དེའང་ལོ་རྒྱུས་ནི་འགྲོ་བ་མིའི་རིགས་ཀྱི་བྱང་ཚད་མཐོར་འདེགས་གཏོང་བར་མེད་དུ་མི་རུང་བ་ཡིན་ལ། སྔར་བྱུང་གི་ལོ་རྒྱུས་ལ་རྒྱུས་ལོན་དང་རྟོག་ཞིབ་བྱ་རྒྱུ་ནི་དུས་རབས་འདིར་ཁ་ཚ་དགོས་གཏུགས་ཡིན་ཞིང་། གནའ་བོའི་སྤྱི་ཚོགས་ཐོག་ཏུ་བྱུང་བའི་དངོས་བྱུང་གི་ལོ་རྒྱུས་ཁ་ཤས་ནི་དབང་སྒྱུར་གྲལ་རིམ་ཁྲོད་རྒྱབ་ལྗོངས་དང་བཅས་པ་མུན་དོང་གཡུགས་ཤིང་གྲག་འགུལ་མེད་པར་གྱུར། ཆོས་སྲིད་ཟུང་འབྲེལ་གྱི་འགྲན་རྩོད་འོག་གྲུབ་མཐའི་ལྟ་གྲུབ་ཀྱི་འཛིན་སྟངས་མ་ཡིན་པར། མངའ་ཁོངས་དང་སྡེ་རིས་བཅད་བཟུང་གི་རྩོད་རྙོག་རབ་དང་རིམ་པར་བྱུང་ཞིང་ཕན་ཚུན་ཁ་གཏད་དུ་ལངས་པས། རང་ཕྱོགས་ཀྱི་དགོན་སྡེ་གནས་པའི་ས་ཁོངས་སུ་རང་གི་གྲུབ་མཐའ་ལས་གཞན་པའི་དགོན་པ་གསར་དུ་བྱུང་ན། དེ་ལ་དངོས་ཤུགས་བརྒྱུད་གསུམ་གྱིས་སུན་གཙེར་དང་མེད་པར་བྱེད་པ་ནི་ཆོས་སྲིད་ཟུང་འབྲེལ་པའི་རྩ་བའི་ལངས་ཕྱོགས་ཡིན་པར་མངོན་ལ།

དུས་རབས་བཅུ་བདུན་པའི་དུས་དཀྱིལ་ནས་སོག་པོ་གུ་ཤྲི་ཧན་གྱི་བོད་ཁམས་དབང་བསྒྱུར་བྱས་པ་ནས་བཟུང་། བཀའ་བརྒྱུད་པའི་ཆོས་གྲྭ་མང་པོ་རྩ་གཏོར་དང་གྲུབ་མཐའ་བསྒྱུར་བ་ནི་སྨོས་ཀྱིས་མི་ལང་། འདིར་དཔལ་འགྲོ་མགོན་བཀའ་བརྒྱུད་པའི་ཆོས་གྲྭ་ལྷ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་གི་འཕེལ་འགྲིབ་སྐོར་ཅུང་ཟད་གླེང་བར་བྱ་སྟེ། དེའང་དེང་གི་སྲིད་འཛིན་ས་ཁུལ་བོད་རང་སྐྱོང་ལྗོངས། ལྷ་ས་གྲོང་ཁྱེར། ཁྲིམས་ཁང་ཆུས་ཀྱི་ས་ཁོངས་སུ་ཀརྨ་དགོན་གསར་ཞེས་པའི་གྲོང་ཁུལ་ཞིག་ཡོད་པ་ནི། བོད་ཀྱི་ཆོས་བརྒྱུད་ཀྱི་ནང་གསེས་ཀརྨ་བཀའ་བརྒྱུད་པའི་དགོན་པ་ཆགས་ཤུལ་ཡིན་པར་གླེང་ལ། དམངས་ཁྲོད་ཀྱི་ངང་རྒྱུན་དུ་ཀརྨ་དགོན་གསར་ཞེས་རླུང་ལྟར་གྲགས་སོ། །འོན་ཀྱང་དེའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ཇི་བཞིན་ཤེས་མཁན་ཧ་ལམ་མེད་ཚོད་དུ་གྱར་ལ། དོན་ངོ་མ་བོད་པའི་ལོ་རྒྱུས་ཐོག་ཀརྨ་དགོན་གསར་ཞེས་པའི་དགོན་པ་ཞིག་བྱུང་མྱོང་ཡོད་དམ་མེད། དགོན་པ་དེ་ཐོག་མར་ཕྱག་འདེབས་པོ་གང་ཟག་སུ་ཡིན། དུས་ཚོད་ནམ་བཏབ། གྲུབ་མཐའ་བཀའ་བརྒྱུད་པ་ཡིན་དང་མིན། དམིགས་ཡུལ་གང་གི་ཆེད་དུ་བཏབ། ཡུན་ཇི་ཙམ་གནས། མཐར་གྲུབ་མཐའ་བསྒྱུར་བའམ་རྩ་མེད་དུ་བཏང་བའི་དགོས་པ་བཅས་ཤེས་རྟོགས་བྱེད་མཁས་དེ་བས་ཀྱང་མེད། དེས་ན་གནའ་མིའི་དམངས་ཁྲོད་ཀྱི་ངག་རྒྱུན་ཙམ་མ་ཡིན་པར་འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་ཚངས་ལས་ལྷ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་གི་སྐོར་རགས་རིམ་འབྱུང་བ་ལ་གཞི་བཅོལ་ནས་དངོས་ཐོག་བདེན་ཚོལ་གྱི་སྒོ་ནས་ཆོས་གྲྭ་དེའི་སྐོར་ཅུང་ཟད་བརྗོད་པར་བྱའོ། །

 

ཐུབ་ཆེན་ཆོས་འཁོར་གླིང་ལ་ཀརྨ་དགོན་གསར་འབོད་པའི་རྒྱུ་མཚན།

དེ་ཡང་དུས་རབས་བཅུ་དྲུག་ནས་བཟུང་དེང་གི་བར་དུ་ཀརྨ་དགོན་གསར་ཞེས་འབོད་པའི་ས་ཆ་འདིར་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་བཀའ་བརྒྱུད་པའི་མཚན་ཉིད་ཀྱི་ཆོས་གྲྭ་ཐུབ་ཆེན་ཆོས་འཁོར་གླིང་གི་གདན་ས་ཕྱག་བཏབ་པས། གྲུབ་མཐའ་གཞན་གྱི་ས་ཁོངས་དང་། དཔལ་འབྱོར་གྱི་འདུ་སྒོ་ལ་གནོད་ཀྱི་དོགས་ནས་བློར་མ་བབས་ཤིང་ཁ་གཏད་དུ་གོ་ནས་དགོན་མིང་དངོས་འབོད་འདོད་མེད་པས། ཀརྨ་པས་ལྷ་སར་དགོན་པ་གསར་དུ་བཏབ་པ་རྒྱུན་མཚན་དུ་བྱས་ནས། ཀརྨ་དགོན་གསར་ཞེས་བླ་དྭགས་ཀྱི་མིང་དེ་བཏགས་ཤིང་བོས་པས། རིམ་གྱིས་སྲིད་འགྱུར་གྱི་ཤུགས་རྐྱེན་ལ་བརྟེན་ནས་དགོན་པ་རྩ་གཏོར་བྱས་ཀྱང་མིང་དེ་རྒྱུན་ཆགས་སུ་གནས་པར་གྱུར། མིང་དེར་འདོགས་པའི་རྒྱུ་མཚན་ནི་རང་ཕྱོགས་ཀྱི་ཁ་གཏད་དུ་གྱུར་པ་ལ་མིང་ཐད་ཀར་མི་འབོད་པ་ནི་སྤྱི་ཚོགས་ཁྲོད་རྒྱུན་མཐོང་ཡིན་ལ། མིང་དངོས་འབོད་འདོད་མེད་པ་ཙམ་མ་ཡིན་པར་དགོན་པ་བཏབ་ནས་ལོ་གཅིག་ལྷག་ཙམ་ལས་གནས་མ་ཐུབ་པར་བཤད་པ་རྒྱུན་འབྱམས་སུ་གནས་པས། དེས་ན་འབྲེལ་ཡོད་ཀྱི་ལོ་རྒྱུས་ཀྱི་ཡིག་ཚང་ལ་བརྟེན་ནས་རིམ་པས་གསལ་བཤད་བྱ་བར་སྤྲོའོ། །

 

ཀརྨ་ཆོས་སྡེ་དང་ཐུན་ཆེན་ཆོས་འཁོར་གླིང་གཉིས་ཐ་དད་ཡིན་ཚུལ།

དུས་རབས་ཉེར་གཅིག་པར་མི་རིགས་དང་ཆོས་ལུགས་འདྲ་མཉམ་ཡིན་པ་ཙམ་མ་ཟད་ཆབ་དཔལ་རིག་གསུམ་ཡར་རྒྱས་འགྲོ་བཞིན་པའི་སྐབས་འདིར་ལོ་རྒྱུས་རིག་པ་སྨྲ་བ་ཁས་འཆེ་བའི་མི་བུ་འགས། ད་རུང་ཡང་ཆོས་སྲིད་ཟུང་འབྲེལ་པའི་གྲུབ་མཐའི་ཕྱོགས་ཞེན་གྱིས་དངོས་བྱུང་གི་ལོ་རྒྱུས་ལ་འཁྱོགས་བཤད་དང་གཞིག་འབྲེལ་ཕྱི་ཅི་ལོག་ཏུ་བྱེད་པ་ལས། ཡིག་ཚང་ཕན་ཚུན་དཔྱད་བསྡུར་བྱེད་པའི་བློ་མིག་ལྡོངས་ཤིང་། ཡང་དང་བསྐྱར་དུ་ནག་གསུབ་གཏོང་ཞིང་མི་མངོན་པའི་དབྱིངས་སུ་རྒྱས་འདེབས་པའི་ཡིག་ཚོགས་རབ་དང་རིམ་པར་སྤེལ་ཞིང་། དེའང་གསར་བྲིས་ཀྱི་བོད་ཀྱི་ལོ་རྒྱུས་འགའ་རེར་“ཀརྨ་ཞྭ་དམར་སྐུ་ཕྲེང་བཞི་པ་ཆོས་ཀྱི་གྲགས་པས་བསྐུལ་མ་གནང་བ་ལྟར་རབ་བྱུང་བརྒྱད་པའི་ཆུ་ཕག་(༡༥༠༣)ལོར་རིན་སྤུངས་སྡེ་པ་དོན་ཡོད་རྡོ་རྗེས་ལྷ་སའི་གྲོང་ཁྱེར་གྱི་ཤར་ངོས་ས་ནག་མར་སེ་འབྲས་དགེ་གསུམ་གྱི་ཁ་གནོན་དུ་དགོན་གསར་ཐུབ་བསྟན་ཆོས་འཁོར་ཟེར་བ་བཏབ་པ་དེར་ཡོངས་གྲགས་སུ་ཀརྨ་དགོན་གསར་ཞེས་འབོད་སྲོལ་ཡོད་ཅིང་༌། དགོན་པ་དེ་བཏབ་ནས་ལོ་གཅིག་ལྷག་ཙམ་སོང་ནས་མཇུག་སྐྱོང་མ་ཐུབ་པའི་ལོ་རྒྱུས་ཀརྨ་ཞྭ་དམར་བཞི་པའི་རྣམ་ཐར་དུ་ཟུར་ཙམ་གསལ།” ཞེས་སྨོས་ཤིང་། དེ་དང་དེའི་ཕྱོགས་གཏོགས་བོད་རིག་པའི་ཞིབ་འཇུག་པར་ཁས་འཆེ་བ་དུ་མས་སྔ་མ་ཁོ་ན་བསྐྱར་བཤུས་བྱེད་པ་ཙམ་ལས། རྒྱབ་ལྗོངས་ཀྱི་ལོ་རྒྱུས་ཀྱི་ཡིག་ཚང་དག་བཤིབ་བསྡུར་དང་ཞིབ་འཇུག་མི་བྱེད་པར་གཡག་ཞར་གྱི་རྩྭ་བཞིན་ཆོས་ལུགས་དང་ཆོལ་ཁ་ཁ་བྲལ་གཏོང་བའི་ཡིག་ཉོག་མང་པོ་སྤེལ་བཞིན་ཡོད། ཐུབ་ཆེན་ཆོས་གྲྭ་ནི་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་དགོངས་པ་བཞིན་རིན་སྤུངས་དོན་ཡོད་རྡོ་རྗེའི་ས་ཆ་མཁོ་འདོན་དང་རྒྱབ་སྐྱོར་ལ་བརྟེན་ནས་བཏབ་པ་ལས། ཞྭ་དམར་བཞི་པ་དང་འབྲེལ་བ་མེད་ལ་ཁོང་གི་རྣམ་ཐར་སོགས་འབྲེལ་ཡོད་ཡིག་ཚང་ལས་ཐུབ་ཆེན་གདན་སའི་སྐོར་བཀོད་མེད།

