བླ་མ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །
དེ་ཡང་རྒྱ་གར་འཕགས་པའི་ཡུལ་ནས་བྱོན་པའི་གསར་རྙིང་གི་རྒྱུད་དང་བསྟན་བཅོས་དུ་མ་ཞིག་ལ་སྔ་ཕྱིར་དོགས་པ་དང་དཔྱད་གཞི་གནང་བ་ཤིན་ཏུ་མང་ཞིང་། དེ་དག་ལས་སྐབས་སུ་བབས་པ་སྒྲ་བསྒྱུར་གྱི་རྒྱལ་པོ་མངའ་བདག་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བའི་གསང་བ་འདུས་པའི་བཤད་རྒྱུད་《དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཉམ་པ་ཉིད་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ།》འདི་ལ་སྔ་ཕྱིར་ཡོངས་སུ་གྲགས་པའི་མཁས་པ་ཆེན་པོ་རྣམས་ཀྱི་རྒྱུད་རྣམ་དག་ཡིན་མིན་གྱི་རྩོད་པ་དང་རྩོད་ལན་བྱུང་བ་དག་ཕྱོགས་གཅིག་ཏུ་གུང་བསྒྲིགས་པ་ཞིག་མི་སྣང་ཞིང་། དེང་གི་དུས་འདིར་ནི་ཕལ་ཆེ་བ་རྒྱུད་རྫུན་མ་ཡིན་ཤག་གིས་མཐའ་གཅིག་ཏུ་འདེད་པའི་ཕྱོགས་སུ་གནས་པར་མཐོང་བས། རྒྱུད་འདི་དང་འབྲེལ་བའི་དཔྱད་ཞིབ་སྔ་མ་དག་ཕྱོགས་གཅིག་ཏུ་གུང་བསྒྲིགས་ཏེ་དཔྱད་པ་བྱ་བའི་དགོས་གལ་མཐོང་ནས་སླར་ཡང་འབད་པ་བྱས་སོ། །
གཅིག །གཉིས་མེད་རྣམ་རྒྱལ་ཆེན་མོའི་ངོ་སྤྲོད།
གཉིས་མེད་རྣམ་རྒྱལ་ཆེན་མོ་འདི་ད་ལྟ་སྡེ་དགེའི་བཀའ་འགྱུར་པོད་རྟགས། རྒྱུད་འབུམ། ༼ཆ༽ནང་དུ་བཞུགས་ཤིང་རྒྱུད་ཆ་ཚང་ལ་ལེའུ་བདུན་ཅུ་དོན་བདུན་དང་ཚེག་བར་ཁྲི་བཅུ་བདུན་མ་ཟིན་ཙམ་བཞུགས་ཤིང་། རྒྱུད་འདི་ཨུ་རྒྱན་ནས་རྒྱ་གར་དུ་གྲུབ་ཆེན་ཌཱོམྦི་ཧེ་རུ་ཀས་གདན་དྲངས་པ་དང་། དུ་ལ་ཀྵེ་ཏྲའི་གྲོང་ཁྱེར་ཆེན་པོར་རྒྱ་གར་གྱི་མཁན་པོ་དཔལ་ཡེ་ཤེས་སྙིང་པོ་དང་། བོད་ཀྱི་ལོ་ཙྪ་བ་མར་པ་ལྷོ་བྲག་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། པཎྜི་ཏ་མཁས་པ་ཆེན་པོ་སྨྲི་ཏི་ཛྙཱ་ན་ཀཱིརྟིས་རང་འགྱུར་བྱས་པ་ཞི་ཀྱང་ཡོད་པར་གདའ། ཞེས་པའི་འགྱུར་བྱང་ཡོད། སྣར་ཐང་བཀའ་འགྱུར། དུ་བཞུགས་པ་འདི་གཉིས་མེད་རྣམ་རྒྱལ་ཆུང་བ་ཡིན་ཞིང་བཀའ་འགྱུར་འདིའི་ནང་ནས་གཉིས་མེད་རྣམ་རྒྱལ་ཆེན་མོ་བླངས་ཟིན་པ་རེད་འདུག །དེ་བཞིན་དུ་སྟོག་ཕོ་བྲང་བྲིས་མའི་ནང་དུ་ཡང་གཉིས་མེད་རྣམ་རྒྱལ་ཆུང་བ་བཞག་ཅིང་ཆེ་བ་ཕུད་ཡོད། ལྷ་སའི་བཀའ་འགྱུར་ནང་དུ་གཉིས་ཀ་མ་བཙུད་པ་དང་། སྡེ་དགེའི་བཀའ་འགྱུར་ནང་དུ་ནི་གཉིས་ཀ་བཙུད་ཡོད་དོ། །
གཉིས། རྒྱུད་རྫུན་མར་འདོད་པའི་ཕྱོགས།
སྔོན་གྱི་མཁས་པ་རྣམས་ལས་རྒྱུད་འདི་ཉིད་རྣམ་དག་ཡིན་མིན་གྱི་བཤད་ཚུལ་མི་འདྲ་བ་གསུམ་བྱུང་བ་ཡིན་ཏེ། མཐའ་གཅིག་ཏུ་རྒྱུད་རྫུན་མར་འདོད་པའི་ཕྱོགས་གཅིག་དང་། ལྷད་ཅན་དུ་འདོད་པའི་ཕྱོགས། རྣམ་དག་ཏུ་འདོད་པའི་ཕྱོགས་ཏེ་མི་འདྲ་བ་གསུམ་ཡོད། དེ་ལས་དང་པོ་རྒྱུད་རྫུན་མར་བཞེད་མཁན་དང་དེ་དག་གི་གཞུང་རིམ་བཞིན་དུ་འདྲེན་པར་བྱ་སྟེ།
ཀུན་མཁྱེན་བུ་སྟོན་ཆེན་པོ།
《བུ་སྟོན་ཆོས་འབྱུང་》ལས། དཔལ་གསང་བ་འདུས་པའི་བཤད་རྒྱུད་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། འདི་ལ་ཆག་ཆོས་རྗེ་དཔལ་ལ་སོགས་པ་བོད་ཀྱི་ལྷད་ཡོད་པར་སྨྲ་སྟེ། གཉིས་མེད་རྣམ་རྒྱལ་གྱི་ལུང་ནཱ་རོ་འགྲེལ་ཆེན་དང་། རིན་ཆེན་བཟང་པོའི་སྔགས་ལོག་སུན་འབྱིན་དུ་དྲངས་པ་རྣམས། འདི་བས་ཆུང་བའི་གཉིས་མེད་རྣམ་རྒྱལ་ཡང་དག་ཅིག་ཡོད་ཀྱི། འདི་རྒྱ་ཕོ་བ་ལུང་བས་བྱས་སོ་ཞེས་ཟེར་རོ། །ཞེས་བླ་མ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར་བྱང་ཅན་འདི་རྒྱུད་རྫུན་མ་ཡིན་པ་དང་། དེ་ཡང་རྒྱ་ཕོ་བ་ལུང་པས་བྱས་པ། ནཱ་རོ་འགྲེལ་ཆེན་དང་ལོ་ཆེན་སྔགས་ལོག་སུན་འབྱིན་དུ་གཉིས་མེད་རྣམ་རྒྱལ་གྱི་ལུང་འདྲེན་བྱས་པའི་ཁུངས་དེ་འདི་མ་ཡིན་པར་གཉིས་མེད་རྣམ་རྒྱལ་ཆུང་བ་ན་ཡོད་པའི་རྒྱུ་མཚན་བཅས་གསུངས་པ་དང་། ཁོང་གིས་གསུང་འདིའི་ཁུངས་ཀྱང་ཆག་ལོ་ཆོས་རྗེ་དཔལ་ལ་སོགས་པར་གཏུགས་ཡོད།
ཡང་ཀུན་མཁྱེན་བུ་སྟོན་ཆེན་པོས་གཉིས་མེད་རྣམ་རྒྱལ་ཆུང་བའི་དུམ་བུ་ཞིག་མཁན་ཆེན་ཐར་པ་ལོ་ཙཱ་བའི་ཕྱག་དཔེ་ཁྲོད་ནས་བྱུང་བ་རང་འགྱུར་མཛད་དེ་འགྱུར་བྱང་དུ། འདི་ལ་རྒྱུད་ཀྱི་དུམ་བུ་ལས་མེད་ཀྱང་། སྔར་གྱི་གཉིས་མེད་རྣམ་རྒྱལ་ཞེས་གྲགས་པ་ཆེན་པོ་རྫུན་མར་རྟོགས་པའི་ཕྱིར་རྒྱུད་འདི་བསྒྱུར་རོ། །ཞེས་གཉིས་མེད་རྣམ་རྒྱལ་ཆུང་བ་བསྒྱུར་བའི་དགོས་པ་གསུང་སྐབས་གཉིས་མེད་རྣམ་རྒྱལ་ཆེ་བ་དེ་རྫུན་མར་རྟོགས་པའི་ཆེད་དུ་བསྒྱུར་བར་གསུངས་པ་དང་།
ཡང་ཀུན་མཁྱེན་བུ་སྟོན་ཆེན་པོའི་རྒྱུད་སྡེ་སྤྱི་རྣམ་ཆེན་མོར། འདི་མཁན་ཆེན་ཐར་པ་བའི་ཕྱག་དཔེའི་གསེབ་ནས་རྒྱ་དཔེ་ཤོག་ཡར་ལྔ་བྱུང་བ་ལ། ལེའུ་དང་པོའི་མགོ་ནས་ཤོག་བུ་གཅིག་མ་ཚང་བ་དང་། ལེའུ་བཞི་པའི་མགོ་ཡན་ཆད་དང་། མཇུག་གི་ཤོག་བུ་གཅིག་བྱུང་བ་ལ་ཁོ་བོས་བསྒྱུར་བ་ཡིན་ནོ། །འདི་ལ་དུམ་བུ་ལས་མེད་ཀྱང་། སྔར་གྱི་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་དུ་འདོད་པའི་ལེའུ་བདུན་ཅུ་དོན་བདུན་ཡོད་པ་དེ་རྫུན་མར་ཡང་དག་པར་རྟོགས་པའི་དགོས་པ་ཡོད་དོ། །ཞེས་དང་། ཡང་རྒྱུད་ཆ་ཚང་གི་རྒྱ་དཔེ་རྙེད་དེ་བསྒྱུར་བར་མཛད་ནས་དེའི་འགྱུར་བྱང་དུ། མཁན་ཆེན་ཐར་པའི་ཕྱག་དཔེའི་ཁྲོད་ནས་རྒྱུད་འདིའི་དུམ་བུ་རྙེད་པ་བསྒྱུར་མོད་ཀྱང་། ད་ནི་རྒྱུད་ཀྱི་དཔེ་ཆ་ཚང་མ་རྙེད་ནས་བསྒྱུར་ཏེ། སྔར་གཉིས་མེད་རྣམ་རྒྱལ་དུ་གྲགས་པ་དེ་རྫུན་མར་རྟོགས་པར་བྱ་བའི་ཕྱིར། རིན་ཆེན་གྲུབ་ཀྱིས་བསྒྱུར། ཞེས་གཉིས་མེད་རྣམ་རྒྱལ་ཆུང་བ་འདི་བསྒྱུར་བའི་དགོས་པ་སྔ་མ་བཞིན་དུ་གསུངས་སོ། །
གཉིས་མེད་རྣམ་རྒྱལ་ཆུང་བའི་མཚན་ཆ་ཚང་ལ། 《འཕགས་པ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ།》 ཞེས་དང་། པོད་རྟགས། རྒྱུད་འབུམ། ༼ཆ༽རྟགས་ཅན་གྱི་ནང་དུ་བཞུགས་ཤིང་། གཞུང་འདི་བསྒྱུར་བས་རྒྱུད་སྔ་མ་རྫུན་མར་ཇི་ལྟར་རྟོགས་པའི་ཚུལ་མ་གསུངས་ཀྱང་། གཞུང་གི་བབས་ལ་རྒྱ་གཞུང་འགར་བྱུང་བའི་གཉིས་མེད་རྣམ་རྒྱལ་གྱི་ལུང་གི་ཁུངས་འདི་ལ་གཏུག་དགོས་པར་དགོངས་པ་ཡིན་ནམ་སྙམ་མོ། །
འབྲི་གུང་དཔལ་འཛིན།
འབྲི་གུང་དཔལ་འཛིན་གྱི་《ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ་ལས། 》གསང་སྔགས་གསར་མའི་ཁྲོད་དུ་ཡང་། །གསང་འདུས་གཉིས་མེད་རྣམ་རྒྱལ་ཆེ། །རྡོ་རྗེ་འཇིགས་བྱེད་བསམ་ལུགས་དང་། །བདེ་མཆོག་ར་ལི་སུམ་ཅུ་གཉིས། །དུས་འཁོར་ལྕེ་སྤྱང་གླུ་གར་དང་། །ཀྱཻ་རྡོར་སྐུ་གསུང་ཐུགས་གསང་མཛོད། །ཕྱག་ན་རྡོ་རྗེ་མི་གཡོ་བ། །རྡོ་རྗེ་ཕག་མོ་སེང་གདོང་མ། །ཕྱག་རྒྱ་ཆེན་པོའི་རྒྱུད་འགའ་དང་། །མགོན་པོ་དང་ནི་ལྷ་མོའི་རྒྱུད། །བརྒྱ་དང་ང་བཅུ་ལྷག་ལ་སོགས། །རང་བཟོའི་རྫུན་རྒྱུད་དུ་མ་སྣང་། །ཞེས་རྒྱུད་མང་པོ་ཞིག་རྫུན་མར་བགྲངས་པའི་ནང་དུ་གཉིས་མེད་རྣམ་རྒྱལ་ཆེན་མོ་ཡང་འདྲེན་པར་བྱས་སོ། །
རྗེ་ཙོང་ཁ་པ་ཆེན་པོ།
རྗེ་བཙུན་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པས་ཀྱང་ཀུན་མཁྱེན་བུའི་རྗེས་སུ་འབྲང་རྐྱང་གིས་གཉིས་མེད་རྣམ་རྒྱལ་ཆེན་མོ་འདི་རྒྱུད་རྫུན་མར་འདྲེན་པར་མཛད་དེ། 《རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་མན་ངག་རིམ་པ་ལྔ་རབ་ཏུ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །》ཞེས་པ་ལས། འདི་ལ་བླ་མ་མར་པ་ལ་ཁ་གཡར་བའི་བླ་མའི་གསུང་གི་འོད་ཟེར་བསྟན་པ་ཞེས་པའི་རིམ་ལྔའི་ཁྲིད་ཡིག །གཉིས་མེད་རྣམ་རྒྱལ་གྱི་རྒྱུད་རྫུན་མ་ཚད་མར་བྱེད་ཅིང་རྒྱུད་རྐྱང་གི་བཤད་པ་བྱེད་པ་རྣམས་དང་མཐུན་ལ། མར་ལུགས་ཀྱི་གདམས་པ་ཁུངས་མ་རྣམས་ཀྱི་གཞུང་དང་མི་མཐུན་པ་ཞིག་སྣང་བ་ནི་བླ་མ་དེས་མཛད་པར་མི་སྣང་ངོ༌། །ཞེས་དང་།
ཡང་དེ་ཉིད་ལས། གཉིས་མེད་རྣམ་རྒྱལ་རྫུན་མ་ལས། །རླུང་དང་བཅས་པའི་འཕོ་བ་ གནས། །འགྲོ་བ་ཀུན་གྱི་མགྲིན་པར་སྐྱེས། །ཡི་གེ་ཨོཾ་བཅས་གནས་པ་ཉིད། །ཨ་ནུ་ཏ་ར་བརྗོད་པ་གང༌། །གཟུང་ཞིང་བསྒྱུར་དང་སྤེལ་བ་དང༌། །སྒྱུ་མར་དྲན་དང་རྒྱས་བཏབ་པས། །གཉིས་པ་བསམ་གཏན་ལམ་དུ་འགྱུར། །ཞེས་རྨི་ལམ་གཟུང་བ་སོགས་ཀྱང་བཤད་མོད་ཀྱང་ཡིད་ཆེས་པར་དཀའོ། །ཞེས་དང་།
ཡང་དེ་ཉིད་ལས། བླ་མའི་གསུང་གི་འོད་ཟེར་བསྟན་པ་ཞེས་པའི་རིམ་ལྔའི་ཁྲིད་ཡིག་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་རྫུན་མ་ཚད་མར་བྱེད་ཅིང༌། རྒྱུད་རྐྱང་གི་བཤད་པ་བྱེད་པ་རྣམས་དང་མཐུན་ལ། མར་ལུགས་ཀྱི་གདམས་པ་ཁུངས་མ་རྣམས་དང་མི་མཐུན་པ་ཞིག་སྣང་བ་ནི། བླ་མ་མར་པས་མཛད་ཟེར་བ་སྣང་ཡང་ཁ་གཡར་འབའ་ཞིག་གོ། །ཞེས་དང་།
