར། བཙན་རྒྱལ་གཉིས་ཀྱི་དྲག་པོ་དམག་གི་རྩལ་ལག་ངོམས་སྟངས་གཞན་ཞིག་ཡིན་ལ། རང་གི་ལ་རྒྱ་རྩོད་སྟངས་ཤིག་ཀྱང་ཡིན་པར་སྙམ།  སྤྱིར་རྟ་ཐོག་ཕོ་ལོང་ཏ་ཟིག་ནས་དར་བའི་ཤོད་སྲོལ་ཞིག་ཀྱང་འདུག་མོད།  མཁས་པ་རྣམས་ཀྱིས་སྒྲུབ་བྱེད་མི་འདང་བའི་བཞེད་པ་བཏོན་འདུག  དེ་ན་ཏ་ཟིག་ཏུའང་རྟ་ཐོག་ཕོ་ལོང་དར་བའི་རྗེས་ཤུལ་ཞིག་ཡོད་པར་ལྟས་ན། བོད་ཀྱི་རྟ་ཐོག་ཕོ་ལོང་ནི་ཐང་རྒྱལ་རབས་ཙམ་མ་ཡིན་སྐབས་དེ་དུས་ཀྱི་རྒྱལ་ཁབ་སྟོབས་ཆེན་དག་ཏུ་དར་མྱོང་བའང་རྗེས་དཔག་བྱ་ཐུབ་བོ། ། འོ་ན་སྔོན་ཆད་བོད་ལ་རྟ་ཐོག་ཕོ་ལོང་ཕུད་པའི་དེང་རབས་ལུགས་ཀྱི་རྐང་རྩེད་སྤོ་ལོ་དར་མྱོང་ཡོད་དམ།

         བོད་ཀྱི་ཆེས་ཐོག་མའི་རྐང་རྩེད་སྤོ་ལོའི་རུ་ཁག–ལྷ་སའི་མཉམ་འབྲེལ་རུ་ཁག

བཞི་པ། བོད་ཀྱི་ཆེས་ཐོག་མའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་སྐོར།

ཁོ་བོས་གོང་ལ་བཤད་ཟིན་པ་ལྟར།  དེང་རབས་ལུགས་ཀྱི་རྐང་རྩེད་སྤོ་ལོ་ནི། ཐོག་མར་དབྱིན་ཇི་ནས་དར་ཞིང་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱི་ཆབ་སྲིད་མངའ་ཐང་དང་འགྲོགས་ནས་འཛམ་གླིང་ས་སྒང་རིལ་མོ་ཡོངས་ལ་ཁྱབ་པར་གྲགས། བོད་དུ་རྐང་རྩེད་སྤོ་ལོ་ཐོག་མ་དར་བའང་དབྱིན་ཇི་དང་འབྲེལ་ནས་བྱུང་བ་ཞིག་ཡིན་ནོ། །

དེ་ཡང་། ས་བྱི་ལོ་སྟེ་ཕྱི་ལོ་༡༨༨༨ལོར་དབྱིན་ཇིས་བོད་ལ་ཐེངས་དང་པོ་བཙན་འཛུལ་བྱས་ཞིང་།  ཕྱི་ལོ་༡༩༠༤ལོར་བསྐྱར་དུ་བོད་ལ་བཙན་འཛུལ་ཐེངས་གཉིས་པ་བྱས་རྗེས་སུ། བོད་དབྱིན་གཉིས་ཆིངས་ཡིག་བཞག་ནས་དབྱིན་ཇིས་གྲོ་མོ་དང་རྒྱལ་རྩེ། གཞིས་ཀ་རྩེ་བཅས་ལ་ཚོང་དོན་ལྟེ་གནས་བཙུགས་རྒྱུ་དང་། དབྱིན་ཇིའི་སྐུ་ཚབ་ཚོགས་པ་རྒྱལ་རྩེར་བཅའ་སྡོད་བྱེད་རྒྱུ་གཏན་འཁེལ་བྱས་སོ། ། དབྱིན་ཇི་བ་དེ་དག་གིས་རྒྱལ་རྩེར་རྒྱུན་དུ་རྐང་རྩེད་སྤོ་ལོ་རྒྱག་གི་ཡོད་ཅིང་།  ཚུལ་དེའི་སྐོར་དབྱིན་ཇིའི་སྐུ་ཚབ་ཚོགས་མི་པི་ལི་༼贝利༽ཞེས་པའི་ཉིན་ཐོ་རུ་འཁོད་ཡོད་ཚུལ་ཞིབ་འཇུག་པ་དག་གིས་གླེང་།  སྐབས་དེ་དུས་དབྱིན་ཇི་བའི་ཤུགས་རྐྱེན་ལ་བརྟེན་ནས་བོད་རིགས་གཞོན་སྐྱེས་མང་དག་གཅིག་གིས་སྤོ་ལོ་རྒྱག་སྟངས་སྦྱང་ཡོད་པར་སྙམ།  སྤྱིར་བོད་མིའི་ཁྲོད་དུ་ཐོག་མར་སྤོ་ལོ་རྒྱག་མཁན་ནི་ས་མཚམས་གྲོ་མོ་ཁུལ་ནས་བྱུང་ཡོད་པ་འདྲ་ཞིང་།  བོད་ཀྱི་ཆེས་ཐོག་མའི་རྐང་རྩེད་སྤོ་ལོའི་རུ་ཁག་འཛུགས་པའི་ལོ་ནི།  ཕྱི་ལོ་༡༩༡༣ལོ་འམ་༡༩༡༤ལོ་གང་རུང་ཞིག་ལ་ཡིན་པ་འདྲ།