དེའང་རྒྱལ་དབང་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་ལྷ་སར་སྔ་ཕྱིར་ཀརྨ་ཆོས་སྡེ་དང་། ཐུབ་ཆེན་ཆོས་འཁོར་གླིང་གཉིས་ཕྱབ་བཏབ་ཅིང་། དང་ཐོག་ཀརྨ་ཆོས་སྡེ་ཕྱག་བཏབ་ལོ་ནི། མེ་ལུག་སྤྱི་ལོ(༡༤༨༧)ལོར་རྒྱལ་དབང་མཆོག་སྒར་ཆེན་དང་བཅས་པར་གཉལ་ཆོས་རྒྱལ་ལྷུན་པོར་བཞུགས་སྐབས་ཀརྨ་གྲྭ་ཚང་སྒར་ཆེན་ནང་ཁུལ་དུ་བཙུགས་ཤིང་། མི་ཉག་རབ་འབྱམས་པ་མགོན་པོ་དཔལ་འཆད་ཉན་གྱི་སློབ་དཔོན་དུ་བསྐོ་བར་མཛད། དེའི་སྐོར《ཆོས་བྱུང་མཁས་པའི་དགའ་སྟོན》ལས། “ཟབ་མོ་ཡང་དག་རི་དང་རྫ་དམར་སོགས་སུའང་སྒྲུབ་སྡེ་མཛད། དབྱར་བཞུགས་དབྱར་སར་མཛད། ཀརྨ་གྲྭ་ཚང་གི་བཤད་གྲྭ་ཐོག་མར་བཙུགས་ཏེ་མི་ཉག་རབ་འབྱམ་པ་མགོན་པོ་དཔལ་ཀློག་པའི་སློབ་དཔོན་དུ་བསྐོས།” ཞེས་བཀོད་ཡོད་པས། རྒྱལ་དབང་མཆོག་གིས་དང་ཐོག་ཀརྨ་ཚང་རྨང་གཞི་བྱས་ནས་གྲྭ་ཚང་དེ་རྒྱ་སྐྱེད་གཏོང་ཆེད་ལྷ་སར་མཚན་ཉིད་ཀྱི་ཆོས་གྲྭ་ཞིག་འདེབས་པའི་ཐུགས་དགོངས་ཡོད་པར《རྒྱལ་དབང་མཆོག་གི་གསུང་རྩོམ་འཐོར་བུའི་སྐོར》གྱི་སྨར་ཁམས་བླ་མ་ནོར་བཟང་ལ་སྩལ་བའི་ཆབ་ཤོག་ལས། “འདིར་ཡང་རྒྱལ་བས་ལུས་བསྟན་ཆོས་ཀྱི་རྒྱལ། །མི་དབང་རྣམས་ཀྱི་ལེགས་པར་བསྐྱངས་པ་ཡི། །ལྷ་སར་དགེ་འདུན་སྡེ་སྒྲུབ་བགྱིད་པ་དང་། །དབུས་གཙང་ཕྱོགས་ནས་ལྷ་སྡེ་མི་སྡེ་རྣམས། །དམ་ཆོས་བདུད་རྩིའི་ཚིམ་པ་བསྐྱེད་པར་གནས། །”ཞེས་བཀོད་པ་དང་། ཡང་དེར། “འདིར་ཡང་། རྒྱལ་བའི་བསྟན་པ་འབྱུང་བ་ལུང་བསྟན་པའི། །བྱང་ཕྱོགས་ཁ་བ་ཅན་གྱི་ས་ཡི་དབུས། །འཇམ་དཔལ་རྩ་བའི་རྒྱུད་ལས་རབ་གསལ་བར། །ལྷ་ལྡན་ཞེས་བྱར་ལུང་བསྟན་ཐུབ་དབང་གིས། །སྐུ་གཟུགས་འཇིག་རྟེན་ཀུན་གྱི་མཆོད་པའི་རྟེན། །བོད་ཀྱི་རྡོ་རྗེ་གདན་དུ་ཆོས་ཀྱི་གྲྭ། །ཀརྨ་པ་ཡི་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་ཀུན་གྱི་གདན་ས་འཛུགས་པ་དང་། །དགེ་འདུན་སྡེ་དང་མི་སྡེ་ཐམས་ཅད་ལ། །དམ་ཆོས་གཏམ་གི་དགའ་བ་བསྐྱེད་པའི་གནས། །”ཞེས་ཆབ་ཤོག་སྔ་ཕྱི་གཉིས་ཀར་ལྷ་སར་ཆོས་གྲྭ་འཛུགས་པའི་ཐུགས་བཞེད་ཡོད་ཚུལ་བཀོད་ཡོད། ཆབ་ཤོག་རྗེས་མ་གནང་སའི་མིང་མི་གསལ། ཆབ་ཤོག་གཉིས་པོ་ཧོར་ཟླ་ལྔ་པའི་ཚེས་བཅུ་ཉིན་གཉལ་ཆོས་རྒྱལ་ལྷུན་པོ་ནས་སྩལ་བར་བཀོད་ཡོད། དེ་ནས་ལོ་དེའི་ཟླ་བ་བདུན་པའི་ནང་ཙམ་ནས་མི་སྣ་ཆེད་བཏང་གནང་སྟེ་ཀརྨ་ཆོས་སྡེའི་རྨང་གཏིང་ཞིང་ལས་གྲྭ་འགོ་འཛུགས་མཛད།

མེ་ལུག་སྤྱི་ལོ(༡༤༨༧)ལོའི་ཟླ་བ་བཅུ་གཅིག་པའི་ནང་སྒར་ཆེན་ལྷ་སར་ཕེབས་གདོང་སེར་དམག་ལྔ་བརྒྱ་ཙམ་གྱིས་ཀརྨའི་སྒར་ཆེན་ལ་རྒོལ་བརྡུང་དང་། རྒྱལ་དབང་མཆོག་ཇོ་བོ་མཇལ་བར་འགོག་རྐྱེན་བཟོས་ཀྱང་གནོད་པས་རྫི་བར་མ་ནུས་པར་ཇོ་བོ་མཇལ། འོན་ཀྱང་གཙུག་ལག་ཁང་གི་ཉེ་སྐོར་དུ་ཀརྨ་ཆོས་སྡེའི་ལྷ་ཁང་སོགས་ཁང་པ་འགའ་རེ་གྲུབ་ཟིན་པ་རྣམས་བཤིག་ཅིང་མེར་སྲེག་པ་སོགས་བྱས་ནས་རྩ་གཏོར་བཏང་། སྡེ་པ་སྣེལ་པས་ཀརྨ་ཆོས་སྡེའི་དགོན་ས་མཁོ་འདོན་གནང་ཡང་ཁོང་ནི་འཁོས་ཀ་ཞན་སྟབས་གཞན་གྱི་གནོད་གཙེར་འགོག་པ་སོགས་ཆོས་སྡེ་འདེབས་པའི་རོགས་དན་གྱི་མཐུན་རྐྱེན་སྦྱར་མ་ཐུབ་པས། རྒྱལ་དབང་མཆོག་ནས་སྐབས་དེར་ཨུ་ཚུགས་ཀྱིས་ཆོས་གྲྭ་འདེབས་པ་བཤོལ་བར་མཛད། འདིའི་སྐོར་ཞིབ་ཕྲ《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་གསལ་བས་དེར་གཟིགས། མེ་ལུག་སྤྱི་ལོ(༡༤༨༧)ལོའི་དཀྱིལ་ཙམ་ལ་གཙུག་ལག་ཁང་གི་འཁྲིས་སམ་ཉེ་སྐོར་དུ་ལྷ་ཁང་སོགས་ཁ་ཤས་བཞེངས་ཟིན་པ་དང་། ལོ་དེའི་ཟླ་བ་བཅུ་གཅིག་པར་གྲུབ་མཐའ་གཞན་གྱིས་མངའ་ཁོངས་ཀྱི་ཆེད་དུ་མེར་བསྲེགས་ཤིང་གཏོར་བཅོམ་བྱས་པ་ནི། ཀརྨ་ཆོས་སྡེ་ཡིན་ཞིང་། ཐུབ་ཆེན་ཆོས་འཁོར་གླིང་མ་ཡིན་པར《རང་བྱུང་ཀུན་མཁྱེན་མཚོ་སྐྱེས་རྡོ་རྗེ་མི་ཕམ་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ》སོགས་འབྲེལ་ཡོད་ཀྱི་ཡིག་ཚང་རྣམས་ལས་གསལ་བ་བཞིན་ནོ། །

ཆུ་ཕག་སྤྱི་ལོ(༡༥༠༣)ལོར་ལྷ་སའི་ཤར་དུ་ཕྱག་བཏབ་པའི་ཆོས་གྲྭ་ནི་ཐུབ་ཆེན་ཆོས་འཁོར་གླིང་ཡིན་ཞིང་། ཆོས་སྡེ་དེ་གཉིས་བར་ལ་ལོ་བཅུ་དྲུག་གི་ཧེ་བག་ཡོད། སྔ་མ་ལ་ཀརྨ་ཆོས་སྡེ་ནི། སྡེ་པ་སྣེའུ་པས་དགོན་ས་འདོན་སྤྲོད་བྱས་ཀྱང་གྲུབ་མཐའ་གཞན་གྱི་འགོག་རྒོལ་ལ་གཡོལ་བར་ནུས་པས་མ་ལྕོགས་པས་དེ་མུར་ལུས། ཕྱི་མ་ཐུབ་ཆེན་ཆོས་འཁོར་གླིང་ནི། སྡེ་པ་རིན་སྤུངས་པ་དོན་ཡོད་རྡོ་རྗེའི་རྒྱབ་སྐྱོར་ལ་བརྟེན་ནས་ཕྱག་བཏབ་པས། དུས་རབས་བཅུ་དྲུག་པའི་དུས་དཀྱིལ་བར་གནས་པར་འབྲེལ་ཡོད་ཀྱི་ཡིག་ཚངས་ཁག་ལས་གསལ་པོར་རྟོགས་ཐུབ་བོ། །