ཡང་དེ་ལས། འདབ་མ་བཞི་ལ་ཨ་ནུ་ཏ་ར་བཀོད་ནས་རིམ་པ་བཞིན་དུ་དམིགས་པའི་མན་ངག་ནི་གཉིས་མེད་རྣམ་རྒྱལ་རྫུན་མ་ལས་འབྱུང་མོད་ཀྱང༌། དེ་ལ་ནུས་པ་ལྷག་པོ་མི་སྣང་བས་མ་བྲིས་སོ། །ཞེས་གཉིས་མེད་རྣམ་རྒྱལ་ཆེན་མོ་རྒྱུད་རྫུན་མ་ཡིན་ཤག་གིས་ཐད་ཀར་རྒྱུད་རྫུན་མ་ཞེས་ཡང་ཡང་གསུངས་ཤིང་། རྒྱུད་རྫུན་མ་ཇི་ལྟར་ཡིན་པའི་རྒྱུ་མཚན་ནི་མ་གསུངས་སོ། །
ཀུན་མཁྱེན་གོ་རམས་པ་བསོད་ནམས་སེངྒེ།
དཔལ་ལྡན་ས་སྐྱ་བའི་མཁས་པ་ཆེན་པོ་གོ་རམས་པས་ཀྱང་རྒྱུད་འདི་རྒྱུད་རྫུན་མར་བཞེད་པ་སྟེ། 《སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་རྣམ་བཤད་རྒྱལ་བའི་གསུང་རབ་ཀྱི་དགོངས་པ་གསལ་བ་ཞེས་བྱ་བ་བཞུགས་སོ། །》ཞེས་པ་ལས། སྐྱེས་བུ་རྫུན་མས་སྦྱར་བའི་མདོ་རྒྱུད་གང་ཞེ་ན། ཀོའུ་ཤི་ཀའི་མདོ་སོགས་སོ། །གཞན་ཡང་གསང་སྔགས་གསར་མ་ལ་དབང་བསྐུར་རྒྱལ་པོ་དང་། ལམ་ལྔ་བཀོལ་བ་དང་། དུས་འབྱུང་དང་། ཕྱག་ན་རྡོ་རྗེ་མཁའ་འགྲོ་དང་། ར་ལི་ཉི་ཤུ་རྩ་བཞི་དང་། གཉིས་མེད་རྣམ་རྒྱལ་སོགས་དང་། རྙིང་མ་ལའང་། ཀུན་བྱེད་རྒྱལ་པོ་དང་། མདོ་དགོངས་འདུས་དང་། ཞི་ཁྲོ་སྒྱུ་འཕྲུལ་དང་། ལྷ་མོའི་སྐྱེས་རྒྱུད་དང་། བམ་རིལ་ཐོད་མཁར་ལ་སོགས་པ་བོད་ཀྱིས་སྦྱར་བའི་རྒྱུད་སྡེ་མང་པོ་ཡོད་ཅིང་། སྣང་བརྒྱད་དང་། ལས་དགེ་སྡིག་བསྟན་པ་ལ་སོགས་རྒྱ་ནག་པས་བྱས་པ་ཡིན་ནོ། །གཙུག་ཏོར་ནག་མོ་དང་། བྱ་ཁྱུང་བསམ་ཡས་མ་ལ་སོགས་པ་བོད་ཀྱི་ལྷ་འདྲེས་སྦྱར་བ་ཡིན་ཅིང་། ལྷ་མོ་གནས་མཁར་དང་། ནམ་མཁའ་ལྡིང་གི་རྟོགས་པ་ལ་སོགས་པ་མུ་སྟེགས་བྱེད་ཀྱིས་བྱས་པའི་རྒྱུད་སྡེའང་ཡོད་དོ། །ཞེས་གསུངས་སོ། །ཀུན་མཁྱེན་གོ་རམས་པས་འདིར་བགྲངས་པའི་རྒྱུད་རྫུན་མ་འདི་དག་གི་ཐོག་མའི་ཁུངས་ནི་འཇམ་མགོན་ས་པཎ་གྱི་གསུང་ཡིན་ནའང་འཇམ་མགོན་ས་པཎ་གྱིས་རྒྱུད་རྫུན་མའི་གྲངས་སུ་མ་བགྲངས་པའི་གཉིས་མེད་རྣམ་རྒྱལ་ཆེན་མོ་ཡང་བགྲངས་བར་མཛད་དོ། །
ཇོ་ནང་ཀུན་མཁྱེན་ཏཱ་ར་ན་ཐ།
ཇོ་ནང་པ་ཆེན་པོ་སྒྲོལ་བའི་མགོན་པོའམ། ཏཱ་ར་ནཱ་ཐས་ཀྱང་གཉིས་མེད་རྣམ་རྒྱལ་ཆེན་མོ་རྒྱུད་རྫུན་མར་བཞེད་པ་སྟེ། 《དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ་ཞེས་བྱ་བ་》ལས། དཔལ་མཆོག་དང་རྩེ་མོའི་རིགས་བསྡུས་སམ། གཉིས་མེད་རྣམ་རྒྱལ་རྫུན་མའི་དཀྱིལ་འཁོར་གྱི་རིགས་འགྲེ་མི་བྱའོ། །ཞེས་གསུངས་པས་སོ། །
གསུམ། རྒྱུད་རྣམ་དག་ཡིན་ཡང་བོད་པས་ལྷད་བཅུག་པར་བཞེད་པའི་ཕྱོགས།
གོང་དུ་དྲངས་པའི་ཀུན་མཁྱེན་བུ་སྟོན་ཆེན་པོ་སོགས་མཁས་པ་དུ་མས་གཉིས་མེད་རྣམ་རྒྱལ་ཆེན་མོ་རྒྱུད་རྫུན་མར་བཤད་པ་དང་། ཡང་བཀའ་བརྒྱུད་ཕྱོགས་ཀྱི་མཁས་པ་དུ་མས་འདི་རྒྱུད་རྣམ་དག་ཏུ་བཞེད་པ་གཉིས་ཀའི་བར་འདུམ་ལྟ་བུར་མཁས་པ་འགའ་རེས་ངོ་བོ་རྒྱུད་རྣམ་དག་ཡིན་པ་ལ་བོད་ཀྱིས་ལྷད་བཅུག་པར་བཤད་པ་ཡང་ཡོད་པ་ལས་དཔེ་མཚོན་ནི་ས་སྐྱ་བའི་མཁས་པ་ཆེན་པོ་འཇམ་མགོན་ཨ་མེས་ཞབས་ཡིན་ནོ། །
ཨ་མེས་ངག་དབང་ཀུན་དགའ་བསོད་ནམས།
དཔལ་ལྡན་ས་སྐྱ་བའི་མཁས་པ་ཆེན་པོ་འཇམ་མགོན་ཨ་མེས་ཞབས་ཀྱིས་གཉིས་མེད་རྣམ་རྒྱལ་ཆེན་མོ་འདི་རྒྱུད་རྣམ་དག་ཡིན་པ་ལ་བོད་པས་ལྷད་བཅུག་པར་བཞེད་པའི་ཚུལ་ནི། འདིས་མཛད་པའི་《དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་ཅེས་བྱ་བ་བཞུགས།》 ཞེས་པ་ལས། དང་པོ་གཉིས་མེད་རྣམ་རྒྱལ་གསང་འདུས་ཀྱི་རྒྱུད་དུ་མི་འཐད་དེ། གཉིས་མེད་རྣམ་རྒྱལ་ལ་ཆེ་ཆུང་གཉིས་ཡོད་པའི་ཆེ་བ་ནི། རྒྱ་ཕོ་བ་ལུང་པས་མཛད་པའི་རྒྱུད་རྣམ་དག་མིན་པར་བཤད་ཅིང་། ཆུང་བ་ནི་རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་རྒྱུད་དང་མཐུན་པས་སྒྱུ་དྲྭའི་ཆོས་སྐོར་སྟོན་བྱེད་ཡིན་གྱི། གསང་འདུས་ཀྱི་ཆོས་སྐོར་སྟོན་བྱེད་མ་ཡིན་པའི་ཕྱིར། ཞེས་དང་། དེས་ན་གཉིས་མེད་རྣམ་རྒྱལ་ཆེ་བ་འདི་མཐའ་གཅིག་ཏུ་རྒྱུད་རྣམ་དག་མིན་པར་བུ་སྟོན་སོགས་མཁས་པ་མང་པོ་ཞིག་གིས་བཤད་མོད། འདི་ལ་འཕགས་པ་རིན་པོ་ཆེས་རྒྱུད་ཀྱི་ལུང་མང་པོ་དྲངས་ཡོད་པས། བཀའ་མིན་ཞེས་ཀྱང་མི་རུང་ལ། ཁོ་རང་གི་ངོ་བོ་བོད་ཅིག་གིས་བསྒྲིགས་པ་ཡིན་ཞེས་ཀྱང་མི་རུང་ཞེས་གསུངས་ནས་བརྟག་པའི་གནས་སུ་མཛད་པ་ཉིད་དོན་ལ་གནས་ཏེ། གཉིས་མེད་རྣམ་རྒྱལ་དེ་ཉིད་ན་རྒྱུད་ཚིག་ཡིན་ངེས་པ་ཡང་དུ་མ་ཡོད་པ་དང་། བོད་ཚིག་ཀྱང་མང་དུ་ཡོད་པར་བཤད་པས། རྒྱུད་གཅིག་ལ་རྒྱ་ཕོ་བ་ལུང་པས་རང་ཚིག་མང་དུ་བཅུག། རྒྱུད་ཚིག་ལ་ཡང་འདོར་ལེན་མང་དུ་བྱས། རང་གི་མན་ངག་རྣམས་དང་མཐུན་པར་བསྒྲིགས་པ་ཞིག་ཡིན་ནམ་སྙམ་མོ། །ཞེས་རྒྱུད་འདི་ལ་རྒྱ་ཕོ་བ་ལུང་པས་རྒྱུད་ཚིག་ལ་འདོར་ལེན་བྱས་པ་དང་། རང་གི་ཚིག་མང་དུ་བཅུག་ནས་ལྷད་པར་བྱས་ཞེས་གསུངས་ཤིང་། དེ་ལྟར་བྱེད་པའི་དམིགས་ཡུལ་ཡང་མར་ལུགས་ཀྱི་མན་ངག་དང་བསྟུན་པའི་ཆེད་དུ་བྱས་པར་གསུངས་སོ། །
བཞི་པ། རྒྱུད་རྣམ་དག་ཏུ་བཞེད་པའི་ཕྱོགས།
གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ཆེན་པོ་འདི་རྒྱུད་རྣམ་དག་ཏུ་བཞེད་པའི་མཁས་པ་ནི་གཙོ་ཆེར་འགྲོ་མགོན་བཀའ་བརྒྱུད་པའི་ཕྱོགས་ཀྱི་མཁས་པ་རྣམས་ཡིན་ཞིང་། དེ་དག་རིམ་བཞིན་དུ་བཀོད་ན།
བཅོམ་ལྡན་རིག་པའི་རལ་གྲི།
གཉིས་མེད་རྣམ་རྒྱལ་ཆེན་མོ་འདི་བཅོམ་ལྡན་རིག་པའི་རལ་གྲིས་རྒྱུད་རྣམ་དག་ཏུ་བཞེད་པར་མཚུར་ཕུ་འཇམ་དབྱངས་ཆེན་མོ་དོན་འགྲུབ་འོད་ཟེར་གྱིས་གསུང་སྟེ། 《གསང་འདུས་མངོན་རྟོགས་ཀྱི་རྣམ་བཤད་རིན་ཆེན་འོད་འཕྲོ་》ལས། བཅོམ་ལྡན་རིག་རལ་གྱིས་ཀྱང་རྒྱུད་རྣམ་དག་ཏུ་འདོད་ལ། དེ་ལ་ཡང་ཡིད་ཆེས་པའི་ཁུངས་ཡོད་པར་སྣང་ཞིང་། སྔར་གྱི་དཀར་ཆག་དག་པར་ཡང་ཐེབས་ཡོད་པར་སྣང་སྟེ། རྒྱུད་དག་པོ་གཞན་ལ་ཡང་ཁུངས་དེ་ཙམ་ལས་མི་འདའ་འོ། །ཞེས་གསུངས། འོན་ཀྱང་ད་ལྟ་བཞུགས་པའི་བཅོམ་ལྡན་རལ་གྲིའི་བསྟན་པ་རྒྱན་གྱི་ཉི་འོད་དུ་ནི་རྒྱུད་འདི་མ་བྱུང་ནའང་། སྣར་ཐང་བཀའ་འགྱུར་བྲིས་མའི་ནང་དུ་བཞུགས་ཤས་ཆེ་བས་གཞུང་དང་དཀར་ཆག་གང་དུ་བྱུང་བའི་ཁུངས་བཙལ་དགོས་པ་ཡོད་དོ། །
ཅི་སྟེ་བཅོམ་ལྡན་རལ་གྲིས་རྒྱུད་ཚད་ལྡན་དུ་བཞེད་པ་ཡིན་ན་དེ་ཉིད་སྒྲུབ་བྱེད་ཆེན་པོ་ཞིག་ཡིན་ཏེ། བཅོམ་ལྡན་རལ་གྲི་འདི་བོད་ཀྱི་བསྟན་པ་ཕྱི་དར་ལ་བཀའ་འགྱུར་དག་སྒྲིག་དང་ཕྱོགས་བསྡུས་གནང་མཁན་སྔ་ཤོས་སུ་གྱུར་པ་ཡིན་པའི་ཕྱིར་རོ། །
རྒྱལ་དབང་ཀརྨ་པ་སྐུ་ཕྲེང་གསུམ་པ་ཀུན་མཁྱེན་རང་བྱུང་རྡོ་རྗེ།
ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས་གཉིས་མེད་རྣམ་རྒྱལ་ཆེན་མོ་འདི་རྒྱུད་རྣམ་དག་ཏུ་བཞེད་པར་མ་ཟད། མངའ་བདག་མར་པ་ལོ་ཙཱ་ནས་མཚུར་སྟོན་དབང་ངེ་ལ་བརྒྱུད་དེ་བྱུང་བར་གསུངས་ཤིང་། ཁྱད་པར་དུ་རྗེ་ཉིད་ཀྱིས་མཛད་པའི་《ཟབ་མོ་ནང་དོན་རང་འགྲེལ་》ལས། དཔལ་གསང་བ་འདུས་པ་བཤད་པ་ནི། དཔལ་ལྡན་འདུས་པ་བཤད་པར་བྱ། །ཞེས་པ་ནས་ཚིགས་སུ་བཅད་པ་ཕྱེད་དང་དྲུག་སྟེ། དེ་ཡང་འཁོར་ལོ་ལྔ་དང་ཕུང་པོ་ལྔ་ནི་སངས་རྒྱས་ལྔ་ཡིན་ཏེ། ས་ལ་སོགས་པའི་ཁམས་བཞི་པོ་དང་རེག་བྱ་དང་བཅས་པས་ཡུམ་ལྷ་མོ་ལྔའོ། །མིག་གཉིས་སའི་སྙིང་པོའོ། །རྣ་བ་ཕྱག་ན་རྡོ་རྗེའོ། །སྣ་ནི་ནམ་མཁའི་སྙིང་པོ་སྟེ་ལྕེ་ལ་བཞུགས་པ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་སོ། །དེ་དག་གི་རོ་མཉམ་ཡང་གཟུགས་རྡོ་རྗེ་མ་སྒྲ་རྡོ་རྗེ་མ་དྲི་རྡོ་རྗེ་མ་རོ་རྡོ་རྗེ་མའོ། །ཡིད་ཀྱི་ཁམས་ནི་འཇམ་དཔལ་ལོ། །ཆོས་ཀྱི་ཁམས་ཀྱི་རང་བཞིན་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །ལུས་ཀྱི་ཁམས་ལ་ཀུན་ཏུ་བཟང་པོ་རྩ་རྒྱུད་ཐམས་ཅད་ཀྱི་ཁམས་ནི་བྱམས་པ་ཉིད་ཡིན་ནོ། །དེ་དག་གི་རོ་མཉམ་ཡང་ཉེ་བའི་གཟུགས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་བཞི་ཡིན་ནོ། །ཞེས་གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་ལས་བྱུང་ངོ་། །ཞེས་གཉིས་མེད་རྣམ་རྒྱལ་ཆེན་མོ་ཁུངས་སུ་བྱས་ཏེ་གསང་འདུས་ཀྱི་ལུགས་ལ་ཕུང་ལྔ་སངས་རྒྱས་ལྔ་སོགས་སུ་བཞེད་པར་བཤད་པ་དང་། ཟབ་མོ་ནང་དོན་གྱི་ལུང་འདིའི་རྗེས་སུ་འབྲང་སྟེ་འགྲེལ་བ་བྱེད་པ་པོ་ཐམས་ཅད་ཀྱིས་ཀྱང་གཅིག་མཐུན་དུ་གཉིས་མེད་རྣམ་རྒྱལ་ལ་ཁུངས་སུ་མཛད་དོ། །
གཞན་ཡང་མཚུར་ཕུ་འཇམ་དབྱངས་ཆེན་མོས། བྲམ་ཟེ་ཆེན་པོས་རྒྱུད་བླངས་ཤིང་། མར་པ་ལོ་ཙཱས་བསྒྱུར། མཚུར་སྟོན་དབང་ངེ་སོགས་ལ་བརྒྱུད་པའི་ལོ་རྒྱུས། ཐམས་ཅད་མཁྱེན་པས་མཛད་པ་མཐོང་། ཞེས་གསུངས་པས་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས་རྒྱུད་འདིའི་བརྒྱུད་པ་བླ་མ་མར་པ་ལོ་ཙཱ་ནས་མཚུར་སྟོན་དབང་ངེ་སོགས་ནས་བརྒྱུད་པར་གསུངས་པས་ཀྱང་གྲུབ་བོ། །
མཚུར་ཕུ་འཇམ་དབྱངས་ཆེན་མོ་དོན་འགྲུབ་འོད་ཟེར།