         རྒྱལ་རྩེ་ཁུལ་དུ་དབྱིན་ཇིའི་རུ་ཁག་དང་འགྲན་བསྡུར་བྱེད་བཞིན་པའི་རྣམ་པ།

༼བོད་ལྗོངས་རྗེས་སྙེག༽ཅེས་པའི་དེབ་ལས། དབྱིན་ཇིའི་མི་རིགས་ལ་མཚོན་ན་རྐང་རྩེད་སྤོ་ལོ་ནི།  སེམས་པ་ལྷོད་ཡངས་གཏོང་བྱེད་ཀྱི་རོལ་རྩེད་ཅིག་ལ་ངོས་འཛིན་བྱེད་ཅིང་།  སྐབས་དེར་མིང་ལ་ལྷ་སའི་མཉམ་འབྲེལ་རུ་ཁག་ཅེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་གཅིག་གིས་དབྱིན་ཇི་བ་དང་འགྲན་བསྡུར་བྱེད་པའི་རེ་ཞུ་བྱས།  རུ་ཁག་དེར་ཁྱོན་རུ་མི་བཅུ་ཡོད་ཅིང་། ནང་གསེས་རུ་མི་ལྔ་ནི་ལྷ་སའི་མཐོ་རིམ་སྐུ་དྲག་སྲས་ཡིན་པ་དང་། དེ་དག་གི་ཁྲོད་ནས་སྐད་གྲགས་ཆེ་ཤོས་ནི། Yuthokདང་Taringགཉིས་ཡིན། སྨ་ར་ཅན་གྱི་ལ་དྭགས་ཀྱི་མི་གསུམ། དབུས་ཁུལ་གྱི་རྒྱ་རིགས་འཚེམ་བཟོ་བ་གཅིག་དང་བལ་པོའི་དམག་མི་གཅིག་བཅས་ཁྱོན་རུ་མི་བཅུ་ཡོད།  དབྱིན་ཇིའི་རུ་ཁག་ནི་དབྱིན་ཇིའི་མི་དྲག་བཞི་དང་ཁོ་ཚོའི་གཡོག་པོ་ལས་གྲུབ་པ་ཞིག་ཡིན།  མཐར་དབྱིན་ཇིའི་རུ་ཁག་སྤོ་ལོ་གཅིག་གིས་བོད་པའི་རུ་ཁག་ལས་རྒྱལ།ཅེས་དང་། དེ་ནི་ས་བབ་མཐོ་ཤོས་སུ་སྤེལ་བའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་ཡིན་ངེས་རེད། ཅེས་ཀྱང་གསུངས་སོ། །  ཡང་འགའ་ཞིག་གིས། བོད་ཀྱི་ཆེས་ཐོག་མའི་རྐང་རྩེད་སྤོ་ལོའི་རུ་ཁག་ལྷ་སའི་མཉམ་འབྲེལ་རུ་ཁག་དང་དབྱིན་ཇིའི་རུ་ཁག་གཉིས་འགྲན་བསྡུར་བྱེད་པའི་ལོ་ནི།  ཕྱི་ལོ་༡༩༣༤ལོར་ཡིན་པར་བཤད་མཁན་ཡང་འདུག གང་ལྟར་ཡང་།  དུས་རབས་ཉི་ཤུ་པའི་དུས་འགོ་ཙམ་ནས་བཟུང་ནས་བོད་རིགས་ཁྲོད་དུ་གཞོན་སྐྱེས་རྐང་རྩེད་སྤོ་ལོ་རྒྱག་མཁན་བྱུང་བར་མངོན་ནོ། །


ཞེས་པ་འདི་ནི།  བསོད་ནམས་རྒྱལ་མཚན་ནམ། དྲ་མིང་རང་སྐྱོང་དུ་འབོད་པས་ཆུ་སྟག་ལོའི་ཟླ་བ་བཅུ་པའི་ཚེས་གཅིག་ཉིན་གྱི་དགོང་དྲོར་རང་ཉིད་ཀྱི་རྐང་རྩེད་སྤོ་ལོ་དང་འབྲེལ་བའི་མཐོང་ཐོས་དག་ཤིན་ཏུ་མདོར་བསྡུས་ཀྱི་ཚུལ་དུ་བཀོད་པའོ། །

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1949