དེས་ན་ཆོས་གྲྭ་སྔ་མ་གཏོར་བཅོམ་བཏང་ཡང་། ཡང་དང་བསྐྱར་དུ་ལྷ་སར་ཆོས་གྲྭ་ཞིག་འདེབས་པའི་དམིགས་ཡུལ་གང་ཡིན་ཞེ་ན། དཔལ་རྒྱལ་དབང་ཀརྨ་པས་ལྷ་སར་དཔལ་འགྲོ་མགོན་བཀའ་བརྒྱུད་པའི་མཚན་ཉིད་ཀྱི་ཆོས་གྲྭ་ཞིག་འདེབས་པའི་དམིགས་ཡུལ་ནི། སྟོན་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཕྱོགས་རིས་དང་ཆགས་སྡང་གི་སྒོ་ནས་བཤད་སྒྲུབ་ཕྱོགས་རེ་བ་བྱེད་ཅིང་། ཕྲག་དོག་གིས་བསྟན་པ་སྤེལ་བ་རློམ་པར་མ་ཡིན་པར། མདོ་སྔགས་ཀྱི་གཞུང་ཆེན་རྣམས་རྒྱ་འགྲེལ་གཞིར་བཞག་གི་ཐོག་ནས་ཐོས་བསམ་རྣལ་མ་བྱས་ནས། མཐར་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་ཆེད་དུ་ཡིན་པར། རྒྱལ་དབང་མཆོག་གིས་ས་བྱ་སྤྱི་ལོ(༡༤༨༩)ལོའི་ཟླ་བཅུ་པའི་ཚེས་གཅིག་གི་ཉིན་སྩལ་བའི་བཅའ་ཡིག་ལས་གསལ་བ་དེར་གཟིགས། རྒྱལ་དབང་མཆོག་གིས་མདོ་དབུས་ཁམས་གསུམ་དུ་སྒྲུབ་སྡེ་གྲངས་མེད་དང་། སྔ་ཕྱིར་གཉལ་ཆོས་འཁོར་འཁོར་ལྷུན་པོ་དང་། ཀརྨ་གྲྭ་ཚང་། ཐུབ་ཆེན་ཆོས་འཁོར་གླིང་གི་ཆོས་གྲྭ་བཙུགས་པ་ནི་གྲུབ་མཐའ་གཞན་ལ་འགྲན་རྩོད་ཀྱི་ཆེད་དང་། དེ་བས་ཀྱང་སེ་འབྲས་དགེ་གསུམ་གྱི་ཁ་གནོན་དུ་མ་ཡིན་པར་རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་རྣམ་ཐར་དང་འབྲེལ་ཡོད་ཀྱི་ཡིག་ཚང་ལས་ཟུར་ཙམ་ཡང་མི་གསལ། རེད་དེ་མཁྲིས་ནད་ཅན་གྱིས་སེར་པོ་མ་གཏོགས་དུས་ནམ་ཡང་དཀར་པོ་མཐོང་མི་སྲིད་དོ། །

 

ཐུབ་ཆེན་གདན་སའི་བཏབ་ལོ་དང་རྐང་འཛིན་མི་སྣ་བསྐོས་ཚུལ།

རྒྱལ་དབང་མཆོག་ནས་དེ་སྔོན་ཀརྨ་ཆོས་སྡེ་བཏབ་ཀྱང་ལམ་ལྷོང་མ་བྱུང་བས་དེ་མུས་སུ་མ་བཞག་ཐབས་མེད་དུ་གྱུར། ལྕགས་བྱ་སྤྱི་ལོ(༡༥༠༡)ལོར་རྒྱལ་དབང་རིན་པོ་ཆེ་སྒར་ཆེན་དང་བཅས་པར་བྱ་ཡུལ་སོགས་བརྒྱུད་དེ་ལྷ་སར་ཕེབས་སྐབས། སྡེ་པ་རིན་སྤུངས་པས་བཀའ་བཀོད་ལྟར་གསང་ཕུ་ནེའུ་ཐོག །སེར་འབྲས་དགེ་གསུམ། བདེ་སྐྱོར་ཟུལ་གསུམ། ནཱ་ལེནྡྲ་སོགས་དབུས་ཕྱོགས་དགོན་སྡེ་ཆེ་ཆུང་གི་དགེ་འདུན་བཞུགས་སོ་འཚལ་གྱིས་སེར་སྦྲེང་གིས་བསུ་བར་མཛད། ཆུ་ཁྱི་སྤྱི་ལོ(༡༥༠༢)ལོར་གཞིས་ཀ་རིན་སྤུངས་སུ་ཕེབས་སྐབས་ཀྱང་། འཇམ་དབྱངས་ཀུན་དགའ་ཆོས་བཟང་དང་། པཎ་ཆེན་ཤཱཀྱ་མཆོག་ལྡན། ཀོང་སྟོན་དབང་ཕྱུག་གྲུབ་པ་སོགས་ཀྱི་དབུས། ལ་སྟོད་ལྷོ་བྱང་མན་ཆད་ནས། རོང་ངུར་སྨྲིག་ཡན་གྱི་དགོན་ཆེ་ཆུང་གི་དགེ་འདུན་ཁྲི་ཕྲག་གཉིས་གསུམ་ཙམ་གྱིས་སེར་སྦྲེང་གིས་བསུ་བ་བྱས་ཤིང་། འདིར་གསལ་བཤད་བྱ་དགོས་པ་ནི། ཐེངས་འདིར་སྒར་ཆེན་དབུས་གཙང་དུ་ཕེབས་སྐབས་སེ་འབྲས་དགའ་གསུམ་གྱི་གཙོས་དབུས་གཙང་གཉིས་ཀྱི་དགོན་སྡེ་ཐམས་ཅད་ཀྱིས་གུས་བསྟུན་གྱི་སྒོ་ནས་སེར་སྦྲེང་གིས་བསུ་བ་བྱས་པ་ནི། སྐབས་དེར་དབུས་གཙང་གི་བདག་པོ་སྡེ་པ་རིན་སྤུངས་པ་ཡིན་པས། དེའི་བཀའ་ལས་འགོང་མི་ནུས་ཤིང་ཁོང་གི་ངོ་སོར་བལྟ་བའི་ཆེད་ཡིན་པ་ལས། ཆོས་བརྒྱུད་སོ་སོའི་ངོས་ནས་སེར་སྦྲེང་གི་བསུ་བ་བྱེད་འདོད་མེད་པ་ནི་ཧ་གོ་དོན་གསལ་ཡིན་པ་སྨོས་ཅི་དགོས། འོན་ཀྱང་རྒྱལ་དབང་མཆོག་མདོ་ཁམས་སུ་ཕེབས་པའི་དགོངས་བཞེད་ཡོད་པར། སྡེ་པ་རིན་སྤུངས་པས་ཤེས་ནས་ཀརྨ་ཕྲིན་ལས་སོགས་གལ་ཆེན་གྱི་མི་སྣ་འགའ་མངགས་བཏོང་གནང་ནས། ལྷ་སར་ཕེབས་པའི་ཞུ་བ་རབ་དང་རིམ་པར་ཕུལ་བས་ཞལ་བཞེས་གནང་བ་ལ་བརྟེན་ནས། དེ་སྔོན་ཀརྨ་ཆོས་སྡེ་བཏབ་པར་ལམ་སློང་མ་བྱུང་བ་རྒྱུ་མཚན་དུ་བྱས་ནས། ད་རེས་ལྷ་སར་གདན་འདྲེན་པ་ནི་གཙོ་བོ་རྒྱལ་དབང་མཆོག་གི་ཆོས་གྲྭ་འདེབས་པའི་ཐུགས་བཞེད་བསྐོང་ཆེད་སྡེ་པ་རིན་སྤུངས་པས་བཀའ་བཀོད་ཡིན་པ་དང་། ད་རུང་ཞིབ་ཏུ་བསམ་ན་རྒྱུ་རྐྱེན་གཞན་ལ་བརྟེན་ནས་ད་རེ་ཆོས་གྲྭ་འདེབས་པ་འདི་གློ་བུར་དུ་བྱུང་བ་ཨེ་ཡིན་སྙམ། འདི་ནས་ཡར་རྩིས་པའི་མི་ལོ་བཅུ་དྲུག་གོང་དུ་ཀརྨ་གྲྭ་ཚང་གི་བཞུགས་གནས་ཀརྨ་ཆོས་སྡེ་ཕྱག་བཏབ་པ། གྲུབ་མཐའ་གཞན་གྱིས་འགོག་རྒོལ་འོག་ཕམ་ཉེས་བྱུང་བས། རྒྱལ་དབང་རིན་པོ་ཆེས་མཚན་ཉིད་ཀྱི་ཆོས་གྲྭ་ཞིག་བཙུགས་ན་གྲུབ་མཐའ་གཞན་གྱིས་འགྲན་རྩོད་དུ་གོ་ནས་ཆགས་སྡང་གི་རྒྱུ་རུ་འགྲོ་བར་དགོངས་ནས། ལྷ་ས་མ་ཡིན་པའི་ས་ཆ་གཞན་ལའང་ཆོས་གྲྭ་འདེབས་པ་བཤོལ་བ་མ་ཟད། ཀརྨ་གྲྭ་ཚང་ལའང་རྒྱབ་སྐྱོར་མ་གནང་བས། གྲྭ་ཆུང་བདུན་ཙམ་མ་གཏོགས་ཁ་འཐོར་དུ་སོང་ཞིང་། ཆོས་རྗེ་མི་ཉག་རབ་འབྱམས་པ་མགོན་པོ་དཔལ་གྱིས་སྡུག་རུས་དང་ངལ་བ་ཁྱད་བསད་ལ་བསྟེན་ནས། གྲྭ་ཆུང་བདུན་པོ་རྨང་གཞི་བྱས་ཐོག་འཆད་ཉན་རྒྱུན་བསྲིང་གནང་བས། ཡུན་རིང་མ་འགོར་བ་གྲྭ་ཚང་སོར་ཆུད་པར་གྱུར། དེའི་སྐབས་སྐྱེད་ཚལ་ཆོས་རྗེ་འཇམ་དབྱངས་ཀུན་དགའ་ཆོས་བཟང་ཙམ་ལས་རྒྱབ་སྐྱོར་བྱེད་མཁན་མེད་པར། དཔའ་བོ་གཙུག་ལག་ཕྲེང་བས《ཆོས་བྱུང་མཁས་པའི་དགའ་སྟོན》ལས་གསུངས་པས་ཤེས་ཐུབ་བོ། །