མཚུར་ཕུ་འཇམ་དབྱངས་ཆེན་མོ་དོན་འགྲུབ་འགྲུབ་འོད་ཟེར་ཀརྨ་པ་རང་བྱུང་རྡོ་རྗེའི་རྗེས་སུ་འབྲང་སྟེ་གཉིས་མེད་རྣམ་རྒྱལ་ཆེན་མོ་འདི་ཉིད་རྒྱུད་རྣམ་དག་ཏུ་བཞེད་པ་ཡིན་ཏེ། འདིས་མཛད་པའི་《དཔལ་གསང་བ་འདུས་པ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་པ་ཞེས་བྱ་བ་རྒྱུད་ཀྱི་རྗེས་སུ་འབྲང་བའི་མངོན་རྟོགས་རྒྱུད་དོན་སྣང་གསལ་བཤད་པ་ལྟར་བཀྲོལ་བའི་མངོན་རྟོགས་རིན་ཆེན་འོད་འཕྲོ་ཞེས་བྱ་བ་བཞུགས་སོ། །》ཞེས་པ་ལས། ཁ་ཅིག་འདིའི་རྒྱུད་རྒྱ་ཕོ་བ་ལུང་པས་བརྩམས་ཟེར་བ་མི་འཐད་དེ། རྒྱུད་འདི་ལ་སྨྲྀ་ཏིའི་རང་འགྱུར་འདུག་ཅེས་ཟེར་བ་ཐོས། བྲམ་ཟེ་ཆེན་པོས་རྒྱུད་བླངས་ཤིང་། མར་པ་ལོ་ཙཱས་བསྒྱུར། མཚུར་སྟོན་དབང་ངེ་སོགས་ལ་བརྒྱུད་པའི་ལོ་རྒྱུས། ཐམས་ཅད་མཁྱེན་པས་མཛད་པས་མཐོང་། ཞེས་གསུངས་པ་མ་ཟད་གསང་བ་འདུས་པའི་མངོན་རྟོགས་འདི་ཉིད་གཉིས་མེད་རྣམ་རྒྱལ་ཆེན་མོ་ལྟར་དུ་མཛད་པ་ཡིན། གཞུང་འདིར་གསལ་བའི་《མངོན་རྟོགས་རྒྱུད་དོན་སྣང་བ་》ནི་རྗེ་རང་བྱུང་ཞབས་ཀྱིས་མཛད་པའི་གཉིས་མེད་རྣམ་རྒྱལ་གྱི་རྗེས་སུ་འབྲང་བའི་མངོན་རྟོགས་ཤིག་ཡིན་པ་ལྟར་སྣང་ནའང་ཁོ་བོས་དེ་ཉིད་དངོས་སུ་མ་མཇལ་བས་དེ་དང་འབྲེལ་བའི་དཔྱད་པ་ལྷག་པོ་བྱ་མ་ནུས་སོ། །
ཀུན་མཁྱེན་མི་བསྐྱོད་རྡོ་རྗེ།
ཀུན་མཁྱེན་བླ་མ་མི་བསྐྱོད་རྡོ་རྗེས་རྒྱུད་འདིའི་སྐོར་ལ་དམིགས་ཀྱིས་དཔྱད་བརྗོད་གནང་བ་མ་མཇལ་ནའང་འདི་ཉིད་རྒྱུད་དུ་མཛད་ནས་ལུང་དྲངས་པ་ཡོད་དེ་《སློབ་དཔོན་ཆེན་པོ་ལ་ལི་ཏ་བཛྲའི་ལུགས་ཀྱི་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་》ལས། རྒྱུད་ཐམས་ཅད་ཀྱི་གསང་བ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་པའི་ལེའུ་བདུན་ཅུ་པ་ལས། ཚངས་པའི་རྒྱལ་པོ་གདུལ་དོན་དུ། །སུམ་ཅུ་རྩ་བཞིའི་ཕྱག་རྒྱ་ཅན། །དབང་ཕྱུག་དྲུག་པོ་གདུལ་བྱའི་ཕྱིར། །གསང་བ་གྱེན་དུ་བསྒྲེང་བའོ། །ཁྱབ་འཇུག་གདུལ་ཕྱིར་མ་ཧེའི་ཞལ། །སྣ་ཚོགས་བརྒྱན་གྱིས་སྤྲས་པ་དང་། །རང་གི་འཁོར་ལོའི་དབུས་བཞུགས་ཚེ། །ལྷ་མོ་རྡོ་རྗེ་བདེ་མ་འོ། །གཉིས་སུ་མེད་པར་གནས་པ་འོ། །དེ་ཉིད་ཞལ་གཅིག་ཕྱག་གཉིས་མ། །གྲི་གུག་ཐོད་པ་འཛིན་པ་ཡིས། །ལྗོན་ཤིང་འཛེག་ལྟར་སྦྱོར་བར་མཛད། །གསང་སྔགས་རྒྱལ་པོ་འདི་ཡིས་ནི། །བསམ་གྱིས་མི་ཁྱབ་གསང་བ་འགྲུབ། །ཨོཾ་ཧྲཱིཿཥྜཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་ཡུམ་དངོས་རྒྱུད་ལས་བཤད། ཅེས་ཡུམ་དངོས་རྒྱུད་ལས་བཤད་པའི་ཁུངས་སུ་གཉིས་མེད་རྣམ་རྒྱལ་ཆེན་མོའི་ལུང་དྲངས་པས་ཀྱང་ཤེས་སོ། །
དཔའ་བོ་གཙུག་ལག་ཕྲེང་བ།
དཔའ་བོ་སྐུ་ཕྲེང་གཉིས་པ་གཙུག་ལག་ཕྲེང་བས་ཀྱང་གཉིས་མེད་རྣམ་རྒྱལ་ཆེན་མོ་འདི་རྒྱུད་རྣམ་དག་ཡིན་པར་བཞེད་པ་དང་། འདི་ཉིད་རྒྱུད་རྣམ་དག་ཡིན་པའི་རྒྱུ་མཚན་སྒྲུབ་བྱེད་དང་བཅས་འབྱུང་བས་འོག་ཏུ་དབྱེ་ཞིབ་བྱེད་པའི་སྐབས་སུ་འདྲེན་པར་འགྱུར་བ་ལས་ཤེས་པར་ནུས་པས་འདིར་ལུང་དེ་དག་འདྲེན་པའི་ངལ་བ་མ་བྱས་སོ། །
ལྔ་པ། དེ་ལ་དབྱེ་ཞིབ་བྱ་བ།
དེ་ལྟར་བོད་གངས་ཅན་དུ་མཁས་པ་ཐམས་ཅད་མཁྱེན་པར་གྲགས་པ་དག་གི་བཞེད་པ་ཤིན་ཏུ་མི་མཐུན་པ་ཕྱོགས་གསུམ་དུ་བཞུགས་པ་དེ་དག་ལས། གང་ཟག་རྒྱུ་མཚན་དུ་བྱས་ནས་སུ་ཞིག་བདེན་པ་དང་སུ་ཞིག་མི་བདེན་པ་ནི་ཐག་གཅོད་པར་ནུས་པ་མ་ཡིན་མོད། མཁས་པ་འདི་དག་གིས་རང་རང་གི་བཞེད་པའི་རྒྱབ་ལྗོངས་སུ་དྲངས་པའི་ལུང་རིགས་དེ་རྣམས་ལ་དབྱེ་ཞིབ་བྱས་ཚེ་ང་ཚོས་ཀྱང་རང་རང་གི་བློ་ངོ་ལ་གྲུབ་དོན་ཞིག་ཐོབ་ཐུབ་པའི་རེ་བ་བྱ་ཆོག་པ་ཞིག་ཡིན། དེ་བས་མིག་སྔར་མཁས་པ་འདི་དག་གིས་རྒྱུད་རྣམ་དག་ཡིན་མིན་གྱི་ཐད་ནས་དགག་སྒྲུབ་གནང་བ་ཁག་ལས་མཐོང་ཐུབ་པ་ནི་གཉིས་མེད་རྣམ་རྒྱལ་ཆེན་མོ་འདི་རྒྱུད་རྣམ་དག་ཡིན་པའི་ཕྱོགས་གསལ་ཁ་ཆེ་བ་ལྟ་བུ་ཞིག་ཏུ་མཐོང་ཞིང་། དེ་དག་གི་རྒྱུ་མཚན་རེ་རེ་བཞིན་དུ་སྨོས་ན་རང་གི་ལྟ་ཚུལ་དེ་ཡོང་བའི་རྒྱུ་མཚན་ཁ་གསལ་པོ་བཟོ་ཐུབ་པར་བསམ་སྟེ་འོག་ཏུ་རྒྱུ་མཚན་རེ་རེ་བཞིན་དུ་འགོད་པར་འདོད།
ཀུན་མཁྱེན་བུ་སྟོན་ཆེན་པོས་རྒྱུད་རྫུན་མར་བཞེད་པའི་རྒྱུ་མཚན་ལ་དཔྱད་པ།
ཀུན་མཁྱེན་བུ་སྟོན་ཆེན་པོའི་སྒྲུབ་བྱེད་དང་པོ་ནི་རྒྱུད་འདི་ལ་ཆག་ལོ་ཆོས་རྗེ་དཔལ་ལ་སོགས་པས་ལྷད་ཡོད་པར་བཤད་པ་དང་། འདི་རྒྱ་ཕོ་བ་ལུང་པས་བརྩམས་ཞེས་བཤད་པ་ལ་ཁུངས་མཛད་ཡོད་པ་ལས། སོགས་ཁུངས་སུ་མཁས་པ་སུ་འདྲེན་གྱི་ཡོད་པ་མི་གསལ་ནའང་ཁུངས་གཙོ་བོ་ཆག་ལོ་ཆོས་རྗེ་དཔལ་ལ་ཐུག་པ་ཤིན་ཏུ་གསལ། ད་ལྟ་བཞུགས་པའི་ཆག་ལོ་ཙཱ་བའི་སྔགས་ལོག་སུན་འབྱིན་ཟེར་བ་དེའི་ནང་དུ་ནི་འདི་ལ་དགག་པའི་ཁུངས་མི་གསལ་ཞིང་། དེ་ལས་གཞན་པའི་ཆག་ལོའི་གསུང་དུ་ཡོད་མེད་ཀྱི་གསལ་ཁ་ཁོ་བོས་མ་ནུས་པས་རྒྱུ་མཚན་དང་གང་འདྲ་བཤད་ཡོད་མེད་འཆད་དཀའ། རྒྱ་ཕོ་བ་ལུང་པས་བརྩམས་པར་བཤད་པ་ལ་ལྟས་ན་ཆག་ལོའི་གསུང་ཞིག་གི་ནང་དེ་ལྟར་བྲིས་པ་ལ་ཁུངས་བཅོལ་ཡོད་ཤས་ཆེ།
དེས་ན་འདི་རྒྱུད་རྫུན་མར་སྒྲུབ་པའི་ཁུངས་དང་པོ་དེ་ཆག་ལོས་རྒྱ་ཕོ་བ་ལུང་པས་བརྫུན་བཟོ་བྱས་པར་བཤད་པ་འདི་གནོད་བྱེད་དང་ཁུངས་ཚད་ལྡན་ཞིག་མིན་པའི་ཚུལ་འོག་ཏུ་འཆད་ཅིང་། འདིར་གཉིས་མེད་རྣམ་རྒྱལ་ཆུང་བ་འདི་བསྒྱུར་བའི་དགོས་པ་ཡང་གཉིས་མེད་རྣམ་རྒྱལ་ཆེན་མོ་རྫུན་མར་རྟོགས་པའི་ཆེད་དུ་བསྒྱུར་བ་ཡིན་གསུང་པ་ནི། བོད་ཀྱི་མཁས་པ་སྔ་མ་འགས་ནཱ་རོ་འགྲེལ་ཆེན་དང་ལོ་ཆེན་རིན་བཟང་གི་སྔགས་ལོག་སུན་འབྱིན་དུ་དྲངས་པའི་ལུང་གིས་རྒྱུད་རྣམ་དག་ཏུ་བསྒྲུབས་པ་ལ། ཀུན་མཁྱེན་བུ་སྟོན་ཆེན་པོས། ལུང་དེ་གཉིས་ཀྱིས་གཉིས་མེད་རྣམ་རྒྱལ་ཆེན་མོ་རྒྱུད་རྣམ་དག་ཏུ་བསྒྲུབ་མི་ཐུབ་ཏེ། དེའི་ལུང་ཁུངས་དངོས་སུ་གྱུར་པའི་གཉིས་མེད་རྣམ་རྒྱལ་དེ་གཉིས་མེད་རྣམ་རྒྱལ་ཆུང་བ་འདིའི་ནང་དུ་བཞུགས་པའི་ཕྱིར། ཞེས་པའི་རིགས་པ་འདི་གཏོང་བར་དགོངས་ཏེ་བསྒྱུར་བ་ཡིན་ཞེས་གསུང་གི་ཡོད་པ་འདྲ། དེ་མིན་གཉིས་མེད་རྣམ་རྒྱལ་ཆུང་བ་དེས་གཉིས་མེད་རྣམ་རྒྱལ་ཆེ་བ་རྫུན་མ་ཡིན་པར་བསྒྲུབ་ཚུལ་ཞིག་ཁོ་བོས་ནི་མ་ཤེས་པ་ལགས།
གཞན་ཡང་དཔའ་བོ་གཙུག་ལག་ཕྲེང་བས་འདི་ལྟར་གསུངས་ཏེ། 《ཕག་མོའི་རྣམ་བཤད་ཆེན་མོར།》 ཀུན་མཁྱེན་བུ་རིན་པོ་ཆེ་ལྟ་བུས་ཀྱང་། བུ་སྟོན་ཆོས་འབྱུང་དུ་ནི་ར་ལི་སོ་གཉིས་པོ་ལ། ཁ་ཅིག་ཐེ་ཚོམ་བྱེད་ཀྱང་ཐེ་ཚོམ་མི་དགོས་ཏེ། གཱ་ཡ་དྷ་རས་འབྲོག་མི་ལ་བཤད་པའི་རྒྱ་དཔེ་ཅན་ཡིན་པས་སོ་ཞེས་བཀོད་ཅིང་། རྒྱུད་སྡེ་སྤྱི་རྣམ་དུ་རྙོག་མེད་མ་གཏོགས་པའི་ར་ལི་སོ་གཅིག་ནི་རྒྱུད་ཡིན་མིན་བརྟག་པར་བྱའོ་ཞེས་ཐེ་ཚོམ་དུ་མཛད། ཅེས་ཀུན་མཁྱེན་བུས་རྒྱུད་དག་མ་མིན་པར་གསུང་པ་ལ་ཡང་མཐའ་གཅིག་ཏུ་ཁྱབ་པ་མི་འདུག་ཅེས་ལན་གནང་ཡོད།
གཞན་པའི་མཁས་པ་རྣམས་ཀྱིས་རྒྱུད་རྣམ་དག་མ་ཡིན་པ་ལ་གསལ་ཁ་མ་གཏོད་པ།
དེ་ནས་རྗེ་བཙུན་ཙོང་ཁ་པ་ཆེན་པོ་དང་། ཇོ་ནང་ཀུན་མཁྱེན་ཏཱ་ར་ནཱ་ཐ། ཀུན་མཁྱེན་གོ་རམས་པ་སོགས་ཀྱིས་ནི་ཐད་ཀར་རྒྱུད་རྫུན་མ་ཞེས་འབོད་པར་མཛད་པ་ལས། དེ་རྒྱུད་རྫུན་མ་ཡིན་པའི་སྒྲུབ་བྱེད་དང་རྒྱུ་མཚན་མ་མཐོང་བས། ཀུན་མཁྱེན་བུ་སྟོན་ཆེན་པོའི་རྗེས་སུ་འབྲང་སྟེ་གསུང་པ་ཡིན་ནམ་སྙམ།
རྒྱ་ཕོ་བ་ལུང་པ་དང་དེའི་ཞྭ་མོ་ཕུད་པ།
ཀུན་མཁྱེན་བུས་སྔོན་གྱི་བཤད་སྒྲོས་ཤིག་ལ་ཁུངས་བཅོལ་ནས་གཉིས་མེད་རྣམ་རྒྱལ་ཆེན་མོ་འདི་རྒྱ་ཕོ་བ་ལུང་པས་བརྩམས་པར་བཤད། འཇམ་མགོན་ཨ་མེས་ཞབས་ཀྱིས་རྒྱ་ཕོ་བ་ལུང་པས་ཇི་ལྟར་བརྩམས་པའི་ཚུལ་ཀུན་མཁྱེན་བུའི་གསུང་ལས་ཁ་གསལ་ཙམ་གསུངས་པ་ནི། 《གསང་འདུས་ཆོས་འབྱུང་》ལས། གཉིས་མེད་རྣམ་རྒྱལ་དུ་གྲགས་པ་འདི་ཆུ་ཤུལ་དུ་རྒྱ་ཕོ་བ་ལུང་པས་བརྩམས་པ་ཡིན། གཉིས་མེད་རྣམ་རྒྱལ་རྒྱ་ཕོ་བ་ལུང་པས་བརྩམས་ཚུལ་ཡང་། ཁོང་ལ་འདུས་པ་མར་ལུགས་ཀྱི་མན་ངག་མང་དུ་ཡོད་པས། དེ་རྣམས་སྟོན་བྱེད་ཀྱི་རྒྱུད་ཅིག་དགོས་པ་འདུག་སྙམ་ནས་བརྩམས་པར་གྲགས་ལ། ཞེས་གསུངས།
འོན་ཀྱང་གཉིས་མེད་རྣམ་རྒྱལ་ཆེན་མོ་རྒྱ་ཕོ་བ་ལུང་པས་མ་བརྩམས་པའི་རྒྱུ་མཚན་འདི་དག་ཡོད་པ་ཡིན་ཏེ།