ཆུ་ཕག་སྤྱི་ལོ(༡༥༠༣)ལོར་རྒྱལ་དདབང་མཆོག་བྱང་མཚོ་མོ་དགུ་བརྒྱུད་ཀྱི་གཞུང་ནས་མདོ་ཁམས་སུ་ཕེབས་པར་བཞེད་ཀྱང་། ས་སྐྱོང་དོན་ཡོད་རྡོ་རྗེས་འདན་མ་ཁྲིམས་དཔོན་དང་། ཀརྨ་ཕྲིན་ལས་པ་སོགས་ངོ་ཆེན་དུ་སྦྲན་ཏེ་ཞུ་བ་ནན་ཆེར་ཕུལ་དང་བསྟུན། རིམ་པས་རྒྱལ་བའི་དབང་པོ་ཆོས་གྲགས་རྒྱ་མཚོ་སྒར་ཆེན་དང་བཅས་པ་གཙང་ནས་རིམ་གྱིས་ཟླ་བ་བདུན་པའི་སྟོད་ཙམ་ལ་ལྷ་སར་སྤྱན་དྲངས་ཤིང་། ཆོས་རྗེ་དེ་བཞིན་གཤེགས་པའི་ཐུགས་དམ་གྱི་རྟེན་ཙནྡན་དཀར་པོའི་སྒྲོལ་དཀར་དང་། རྗེ་མར་པའི་སྐུ་བྱ་ཁུར་མ། སི་ཐང་ཟླ་ཞལ་མ་སོགས་སྐུ་གསུང་ཐུགས་རྟེན་ཁྱད་པར་བ་མང་པོ། ལྷ་ས་རྣམ་གཉིས། ཚལ་གུང་ཐང་། བྱང་ཆུབ་གླིང་སྟེ་གཙུག་ལག་ཁང་ཆེན་པོ་གསུམ། བྲག་ཡེར་པའི་གཙོས་གནས་ཆེན་དུ་མ་བཅས་འབུལ་ཆེན་བསྟབས་པར་མཛད། ཐེངས་འདིར་སྡེ་པ་དོན་ཡོད་རྡོ་རྗེས་ལྷ་སར་གདན་འདྲེན་ཞུས་པ་དང་བསྟུན་ནས་སྐུ་གསུང་ཐུགས་རྟེན་སོགས་དངོས་འབུལ་རྒྱ་ཆེར་ཕུལ་བ་ཙམ་མ་ཡིན་པར། རྒྱལ་དབང་རིན་པོ་ཆེའི་རྒྱལ་བ་བྱམས་པའི་ལུང་བསྟན་བཞིན་ཡུན་རིང་ཐུགས་ལ་མནག་པའི་ཇོ་བོ་ཤཱཀྱ་མུ་ནེའི་ཉེ་འཁོར་དུ་དགེ་འདུན་གྱི་ཆོས་སྡེ་གཙང་མ་ཞིག་འདེབས་པའི་ཐུགས་དགོངས་ཡོད་པས། དགོངས་བཞེད་བསྐོང་བའི་ཆེད་དུ་ཐུབ་ཆེན་ཆོས་འཁོར་གླིང་གི་ཆོས་གྲྭ་པོ་ཏཱ་ལའི་རི་ལོགས་ལ་འདེབས་པར་ཞུས་ཀྱང་། རྒྱལ་དབང་ཀརྨ་པ་མཆོག་ནས་ས་བབ་བཙན་ཆེས་པར་དགོངས་ནས་བཀས་མ་གནང་བས། དེ་ནས་ས་ཁོངས་གང་དུ་ཐུགས་ལ་བབས་པར་བརྟགས་པས། ཆོས་སྡེ་གསར་རྒྱག་གི་ས་གནས་ལྷ་སའམ་ཇོ་བོ་ཤཱཀྱ་མུ་ནེའི་བཞུགས་ཡུལ་གཙུག་ལག་ཁང་གི་ཤར་དུ་འདེབས་པར་ཐག་གཅོད་གནང་སྟེ། ས་ཆ་དེར《དགའ་ལྡན་ཆོས་འབྱུང་བཻ་ཌཱུརྱ་སེར་པོ》ལས། ལྷ་པར་ས་ནག་མར་དགོན་པ་སྟེ། ཞེས་དང་། 《དུང་དཀར་ཚིག་མཛོད》ལས། ལྷ་སའི་གྲོང་ཁྱེར་གྱི་ཤར་ངོས་ས་ནག་མ་ཞེས་བཀོད་ཡོད་པས་ཤེས་ཐུབ།

ཆུ་ཕག་སྤྱི་ལོ(༡༥༠༣)ལོའི་ཟླ་བ་བརྒྱད་པར་ཐུབ་ཆེན་ཆོས་འཁོར་གླིང་གི་ཆོས་སྡེ་ཕྱག་བཏབ་པར་མཛད། དཔའ་བོ་གཙུག་ལག་ཕྲེང་བས《ཆོས་བྱུང་མཁས་པའི་དགའ་སྟོན》ལས། “ཇོ་བོའི་སྐུ་འཁོར་དུ་དགེ་འདུན་གཙང་ཧྲུག་པ་ཞིག་གནང་བཞེད་ཀྱང་སྡེ་པ་རང་གི་ཐུགས་བཞེད་ཀྱིས་པོ་ཊ་ལའི་རི་ལོགས་ལ་ཆོས་སྡེ་འདེབས་པར་ཞུས་པ་བཙན་ཆེས་པར་དགོངས་ནས་དྲུང་གིས་བཀས་མ་གནང་། ལྷ་སའི་ཤར་དུ་ཐུབ་ཆེན་ཆོས་འཁོར་གྱི་ཆོས་སྡེའི་རྨང་བཏིང་།” ཞེས་དང་། ཐུབ་ཆེན་ཆོས་འཁོར་གླིང་གི་རྩིག་རྨང་བཏིང་བའི་ཉིན་དེར་རྒྱལ་དབང་ཀརྨ་པ་ཆོས་གྲགས་རྒྱ་མཚོ་མཆོག་དང་། ས་སྐྱོང་དོན་ཡོད་རྡོ་རྗེ་མཆོད་ཡོན་ཟུང་གིས་བཀྲ་ཤིས་པའི་མེ་ཏོག་གི་སིལ་མ་ཆར་དུ་སྙིལ་ཞིང་རབ་ཏུ་གནས་པར་མཛད། རྗེ་བཙུན་ཀརྨ་ཕྲིན་ལས་ཞབས་ཀྱི་དབུས་རིག་གྲོལ་གཉིས་ལྡན་གྱི་དགེ་སློང་གི་དགེ་འདུན་ཚོགས་ཀྱིས་བཀྲ་ཤིས་པའི་གསོ་སྦྱོང་སྔོན་དུ་འགྲོ་བས་ས་བརྟག་སླང་སོགས་ཀྱིས་ས་གཞི་བྱིན་གྱིས་བརླབས་ཤིང་། ཐིག་གདབ་དང་རྩིག་རྨང་གཏིང་བ་དང་། རུང་ཁང་བཅའ་བའི་ཆོ་གའི་ཕྱག་ལེན་རྣམས་ཚུལ་བཞིན་ཞིབ་རྒྱས་སུ་མཛད་དེ། རྒྱལ་དབང་མཆོག་དང་། སྡེ་པ་རིན་སྤུངས་པ་འཁོར་བཅས་ལྷ་ལྡན་དུ་བཞུགས་ཐོག །ཆོས་གྲྭའི་རྨང་གཞི་བཏིང་བ་དང་། གཙུག་ལག་ཁང་གི་ས་བཀྲ་བཀོད་པ། འཛུག་སྐྲུན་གྱི་འཆར་གཞི་འདིང་བ་མཛད་པར་མ་ཟད། རྗེ་བཙུན་ཀརྨ་ཕྲིན་ལས་ཞབས་ཀརྨ་གྲྭ་ཚང་དང་ཐུབ་ཆེན་ཆོས་འཁོར་གླིང་གཉིས་ཀའི་འཆད་ཉན་གྱི་སློབ་དཔོན་དང་། ཐུབ་ཆེན་ཆོས་འཁོར་གླིང་གསར་བཞེངས་ཀྱི་དབུ་འཛིན་དུ་བསྐོས་ཤིང་། དེ་ནས་བཟུང་རྗེ་བཙུན་ཕྲིན་ལས་ཞབས་ཀྱིས་ཀརྨ་གྲྭ་ཚང་དང་། ཐུབ་ཆེན་ཆོས་འཁོར་གླིང་གི་ཆོས་སྡེ་གསར་སྐྲུན་དང་འཆད་ཉན་གྱི་སློབ་དཔོན་གཅིག་ཆོག་པར་མཛད། གཞན་ཡང་ནང་སོ་ལ་འདན་མ་ཁྲིམས་དཔོན་དང་། མཚན་ཉིད་ཀྱི་སློབ་དཔོན་ལ་དབུ་མཛད་བདེ་ལེགས་པ་དང་། ཆོས་རྗེ་ལེགས་བཤད་པ། སྔགས་ཀྱི་སློབ་དཔོན་དཀོན་རྒྱམ་པ་དང་། དྲུང་བློ་གྲོས་པ་བཅས་ཆོས་གྲྭའི་རྐང་འཛིན་མི་སྣ་གཙོ་བོ་རྣམས་བསྐོ་བཞག་མཛད། ཡང་《ཆོས་བྱུང་མཁས་པའི་དགའ་སྟོན》ལས། “ཐུབ་ཆེན་དུ་ནང་སོ་ལ་འདན་མ་ཁྲིམས་དཔོན། མཚན་ཉིད་ཀྱི་སློབ་དཔོན་ལ་དབུ་མཛད་བདེ་ལེགས་པ་དང་ཆོས་རྗེ་ལེགས་བཤད་པ། སྔགས་ཀྱི་སློབ་དཔོན་དཀོན་རྒྱམ་པ་དང་དྲུང་བློ་གྲོས་པ་བསྐོས།” ཞེས་གསལ་བས་སོ། །

 