༡ དཔའ་བོ་གཙུག་ལག་ཕྲེང་བའི་《ཕག་མོའི་རྣམ་བཤད་ཆེན་མོ་》ལས། དེ་བཞིན་དུ་གཉིས་མེད་རྣམ་རྒྱལ་ཆེན་པོ་ལ་ཡང་ཐེ་ཚོམ་ཟ་བ་ཁ་ཅིག་ནི་རྒྱ་ཕོ་བ་ལུང་པས་བྱས་སོ་ཅེས་ཟེར་རོ་ཞེས་བྲིས་མོད། རྒྱ་ཕོ་བ་ལུང་པ་ནི་རྗེ་དུས་མཁྱེན་ལ་སོགས་པའི་སློབ་མ་གསང་བ་འདུས་པའི་རྣལ་འབྱོར་པ་ཆེན་པོ་ཞིག་ཡིན་ཏེ། སྒྲུབ་བརྒྱུད་འདིའི་དམ་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས། གང་ཟག་ཐ་མའི་འབྲིང་དུ་ཚུད་པ་རེས་ཀྱང་རྒྱུ་འབྲས་ཀྱི་བླང་དོར་བླ་མའི་བཀས་གང་བསྟན་པ་དེ་ལ་རང་སེམས་དཔང་པོར་བཙུགས་ཏེ་བླངས་དོར་བྱེད་པའི་ཚུལ་འདི་འདྲ་བ་ནི་གཞན་བོད་ཡུལ་གྱི་མཁས་པ་རབ་ཏུ་གཏོགས་པ་རྣམས་ལའང་མི་སྣང་ན་རྒྱ་ཕོ་བ་ལུང་པ་ལྟ་བུས་རྒྱུད་རྫུས་བྱེད་པ་གར་སྲིད། དེ་ལྟ་མོད་ཀྱི་བོད་ཀྱི་མཁས་པར་གྲགས་པ་མང་པོས་རྒྱུད་གདམས་ངག་རང་བཟོར་བྱས་སོ་ཞེས་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ལ་སྨོད་པ་འདི་ནི། ཁོ་བོ་ཉིད་ཇི་ལྟར་བྱེད་པ་འདི་ཉིད་སྔོན་མ་ཐམས་ཅད་ཀྱིས་བྱས་སོ་སྙམ་ནས་སྨྲ་བར་སྣང་མོད་ཀྱང་། དམ་པ་དེ་དག་ནི་ལུས་སྲོག་ཡང་དོར་ནས་ལས་འབྲས་ལ་འཛེམ་པ་ཡིན་ལ། ཕྱི་རབས་ཀྱི་མཁས་པ་མང་པོ་ཕྱིའི་མཛེས་ཆོས་མ་གཏོགས་རྒྱུ་འབྲས་ཀྱི་བླང་དོར་ལ་བཞད་གད་ཁོར་མོར་བཏབ་ཆོག་པ་འཕྲལ་ནི་སྐྱིད་སྐྱིད་འདྲ་བར་སྣང་ངོ་། །ཞེས་གསུངས་ཤིང་། འདི་ནི་རྒྱ་ཕོ་བ་ལུང་པའི་མི་གཞི་ངོས་ནས་ཡིད་ཆེས་བྱས་ཤིང་དེས་རྒྱུད་རྫུན་མ་གསར་བཟོ་བྱ་མི་སྲིད་པར་བཤད་པ་དང་།
༢ འགོས་ལོ་གཞོན་ནུ་དཔལ་གྱིས་《དེབ་སྔོན་》ལས། ལ་ལ་ན་རེ་རྒྱ་ཕོ་བ་ལུང་པས་བྱས་ཀྱང་ཟེར་ཏེ། ཁམས་པ་རོ་མཉམ་གྱི་ཊཱི་ཀ་ན་འདི་ཚད་མར་བྱས་སྣང་བས་རྒྱ་ཕོ་བ་ལུང་པའི་དོན་མི་སྣང་ངོ༌། །ཞེས་གསུངས་པ་དང་། ཀུན་གཟིགས་མ་ཧཱ་པཎྜི་ཏ་ཆོས་ཀྱི་འབྱུང་གནས་ཀྱིས་ཀྱང་། གསང་བ་འདུས་པ་ལ་མཁས་པ་ཁམས་པ་རོ་མཉམ་རྡོ་རྗེའི་ཊཱིཀ་སོགས་ལའང་འདི་ཚད་མར་བྱས་སོ། །ཞེས་གསུངས་པ་འདི་ནི་རིགས་པ་ཤིན་ཏུ་སྟོབས་ལྡན་ཞིག་ཡིན་ཏེ། མངའ་བདག་མར་པ་ལོ་ཙཱའི་སློབ་མ་ཀ་ཆེན་བཞིའི་ནང་གི་ཡ་གྱལ་མཚུར་སྟོན་དབང་ངེའི་སློབ་མའི་གཙོ་བོ་གསུམ་ནི་འཁོན་གད་པ་ཀཱིརྟི་དང༌། ཁམས་པ་རོ་མཉམ་རྡོ་རྗེ། ཆོས་སྟོན་བསོད་ནམས་རྒྱལ་མཚན་གསུམ་འདྲེན་པ་དང་། ཁམས་པ་རོ་མཉམ་རྡོ་རྗེའི་སློབ་མ་རྒྱལ་ལུང་ཕུ་བ་ཆེན་པོ། དེའི་སློབ་མ་ལྷ་ཁང་སྣ་བ། དེའི་སློབ་མ་རྒྱལ་ལུང་ཕུ་བ་ཕྱི་མ། དེའི་སློབ་མ་ཆོས་རྒྱལ་རིན་ཆེན་གླིང་པ། དེའི་སློབ་མ་རྒྱ་ཕོ་བ་ལུང་པ་ཡིན་པས། ཁམས་པ་རོ་མཉམ་རྡོ་རྗེ་ནས་བརྩིས་པའི་བླ་རབས་དྲུག་པ་རྒྱ་ཕོ་བ་ལུང་པ་ལ་ཁེལ་གྱི་ཡོད། ཁྱད་པར་དུ་ཀུན་མཁྱེན་བུ་སྟོན་ཆེན་པོ་དང་། རྗེ་ཙོང་ཁ་པ་བཅས་པའི་གསང་འདུས་མར་ལུགས་ཀྱི་བརྒྱུད་པའི་ཁུངས་ཀྱང་ཁམས་རོ་མཉམ་རྡོ་རྗེ་ལ་ཐུག་ཡོད་པ་བཅས་འདི་ནི་ཅིས་ཀྱང་ཚད་མར་བྱ་འོས་ཤིང་འདིའི་རྒྱུད་ཊཱིཀ་ཏུ་ལུང་དྲངས་པས་རྒྱ་ཕོ་བ་ལུང་པས་གསར་བརྩམས་མ་ཡིན་པར་གྲུབ་པ་ཡིན།
དེ་ཡང་ཁམས་པ་རོ་མཉམ་རྡོ་རྗེའི་རྒྱུད་ཀྱི་ཊཱིཀ་《དཔལ་གསང་བ་འདུས་པའི་རྒྱུད་ཀྱི་བཤད་པ་དྲི་མ་མེད་པའི་ཡེ་ཤེས་ཀྱི་སྣང་བ་》ཞེས་པ་ཏཻ་ལོ་ནཱ་རོ་དང་། པཎ་ཆེན་ཡེ་ཤེས་སྙིང་པོ་སོགས་བླ་མ་མར་པ་ལོ་ཙཱའི་བླ་མ་བརྒྱུད་པའི་བཤད་སྲོལ་དང་མན་ངག་རྩལ་དུ་བཏོན་ནས་འཆད་པའི་རྒྱུད་འགྲེལ་དེ་ཉིད་ལས་གཉིས་མེད་རྣམ་རྒྱལ་གྱི་ལུང་མང་དུ་དྲངས་པ་རྣམས་ལས་འགའ་འགོད་པ་ནི། རྒྱུད་ཀྱི་མཚན་དོན་བཤད་པའི་སྐབས་སུ། རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་ལས་ཀྱང་། ཤྲཱི་གཉིས་མེད་ཡེ་ཤེས་མཆོག་གྲུབ་པ། །བདེ་ལེགས་ཀུན་གྱི་གཞིར་གྱུར་པའི། །དཔལ་ལྡན་རྣམ་པར་ཐར་པའི་སྒོ། །ཤེས་རབ་སྙིང་རྗེ་དབྱེར་མེད་པའོ། །གསང་བའི་སྙིང་པོ་བླ་ན་མེད། །མཐར་ཐུག་ཆོས་རྣམས་རབ་འཇུག་པ། །སྒྱུ་མའི་རོལ་པ་བསམ་མི་ཁྱབ། །བྱང་ཆུབ་སེམས་ལས་ཀུན་དུ་འབྱུང་། །བདེ་བ་མཆོག་ལས་མཆོག་གྲུབ་པ། །འཁོར་འདས་སྤང་ཐོབ་མེད་པ་ཉིད། །སྲིད་ཞི་མཉམ་པ་ཉིད་རྟོག་པ། །བྱང་ཆུབ་སེམས་ཀྱི་སྤྱོད་ཡུལ་ཅན། །རྒྱལ་བ་རྣམས་ཀྱིས་བསྟན་པའི་ལམ། །བདེ་དོན་སྤྲོས་མེད་ངང་དུ་འདུས། །ཁམས་གསུམ་རླུང་ལས་སྤྲུལ་པ་ནི། །རྣམ་པར་ཤེས་པ་ཡུལ་ལ་འཇུག །དེ་ལས་བདག་དང་གཞན་དུ་རྟོག །རྟེན་བཅས་རང་སྟོང་གཡོ་བ་ཡིན། །འདིར་ནི་རླུང་སེམས་འདྲེས་པ་ལས། །སྣང་བ་གསུམ་གྱི་རང་བཞིན་འཆར། །རྣལ་འབྱོར་རྒྱུད་ཀྱིས་བདག་དང་གཞན། །ཐ་དད་མི་རྟོག་སྤྱད་པ་བྱ། །ཀུན་གྱི་བླ་མར་གྱུར་པ་ནི། །མཆོག་གི་ཕྱག་རྒྱ་ཆེན་པོའི་གནས། །ཀུན་རྫོབ་སྣང་བ་སྣ་ཚོགས་པ། །ངོ་བོ་ཉིད་ཀྱིས་རང་སྟོང་པ། །གནས་གསུམ་ཚུལ་ནི་རྒྱུད་གཞན་ལས། །སྙིང་པོ་འོད་གསལ་མངོན་བྱང་ཆུབ། །སྒྱུ་མ་ལྟ་བུའི་ཡུལ་ལས་གཞན། །ཏིང་འཛིན་ངེས་པར་འདིར་བསྟན་པའོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསང་ཆེན་རྒྱལ་པོ་ཟུང་འཇུག་ལམ། །སྐུ་གསུམ་དབྱེར་མེད་ནམ་མཁའི་ངང་། །ཡེ་ཤེས་ཐ་སྙད་ལས་འདས་པའོ། །ཞེས་པའི་བར་དྲངས་པ་དང་།
ཡང་སྤྲོས་བྲལ་བཤད་པའི་སྐབས་སུ། དེ་ཡང་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་དང་རྣམ་པར་རྒྱལ་བ་ལས། ཕྱི་རོལ་ཡུལ་དག་ཕྲ་བ་རྣམས། །འདུས་ནས་རིགས་པ་འབྱུང་བ་ལྟར། ཡུལ་དུས་རྣམ་པར་ངེས་པ་ལས། །རིགས་པ་འདྲ་བའི་རྣམ་པར་བཞག །ཡུལ་དགག་པ་ཡི་ཐ་མ་དང་། །ཤེས་པ་སྐྱེ་བའི་ཐོག་མ་རུ། །ཕྲད་པར་འདོད་པ་གྲུབ་པའི་མཐའ། །མདོ་སྡེ་པ་ཡི་དགོངས་པ་སྨྲ། །ཆོས་རྣམས་ཐམས་ཅད་རང་གི་སེམས། །རྣམ་པར་རིག་ཙམ་སྐད་ཅིག་མ། །རང་གསལ་རྒྱུན་གནས་སྤྲོས་བྲལ་འདོད། །རང་རིག་སྐད་ཅིག་གསལ་བ་དང་། །མི་གསལ་སྣ་ཚོགས་རྟོག་བྲལ་དུ། །རྣམ་མེད་རྣལ་འབྱོར་སྤྱོད་པ་སྨྲ། །དངོས་རྣམས་སྟོང་པ་སྒྱུ་མ་བཞིན། །སྣང་ཡང་བདག་ལས་རང་སྟོང་པ། །སེམས་ཀྱི་རྟོག་པ་རྣམ་བཟློག་སྟེ། །མཁའ་དབྱིངས་དྲི་མེད་རྟོག་རྒྱུན་འཆད། །འདི་ལྟར་སྲིད་པ་ཞི་བ་ལས། །རྣམ་གྲོལ་སྟོང་ཉིད་སྙིང་རྗེ་དང་། །དབྱེར་མེད་བྱང་ཆུབ་སེམས་ཀྱི་མཆོག །ཟུང་འཇུག་རབ་ཏུ་མི་གནས་པ། །དཔལ་ལྡན་འདུས་འདིར་གྲུབ་མཐའ་ཀུན། །བློ་ཡི་རིམ་པས་འདིར་འདུས་ཏེ། །དེ་བས་འདིར་ནི་ཆོས་ཀུན་གྱི། །སྙིང་པོ་འདུས་པའི་རྩ་བར་གསུངས། །ཞེས་དྲངས་པ་དང་།
དཀྱིལ་འཁོར་རྒྱལ་མཆོག་བཤད་པའི་སྐབས་སུ། དེ་ལྟར་ཡང་གཉིས་མེད་རྣམ་རྒྱལ་ལས། གསང་བ་བླ་ན་མེད་པའི་དོན། །ཡེ་ཤེས་རྣམ་གསུམ་རིམ་འཇུག་ཅིང་། །སྒྲོན་མེ་འོད་གསལ་སྣང་བ་ལས། །ཟུང་འཇུག་རྡོ་རྗེ་མི་ཕྱེད་པ། །ལྷ་ཡི་འཁོར་ལོ་སྤྲུལ་ནས་ནི། །དབྱེར་མེད་མི་གཡོ་ཏིང་ངེ་འཛིན། །མཆོག་ནི་དྲི་མེད་རང་སྣང་ལས། །གཉིས་མེད་ངང་དུ་རབ་ཞུགས་པའོ། །ཞེས་དང་།
ཡང་། དམ་ཚིག་ཆེན་པོ་འགྲུབ་པ་ནི་གྲུབ་པ་ཆེན་པོ་བརྒྱད་ཉིད་དེ། ལྷ་མོ་བཞིས་ཞུས་དང་རྣམ་པར་རྒྱལ་བ་ལ་སོགས་པར་གསུངས་པ་བཞིན་དུའོ། །ཞེས་དང་།
ཡང་དེ་ལས། དགོངས་ཏེ་བཤད་པ་ནི་དཔལ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བ་ལས། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཐུབ་པ་ཆེན་པོས་བཀའ་སྩལ་པ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ། །གསང་གསུམ་རྡོ་རྗེ་འཆང་བའི་བདག །སྒྱུ་མའི་སྣང་བ་ལས་འདས་ཏེ། །རྡོ་རྗེ་གསང་བའི་ངོ་བོ་ཉིད། །མངོན་པར་བྱང་ཆུབ་མཚན་ཉིད་ཅན། །ཡེ་ཤེས་དམིགས་མེད་ངོ་བོ་ཉིད། །འདུས་པ་གསང་བ་གནས་མེད་པ། །ཡི་གེའི་ཚིག་ནི་དམིགས་མེད་པས། །དེ་ཉིད་བརྗོད་པས་རྣམ་པར་དབེན། །དགོངས་པས་ཅང་ནི་མི་གསུང་བཞུགས། །གསང་བའི་སྐུ་མཆོག་དྲི་མ་མེད། །གཞོན་ནུས་དབང་ཕྱུག་འདིར་རྟོག་གོ། །ཡེ་ཤེས་སྐུ་ནི་མི་འགྱུར་ཞིང་། །མ་སྐྱེས་སྐྱེ་མེད་མཆོག་གི་ཡུལ། །རྡོ་རྗེ་གསུང་ནི་འགག་པ་མེད། །མཚན་མ་མེད་ཅིང་དྲི་མ་མེད། །འོད་གསལ་ནམ་མཁའ་ཞེས་བྱ་བ། །དེ་ཉིད་ལས་བྱུང་དེར་སྟོན་པ། །ཐམས་ཅད་དམིགས་མེད་རྟོགས་སུ་མེད། །ཡང་དག་སྣང་བ་ཀུན་རྫོབ་སྟེ། །ལེགས་པར་བཟུང་ཡང་མ་སྐྱེས་ཤིང་། །སྒྱུ་མ་ཙམ་དུའང་དམིགས་སུ་མེད། །ལོག་པར་ཟིན་ལས་ལྡོག་པར་འགྱུར། །དེ་ནས་འཇམ་པའི་དབྱངས་ལ་སོགས། །ཐམས་ཅད་ཀྱིས་ནི་འདི་སྐད་གསོལ། །རྡོ་རྗེའི་ཚིག་གི་ཡུལ་མིན་པ། །ཀུན་དུ་འབྱུང་བའི་དྲི་མ་ལས། །ཕྱིན་ཅི་ལོག་ལས་རྣམ་པར་འདས། །དེ་ཉིད་བརྗོད་དང་བྲལ་བས་ན། །རྣམ་པར་དབེན་པ་སྤྲོས་དང་བྲལ། །ཐ་དད་གཅིག་ཏུ་བརྟག་མི་བྱ། །དེ་ཉིད་ཅི་ཡི་སླད་དུ་ནི། །སངས་རྒྱས་ཀུན་གྱི་གསང་བ་ནི། །བྱང་ཆུབ་སེམས་སུ་གྱུར་པ་ཉིད། །སྐྱེ་མེད་ཙམ་དུའང་མི་གནས་ལ། །སྒྱུ་མའི་དབྱིངས་ཉིད་ལས་འདས་ཤིང་། །ངོ་བོ་ཉིད་ནི་རང་བྱུང་བ། །ཡང་དག་སྤྱོད་པར་གྱུར་པ་གང་། །དེ་བཞིན་ཉིད་དུ་གཤེགས་གྱུར་ཅིང་། །ཡེ་ཤེས་འཇུག་པས་གཤེགས་པར་མཛད། །ལྡོག་པའི་ཁྱད་པར་རྗེས་སུ་འགྲོ། །དེ་ཉིད་གང་གི་སླད་དུ་ན། །འཇིག་རྟེན་དབང་པོ་ལ་སོགས་པས། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །ངོ་བོ་ཉིད་ནི་མ་དམིགས་ཤིང་། །ཡེ་ཤེས་འཇུག་པ་མེད་པས་ན། །སླར་ཞིང་ཡང་དག་ཡུལ་འདི་ལ། །འདི་སྙམ་དུ་ནི་རྟོག་གྱུར་ཏེ། །བདག་ཅག་སྟོན་པ་དེ་བཞིན་གཤེགས། །འདི་ཉིད་སངས་རྒྱས་ཐམས་ཅད་ཀྱི། །དེ་ཉིད་གསང་བ་ཆོས་དག་པ། །ཡུལ་དུས་མ་བྲལ་བརྗོད་བྲལ་བ། །རྟོགས་དཀའ་བརྟག་པར་དཀའ་བ་ཉིད། །རིག་ནའང་མི་རིག་པ་ཡི་ཆོས། །གསང་བའི་ཡི་གེའི་རྣམ་པར་དབེན། །ཐོག་མ་ཐ་མ་མེད་པའི་བདག །ཇི་ལྟར་རྟོག་ཅིང་སྟོན་པར་བྱེད། །དེ་ལྟར་སེམས་པར་གྱུར་པས་ན། །བསམ་པ་དེ་དག་རབ་ཤེས་པས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །གསང་བ་མི་འགྱུར་རྡོ་རྗེའི་བདག །འདིར་ནི་དེ་བཞིན་གཤེགས་ཀུན་ཡང་། །དེ་ཉིད་གཟིགས་པ་མེད་པས་ན། །བླ་མེད་བྱང་ཆུབ་མི་ཤེས་སོ། །ཕྲ་ཞིང་བདག་མེད་སྟོང་བས་ན། །བྱང་ཆུབ་སེམས་དཔའ་ལྟ་ཅི་སྨོས། །དེ་ཉིད་ཅི་ཡི་ཕྱིར་ཞེ་ན། །སྒྱུ་མ་སྐྱེ་བ་མེད་པས་ན། །རྡོ་རྗེ་མངོན་པར་བྱང་ཆུབ་པ། །ངོ་བོ་མེད་ཅིང་གནས་མེད་པ། །མི་འགྱུར་ལྷུན་གྱིས་གྲུབ་པ་ལས། །གཉིས་མེད་སྣང་བའི་ཡེ་ཤེས་འབྱུང་། །དེ་ལྟར་ཤིན་ཏུ་རྟོགས་དཀའ་ཞིང་། །ཀུན་དང་ཐུན་མོང་མ་གྱུར་པས། །མོས་དང་རིག་པར་ལྡན་པ་ཡི། །སེམས་ཅན་རྣམས་ཀྱིས་ཇི་ལྟར་འགྱུར། །རིགས་ཀྱི་བུ་ཞེས་སྐལ་བར་ལྡན། །སེམས་ཅན་ཆེན་པོའི་རིགས་ཅན་གྱིས། །བླ་མེད་མངོན་པར་བྱང་ཆུབ་པ། །སྙིང་པོ་མཆོག་ལ་གནས་པ་ཡིས། །ཚེ་འདིར་རྡོ་རྗེར་སངས་རྒྱས་ཏེ། །དེ་ཉིད་སྐུ་གསུམ་དབྱེར་མི་ཕྱེད། །རྡོ་རྗེ་ཆོས་ཉིད་དག་པའི་ཕྱིར། །སྐུ་གསུང་ཐུགས་ཀྱི་གསང་བ་ཆེ། །ཡེ་ཤེས་རྡོ་རྗེའི་གནས་ཐོབ་འགྱུར། །ཞེས་མཐར་ཆགས་སུ་དྲངས་པ་བཅས་ལུང་འདི་དག་ལས་གསང་འདུས་མར་ལུགས་ཀྱི་མཁས་པ་ཆེན་པོ་རོ་མཉམ་རྡོ་རྗེའི་སྐུ་དུས་སུ་རྒྱུད་འདི་ཡོད་པ་མ་ཟད་མཁས་པ་འདི་ཉིད་ཀྱིས་རྒྱུད་འདི་ལ་ཁུངས་སུ་བྱས་པའི་བཤད་པ་མང་པོ་མཛད་པ་ཡིན་ནོ། །
ད་རུང་གསལ་བཤད་དགོས་པ་ཞིག་ལ་ལུང་འདི་དག་གཉིས་མེད་རྣམ་རྒྱལ་ཆུང་བའི་ནང་དུ་མི་བཞུགས་པས་ཀྱང་ཁམས་པ་རོ་མཉམ་རྡོ་རྗེས་ཁུངས་སུ་མཛད་པའི་གཉིས་མེད་རྣམ་རྒྱལ་དེ་གཉིས་མེད་རྣམ་རྒྱལ་ཆུང་བ་ཡིན་ནམ་སྙམ་པའི་དོགས་པ་ཡང་ཆོད་པ་ཡིན་པས་འདིའི་ཁུངས་གཉིས་ཀ་ལ་ཡོད་སྲིད་དམ་སྙམ་པའི་བརྟག་པ་མཐའ་བཟུང་གི་དཔྱད་པ་མི་འཇུག་གོ། །
དེས་ན་རྒྱ་ཕོ་བ་ལུང་པ་འཇིག་རྟེན་མི་ཡུལ་དུ་མ་བྱུང་བའི་སྔོན་ནས་གཉིས་མེད་རྣམ་རྒྱལ་ཆེན་མོ་ཡོད་པར་གྲུབ་པས་རྒྱ་ཕོ་བ་ལུང་པས་བརྩམས་པར་བཤད་པ་ནི་མ་ཉེས་པའི་ཞྭ་མོ་ཡིན་པར་གྲུབ་པ་ཡིན་ནོ། །
《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས་ཀྱང་། དེ་ལ་སློབ་མའི་གཙོ་བོ་ཁམས་པ་རོ་མཉམ་རྡོ་རྗེ་ནི་རྒྱ་གར་དུ་གསང་འདུས་འཚོལ་དུ་བྱོན་པས་ཉན་ས་མ་རྙེད་པར་བོད་དུ་བྱོན། མཚུར་ལ་རྫོགས་པར་ཞུས། རྒྱུད་ཀྱི་ཊཱི་ཀའང་མཛད་པར་གཉིས་མེད་རྣམ་རྒྱལ་ཆེན་མོ་དྲངས་འདུག་སྐད། ཅེས་གསུངས་ཤིང་། ཡིན་ནའང་ཁོ་བོས་ནི་ཁམས་པ་རོ་མཉམ་རྡོ་རྗེའི་རྒྱུད་ཊཱིཀ་མ་མཇལ་ཞིང་། འགོས་ལོ་ཡིད་བཟང་རྩེ་བ་དང་། དཔའ་པོ་གཙུག་ལག་ཕྲེང་བ། པཎ་ཆེན་ཆོས་ཀྱི་འབྱུང་གནས་བཅས་ཀྱིས་གསུང་ཙམ་ལས་རྒྱུད་ཊཱིཀ་འདི་ལས་ཇི་ལྟར་གསུང་ཡོད་པའི་སྐོར་ལ་ཞིབ་ཆ་འདོན་མ་ནུས་སོ། །
རྒྱུད་འདི་ལ་འགྱུར་འགོ་མི་འདྲ་བ་བཞུགས་པ།
ད་ལྟ་ང་ཚོས་མཇལ་དུ་ཡོད་པའི་གཉིས་མེད་རྣམ་རྒྱལ་ཆེན་མོའི་འགྱུར་བྱང་དུ། དུ་ལ་ཀྵེ་ཏྲའི་གྲོང་ཁྱེར་ཆེན་པོར་རྒྱ་གར་གྱི་མཁན་པོ་དཔལ་ཡེ་ཤེས་སྙིང་པོ་དང་། བོད་ཀྱི་ལོ་ཙྪ་བ་མར་པ་ལྷོ་བྲག་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། པཎྜི་ཏ་མཁས་པ་ཆེན་པོ་སྨྲི་ཏི་ཛྙཱ་ན་ཀཱིརྟིས་རང་འགྱུར་བྱས་པ་ཅིག་ཀྱང་ཡོད་པར་གདའ། ཞེས་བླ་མ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར་ཡོངས་གྲགས་དང་། ད་རུང་ཇོ་བོ་སྨྲི་ཏི་ཛྙཱ་ན་ཀཱིརྟིས་རང་འགྱུར་ཡོད་པའི་སྒྲོས་འབྱུང་བ་དང་། དེ་བཞིན་དུ་ཀུན་མཁྱེན་བུ་སྟོན་ཆེན་པོ། འཇམ་དབྱངས་ཆེན་མོ་དོན་འགྲུབ་འོད་ཟེར། དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཐམས་ཅད་ལ་ཇོ་བོ་སྨྲི་ཏི་ཛྙཱ་ན་ཀིརྟིས་རང་འགྱུར་ཡོད་པར་གསུངས་པའི་སྒྲོས་བྱུང་བས། གལ་ཏེ་དེ་བདེན་ན་རྒྱུ་མཚན་འདི་གཅིག་པུས་ཀྱང་རྒྱུད་འདི་བོད་མ་མིན་པ་ཐག་ཆོད་པར་འགྱུར་རོ། །
གཞན་ཡང་ནག་ཚོ་ལོ་ཙཱ་བའི་འགྱུར་ཡོད་པའི་སྒྲོས་ཀྱང་བྱུང་སྟེ། དཔའ་བོ་གཙུག་ལག་ཕྲེང་བའི་《ཕག་མོའི་རྣམ་བཤད་ཆེན་མོ་》ལས། དེས་ན་གཉིས་མེད་རྣམ་རྒྱལ་ཆེན་མོ་ལའང་རྗེ་མར་པའི་འགྱུར་དང་། སྨྲྀ་ཏིའི་རང་འགྱུར་དང་། ནག་ཚོའི་འགྱུར་ཏེ་གསུམ་སྣང་ལ། ཞེས་གསུང་ཞིང་། འདི་ལས་གཞན་པའི་གཞུང་གི་ནང་ན་ཁུངས་སྣེ་མ་བྱུང་བས་དཔྱད་ཞིབ་བྱ་དཀའ་བར་སྣང་།
ཡང་སོག་ཟློག་པ་བློ་གྲོས་རྒྱ་མཚོའི་སྔགས་ལོག་སུན་འབྱིན་གྱི་《དགག་ལན་ལུང་རིགས་འབྲུག་སྒྲ་》ལས། གསང་འདུས་གཉིས་མེད་རྣམ་རྒྱལ་ཆེ། །དང་པོར་སྨྲི་ཏིས་རང་འགྱུར་མཛད། །བར་དུ་དགེ་སློང་ཆོས་བློས་བསྒྱུར། །ཐ་མར་ཉང་སྟོད་རྒྱལ་མཁར་རྩེར། །སྒྲ་པ་ཐུགས་རྗེ་སེངྒེ་ཡིས། །རྒྱ་དཔེ་རྙེད་ནས་སླར་ཡང་བསྒྱུར། །ཞེས་གསུངས་ཤིང་། དགེ་སློང་ཆོས་བློས་བསྒྱུར་ཞེས་པ་ནི་བླ་མ་མར་པ་ལོ་ཙཱ་བ་དགེ་སློང་དང་སྔགས་པ་གང་ཡིན་ནོར་བ་སྟེ། རྒྱུད་འདིའི་འགྱུར་བྱང་ཐམས་ཅད་དུ་བླ་མ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་མཚན་མ་གཏོགས་དགེ་སློང་དུ་གྱུར་པའི་ཆོས་བློ་ཞིག་ཡོད་པའི་ཁུངས་མི་སྣང་བའི་ཕྱིར། འདིར་གསལ་བའི་དམིགས་བསལ་གྱི་ཁུངས་སྟེ་གཅིག་ནི། སྒྲ་པ་ཐུགས་རྗེ་སེངྒེས་རྒྱ་དཔེ་རྙེད་ནས་སླར་ཡང་བསྒྱུར་བར་མཛད་པ་ཡིན་ཞེས་གསུངས་པ་སྟེ། བསྒྱུར་བ་པོ་འདི་གང་ཟག་སུ་ཡིན་ལ་མ་ལྟོས་པར་རྒྱ་དཔེ་རྙེད་པ་བདེན་ན་ནི་དེ་གཅིག་པུས་ཀྱང་རྒྱུད་འདི་བོད་མ་མིན་པར་གྲུབ་པ་ཡིན་ནོ། །
དེ་ལྟར་བླ་མ་མར་པ་ལོ་ཙཱ། ཇོ་བོ་སྨྲི་ཏི་ཛྙཱ་ན་ཀརྟི། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། སྒྲ་པ་ཐུགས་རྗེ་སེངྒེ་བཅས་པས་བསྒྱུར་བར་གསུངས་པ་ཐམས་ཅད་བརྫུན་ཡིན་ན་དེར་ཟད། དེ་ལས་གང་རུང་ཞིག་བདེན་པ་ཡིན་ཚེ་དེ་གཅིག་པུས་ཀྱང་རྒྱུད་འདི་བོད་པས་བརྩམས་པ་མ་ཡིན་པར་གྲུབ་པ་ཡིན་ནོ། །
རྒྱུད་འདི་ལས་ཁུངས་དྲངས་པའི་བསྟན་བཅོས་ཀྱིས་སྒྲུབ་པ།
རྒྱུད་དང་བསྟན་བཅོས་གང་ཞིག་ཡིན་ནའང་རྒྱ་གར་གྱི་པཎ་གྲུབ་ཚད་ལྡན་གྱི་བསྟན་བཅོས་ནང་དུ་དེའི་ལུང་དྲངས་པའི་ཁུངས་གསལ་པོ་ཡོད་ཚེ་དེ་ཉིད་ཀྱིས་རྒྱུད་དང་བསྟན་བཅོས་དེ་རྒྱ་གཞུང་ཡིན་པའི་ཐག་གཅོད་གནང་གི་ཡོད་ཅིང་། དེ་འདྲའི་རིགས་པ་དེ་ཡང་རིགས་པ་ཡང་དག་ཡིན་ཏེ། བོད་པས་གསར་དུ་བརྩམས་པའི་རྒྱུད་དང་བསྟན་བཅོས་རྫུན་མ་ཞིག་གི་ལུང་རྒྱ་གར་བའི་བསྟན་བཅོས་ཚད་ལྡན་རྣམས་ཀྱི་ནང་དུ་ལུང་འདྲེན་གནང་བ་མི་སྲིད་པའི་ཕྱིར་རོ། །
དེས་ན་གཉིས་མེད་རྣམ་རྒྱལ་ཆེན་མོ་འདི་ལས་ལུང་འདྲེན་མཛད་པའི་རྒྱ་གར་གྱི་བསྟན་བཅོས་ཚད་ལྡན་རྣམ་དྲངས་ནས་དཔྱད་ཞིབ་བྱ་བ་ནི།
༡ ནཱ་རོ་འགྲེལ་ཆེན་ལས། གཉིས་སུ་མེད་པ་མཉམ་པ་རྣམ་པར་རྒྱལ་བ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་གསུངས་པ་ཡང་། རྣམ་པར་ཤེས་ལས་ཡང་དག་བྱུང་། །གསང་སྔགས་འབུམ་ཕྲག་དྲུག་བཟླས་ནས། །རྡོ་རྗེ་སེམས་དཔར་ཕྱག་བྱས་ཏེ། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །ཞེས་དང་།
༢ ཡང་དེ་དང་འབྲེལ་བ་ཡོད་པའི་ལུང་གཅིག་ནི་ལོ་ཆེན་རིན་ཆེན་བཟང་པོས། གཉིས་སུ་མེད་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས། སངས་རྒྱས་ཀུན་སོགས་གསོད་པ་ཡིས། །སེམས་ཅན་སྨད་པར་མི་བྱའོ། །ཞེས་པའི་ལུང་ཁུངས་འདི་གཉིས་ཀྱིས་གཉིས་མེད་རྣམ་རྒྱལ་ཆེན་མོ་རྒྱུད་རྣམ་དག་ཏུ་བསྒྲུབས་པ་ལ། ཀུན་མཁྱེན་བུ་སྟོན་ཆེན་པོས། གཉིས་མེད་རྣམ་རྒྱལ་གྱི་ལུང་ནཱ་རོ་འགྲེལ་ཆེན་དང་། རིན་ཆེན་བཟང་པོའི་སྔགས་ལོག་སུན་འབྱིན་དུ་དྲངས་པ་རྣམས། འདི་བས་ཆུང་བའི་གཉིས་མེད་རྣམ་རྒྱལ་ཡང་དག་ཅིག་ཡོད་ཀྱི། འདི་རྒྱ་ཕོ་བ་ལུང་བས་བྱས་སོ་ཞེས་ཟེར་རོ། །ཞེས་དང་། ཁོང་གིས་གཉིས་མེད་རྣམ་རྒྱལ་ཆུང་བ་བསྒྱུར་བ་ཡང་ལུང་འདི་གཉིས་ཀྱི་ཁུངས་གཉིས་མེད་རྣམ་རྒྱལ་ཆུང་བ་དེ་མ་ཡིན་པ་བསྒྲུབ་ཕྱིར་དུ་བསྒྱུར་བར་མཛད་པ་འདྲ་སྟེ། གཉིས་མེད་རྣམ་རྒྱལ་ཆུང་བའི་འགྱུར་བྱང་དུ། འདི་ལ་རྒྱུད་ཀྱི་དུམ་བུ་ལས་མེད་ཀྱང་། སྔར་གྱི་གཉིས་མེད་རྣམ་རྒྱལ་ཞེས་གྲགས་པ་ཆེན་པོ་རྫུན་མར་རྟོགས་པའི་ཕྱིར་རྒྱུད་འདི་བསྒྱུར་རོ། །ཞེས་པ་གོང་གི་ལུང་དེ་དང་བསྒྲིགས་ན་གོ་ཐུབ་པའི་ཕྱིར་རོ། །དེ་ལས་གཞན་དུ་གཉིས་མེད་རྣམ་རྒྱལ་ཆུང་བ་བསྒྱུར་བས་གཉིས་མེད་རྣམ་རྒྱལ་ཆེ་བ་རྫུན་མར་ཇི་ལྟར་རྟོགས་པའི་ཚུལ་མ་གསུངས་ཤིང་། བདག་གིས་ཀྱང་དེ་ལས་གཞན་པའི་རྒྱུ་མཚན་མ་མཐོང་ངོ་། །
ད་ལྟ་བཞུགས་པའི་གཉིས་མེད་རྣམ་རྒྱལ་ཆེ་བ་ན། རྣམ་ཤེས་ལས་ནི་སྔགས་འབྱུང་བ། །མཚན་ཉིད་དྲུག་ལྡན་བཟླས་ནས་ཀྱང་། །རྡོ་རྗེ་སེམས་དཔར་ཕྱག་བྱས་ནས། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །ཞེས་དང་། གཉིས་མེད་རྣམ་རྒྱལ་ཆུང་བ་ལས། རྣམ་ཤེས་ལས་ཀྱང་བྱུང་བའི་སྔགས། །འབུམ་ཕྲག་དྲུག་ཏུ་བཟླས་ནས་ཀྱང་། །རྡོ་རྗེ་སེམས་དཔར་ཕྱག་བྱས་ནས། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །ཞེས་འབྱུང་ཞིང་། ད་ལྟ་བསྟན་འགྱུར་དུ་བཞུགས་པའི་ནཱ་རོ་འགྲེལ་ཆེན་དུ། གཉིས་སུ་མེད་པ་མཉམ་པ་རྣམ་པར་རྒྱལ་བ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་གསུངས་པ་ཡང་། རྣམ་པར་ཤེས་ལས་ཡང་དག་བྱུང་། །གསང་སྔགས་འབུམ་ཕྲག་དྲུག་བཟླས་ནས། །རྡོ་རྗེ་སེམས་དཔར་ཕྱག་བྱས་ཏེ། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །ཞེས་འཁོད་ཡོད། དེ་གཉིས་ཚིག་གི་ངོ་གདོང་ནས་གཉིས་མེད་རྣམ་རྒྱལ་ཆུང་བ་དེ་འགྲིག་ཆེ་བ་ཙམ་འདུག་ཀྱང་། སྔ་མ་དེ་ཡང་འགྱུར་ཁྱད་ཙམ་མ་གཏོགས་ནང་དོན་གྱི་ཆ་ནས་གཅིག་མཚུངས་སུ་སོང་འདུག་པས་སྔ་མ་དེ་ལུང་རྫུན་མ་དང་། ཕྱི་མ་འདི་ལུང་རྣམ་དག་ཡིན་པའི་ཁྱད་པར་འབྱེད་དཀའ་བར་མཐོང་།
ལོ་ཆེན་གྱི་ལུང་དེའི་དང་བསྡུར་ན། ད་ལྟ་བཞུགས་པའི་གཉིས་མེད་རྣམ་རྒྱལ་ཆུང་བ་ལས། སངས་རྒྱས་ཐམས་ཅད་འཇོམས་པ་ནི། །སེམས་ལ་སྨད་བྱ་མིན་པ་ཉིད། །ཅེས་འབྱུང་ཞིང་། ད་ལྟ་བཞུགས་པའི་གཉིས་མེད་རྣམ་རྒྱལ་ཆེ་བ་ལས་ནི་ལུང་འདི་མ་རྙེད་ཅིངཀུན་མཁྱེན་བུའི་གསུང་ལས་དཔག་ན་ཡོད་པ་འདྲ་བས་ཕྱི་རབས་པའི་བགོ་སྐལ་དུ་བཞག་གོ། །
༣ 《དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་མན་ངག་གི་སྙེ་མ་》ཞེས་བྱ་བ་ལས། དེ་སྐད་དུ་ཡང་གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་དུ་གསུངས་པ། བྷ་ག་བཅོམ་ལྡན་སངས་རྒྱས་ཏེ། །དེས་ན་འདོད་ཆགས་སུན་མི་དབྱུང་། །ཞེས་སོ། །ཞེས་སྙེ་མ་ལས་ལུང་དྲངས་ཤིང་། ཁམས་པ་རོ་མཉམ་རྡོ་རྗེས་ཀྱང་ལུང་འདི་དྲངས་ནའང་། ད་ལྟ་བཞུགས་པའི་གཉིས་མེད་རྣམ་རྒྱལ་ཆེ་ཆུང་གཉིས་ཀ་ན་མེད་པ་འདྲ་བས་དཔྱད་པར་ཞུའོ། །
༤ 《རིམ་པ་ལྔ་པའི་བཤད་པ་ནོར་བུའི་ཕྲེང་བ་ཞེས་བྱ་བ་ལས། 》 ༼རིམ་པ་ལྔ་པའི་བཤད་པ་ནོར་བུའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་རྡོ་རྗེ་སློབ་དཔོན་ཆེན་པོ་ཀརྨ་བཛྲའི་ཞལ་སྔ་ནས་དང་། ལོ་ཙཱ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།སློབ་དཔོན་ཀླུའི་བྱང་ཆུབ་ཀྱི་ཞལ་སྔ་ནས་ཀྱིས་མཛད་མ་མཛད་ཐེ་ཚོམ་དུ་འདུག་ཀྱང་རྒྱ་གར་གྱི་པཎྜི་ཏས་མཛད་འདུག།༽ད་ནི་དུས་ཀྱི་རྣམ་པར་དབྱེ་བས་འགྲུབ་པ་དེ་བས་ན་གཉིས་སུ་མེད་པ་རྣམ་པར་རྒྱལ་བ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་པ། མཉམ་མེད་སྔགས་ནི་བཟླས་ནས་སུ། །སྒྲུབ་པའི་བདག་ཉིད་ཅན་གྱིས་བསྒྲུབ། །དེ་ཡིས་ཟླ་བ་གཅིག་གིས་ནི། །ཁམས་གསུམ་འགྲུབ་པར་གདོན་མི་ཟ། །རྣམ་ཤེས་ལས་ནི་འབྱུང་བའི་སྔགས། །འབུམ་ཕྲག་དྲུག་ནི་བཟླས་བྱ་སྟེ། །རྡོ་རྗེ་སེམས་དཔའ་ཕྱག་བྱས་ནས། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །ཞེས་བྱ་བ་གསུངས་ཏེ། ཞེས་གསུང་ཞིང་འདི་ནི་གོང་དུ་ནཱ་རོ་འགྲེལ་ཆེན་དུ་དྲངས་པའི་ལུང་དེ་སྟོད་ནས་དེ་ལས་ཅུང་ཟད་མང་ཙམ་ཞིག་དྲངས་འདུག་ཅིང་། ད་ལྟ་བཞུགས་པའི་གཉིས་མེད་རྣམ་རྒྱལ་ཆེན་མོ་ལས། མཉམ་མེད་སྔགས་ནི་བཟླས་ནས་སུ། །སྒྲུབ་པོ་བདག་ཉིད་ཅན་གྱིས་བསྒྲུབ། །ཟླ་བ་གཅིག་གྲངས་སྔགས་ཀྱིས་ནི། །ཁམས་གསུམ་འགྲུབ་པར་ཐེ་ཚོམ་མེད། །རྣམ་ཤེས་ལས་ནི་སྔགས་འབྱུང་བ། །མཚན་ཉིད་དྲུག་ལྡན་བཟླས་ནས་ཀྱང་། །རྡོ་རྗེ་སེམས་དཔའ་ཕྱག་བྱས་ནས། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །ཞེས་འབྱུང་ཞིང་། གཉིས་མེད་རྣམ་རྒྱལ་ཆུང་བ་ལས། མཉམ་མེད་གསང་སྔགས་བཟླས་ནས་ནི། །སྒྲུབ་པའི་བདག་ཉིད་ཅན་གྱིས་བསྒྲུབ། །ཟླ་བ་གཅིག་གིས་འཇིག་རྟེན་གསུམ། །དེ་ཡིས་འགྲུབ་འགྱུར་ཐེ་ཚོམ་མེད། །རྣམ་ཤེས་ལས་ཀྱང་བྱུང་བའི་སྔགས། །འབུམ་ཕྲག་དྲུག་ཏུ་བཟླས་ནས་ཀྱང་། །རྡོ་རྗེ་སེམས་དཔར་ཕྱག་བྱས་ནས། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །ཞེས་འབྱུང་བས་འདི་གཉིས་ཀ་གོང་ལྟར་དུ་གཅིག་མཚུངས་སུ་གྱུར་འདུག་པས་སུ་བདེན་དང་སུ་རྫུན་གྱི་གསལ་བཤད་བྱ་དཀའ་འོ། །
༥ མགོན་པོ་ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། དེ་བས་ན་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། མཉམ་མེད་སྔགས་ནི་བཟླས་ནས་སུ། །སྒྲུབ་པའི་བདག་ཉིད་ཅན་གྱིས་བསྒྲུབ། །དེ་ཡིས་ཟླ་བ་གཅིག་གིས་ནི། །ཁམས་གསུམ་འགྲུབ་པར་གདོན་མི་ཟ། །རྣམ་ཤེས་ལས་ནི་འབྱུང་བའི་སྔགས། །མཚན་ཉིད་དྲུག་ལྡན་བཟས་ནས་ཀྱང་། །རྡོ་རྗེ་སེམས་དཔའ་ཕྱག་བྱས་ན། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །དེ་ལས་བརྟུལ་ཞུགས་བཤད་པ་མེད། །ཕྲེང་བ་མི་དགོས་སྔགས་མི་དགོས། །གཟུང་དང་ སྦྱིན་སྲེག་ལས་རྣམས་དག །གཅིག་ནས་གཅིག་ཏུ་ལྡོག་པར་འགྱུར། །ཡ་ཡི་དོན་གྱིས་གང་ཅིའང་རུང་། །དངོས་གྲུབ་འདོད་པས་བྱ་བ་ནི། །ར་ལ་སོགས་པ་གསུམ་ཉིད་ཀྱིས། །འགྲོ་བའི་དོན་ལ་འཇུག་པར་བྱ། །མེ་དང་རླུང་དང་དབང་ཆེན་དང་། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་དུ། །ཐུན་ནི་ཕྱེད་ཕྱེད་དུས་སུ་ནི། །ལས་ནི་གཉིས་གཉིས་གནས་པར་འགྱུར། །མཆོད་ལ་བརྩོན་པས་མཆོད་པར་འགྱུར། །བཟླས་ལ་བརྩོན་པས་རྣམ་པར་དག །མེ་ལ་སྦྱིན་སྲེག་བརྩོན་པས་འབྱོར། །བསམ་གཏན་བརྩོན་པས་ཐར་པ་འཐོབ། །སྔགས་པས་དེ་ལྟར་ཤེས་ནས་ནི། །འགྲོ་ན་བྱིས་པ་བཞིན་དུ་སྤྱོད། །ཅེས་ལུང་འདྲེན་མཛད་ཅིང་། དེ་ཉིད་ད་ལྟའི་གཉིས་མེད་རྣམ་རྒྱལ་ཆེན་མོ་ལས། མཉམ་མེད་སྔགས་ནི་བཟླས་ནས་སུ། །སྒྲུབ་པོ་བདག་ཉིད་ཅན་གྱིས་བསྒྲུབ། །ཟླ་བ་གཅིག་གྲངས་སྔགས་ཀྱིས་ནི། །ཁམས་གསུམ་འགྲུབ་པར་ཐེ་ཚོམ་མེད། །རྣམ་ཤེས་ལས་ནི་སྔགས་འབྱུང་བ། །མཚན་ཉིད་དྲུག་ལྡན་བཟླས་ནས་ཀྱང་། །རྡོ་རྗེ་སེམས་དཔའ་ཕྱག་བྱས་ནས། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །དེ་ལ་བརྟུལ་ཞུགས་སྤྱད་པ་མེད། །སྔགས་མེད་བགྲང་ཕྲེང་འཛིན་པ་མེད། །གཟུང་དང་སྦྱང་བ་སྣ་ཚོགས་དག །གཅིག་ནས་གཅིག་ཏུ་ལྡོག་འགྱུར་ཏེ། །ཡ་ཡི་དོན་གྱིས་གང་ཡང་རུང་། །དངོས་གྲུབ་འདོད་པས་བྱ་བ་ནི། །ར་ལ་སོགས་པ་གསུམ་པོ་ཉིད། །རིམ་པས་འགྲོ་དོན་ལ་འཇུག་བྱ། །མེ་དང་རླུང་དང་དབང་ཚོན་དང་། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་རུ། །ཐུན་ནི་ཕྱེད་ཕྱེད་དུས་སུ་ནི། །ལས་ནི་གཉིས་གཉིས་གནས་པར་འགྱུར། །མཆོད་ལ་བརྩོན་པས་མཆོད་པར་འགྱུར། །བཟླས་ལ་བརྩོན་པས་རྣམ་པར་དག །མེ་ལ་སྦྱིན་སྲེག་བརྩོན་པས་འབྱོར། །བསམ་གཏན་བརྩོན་པས་ཐར་པ་ཐོབ། །སྔགས་པས་དེ་ལྟར་ཤེས་ནས་ནི། །བྱིས་པའི་ཚུལ་བཞིན་སྤྱད་པར་བྱ། །ཞེས་འབྱུང་བ་དང་། གཉིས་མེད་རྣམ་རྒྱལ་ཆུང་བ་ལས། མཉམ་མེད་གསང་སྔགས་བཟླས་ནས་ནི། །སྒྲུབ་པའི་བདག་ཉིད་ཅན་གྱིས་བསྒྲུབ། །ཟླ་བ་གཅིག་གིས་འཇིག་རྟེན་གསུམ། །དེ་ཡིས་འགྲུབ་འགྱུར་ཐེ་ཚོམ་མེད། །རྣམ་ཤེས་ལས་ཀྱང་བྱུང་བའི་སྔགས། །འབུམ་ཕྲག་དྲུག་ཏུ་བཟླས་ནས་ཀྱང་། །རྡོ་རྗེ་སེམས་དཔར་ཕྱག་བྱས་ནས། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །ཞེས་པ་ཙམ་ཞིག་མ་གཏོགས་དེའི་ཕྱིན་ཆད་ཀྱི་ལུང་མ་བྱུང་བས་ལུང་འདིའི་ཁུངས་ནི་གཉིས་མེད་རྣམ་རྒྱལ་ཆེན་མོའི་ལུང་ཡིན་ཤས་ཆེ་བ་ལྟ་བུར་བཞུགས་པས་དཔྱད་པའི་གཞི་ཆེའོ། །
༦ 《དཔལ་གསང་བ་འདུས་པའི་རྒྱན་ཞེས་བྱ་བ་ལས།》 ༼སློབ་དཔོན་དྲི་མེད་སྦས་པས་མཛད།པཎྜི་ཏ་སུ་ནྱ་ཡ་ཤྲཱི་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ།༽
གཉིས་སུ་མེད་པ་རྣམ་པར་རྒྱལ་བ་ལས། །རྡོ་རྗེ་སློབ་དཔོན་རྡོ་རྗེ་སེམས་དཔའ་ཡི། །བསྟེན་པ་མ་ལུས་ཇི་ལྟ་བུ་ཉིད་ནི། །བརྗོད་པ་བཞིན་དུ་དེ་དག་བྱ་བ་ཡིན། །སློབ་མས་གཉུག་མའི་ཆུང་མ་ལ་སོགས་པ། །འདི་ལ་སྦྱིན་བྱ་དེ་ཡི་དེ་རྣམས་མིན། །དབང་གི་དུས་བོར་ངེས་པར་སྦྱིན་མི་བྱ། །མཁས་པས་ལུས་ལས་ཤེས་པར་བྱ་བ་ཡིན། །ཞེས་འབྱུང་ཞིང་། ད་ལྟ་བཞུགས་པའི་གཉིས་མེད་རྣམ་རྒྱལ་ཆེ་ཆུང་གཉིས་སུ་ནི་ལུང་འདི་མི་བཞུགས་པ་འདྲའོ། །