རྗེ་བཙུན་ཀརྨ་ཕྲིན་ལས་པས་གཙོ་འགན་བཞེས་ནས་རྟེན་དང་བརྟེན་པ་བཞེངས་ཚུལ།

རྗེ་བཙུན་ཕྲིན་ལས་པས་ཐུབ་ཆེན་ཆོས་འཁོར་གླིང་གི་ཆོས་གྲྭའི་གཙུག་ལག་ཁང་དང་། རུང་ཁང་། གྲྭ་ཤག་སོགས་ཀྱི་རྨང་གཞི་བཏིང་བ་དང་།  ལས་གྲྭའི་ཨར་བསྐྲུན་དབུ་འཛུགས་གནང་སྟེ།  བཟོ་རིག་པ་འབོད་འགུག་སོགས་ཀྱི་ཐུགས་འགན་བཞེས་པ་དང་།  གྲྭ་ཚང་གི་འཆད་ཉན་དང་བཅས་པ་གང་ལ་གང་འོས་ཀྱིས་སྒོ་ནས་ཐུགས་བརྩོན་ཆེན་པོ་གནང་བར་མཛད། དཔའ་བོ་གཙུག་ལག་ཕྲེང་བས《ཆོས་བྱུང་མཁས་པའི་དགའ་སྟོན》ལས། “འདི་ལ་རྟེན་འབྲེལ་ཧ་ཅང་འགྲིག་ཆེ་བ་མ་བྱུང་བར་རྗེ་ཕྲིན་ལས་པ་གསུང་ཞིང་བུ་ཁྲལ་རྣམས་ཀྱང་གཙང་ནས་མདའ་སྟག་ཤས་ཆེ་བར་བརྟེན་བསྟན་པའི་རྒྱུན་འབྲིང་ཙམ་ཞིག་བྱུང་།” ཞེས་གསུངས་པས། རྒྱལ་དབང་མཆོག་གིས་དེ་སྔོན་ཀརྨ་ཆོས་སྡེ་བཏབ་ཀྱང་གྲུབ་མཐའི་སྡང་ཞུགས་ཀྱིས་གཏོར་བཅོམ་བྱས་ནས་མ་ཐེབས་པས། ཆོས་སྡེ་འདི་ས་གནད་མེ་བཙའ་ལྟ་བུར་དགོངས་ནས་ཕྱག་བཏབ། སྡེ་པ་རིན་སྤུངས་པས་གཙང་ནས་བཙུན་ཁྲལ་བསྡུས་པ་སོགས་ཆོས་གྲྭ་འདེབས་པའི་མཐུན་རྐྱེན་གང་ལེགས་སྦྱར་བ་མཛད་ཀྱང་།  རྟག་ཏུ་གཞན་གྱིས་སུན་གཙེར་འོག་ཏུ་གནས་སྟབས་མདོ་སྔགས་གཞུང་ཆེན་རྣམས་ལ་སློབ་སྦྱོང་གི་གྲུབ་འབྲས་གཟེངས་སུ་མ་ཐོན་ཞིང་དེ་ཙམ་འཕེལ་རྒྱས་ལེགས་པོ་མ་བྱུང་བར་མངོན།

དེ་ལྟར་རྒྱལ་དབང་མཆོག་ནས་ཐུབ་ཆེན་ཆོས་འཁོར་གླིང་གི་གདན་སའི་རྐང་འཛིན་མི་སྣ་བསྐོ་བཞག་དང་རྨང་བཏིང་བ་ཙམ་མ་ཡིན་པར། ཆོས་སྡེའི་སྤང་བླང་གསལ་བར་སྟོན་པའི་བཅའ་ཡིག་ཀྱང་རྩོམ་པར་མཛད། བཅའ་ཡིག་བརྩམས་ལོ་ནི། 《རྒྱལ་དབང་ཉིད་ཀྱི་གསུང་འཐོར་བུའི་སྐོར》གྱི་བཅའ་ཡིག་གི་མཇུག་རྩོམ་ལས། “ཅེས་ཐུབ་ཆེན་ཆོས་ཀྱི་རྒྱལ་པོ་ཆེན་པོའི་བསྟན་པ་རིན་པོ་ཆེ་བཤད་པ་དང་སྒྲུབ་པའི་བདག་ཉིད་ཅན་གྱི་དྲི་མ་སེལ་ཞིང་ནུབ་པ་མེད་པར་ཕྱོགས་ཐམས་ཅད་དུ་ཁྱབ་པར་སྤེལ་བའི་གྲྭ་ས་ཁྱད་པར་དུ་འཕགས་པ་བཙུགས་ཏེ། འཕྲལ་དུ་ཉེ་བར་མཁོ་བའི་བསླབ་གཞི་བཅས་པའི་ཡི་གེ་འདི་ནི། བྱ་ལོ་ཧོར་ཟླ་བཅུ་པའི་ཚེས་གཅིག་གི་ཉིན་བྲིས་པའི་ཡི་གེ །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག།         །།”ཅེས་གསུངས་པས། འདིར་བྱ་ལོ་ཞེས་སྨོས་པ་ཙམ་ལས་དབང་ཐང་གང་ཡིན་མི་གསལ་བས། ལོ་ཚིགས་དེ་གང་དུ་ཁེལ་བ་ཁ་ཚོན་གཅོད་དཀའ་སྟེ། རེད་དེ་《ཆོས་འབྱུང་མཁས་པའི་དགའ་སྟོན》ལས་རྒྱལ་དབང་བདུན་པའི་རྣམ་ཐར་དང་། 《ཞྭ་དམར་བཞི་པའི་རྟོགས་བརྗོད་ཨུཏྤ་ལའི་ཕྲེང་བ》 《རྗེ་བཙུན་ཀརྨ་ཕྲིན་ལས་པའི་རྣམ་ཐར་ངོ་མཚར་ཡིད་ཀྱི་ཤིང་རྟ》རྣམས་ཀྱི་ལོ་ཚིགས་དང་། བཅའ་ཡིག་འདིའི་གོང་འོག་གི་གསུང་རྩོམ་རྣམས་ཀོང་པོར་བརྩམས་པ་ཤ་སྟག་ཡིན་པས་ཕན་ཚུན་གུང་སྒྲིག་ན། མེ་ལུག་སྤྱི་ལོ(༡༤༨༧)ལོར་སྒར་ཆེན་གཉལ་དུ་བཞུགས་སྐབས་ཀརྨ་གྲྭ་ཚང་ཐོག་མར་བཙུགས་ཤིང་། ལོ་དེའི་ཟླ་བ་བཅུ་གཅིག་པའི་སྨད་ཙམ་ལྷ་སར་ཕེབས་ཤིང་། གོང་སྨོས་ཀརྨ་ཆོས་སྡེ་གཞན་གྱིས་གཏོར་བཅོམ་བཏང་སྟེ་ཀརྨ་གྲྭ་ཚང་གཏན་གཞིའི་མཁར་ཁང་མེད་པར་གྱུར་ཀྱང་མུ་འཐུད་འཆད་ཉན་རྒྱུན་བསྲིང་གནང་ཆེད། ས་བྱ་སྤྱི་ལོ(༡༤༨༩)ལོར་རྒྱལ་བའི་དབང་པོ་མཆོག་འདམ་གཞུང་ནས་ཀོང་པོར་ཕེབས་གྲུབ་མཚམས་བཅའ་ཡིག་འདི་བརྩམས་པར་ཤེས་ཐུབ། སྐབས་དེར་ཀརྨ་གྲྭ་ཚང་ལྷ་ས་སོགས་སུ་གནས་གཡར་བྱས་ནས་བཞུགས་ཡོད་པས་དེའི་བཅའ་ཡིག་ཡིན་དགོས་ལ། འོན་ཀྱང་བཅའ་ཡིག་འདིའི་མགོ་མཇུག་བར་གསུམ་གང་དུ་ཆོས་གྲྭ་སུའི་བཅའ་ཡིག་ཡིན་པར་མི་གསལ་བས། ཀརྨ་གྲྭ་ཚང་དང་། ཐུབ་ཆེན་ཆོས་འཁོར་གླིང་གི་ཆོས་གྲྭ་གཉིས་པོ་སུའི་བཅའ་ཡིག་ཡིན་ཀྱང་། མཚན་ཉིད་ཀྱི་ཆོས་སྡེ་ཞིག་གི་ཕྱི་ནང་གི་སྒྲིགས་གཞི་ཞིབ་མོར་འཁོད་ཡོད་པས་འདིར་དྲངས་པ་ཡིན།