༧ 《དཔལ་གསང་བ་འདུས་པའི་རྒྱན་ཞེས་བྱ་བ་ལས། 》 ༼ སློབ་དཔོན་དྲི་མེད་སྦས་པས་མཛད། པཎྜི་ཏ་སུ་ནྱ་ཡ་ཤྲཱི་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ།༽གཉིས་སུ་མེད་པ་རྣམ་པར་རྒྱལ་བ་ལས། སྔགས་ཤེས་པ་ཡིས་སྦྱིན་སྲེག་བྱ། །གལ་ཏེ་ དངོས་གྲུབ་མཆོག་འདོད་ན། །གསང་བའི་དེ་ཉིད་བྱིན་བརླབས་ཏེ། །སྦྱིན་སྲེག་ཆོ་ག་ཡང་དག་སྤྱད། །དཀྱིལ་འཁོར་བཞི་ཡི་སྦྱོར་ལྡན་པས། །རིགས་ཀྱི་ལས་ནི་རབ་བསྒྲུབ་པ། །ཡི་གེ་ཨོཾ་གྱི་སྔགས་དབྱེ་བས། །བསྒོམས་པས་དངོས་གྲུབ་ཐམས་ཅད་ཐོབ། །ཞི་བའི་དཀྱིལ་འཁོར་ཡོངས་ཟླུམ་པོ། །རྒྱས་པ་ཟུར་བཞི་པ་ཡིན་ཏེ། །མངོན་སྤྱོད་ལ་ནི་ཟུར་གསུམ་མཆོག །དབང་ལ་གཞུ་ཡི་རྣམ་པའོ། །དེ་ཡི་དབུས་སུ་ཞི་བ་སྟེ། །བསྒོམ་བྱ་བདུད་རྩི་འབྱུང་བ་ནི། །དེ་ཉིད་དུ་ནི་ལྷ་ཡི་གཟུགས། རང་གི་ངོ་བོས་བསྒོམ་པར་བྱ། །བདག་ཉིད་བདག་པོའི་གཟུགས་ཀྱིས་ཏེ། །འདི་ནི་རྡོ་རྗེ་མཆོག་གི་ཡིན། །ཞལ་རྣམས་གདངས་པར་བསམས་ནས་ནི། །མེ་སྟག་མང་པོ་རྣམ་པར་འཁྲུགས། །སྔགས་པ་ལྕེ་ཡི་དབུས་སོན་པ། །དེ་ལ་ཡི་གེ་ཧཱུཾ་བསམ་བྱ། །མཁས་པས་སྦྲང་རྩི་འོ་མ་དང་། །མར་སར་ཞི་བའི་རིགས་ལ་བསྟེན། །ཞེ་སྡང་ཆེན་པོའི་རིགས་ལ་བརྗོད། །སྣུམ་ཆེན་པོས་ནི་ཁྱབ་པ་རུ། །དེ་བཞིན་གཞན་ཡང་ཤེས་པར་བྱ། །ཞེས་སོ། །ཞེས་འབྱུང་ཞིང་། ད་ལྟ་བཞུགས་པའི་《གཉིས་མེད་རྣམ་རྒྱལ་ཆུང་བ་》ལས། ཆོ་ག་ཤེས་པས་སྦྱིན་སྲེག་བྱ། །དེ་ཉིད་གསང་བའི་ཏིང་འཛིན་གནས། །རྣམ་པ་སྣ་ཚོགས་སྦྱིན་སྲེག་བརྩམ། །དཀྱིལ་འཁོར་བཞི་ཡི་སྦྱོར་བ་ལས། །རིགས་ཀྱི་ལས་ནི་སྒྲུབ་པར་བྱེད། །ཨོཾ་ཡིག་སྔགས་ཀྱི་དབྱེ་བ་ཡིས། །སྒོམ་པས་དངོས་གྲུབ་ཐོབ་པར་འགྱུར། །ཞི་བ་ཅན་ལ་དཀྱིལ་འཁོར་ཟླུམ། །རྒྱས་པ་ཅན་ལ་ཟུར་བཞི་པ། །མངོན་སྤྱོད་ལ་ནི་གྲུ་གསུམ་མཆོག །དབང་བྱ་གཞུ་ཡི་རྣམ་པའོ། །ཞི་ལ་མེ་ཡི་དབུས་སོན་པར། །བདུད་རྩི་ལྟ་བུར་བསྒོམ་པར་བྱ། །དེ་ཉིད་ལ་ནི་ལྷ་ཡི་གཟུགས། །རང་གི་ཚུལ་གྱིས་བསྒོམ་པར་བྱ། །བདག་ཉིད་བདག་པོའི་ཚུལ་གྱིས་ནི། །འདི་ནི་རྡོ་རྗེའི་ཚུལ་ལས་བྱུང་། །ཁ་ནི་རབ་ཏུ་གདངས་བྱས་ནས། །མེ་སྟག་འཐིབས་པས་འཁྲུགས་པ་ཡི། །སྔགས་པས་ལྕེ་ཡི་དབུས་སོན་པར། ཧཱུྃ་ཡིག་དེ་ཡིས་བསམ་པར་བྱ། །བཅོམ་ལྡན་འདས་སྦྱིན་སྲེག་རྡོ་རྗེས་དེ་སྐད་ཅེས་གསུངས་སོ། །ཆོ་ག་ཤེས་པས་འོ་མ་སྦྲང་། །མར་ནི་ཞི་བའི་རིགས་ལ་སྤྱད། །མར་ཁུ་ཆེན་པོའི་བྱེ་བྲག་ལས། །ཡེ་ཤེས་རྡོ་རྗེའི་རིགས་སུ་བརྗོད། །ཅེས་ལུང་འདི་ཇི་ལྟ་བ་བཞིན་དུ་བྱུང་ཞིང་། གཉིས་མེད་རྣམ་རྒྱལ་ཆེན་མོའི་ནང་དུ་ནི་ལུང་འདི་མི་བཞུགས་པ་འདྲའོ། །
དེ་ལྟར་རྒྱ་གཞུང་ཚད་ལྡན་དུ་བཞུགས་པའི་ལུང་དུ་མ་དྲངས་པ་རྣམས་ལས་གཉིས་མེད་རྣམ་རྒྱལ་ཆུང་བ་འདི་རྒྱུད་རྣམ་དག་ཡིན་མིན་ལ་རྩོད་པ་མེད་པ་གཞིར་བཅས། གཉིས་མེད་རྣམ་རྒྱལ་ཆེན་མོ་འདི་ལས་ལུང་དྲངས་སོ་སྙམ་པ་ཡང་འདུག་ཅིང་། གང་ལྟར་ལུང་གི་ཚིག་འདྲ་བ་རྒྱུད་གཉིས་གསུམ་རེའི་ནང་དུ་འབྱུང་བ་ནི་རྒྱུན་ལྡན་ཡིན་པས། གཉིས་མེད་རྣམ་རྒྱལ་ཆུང་བའི་ནང་དུ་ཡོད་པའི་ལུང་ཚིག་ཡིན་ན་གཉིས་མེད་རྣམ་རྒྱལ་ཆེན་པོའི་ནང་དུ་ཡོད་མི་ཆོག་པ་མིན་ནོ། །
དེ་ལས་མགོན་པོ་ཀླུའི་རིམ་ལྔར་དྲངས་པའི་ལུང་འདིའི་ཁུངས་ནི་གཉིས་མེད་རྣམ་རྒྱལ་ཆེན་པོ་འདི་ཡིན་ཤས་ཆེ་བ་ལྟ་བུར་སྣང་ཞིང་། ནཱ་རོ་འགྲེལ་ཆེན་དང་ལོ་ཆེན་རིན་བཟང་གི་ལུང་དྲངས་པའི་ཁུངས་གཉིས་མེད་རྣམ་རྒྱལ་ཆེན་མོ་ཡིན་པར་གསུངས་ཏེ་གཉིས་མེད་རྣམ་རྒྱལ་ཆེན་མོ་རྒྱུད་རྣམ་དག་ཏུ་བསྒྲུབས་པའི་རིག་པ་ལ་ཡང་དཔྱད་གཞི་ཆེན་པོ་ཡོད་པ་ཡིན་ནོ། །
རྩ་བཤད་རྒྱུད་ཀྱི་འབྲེལ་བ་ལས་དབྱེ་ཞིབ་བྱ་བ།
《དཔལ་གསང་བ་འདུས་པའི་རྫོགས་རིམ་མཐར་ཕྱིན་པ། 》 སློབ་དཔོན་ཨརྱ་དེ་བས་མཛད་པ་ལས། ཇི་སྲིད་ཡ་ར་ལ་ཧའི་བར། །ཀ་ཁ་གྷ་མཐའ་ན་ཛའི་མཐའ། །ད་དྷའི་མཐའ་དང་མ་མཐར་བཅས། །དེ་དེའི་རྩ་བ་ཡི་གེ་གསུམ། །ཞེས་གསུངས་པས་ནི་རྒྱུད་ཁྱད་པར་དུ་གྱུར་པར་སྟོན་ཏེ། དེ་ལ་ཡའི་མཐའ་ཅན་ནི་ཨ་དྭ་ཡ་བི་ཛཱ་ཡ་ཞེས་པ་སྟེ་གཉིས་སུ་མེད་པ་རྣམ་པར་རྒྱལ་བའོ། །རའི་མཐའ་ཅན་ནི་བཛྲ་ཤི་ཁ་ར་ཏེ་རྡོ་རྗེ་རྩེ་མོའོ། །ལའི་མཐའ་ཅན་ནི་བཛྲ་མཱ་ལ་སྟེ་རྡོ་རྗེ་ཕྲེང་བའོ། །ཞེས་དང་། ཇོ་བོ་རྗེའི་བྱང་ཆུབ་ལམ་སྒྲོན་གྱི་དཀའ་འགྲེལ་ལས། དེ་ལ་རྣལ་འབྱོར་ཆེན་པོའི་རྒྱུད་ནི་དཔལ་གསང་བ་འདུས་པ་བཤད་རྒྱུད་དང་བཅས་པ་དང་། ཟླ་གསང་ཐིག་ལེ་དང་། གཤིན་རྗེའི་གཤེད་ནག་པོ་དང་། དཔལ་མཆོག་དང་པོ་དང་། ལྷ་ཐམས་ཅད་འདུས་པ་དང་། ཐམས་ཅད་གསང་བ་དང་། འདུལ་བ་དོན་ཡོད་པ་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་དང་། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དང་། ནམ་མཁའ་དང་མཉམ་པ་ཆུང་ངུ་དང་། གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་དང་། རྡོ་རྗེ་གཙུག་ཏོར་རྒྱུད་ལ་སོགས་པ་རྒྱུད་སྡེ་སྟོང་ཕྲག་བཅུ་གཉིས་ཏེ་རྒྱས་པར་བྱ་ན་གྲངས་མེད་དོ། །ཞེས་གསུང་པ་ལྟར་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ཅེས་པའི་གསང་བ་འདུས་པའི་བཤད་རྒྱུད་ཅིག་ཡོད་པ་རྒྱ་བོད་གཉིས་ཀས་བཤད་པ་མང་ཞིང་། ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་སྐུ་གསུམ་ངོ་སྤྲོད་ལས། ལྔ་པ་དེ་རྣམས་བརྗོད་བྱར་གྱུར་པའི་རྗོད་བྱེད་རྒྱུད་ཀྱི་རྣམ་བཞག་ནི། ཕ་རྒྱུད་དང་། མ་རྒྱུད། གཉིས་མེད་རྒྱུད་ལས། དང་པོ་ལ། འདུས་པ། ཕྱག་རྡོར། འཇམ་དཔལ། རྣམ་སྣང་། གཤེད་སྐོར། རལ་གཅིག །ཟླ་གསང་ཐིག་ལེའི་རྒྱུད་ལས་དང་པོ་ནི། འདུས་པ་རྩ་རྒྱུད། རྒྱུད་ཕྱི་མ། དགོངས་པ་ལུང་སྟོན། བཤད་རྒྱུད་རྡོ་རྗེ་ཕྲེང་བ། ལྷ་མོ་བཞིས་ཞུས། གཉིས་མེད་རྣམ་རྒྱལ་རྒྱུད། མཉམ་པ་ཉིད་རྣམ་པར་རྒྱལ་བ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་སོགས་སོ། །
ཀུན་མཁྱེན་བུ་སྟོན་ཆེན་པོས་ཀྱང་། ༼བུ་སྟོན་བཀའ་འབུམ་པོད་དགུ་པ། ཤོག་ངོས། ༥༤ ༽ལྔ་པ་བཤད་པའི་རྒྱུད་ནི། བླ་མ་དག་བཤད་རྒྱུད་དུ་འགྲོ་བ་ལ་མི་གསལ་བ་གསལ་བར་བྱེད་པ། མ་ཚང་བ་ཁ་བསྐང་བའི་ཚུལ་ནི་འདྲ་བ། དོན་བསྡུས་པ། ཆ་མཐུན་པ། ངེས་ཤེས་བསྐྱེད་པ། ཚིག་དང་དོན་རྣམ་པར་འབྱེད་པ་སྟེ། བདུན་གྱི་སྒོ་ནས་བཤད་རྒྱུད་དུ་འགྱུར་བར་བཞེད་དོ། །དང་པོ་ནི་འདུས་པར། ཐིག་ལེ་བྱང་ཆུབ་ཀྱི་སེམས་དང་། ལས་ཚོགས་འགའ་ཞིག་མི་གསལ་བ་ལྷ་མོ་བཞིའི་ཞུས་པའི་རྒྱུད་ཀྱིས་གསལ་བར་བྱེད་ལྟ་བུའོ། །གཉིས་པ་ནི། འདུས་པར། ལྷ་གྲངས་དང་ཆོ་ག་ཉི་ཤུ་མ་ཚང་བ་རྡོ་རྗེ་ཕྲེང་བས་ཁ་བསྐངས་པ་ལྟ་བུའོ། །གསུམ་པ་ནི་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། གླེང་གཞི་དང་ལྷ་ལ་སོགས་པའི་ཚུལ་འདྲ་བ་ལ་འདྲ་མིན་དུ་གསུངས་པ་སྟེ། འདི་ལ་ཨཱརྱ་དེ་བས་བཤད་རྒྱུད་དུ་གསུངས་སོ། །བཞི་པ་ནི། གསང་འདུས་རྒྱུད་ཕྱི་མས་ལེའུ་བཅུ་བདུན་པོ་བསྙེན་སྒྲུབ་ཡན་ལག་བཞི་བསྡུས་ནས་སྟོན་པ་སྟེ། འདི་ཐ་ག་ནས་བཤད་རྒྱུད་དུ་གསུངས་སོ། །ལྔ་པ་ནི་རྣམ་སྣང་སྒྱུ་འཕྲུལ་དྲ་བ་ལས། སྔགས་དང་ལས་ཚོགས་ལ་སོགས་པ་ཆ་མཐུན་པར་བསྟན་པ་ལྟ་བུའོ། །དྲུག་པ་ནི། གསང་འདུས་རྩ་བའི་རྒྱུད་ཀྱི་དགོངས་པའི་དོན་ཟབ་མོ་གསལ་བར་ཕྱེས་ནས་དགོངས་པ་ལུང་སྟོན་པ་ལྟ་བུ། གླེང་གཞིའི་སྤྱི་དོན་དུ་བཤད་པ་ལྷའི་དབང་པོས་ཞུས་པའི་རྒྱུད་ལྟ་བུ་སྟེ། སྔགས་ཀྱི་དེ་ཁོ་ན་ཉིད་འཆད་པ་གཉིས་མེད་རྣམ་རྒྱལ་ལྟ་བུའོ། །ཞེས་གཉིས་མེད་རྣམ་རྒྱལ་གསང་འདུས་བཤད་རྒྱུད་དུ་གསུངས།
འོན་ཀྱང་འདི་ལ་དཔྱད་པར་བྱ་བ་འདི་ཡོད་དེ། གཉིས་མེད་རྣམ་རྒྱལ་ཞེས་པའི་གསང་བ་འདུས་པའི་བཤད་རྒྱུད་ཅིག་ཡོད་པ་རྒྱ་བོད་གཉིས་ཀས་ཁས་ལེན་དགོས་པ་ཞིག་ཡིན། དེ་གཉིས་མེད་རྣམ་རྒྱལ་ཆེན་མོ་ཡིན་པར་གྲུབ་ཚེ་རིགས་པ་དེ་ཉིད་ཀྱིས་གཉིས་མེད་རྣམ་རྒྱལ་ཆེན་མོ་རྒྱུད་ཡང་དག་ཏུ་གྲུབ་ཟིན་པ་ཡིན་ཞིང་། དེ་འདྲའི་བཤད་རྒྱུད་དེ་གཉིས་མེད་རྣམ་རྒྱལ་ཆུང་བ་འདི་ཡིན་ཚེ་གཉིས་མེད་རྣམ་རྒྱལ་ཆེན་མོ་ལ་དོགས་པ་སྔར་བཞིན་དུ་གནས་པ་ཡིན།
གཉིས་མེད་རྣམ་རྒྱལ་ཆེན་མོ་འདི་ལས་གསང་བ་འདུས་པའི་བསྐྱེད་རྫོགས་བསྟན་པ་ལ་ནི་རྩོད་པ་མེད་པ་ཡིན་ཏེ། ཀུན་གཟིགས་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས། འདིའི་བསྐྱེད་རྫོགས་ཀྱི་རྣམ་བཞག་ཀྱང་རྩ་རྒྱུད་ཀྱི་རྣམ་བཞག་དང་མཐུན་པ་དང་། པཎྜི་ཏ་ཆེན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར་ཞིག་ཀྱང་ཡོད་པར་བཤད་པ་དང་། གསང་བ་འདུས་པ་ལ་མཁས་པ་ཁམས་པ་རོ་མཉམ་རྡོ་རྗེའི་ཊཱིཀ་སོགས་ལའང་འདི་ཚད་མར་བྱས་སོ། །ཞེས་འདིའི་བསྐྱེད་རྫོགས་གསང་འདུས་རྩ་རྒྱུད་ཀྱི་རྣམ་བཞག་དང་མཐུན་པར་གསུང་པ་དང་། རྒྱུད་འདི་ལས་བསྟན་པའི་བསྐྱེད་རིམ་གྱི་ཆོ་ག་ཐམས་ཅད་མཁྱེན་པ་རང་བྱུང་ཞབས་ཀྱིས་བརྩམས་ཤིང་། མཚུར་ཕུ་འཇམ་དབྱངས་དོན་འགྲུབ་འོད་ཟེར་གྱིས་རྣམ་བཤད་མཛད་པ་དང་། རྒྱུད་འདི་ནས་མར་ལུགས་ཀྱི་གསང་བ་འདུས་པའི་རྫོགས་རིམ་མང་པོ་བསྟན་པ་ཡང་མཁས་པ་ཐམས་ཅད་ཞལ་མཐུན་པའི་ཕྱིར་རོ། །
གཉིས་མེད་རྣམ་རྒྱལ་ཆུང་བ་འདི་ཀུན་མཁྱེན་བུ་སྟོན་ཆེན་པོས་གསང་འདུས་པའི་བཤད་རྒྱུད་དུ་བཞེད་པ་གཞིར་བཅས་གཞན་པའི་མཁས་པ་རྣམས་ཀྱིས་དོགས་པ་མཛད་པ་ཡིན་ཏེ། ཇོ་ནང་ཀུན་མཁྱེན་ཏཱ་ར་ནཱ་ཐས། 《རིམ་ལྔའི་འགྲེལ་ཆེན་རྡོ་རྗེ་འཆང་ཆེན་པོའི་དགོངས་པ་ཞེས་བྱ་བ་བཞུགས་སོ། །》ཞེས་པ་ལས། གཉིས་མེད་རྣམ་རྒྱལ་རྣམ་དག་འདི་ནི་གསང་འདུས་ཀྱི་བཤད་རྒྱུད་མ་ཡིན་ཏེ། གསང་འདུས་ནི་རྡོ་རྗེའི་རིགས་གཙོ་བོར་གྱུར་པའི་རྒྱུད་ཡིན་ལ། འདི་ནི་རྣམ་སྣང་གི་རིགས་གཙོ་བོར་སྟོན་པའི་རྒྱུད་ཡིན་པས་སོ། །འོན་ཀྱང་བཤད་ཚུལ་ཕྱོགས་མཚུངས་པ་ནི་ཡིན་ཏེ། སྒྱུ་འཕྲུལ་དྲ་བ་བཞིན་ནོ། །ཞེས་དང་། འཇམ་མགོན་ཨ་མེས་ཞབས་ཀྱིས། བུ་སྟོན་པའི་གཉིས་མེད་རྣམ་རྒྱལ་འདི་ཡོ་ག་བ་གཅིག་གིས་ཡོ་གར་བཀྲལ་ནའང་འགྲེལ་ཐུབ་པར་སྣང་ལ། བླ་མེད་ཡིན་ནའང་རྣམ་སྣང་གཙོ་བོར་གྱུར་པའི་དཀྱིལ་འཁོར་ཞིག་བཤད་པས། གཏི་མུག་ཅན་འདུལ་བ་རྣམ་སྣང་སྒྱུ་དྲའི་ཁོངས་སུ་རིགས་ཀྱིས། འདུས་པའི་དོན་མེད་དོ། །ཞེས་དང་། བུའི་གཉིས་མེད་རྣམ་རྒྱལ་དེ་ལ། ཐུན་མོང་མ་ཡིན་པའི་གསང་བ་བྱ་བ་མེད་ལ། འདུས་པའི་བཤད་རྒྱུད་དུ་འདོད་ན་མིང་ཕྱི་མ་དེ་ཡང་འབྱོར་དགོས་ཚོད་དུ་འདུག་གོ །བུས་བསྒྱུར་པ་འདི་ཀ་དྲི་མ་མེད་པ་ནི་ཡིན་ལ། འགྱུར་ཡང་ལེགས། དེ་བོད་དུ་བསྒྱུར་པས་བཀའ་དྲིན་ཆེ། འདི་ལ་འགྲེལ་པ་དང་གཞུང་ཕྲན་སོགས་མེད་པས་རྒྱུད་སྡེ་གང་གི་ཁོངས་སུ་གཏོགས་པ་བཞག་དཀའོ། །ཞེས་གསང་བ་འདུས་པའི་བཤད་རྒྱུད་དུ་མི་འགྲོ་བར་བཤད་པ་ལྟར་ཀུན་མཁྱེན་བུས་བསྒྱུར་བའི་གཉིས་མེད་རྣམ་རྒྱལ་འདི་འདུས་པའི་བཤད་རྒྱུད་དུ་འགྲོ་མི་འགྲོ་ཐད་ནས་དོགས་གཞི་ཡོད་པར་སྣང་བས། གལ་ཏེ་འདི་འདུས་པའི་བཤད་རྒྱུད་དུ་མ་སོང་ཚེ་གཉིས་མེད་རྣམ་རྒྱལ་ཆེན་མོ་འདི་ཐེ་ཚོམ་མེད་པར་གསང་བ་འདུས་པའི་བཤད་རྒྱུད་དུ་འདྲེན་རྒྱུའི་གཉིས་མེད་རྣམ་རྒྱལ་ཡིན་དགོས་པས་ཀྱང་རྒྱུད་རྣམ་དག་ཏུ་འགྲུབ་པ་ཡིན་པས་འདི་ཡང་དཔྱད་པའི་གཞི་ཆེན་པོ་ཞིག་ཡིན་ནོ། །
རྒྱུད་འདི་རྩོམ་པ་པོར་གྱུར་པའི་བོད་པ་མི་རྙེད་པ།
གོང་དུ་གསལ་བ་ལྟར་གཉིས་མེད་རྣམ་རྒྱལ་ཆེན་མོ་འདི་ལ་ཁུངས་གཏུགས་པའི་བོད་ཀྱི་བསྟན་བཅོས་ཐོག་མ་ནི་ཁམས་པ་རོ་མཉམ་རྡོ་རྗེའི་ཊཱིཀ་དེ་ཡིན་འདུག་ཅིང་། ཁམས་པ་རོ་མཉམ་རྡོ་རྗེ་ནི་བླ་མ་མར་ལོ་ཙཱའི་དངོས་སློབ་མཚུར་སྟོན་དབང་གི་རྡོ་རྗེའི་དངོས་སློབ་ཡིན་པས། བརྒྱུད་རིམ་འདིའི་སྟེང་ནས་ཤེས་པ་ནི་གཉིས་མེད་རྣམ་རྒྱལ་ཆེན་མོའི་རྒྱུད་འདི་མཚུར་སྟོན་དབང་ངེའི་སྐུ་དུས་སུ་ཡོད་ངེས་པ་དང་། གལ་ཏེ་རྒྱུད་འདི་བོད་པ་ཞིག་གིས་གསར་བརྩམས་ཡིན་ན་གསར་རྩོམ་བྱེད་པ་པོ་ནི་བླ་མ་མར་པ་ལོ་ཙཱ་དང་མཚུར་སྟོན་དབང་ངེ་གང་རུང་ཡིན་དགོས་པ་ལྟ་བུར་འགྲོ་བ་ཡིན་ཞིང་། མངའ་བདག་ཆེན་པོ་ཡབ་སྲས་ནི་གསང་སྔགས་རྒྱུད་སྡེ་རྒྱ་མཚོ་སྤྱི་དང་། ཁྱད་པར་དུ་འདུས་པ་འཕགས་ལུགས་ཀྱི་གཞུང་མན་ངག་ཡོངས་སུ་རྫོགས་པའི་བདག་པོར་བཞུགས་ཡོད་པས་འདུས་པ་འཕགས་ལུགས་ཀྱི་ནང་དོན་བསྟན་པའི་རྒྱུད་རྫུན་མ་གསར་བཟོ་བྱེད་མི་སྲིད་པ་ཡིན་པས། ཀུན་མཁྱེན་རང་བྱུང་རྡོ་རྗེའི་དགོངས་པ་ལྟར་དུ་བྲམ་ཟེ་ཆེན་པོས་རྒྱུད་བླངས་ཤིང་། མར་པ་ལོ་ཙཱས་བསྒྱུར། མཚུར་སྟོན་དབང་ངེ་སོགས་ལ་བརྒྱུད་པ་ནི་དོན་དངོས་དང་ཤིན་ཏུ་ཉེ་བ་ཞིག་ཏུ་སྣང་ངོ་། །
འདུས་པ་མར་ལུགས་ཀྱི་མན་ངག་དུ་མ་བསྟན་པ།
གོང་གི་རྒྱ་ཕོ་བ་ལུང་པས་གསར་བརྩམས་བྱས་པའི་བརྒྱུད་རིམ་དང་། དེ་བཞིན་རྗེ་ཙོང་ཁ་པས། གཉིས་མེད་རྣམ་རྒྱལ་བརྫུན་མ་ལས། །རླུང་དང་བཅས་པའི་འཕོ་བ་ གནས། །འགྲོ་བ་ཀུན་གྱི་མགྲིན་པར་སྐྱེས། །ཡི་གེ་ཨོཾ་བཅས་གནས་པ་ཉིད། །ཨ་ནུ་ཏ་ར་བརྗོད་པ་གང༌། །གཟུང་ཞིང་བསྒྱུར་དང་སྤེལ་བ་དང༌། །སྒྱུ་མར་དྲན་དང་རྒྱས་བཏབ་པས། །གཉིས་པ་བསམ་གཏན་ལམ་དུ་འགྱུར། །ཞེས་རྨི་ལམ་གཟུང་བ་སོགས་ཀྱང་བཤད་མོད་ཀྱང་ཡིད་ཆེས་པར་དཀའོ། །ཞེས་ད་ལྟ་ཆོས་དྲུག་གི་རྨི་ལམ་ཉམས་ལེན་སྐབས་ཀྱི་ཨ་ནུ་ཏ་ར་སྒོམ་པར་བསྟན་པ་ལ་གནོད་བྱེད་བརྗོད་པ་དང་། དཔལ་ཙོང་ཁ་པས་གཉིས་མེད་རྣམ་རྒྱལ་གྱི་རྨི་ལམ་བཟུང་བའི་གདམས་ངག་བཤད་སྐབས། ཨ་ནུ་ཏ་ར་བཞི་བསྒོམ་པར་གསུང་པ་བཀག་པ་ལ་ཀུན་མཁྱེན་མི་བསྐྱོད་རྡོ་རྗེས་འདི་ལྟར་གསུངས་ཏེ། ཡིག་བཞི་བསྒོམ་པ་འདི་ནི་གྲུབ་ཆེན་ཏཻ་ལོ་ནཱ་རོའི་གསུང་གི་རྨི་ལམ་འཛིན་ཐབས་བླ་མེད་དུ་གསལ་བས། གྲུབ་པ་འདོད་པ་རྣམས་འདི་ལ་ཇི་མི་སྙམ་དུ་མ་སེམས་ཤིག །ཅེས་སོགས་གསུངས་པ་ལྟར་འདུས་པ་མར་ལུགས་ཀྱི་མན་ངག་རྣམས་ཀྱི་ཁུངས་ཀྱང་འདི་ཡིན་པར་སྣང་བས་རྒྱུད་རྣམ་དག་ཡིན་པ་འགྲུབ་ཆེའོ། །
བསྲེ་ལྷད་ཅན་ཡིན་པར་འདོད་པ་ལ་ལན།
གོང་དུ་དཔལ་ལྡན་ས་སྐྱའི་མཁས་པ་ཆེན་པོ་འཇམ་མགོན་ཨ་མེས་ཞབས་ཀྱིས་རྒྱུད་འདི་ཉིད་ངོ་བོ་རྒྱུད་རྣམ་དག་ཡིན་པ་ལ་རྒྱ་ཕོ་བ་ལུང་པས་བསྲེ་ལྷད་བྱས་པར་གསུངས་པ་ལྟར་ཡིན་ནོ་སྙམ་པ་དག་ལ་རྗེ་དཔའ་བོ་གཙུག་ལག་ཕྲེང་བས་ལན་འདི་ལྟར་གསུངས་ཏེ། རྒྱུད་འདི་ལའང་བར་བར་ན་ཤིན་ཏུ་གོ་གསལ་བ་ཉམས་མགུར་གྱི་ཚིག་འདྲ་བའམ་འཕྲལ་ཚིག་སྦྱོར་མི་མཛེས་པ་སྙམ་བྱེད་པ་ཚིག་རྐང་རེ་གཉིས་རེ་བྱུང་བ་ཁོ་ནས་འགོག་པར་སྣང་མོད་ཀྱང་། དེ་ལྟ་བུ་ལ་ནི་དཔེ་དག་པ་མང་པོ་གུང་སྒྲིག་པ་དང་རྒྱ་དཔེ་ཚོལ་བ་སོགས་ཀྱིས་དེའི་ཐེ་ཚོམ་སེལ་བར་རིགས་མོད་ཀྱི། དེ་ཙམ་ལས་རྒྱུད་མ་ཡིན་ནོ་ཞེས་དོར་ན་ནི་མཁས་བླུན་གོ་ལྡོག་པར་འགྱུར་རོ། །གཞན་ཡང་ཚིག་རྐང་རེ་རེ་ཙམ་ཡིག་མཁན་བླུན་པོ་སྤྱི་བརྟོལ་ཅན་བྱུང་ན་དེང་སང་ཡང་འཕྲལ་དུ་བཅོས་པའམ་སར་འཛུད་སོགས་བྱས་པ་དུ་མ་མཐོང་ངོ་། །ཞེས་གསུངས་པ་ཉིད་དེ། འདིར་གསུངས་པའི་ཉམས་མགུར་འདྲ་བའམ་འཕྲལ་ཚིག་སྦྱོར་མི་མཛེས་སྙམ་བྱེད་པའི་ཚིག་རྐང་རེ་གཉིས་བྱུང་བར་གསུངས་པ་དག་རྒྱུད་ཀྱི་ནང་ནས་བཙལ་ཏེ་འདིར་འགོད་རིགས་ནའང་ལེ་ལོ་དང་སྒྱིད་ལུག་ཏུ་ལུས་པའི་ཁོ་བོས་ནི་མ་འཇོན་པས་ཤེས་བརྩོན་དང་ལྡན་པ་དག་གིས་དགོངས་ཁྲེལ་མི་གནང་བར་ཞུའོ། །
མཇུག་གི་གཏམ།
དེ་ལྟར་མངའ་བདག་ལོ་ཙཱ་བ་ཆེན་པོ་བླ་མ་མར་སྟོན་ཆོས་ཀྱི་བློ་གྲོས་ཀྱི་འགྱུར་ཆོས་ཆེ་ཤོས་《དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཉམ་པ་ཉིད་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་དཔལ་མཆོག་ཆེན་པོ་》འདི་ཉིད་ལ་རྩོད་པ་སྔ་ཕྱིར་བྱུང་བ་དག་ཕྱོགས་གཅིག་ཏུ་བསྡུས། ལུགས་འདིའི་མཁས་གྲུབ་གོང་མ་རྣམས་ཀྱིས་ལན་གནང་བ་དག་ཀྱང་ཁ་གཏད་དུ་བཀོད། དེ་ལ་རང་ནུས་གང་ཡོད་ཀྱིས་དབྱེ་ཞིབ་བྱས་པ་འདི་ནི་དཔའ་བོ་གཙུག་ལག་ཕྲེང་བས། དེ་བས་ན་ཁོ་བོ་ཅག་ནི་སངས་རྒྱས་ཀྱི་ཆོས་རྣམས་ནི་བསམ་གྱིས་མི་ཁྱབ་པས་ཆོས་ཡིན་ནོ་ཞེའམ་མ་ཡིན་ནོ་ཞེས་བྱིས་པས་ཤེས་པ་མ་ཡིན་ནོ་ཞེས་བཤད་པ་ཁོ་ན་མཐོང་བས། བསམ་གྱིས་མི་ཁྱབ་པའི་མོས་པ་ཙམ་གྱིས་འཇུག་གི །བླ་མ་བརྒྱུད་པ་ལས་འོངས་པའི་མན་ངག་རང་གི་ལུང་རིགས་དང་མྱོང་བས་ཡིད་ཆེས་པ་མ་གཏོགས་མཐའ་གཅིག་ཏུ་ཞེན་པས་མི་སྨྲའོ། །
ཞེས་གསུང་པར་ལྟར་བླ་མ་བརྒྱུད་པ་ལས་བྱུང་བའི་མན་ངག་ལུང་རིགས་མྱོང་བ་ཚད་མས། ཡང་ཡང་དག་པར་བྱས་པ་དག་ལ་ཡིད་ཆེས་པར་རིགས་ནའང་། དེང་གི་དུས་འདིར་ལོག་རྟོག་ཁ་དར། རྟོག་གེའི་མགོ་འཕངས་བསྟད་པས་ཐག་ཆོད་པ་ལ་དོགས་པ་སློང་། ཡིད་ཆེས་སུ་འོས་པ་ལ་དགག་པ་རྒྱག །མཆོད་འོས་དང་བསྟོད་འོས་ཐམས་ཅད་དམའ་དབབ་ཚེ། ད་གཟོད་མཁས་པ་དང་སྤོབས་པ་ཅན་དུ་བརྩི་བའི་སྲོལ་དར་ཏེ་ཡུལ་གྱི་ཆོས་ཉམས་ཤིང་། བརྒྱུད་པའི་ཆེ་བ་ཉམས། རང་ལུགས་ཀྱི་ཚུགས་མི་ཟིན། གཞན་གྱི་ཁ་ཆུ་འཐུང་བའི་མགོ་མཁྲེག་དག་གིས་བླ་མ་བརྒྱུད་པའི་ཆོས་དང་གདམས་ངག་ཐམས་ཅད་ལ་ཁྲོམ་དུ་བཤམས་ནས་རིན་ཐང་གཅོད་པའི་སྐལ་བ་ངན་པར་གྱུར་པའི་སྐབས་འདིར་མངའ་བདག་ལོ་ཙཱ་བ་ཆེན་པོ་བརྒྱུད་པ་དང་བཅས་པའི་བསྟན་པ་ལ་མོས་པ་ཆེན་པོས་འཇུག་ཅིང་། མདོ་སྔགས་རིག་གཞུང་དང་བཅས་པ་ལ་མོས་པའི་སྐལ་བ་ཅན། ཡུལ་ཤུལ་བར་འབོད་པ་ཀར་ཚེས་སྒྲ་བསྒྱུར་ལོ་ཙཱ་བ་ཆེན་པོ་དང་འབྲེལ་བའི་དྲྭ་ཚོམས་སུ་རྒྱུད་འདི་དང་འབྲེལ་བའི་གླེང་མོལ་བྱ་བའི་བརྗོད་གཞིའི་ཚུལ་དུ་༢༠༢༢ལོའི་ཟླ་བ་༡༢པའི་ཚེས་༤ཉིན་སྦྱར་བ་དགེ་བས་སྙིང་པོའི་བསྟན་པ་དར་བའི་རྒྱུར་གྱུར་ཅིག །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1946
དཔྱད་མཆན་སྤེལ།