གང་ལྟར་རྒྱལ་དབང་མཆོག་གིས་མཚན་ཉིད་ཀྱི་ཆོས་གྲྭ་ཞིག་འདེབས་པའི་དམིགས་ཡུལ་གཙོ་བོ་རྒྱ་འགྲེལ་གྱི་གཞུང་ཆེན་རྣམས་དང་། ནང་བརྟག་རྒྱུད་གསུམ་སོགས་བཀའ་བརྒྱུད་རིན་པོ་ཆེའི་གསུང་རྒྱུད་འགྲེལ་དང་བསྐྱེད་རྫོགས་ཀྱི་རྣམ་བཤད། ཐུན་མིན་གདམས་པའི་ཟབ་ཁྲིད་རྣམས་ལ་སློབ་སྦྱོང་གི་སྒོ་ནས་མཁས་མང་བསྐྱེད་བསྲིང་གནང་ནས། སློབ་མཐར་ཕྱིན་རྗེས་གཡའ་བྲག་གངས་ཀྱི་དབེན་པར་ཐོས་དོན་སྒྲུབ་པ་ལ་གཞོལ་བའི་བཀའ་བརྒྱུད་གོང་མའི་རྣམ་ཐར་སྙེགས་པའི་ཆེད་དུ་བཙུགས་པར་མངོན། དེའང་བཅའ་ཡིག་ལས། “ལུང་གི་ཆོས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་དང་། ཁྱད་པར་དུ་ཐེག་དམན་གྱི་སྡེ་སྣོད་དང་། རྒྱུའི་ཐེག་པ་ཆེན་པོའི་སྡེ་སྣོད་དང་། འབྲས་བུའི་རྡོ་རྗེ་ཐེག་པ་རིག་འཛིན་སྔགས་ཀྱི་སྡེ་སྣོད་ཀྱི་རྒྱུད་དང་། རིམ་གཉིས་ཀྱི་མན་ངག་ཆ་ལག་དང་བཅས་པ་དག་ལ། ཕྱོགས་རེ་ཙམ་མ་ཡིན་པར་ཐོས་བསམ་ལ་བརྩོན་པས། གསུང་རབ་སྤྱི་དང་བྱེ་བྲག་གི་ཚིག་དང་དོན་ལ་འདྲིས་ཤིང་། དགོངས་དོན་མཐར་ཐུག་ལེགས་པར་ཁོང་དུ་ཆུད་པར་བྱས་ནས། མཐར་སྒོམ་པས་སྒྲུབ་པ་ལ་རྩེ་གཅིག་ཏུ་ཞུགས་ཏེ། རྟོགས་པའི་ཆོས་གོང་ནས་གོང་དུ་རྫོགས་པར་བྱེད་པ་ནི། བཀའ་བརྒྱུད་རིན་པོ་ཆེའི་ཤིང་རྟས་ལེགས་པར་ཕྱེས་པའི་སྲོལ་ཐུན་མོང་མ་ཡིན་པ། དུས་གསུམ་གྱི་རྒྱལ་བ་སྲས་དང་སློབ་མར་བཅས་པ་མཐའ་དག་གི་རིང་ལུགས་མ་ཉམས་པ་ཡིན་ལ། དེང་སང་སྙིགས་མའི་དུས་སུ་བབས་པས། བཤད་སྒྲུབ་ཀྱི་མིང་ཙམ་དུ་བཏགས་པ་ཡང་ཕྲག་དོག་དྲག་པོས་ཆེད་དུ་བསྒྲུབས་ནས། ཉོན་མོངས་པ་དང་། མི་དགེ་བའི་ལས་ཤུགས་དྲག་པོས་སའི་སྟེང་ཐམས་ཅད་ཁྱབ་པར། རང་བཞན་གྱི་རྒྱུད་ལས་སྤེལ་བ་ལ་བརྩོན་པར་བྱེད་པའི་ཤཱཀྱ་སེང་གེའི་བསྟན་པ་ལས་རབ་ཏུ་བྱུང་བའི་རྟགས་ཙམ་གྱིས་སྐྱབས་སུ་མཆི་ནས། སྟག་ལྤགས་བཀབ་པའི་བོང་བུ་ལྟར། རང་གཞན་གྱི་དགེ་ལེགས་ཀྱི་ལོ་འབྲས་མཐའ་དག་འཇོམས་པར་བརྩོན་ཞིང་། ཐོས་བསམ་པ་རྣམས་ཀྱིས་ཀྱང་། སྒྲུབ་པ་ལ་(མི་)མོས་ལ་རྣམ་གྲངས་དུ་མས་སྨོད་པ་དང་། སྒྲུབ་པ་རྣམས་ཀྱིས་ཀྱང་ཐོས་བསམ་ལ་མི་མོས་ཤིང་སྨོད་པར་བྱེད་པས་བཤད་སྒྲུབ་ཀྱི་བསྟན་པ་ལྷག་མ་མེད་པར་བྱེད་པ་ལ་བརྩོན་པ་ཁོ་ནར་སྣང་བས། སེམས་ཀྱིས་མ་བཟོད་དེ། ཐུན་མོང་པའི་རིག་གནས་དང་། ནང་རིག་པ། སྡེ་སྣོད་ཀྱི་གཞུང་ལུགས་རྣམས་ལ་བོད་ཀྱི་སྒྲོས་ཆགས་སྡང་གི་གཞིར་གྱུར་པ་རྣམས་དོར་ནས། རྒྱ་གཞུང་དང་(རྒྱ་)འགྲེལ་སོར་བཞག་པའི་སྟེང་ནས་བཤད་གྲྭ། མཐར་སྒྲུབ་པའི་སྙིང་པོ་ཅན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དྲི་མ་མེད་པ་གསུམ་དང་ལྡན་ཞིང་། ཕྱོགས་ལྷུང་མེད་པའི་ལེགས་བཤད་སྒྲོག་པའི་གྲྭ་(ས་)འདི་ནི་ལྷག་བསམ་རྣམ་པར་དཀར་བས་ཆུ་སྲིན་རྒྱལ་མཚན་གྱི་དཔུང་གི་ཚོགས་ཀྱིས་སེམས་ལ་མ་བཟོད་པའི་ཕྲག་དོག་གིས་དཀྲུག་པའི་བར་ཆད་ཀྱི་རྐྱེན་དྲག་པོ་དངོས་སུ་བཟོད་པར་དཀའ་བས་རྣམ་གྲངས་མང་པོ་རྣམས་ཀྱང་ཆེད་དུ་བསལ་ཏེ། འབད་རྩོལ་ཆེན་པོས་སྒྲུབ་སྟེ། ཐུབ་ཆེན་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་འདི་ཉིད་མི་ཉམས་པའི་སླད་དུ། ཆོས་ཁྲིམས་སུ་བཅས་པ་ནི། བཅའ་ཡིག་རྒྱས་པ་ནི། འདུལ་བའི་སྡེ་སྣོད་རྣམས་ལས། ཇི་ལྟར་འབྱུང་བ་དང་། ཐེག་པ་ཆེན་པོའི་སྡེ་སྣོད་ལས། ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་རྣམས་ལས་ཤེས་པར་གྱིས་ལ་སྤང་བླང་ལ་བརྩོན་པར་གྱིས་ཤིག །འདིར་ནི་གནས་སྐབས་(དང་)འཕྲལ་དོན་གྱིས་སྤང་བླང་དུ་བྱ་བ་མདོར་བསྡུས་ཙམ་ཞིག་བྲི་བར་བྱའོ། །”ཞེས་གསུངས་ཤིང་། བཀའ་བརྒྱུད་རིན་པོ་ཆེའི་ཕྱག་སྲོལ་ལྟར་བླ་མ་ལ་མོས་གུས་གྲྭ་ས་གཞན་ལ་ཁྱད་པར་འཕགས་པའི་སྲོལ་འཛུགས་པ་ཆེད་དང་། ཁྱད་པར་དུ་སྔགས་ཀྱི་དབང་བསྐུར་ཐོབ་ཕྱིན་བླ་མ་ལྔ་བཅུ་པ་ལ་འཆད་ཉན་དང་ལག་ལེན་དུ་ཐོག་མར་བསྟར་དགོས་ལ། དགེ་བའི་བཤེས་གཉེན་ལ་གུས་པའི་སྒོ་ནས་ཆོས་ཉན་པ་དང་། བསམ་པ་དང་། སྒོམ་པའི་རིམ་པས་བཤད་སྒྲུབ་ཀྱི་བསྟན་པ་དྲི་མ་མེད་པར་བྱེད་པ་ལ་གལ་ཆེའོ། །དེ་ཡང་འཆད་བྱའི་ཆོས་གཙོ་བོ་ཕར་ཚད་གཉིས། དབུ་འདུལ་གཉིས། རྒྱུད་བླ། མངོན་པ་གོང་འོག་སོགས་མདོ་ཕྱོགས་ཀྱི་གཞུང་རྣམས་རང་ལུགས་ཀྱི་འགྲེལ་པ་དང་རྒྱ་འགྲེལ་གྱི་སྟེང་ནས་འཆད་པ་དང་། ཆོས་མཚམས་དང་སྐབས་བབས་ཀྱི་དུས་སུ། སློབ་སྦྱོང་འབུར་དུ་ཐོན་ཅིང་ཡོན་ཏན་གྱི་རྨང་གཞི་ཆགས་པ་རྣམས་ལ། དམ་ཚིག་རྒྱ་མཚོ། ནང་བརྟག་གཉིས་སོགས་ཀར་ལུགས་ཀྱི་སྔགས་ཆོས་རྣམས་འཆད་པ། ཚེས་བཅུའི་དུས་སུ་ཕག་མོ་སོགས་མར་ལུགས་གང་རུང་གི་སྒྲུབ་མཆོད་ཚར་རེ་བྱེད་སྲོལ་ཡོད། མདོར་ན་ཆོས་མཚམས་རེ་ལ་ཡོན་ཏན་ཡར་འཕེལ་དུ་འགྲོ་དགོས་པས། རིག་ཆུང་ལུང་ཆུང་མན་གྱི་སློབ་དཔོན་དང་། ཆོས་ཁྲིམས་པ་གང་རུང་ལ་ཆོས་མཚམས་རེ་ལ་རྒྱུགས་སྤྲོད་བྱ་དགོས་ཤིང་། ཉིན་རེའི་ཆོས་ཐུན་རྣམས་ཀྱི་དབུ་འཛུགས་དང་། མཇུག་གི་ཆོས་བཤད་གྲུབ་རྗེས་སངས་རྒྱས་ཀྱི་བསྟོད་པ་སོགས་ཆོས་སྤྱོད་བསྟོད་སྨོན་གང་འདོན་པ་དང་། ཆོས་རར་ལུས་ཀྱི་ཀུན་སྤྱོད་དང་། ནམ་རྒྱུན་ཟས་དང་འགྲོ་འདུག་གི་སྤྱོད་ལམ་སོགས་འཁོད་པས། ཞིབ་ཕྲ་བཅའ་ཡིག་ལས་གསལ་བས་སོ། །

 

གདན་སར་ཆོ་འཕྲུལ་སྨོན་ལམ་བཙུགས་ཤིང་ལྷ་ཆེན་སོགས་བཞེངས་པའི་སྐོར།

ཤིང་བྱི་སྤྱི་ལོ(༡༥༠༤)ལོར་ལས་གྲྭའི་ཨར་སྐྲུན་ལ་ཤུགས་སྣོན་རྒྱབ་སྟེ། ཤིང་གླང་སྤྱི་ལོ(༡༥༠༥)ལོར་འདུ་ཁང་གི་གློ་འབུར་དང་།  བླ་བྲང་སྤེ་ཞོལ་བཅས་པར་བཀོད་པ་ལེགས་ཤིང་རྒྱ་ཆེ་བ་བད་ཕུར་ཕྱིན་ལེགས་པར་གྲུབ།  བྲང་ཁང་ཤས་ཆེ་བའི་རྩིག་རྨང་ཡང་ཐིངས་པར་མཛད།  དེ་ལྟར་ལོ་གཉིས་ཀྱི་རིང་རྗེ་བཙུན་ཕྲིན་ལས་ཞབས་ཀྱིས་ཆོས་གྲྭ་གསར་བཞེངས་ཀྱི་ཐུགས་འགན་ལྷོད་མེད་དུ་བཞེས་ཤིང་། དེའི་རིང་འཐུས་བཙུན་ཕལ་ཆེར་འདུས་པ་རྣམས་ལ་གྲུབ་པའི་དབང་ཕྱུག་རྗེ་རིན་པོ་ཆེ་སྐྱབ་ཆེ་རྟོགས་ལྡན་འཇལ་དཔལ་རྒྱ་མཚོ་ལ་མཁན་པོ་ཞུས་ནས་རབ་ཏུ་བྱུང་བ་མང་པོ་བསྒྲུབས་ཤིང་།  རྗེས་སོར་ཆོས་གྲྭའི་ཨར་སྐྲུན་ཕལ་ཆེར་ཟིན་པས། རྗེ་བཙུན་ཀརྨ་ཕྲིན་ལས་པ་ཉིད་ཀྱིས་མཁན་པོ་དང་།  སློབ་དཔོན་བདེ་ལེགས་པས་ལས་སློབ་མཛད་དེ་བསྙེན་རྫོགས་འོས་པ་རྣམས་ལ་བསྙེན་རྫོགས་དང་། བཙུན་ཆུང་གསར་བུ་རྣམས་ལ་དགེ་ཚུལ་བསྒྲུབས་ནས། ཕན་བདེ་མ་ལུས་པའི་འབྱུང་གནས་བསྟན་པ་རིན་པོ་ཆེའི་གཞི་མར་འདུག་པར་དགོངས་ནས་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་གཙོ་བོར་འཛུགས་པར་མཛད།

མེ་སྟག་སྤྱི་ལོ(༡༥༠༦)ཟླ་བ་དང་པོའི་ཚེས་བཅུ་བཞི་ལ་རྒྱལ་བའི་དབང་པོ་དགོངས་པ་ཆོས་ཀྱི་དབྱིངས་སུ་གཞོལ་བའི་དགོངས་རྫོགས་རྒྱ་ཆེར་བསྒྲུབས་ཤིང་། ལོ་དེ་ནས་བཟུང་ལྷ་ལྡན་ཐུབ་ཆེན་གདན་སར་མཚུར་ཕུ་དང་། ཀརྨ་གྲྭ་ཚང་། ཐུབ་ཆེན་གྲྭ་ཚང་རྣམས་ལོ་རེ་བཞིན་ཆོ་འཕྲུལ་ཟླ་བར་སྨོན་ལམ་ཆེན་པོ་དང་བཅུ་བཞི་མཆོད་པ་ཚོགས་པའི་སྲོལ་གཏོད། ཟླ་བ་བྱུང་ངོ་ཅོག་གི་བཅོ་ལྔའི་ཉིན་བསླབ་པ་ཡོངས་སུ་རྫོགས་པའི་ཕྱིར་གསོ་སྦྱོང་གི་ཆོ་ག་ཆག་མེད་དུ་མཛད། རྒྱལ་ཚབ་བཀྲ་ཤིས་རྣམ་རྒྱལ་གྱིས་འཇང་ཡུལ་ནས་ཐུབ་ཆེན་གྱི་རྟེན་བཞེངས་ལ་དམིགས་པའི་ཇ་གོས་དར་སོགས་མང་པོ་བསྐུར་གནང་བར། དབོན་པོ་བཀྲ་ཤིས་བཟང་པོས་དོ་དམ་མཛད་དེ། ལ་སྟོད་བྱང་དུ་གསེར་སྒྲུབ་པ་དང་། གློ་བོར་ཟངས་སྒྲུབ་པ་ལ་བཏང་བ་རྣམས་ཀྱང་རིམ་པས་འབྱོར་བས།

ལྕགས་ལུག་སྤྱི་ལོ(༡༥༡༡)ལོའི་དགུན་སྨད་སྤྲུལ་པའི་བཟོ་བོ་རྡོ་རྗེ་དཔོན་སློབ་བཅུ་བདུན་གཡོག་དང་བཅས་པས། གུང་ཐང་ལྷ་ཆེན་ལས་མཐོ་གང་གིས་མཐོ་བའི་རུ་ཤིང་བཙུགས། ལྷ་ཆེན་གྱི་གཙོའི་སྐུ་རྟེན་རྣམས་བཞེངས་པའི་ལས་གྲྭ་་བཙུགས་ཤིང་། ཆུ་སྤྲེལ་སྤྱི་ལོ(༡༥༡༢)ལོའི་སྟོན་ཁར་སྐུ་འདྲ་རིན་པོ་ཆེ་ཐོག་བརྩེགས་གཅིག་ལྷག་ཙམ་དང་། རྟེན་གསུམ་རྣམས་བཞེངས་གྲུབ་པས། རིང་བསྲེལ་རྣམ་བཞིའི་གཙོའི་གཟུངས་ཞུགས་ཀྱིས་བྱུར་བུར་བཀང་ཞིང་། སྲོག་ཤིང་བཙུགས་ཉིན་ནས་དབུ་བཟུང་རབ་གནས་ཉིན་རེ་བཞིན་བསྟར་ཆགས་སུ་མཛད་པས་ཟླ་བ་གཉིས་ཙམ་གྱི་རིང་ཡོངས་སུ་རྫོགས་པར་གྲུབ་སྟེ། ཆོས་སྐྱོང་དང་སྦྱིན་བདག་བསྒོ་བ། དགའ་སྟོན། བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱིས་མཐའ་བརྒྱན་པ་བཅས་གྲུབ་ཅིང་། མདོར་ན་རབ་ཏུ་གནས་པ་སྟོང་རྩ་ཁ་སྐོང་དང་བཅས་པ་མཛད་པའི་མཐུས་རྟེན་ཆེན་ངོ་མཚར་ཅན་མཆོད་པའི་ཡུལ་དུ་བཞུགས་པའི་གཙང་ཁང་ཀྱི་སྤེན་བད་དང་བཅས་པ་དངོས་གཙང་བ་བཅས་ལེགས་པར་གྲུབ།

ཤིང་ཁྱི་སྤྱི་ལོ(༡༥༡༤)ལོའི་ནང་དུ་བྲང་ཁང་ངམ་གྲྭ་ཤག་ཀྱང་ཕལ་ཆེར་བསྐྲུན་ཚར་བར་མཛད། དགེ་འདུན་སུམ་བརྒྱ་ལྷག་ཙམ་འདུས་པར་མདོ་སྔགས་གཉིས་ཀྱི་འཆད་ཁྲིད་བར་མེད་དུ་སྩལ་བས། མཁས་ཤིང་བཙུན་པའི་ཡོན་ཏན་ལེགས་པོ་ཡོད་པ་ཅན་མང་དུ་བྱུང་། བར་སྐབས་གང་རུང་རུང་དུ་དགེ་ཚུལ་སློང་བསྒྲུབས་པ་དང་། བཀའ་ཆོས་གནང་བས་གཞན་དོན་གྱི་བྱ་བས་རྒྱལ་བའི་དབང་པོ་ཀརྨ་པའི་དགོངས་པ་རྫོགས་ཐབས་མཛད། དེ་ལྟར་ལྷ་ལྡན་ཐུན་ཆེན་ཆོས་འཁོར་གླིང་གི་རྟེན་དང་བརྟེན་པར་བཞེངས་གྲུབ་ཅིང་། མདོ་སྔགས་གཞུང་ལུགས་ཀྱི་བསླབ་སྦྱོང་གི་རྨང་གཞི་ལེགས་པར་ཐེངས་པས། རྗེ་བཙུན་ཕྲིན་ལས་ཞབས་ཀྱིས་གཙོ་བོ་སྨྱུག་ལ་ལེགས་བཤད་གླིང་དུ་འཆད་ཉན་སོགས་མཛད་ཕྲིན་རྒྱ་ཆེན་པོར་མངའ་བས།  ཐུབ་ཆེན་གདན་སར་དབུ་མཛད་བདེ་ལེགས་པ་དང་། ཆོས་རྗེ་ལེགས་བཤད་པ། དཀོན་རྒྱམ་པ། དྲུང་བློ་གྲོས་པ་རྣམས་ཀྱིས་མདོ་སྔགས་ཀྱི་གཞུང་རྣམས་ལ་འཆད་ཉན་རྒྱུན་མར་གནང་ཡོད་པར་སེམས། སྐབས་འདིར་སྡེ་པ་རིན་སྤུངས་པའི་རྒྱབ་སྐྱོར་ལ་བརྟེན་ནས་ལྷ་སའི་ཤར་དུ་དགོན་པ་ཕྱག་བཏབ་པ་དེ། རྭ་མོ་ཆེ་སོགས་སུ་གནས་གཡར་བྱེད་པ་ལས་གཏན་ཁེལ་གྱི་རྟེན་གཞི་མེད་པ་ཀརྨ་གྲྭ་ཚང་བཀོད་སྒྲིག་མི་བྱེད་པ། ཐུབ་ཆེན་ཆོས་འཁོར་གླིང་གི་ཆོས་གྲྭ་གསར་དུ་འདེབས་པ་རྒྱུ་མཚན་གང་ཡིན་ཞེས་དོགས་སྲིད་དེ། ཀརྨ་གྲྭ་ཚང་ལ་བསྟན་པའི་སྦྱིན་བདག་སྨྱུག་ལ་པས་གསོལ་ཕོགས་སོགས་ཀྱི་མཐུན་རྐྱེན་ནར་མར་སྦྱར་བ་དང་། རྗེ་བཙུན་ཕྲིན་ལས་ཞབས་ཀྱིས་རྒྱལ་དབང་མཆོག་དང་སྨྱུག་ལ་པར་གྲོས་བསྟུན་གནང་སྟེ་འདིའི་སྔར་ལོ་ཙམ་ནས། ཀརྨ་གྲྭ་ཚང་གི་ཆོས་གྲྭ་སྨྱུག་ལར་གཏན་ཆགས་བྱེད་པར་ཐུགས་ཐག་ཆོད་པ་ཨེ་ཡིན་སྙམ། འདིར་ཐུབ་ཆེན་ཆོས་འཁོར་གླིང་གི་བཞེངས་སྐྲུན་གནང་བའི་བྱུང་རིམ་ནི《རྗེ་བཙུན་ཀརྨ་ཕྲིན་ལས་པའི་རྣམ་ཐར་ངོ་མཚར་ཡིད་ཀྱི་ཤིང་རྟ》ལ་གཙོ་བོ་གཞིར་བཟུང་ཞིང་ཡིག་ཚང་གཞན་ནས་ཀྱང་གསབ་སྣོན་བྱས་ཡོད།

མེ་སྟག་སྤྱི་ལོ(༡༥༠༦)ལོར་གྲུབ་དབང་སངས་རྒྱས་མཉན་པའི་ཞབས་ཀྱིས། རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་དགོངས་རྫོགས་མཆོད་ལ་དམིགས་ཏེ། ཐུབ་ཆེན་ཆོས་འཁོར་གླིང་དུ་གཡུ་དྲུག་དཀར་དང་། བྱུ་རུའི་རྒྱལ་མོ་ལག་པ་བྲེ་ལྔ། མཛོ་དྲེལ་ཉི་ཤུ་ལྷག་སོགས་དངོས་ཟོག་སྤམས་མཐོ་དང་། ཕྱིས་སུ་གསེར་ཐོག་གི་རྒྱུ་གསེར་མི་བོ་ཆེའི་ཁུར་དུ་ལོངས་པ་དང་། ཀརྨ་པ་ན་རིམ་ཀྱི་སྐུ་ཚད་ཟངས་གསེར་ལ་བཞེངས་པར་མཛད་པར《སངས་རྒྱས་འདན་མ་ཆེན་པོའི་རྣམ་པར་ཐར་པ》ལས་བཀོད་ཡོད་པས། སྐབས་དེར་རྒྱལ་དབང་བདུན་པའི་སློབ་མ་རྣམས་དང་། ཀང་ཚང་གི་ཕྱོགས་གཏོགས་སྦྱིན་བདག་རྣམས་ཀྱི་ཕྱོགས་གང་ཅིའི་ཐད་ནས་ནུས་ཤུགས་ཡོད་དགུ་ཕྱུང་ནས། ཐུབ་ཆེན་ཆོས་འཁོར་གླིང་གི་ཕྱི་ནང་རྟེན་དང་བརྟེན་པ་ཕུལ་དུ་བྱུང་བ་བཞེངས་སྐྲུན་གནང་ཡོད་པར《ཀརྨ་མཆོག་གྲུབ་ཀྱི་རྣམ་ཐར་ངེས་པར་འབྱུང་བ་གཏམ་གྱི་གྲུ་བོ་ཆེ》སོགས་ལས་ཤེས་ཐུབ།

ཆུ་སྤྲེལ་སྤྱི་ལོ(༡༥༡༢)ལོར་དཔའ་བོ་གཙུག་ལག་ཕྲེང་བ་དགོང་གྲངས་དགུར་སོན་སྐབས་ལྷ་ལྡན་ཐུབ་ཆེན་གདན་སར་ཕེབས་སྐབས། འདན་མ་ཁྲིམས་དཔོན་ནས་ཁོང་གི་ཡབ་ཀྱི་མི་གཞི་གང་ཡིན་དང་། དེ་ལས་འཕྲོས་ནས་ཀརྨ་པའི་སྐུ་སྐྱེ་ཡིན་རློམ་བྲག་གསུམ་སྤྲུལ་སྐུའི་ཡབ་ལ་མི་གཞི་རྩུབ་སྤྱོད་ཅན་ཞིག་ཡོད་པར་གསུང་གླེང་གནང་བའི་སྐོར། 《ཆོས་བྱུང་མཁས་པའི་དགའ་སྟོན》ལས། “བདག་ལོ་དགུ་པ་ཞིག་ཐུབ་ཆེན་ཆོས་འཁོར་ན་སླེབས་པའི་ཚེ་ཁྲིམས་དཔོན་ཆེན་པོ་འདན་མ་གོའི་ཤྲིས་གྲལ་འཕྲོས་ལའང་སྤྲུལ་སྐུ་འདིའི་ཡབ་དེ་ཡབ་རྒོད་ཅིག་ཨེ་ཡོང་། ངེད་ཀྱི་བྲག་གསུམ་སྤྲུལ་སྐུ་འདི་ལ་ནི་ཡབ་རྒོད་ཅིག་ཡོད་པ་ཡིན། ཡབ་རྒོད་བྱུང་ཕྱིན་སྤྲུལ་སྐུ་སློབ་པ་ལ་ཚིག་གཉིས་ཀྱིས་ཆོག་སྐད། དྲན་ནམ་ཟེར་ན་དྲན་གྱིས། མ་དྲན་ནམ་ཟེར་ན་མ་དྲན་གྱིས། ངོ་ཤེས་སམ་ཟེར་ན་ཤེས་གྱིས། མི་ཤེས་སམ་ཟེར་ན་མི་ཤེས་གྱིས། འདིས་ཆོག་པ་ཡིན་པར་འདུག་ཅེས་གསུང་བ་སོགས་དཔྱོད་ལྡན་ཐམས་ཅད་ནི་སོམ་ཉི་ཙམ་ཡང་མི་བྱེད་པར་སྣང་ངོ་༌། །”ཞེས་དང་། ལོ་དེའི་རྒྱལ་ཟླའི་ཚེས་ལྔ་ཉིན་དཔའ་བོ་རིན་པོ་ཆེས་དགུང་ལོ་དགུའི་སྟེང་ཐུབ་ཆེན་གདན་སར་རྗེ་བཙུན་ཀརྨ་ཕྲིན་ལས་པ་ཐོག་མར་མཇལ་ནས། བྱ་རྒྱུད་ཚེ་དཔག་མེད་ལྷ་དགུའི་དབང་བསྐུར་བཀའ་ཆོས་ཅི་རིགས་གསན་ཚུལ《དགེ་སློང་གཙུག་ལག་ཕྲེང་བ་རང་ཉིད་ཀྱི་རྟོགས་པ་བརྗོད་པ་འཁྲུལ་བའི་བཞིན་རས་འཆར་བའི་མེ་ལོང་》ལས་བཀོད་ཡོད། སླར་ཡང་དཔའ་བོ་གཙུག་ལག་ཕྲེང་བས། དྭགས་པོ་པཎྜི་ཏ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་ཞབས་ལྷ་ལྡན་ཐུབ་ཆེན་གདན་སར་སྤྱན་དྲངས་ཤིང་། དབུས་ཁུལ་གྱི་ཀར་དགོན་རྣམས་ཀྱི་བླ་མ་དགེ་བཤེས་རྣམས་ལ་དུས་འཁོར་དང་། རྡོ་རྗེ་ཕྲེང་བའི་དབང་། ཚད་མ་རིགས་གཞུང་རྒྱ་མཚོའི་ལུང་སོགས་ཆོས་འཁོར་རྒྱ་ཆེར་བསྐོར་བར《ཆོས་བྱུང་མཁས་པའི་དགའ་སྟོན》ལས་འཁོད་ཀྱང་ལོ་ཚིགས་མི་གསལ། དཔའ་བོའི་རྟོགས་བརྗོད་ལས། ཤིང་ཕག་སྤྱི་ལོ(༡༥༡༥)ལོར་དྭགས་རམ་དྲུང་ནས་བཀའ་ཆོས་དུ་མ་གསན་པར་འཁོད་ཀྱང་། ས་གནས་ནི་བྲག་ཡེར་པ་ཡིན་པར་བཀོད་ཡོད་པས་དཔྱད་བྱར་ལུས། དཔའ་བོ་གཙུག་ལག་ཕྲེང་བ་ཐུབ་ཆེན་གདན་སར་ཕེབས་ཚུལ་ཞོར་འཕྲོས་སོ། །

 

ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་སྐབས་ཐུབ་ཆེན་གདན་སའི་གནས་སྟངས་སྐོར།

ཀརྨ་པ་མི་བསྐྱོད་རྡོ་རྗེའི་སྐབས་ལྷ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་གི་གནས་སྟངས་ནི། མེ་བྱི་སྤྱི་ལོ(༡༥༡༦)ལོར་རྒྱལ་དབང་མཆོག་སྒར་ཆེན་དང་བཅས་འཇང་ཡུལ་ནས་ལི་ཐང་དུ་ཕེབས་གྲུབ་ནས། ལྷ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་གི་གཙུག་ལག་ཁང་གི་གསེར་གཡབ་ཀྱི་རྒྱུ་ཆ་ཟངས་དང་། གསེར་སོགས་བསྐུར་བར་མཛད་པར《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས། “ཐུབ་ཆེན་གསེར་ཐོག་རྒྱུ་ཟངས་དོས་སུམ་ཅུ། གསེར་ཞོ་སྟོང་རྭ་ཅན། ཇ་བརྒྱ། རྟ་དྲེལ་མཛོ་གཡག་མང་པོ་སོགས་བསྐུར།” ཞེས་གསལ་བས། མེ་བྱི་ལོའི་ནང་ཙམ་གཉྫི་ར་དང་གསེར་གཡབ་བཞེངས་སྐྲུན་གནང་སྟེ་འཛུགས་པར་མཛད་ཡོད་པར་སེམས།

མེ་ཕག་སྤྱི་ལོ(༡༥༢༧)ལོར་ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་མཆོག་ཀོང་པོ་ཟུར་རུ་གདོང་དུ་བཞུགས་སྐབས་ཐུབ་ཆེན་མཁན་ཆེན་པ་སོགས་ལ་ཟབ་མོ་ནང་དོན་གསུངས་པར《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་གསལ་བས། འདིར་སྨོས་པའི་ཐུབ་ཆེན་མཁན་ཆེན་ནི་ལྷ་སའི་ཐུབ་ཆེན་ཆོས་འཁོར་གླིང་གི་མཁན་པོ་ཡིན་པར་སེམས། རེད་དེ་ཁོང་གི་མཚན་གསལ་བར་བཀོད་མེད། ཐུབ་ཆེན་སློབ་དཔོན་བདེ་ལེགས་རྒྱ་མཚོ་ཞེས་ཀརྨ་ཕྲིན་ལས་པའི་རྣམ་ཐར་དུ་སློབ་མའི་གྲལ་དུ་བགྲང་ཞིང་། རྒྱལ་དབང་བདུན་པས་དབུ་མཛད་བདེ་ལེགས་རྒྱ་མཚོ་ཐུབ་ཆེན་གྱི་མཚན་ཉིད་ཀྱི་སློབ་དཔོན་བསྐོས་པ་དེ་ཡིན་ནམ་སྙམ།

ལྕགས་སྟག་སྤྱི་ལོ(༡༥༣༠)ལོར་ཀུན་མཁྱེན་མཆོག་གིས་ཀོང་པོ་རྩེ་ལྷ་སྒང་དུ་སྒར་ཆེན་གྱི་དགེ་འདུན་ཡང་རི་བསྐྱར་འཛུགས་གནང་སྐབས་ལྷ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་ནས། རྩེད་ཐང་བཀའ་བཅུ་པ་གཞོན་ནུ་བློ་མཆོག་དང་། དབུ་མཛད་སངས་རྒྱས་སེང་གེ །དགེ་འདུན་དཔལ་བཟང་། དགེ་འདུན་ཕུན་ཚོགས་བཅས་ལྷ་ལྡན་ཐུབ་ཆེན་འཁོར་གླིང་གི་དགེ་སློང་བཞི་སྡེ་གདན་འདྲེན་གནང་སྟེ་དགེ་འདུན་ཡང་རིའི་རྐང་འཛིན་གཙོ་བོར་བསྐོས་ཤིང་། སྐབས་དེར་ཀཾ་ཚང་གི་ཆོས་གྲྭ་གཞན་ལས་བསླབ་པ་སློབ་གཉེར་འབུར་དུ་ཐོན་པ་ཡིན་ནམ་སྙམ། འདིའི་སྐོར་དཔའ་བོ་གཙུག་ལག་ཕྲེང་བས《ཆོས་བྱུང་མཁས་པའི་དགའ་སྟོན》ལས་ཞིབ་ཕྲར་གསུངས་པས་དེར་གཟིགས། དེ་ལྟར་ཡིག་ཚང་དེ་དག་ལས་བཀོད་པར་གཞིག་ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་དགུང་ལོ་ཉེར་བཞིའི་སྐབས་ཐུབ་ཆེན་ཆོས་འཁོར་གླིང་གི་འཆད་ཉན་སོགས་རྒྱུན་ལྡན་ཡིན་པར་ངེས་སོ། །

དེ་ནས་སློབ་དཔོན་བདེ་ལེགས་རྒྱ་མཚོ་འདས་གྲོངས་སུ་སོང་བའམ། ཡང་ན་ཁོང་ཐུབ་ཆེན་གདན་སའི་སློབ་དཔོན་ནས་དགོངས་པ་ཞུས་ནས་སྒྲུབ་པ་ལ་གཤེགས་པ་སོགས་གང་ཡིན་མ་འཚལ་བས། ཆུ་ལུག་སྤྱི་ལོ(༡༥༢༣)ལོར་རྒྱལ་དབང་མི་བསྐྱོད་རྡོ་རྗེས་ལྷ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་གི་གདན་སའི་འཆད་ཉན་གྱི་སློབ་དཔོན་དུ་བན་སྒར་ནང་སོ་བསྟན་པ་རྒྱ་མཚོ་བསྐོ་བཞག་མཛད་དེ། དེའང་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས། “བན་སྒར་ནང་སོ་བསྟན་པ་རྒྱ་མཚོ་ཐུབ་ཆེན་གྱི་འཛིན་སྐྱོང་ལ་བསྐོས།”  ཞེས་སྨོས་པས། ཐུབ་ཆེན་གདན་སའི་བསྟན་པ་འཛིན་སྐྱོང་མཁན་གྱི་སློབ་དཔོན་བསྐོས་པར་གཞིག་ན་མུ་འཐུད་དེ་འཆད་རྩོད་རྩོམ་པའི་སྒོས་ནས་ཆོས་གྲྭ་རྒྱུན་འཁྱོངས་གནང་བར་ཤེས་ཐུབ།

དེ་ནས་བན་སྒར་ནང་སོ་བསྟན་པ་རྒྱ་མཚོ་ཐུབ་ཆེན་གདན་སར་མ་བཞུགས་པའམ་ཕྱི་ནང་གི་རྒྱུ་རྐྱེན་གཞན་ལ་བརྟེན་ནས་ཐུབ་ཆེན་ཆོས་འཁོར་གླིང་གི་གདན་སར་འཆད་རྩོད་སོགས་རིམ་གྱིས་ཉམས་པར་གྱུར་ནས། ལྷ་ས་སོགས་དབུས་ཀྱི་བདག་པོ་སྡེ་པ་སྣེ་གདོང་པ་ཡིན་ཕྱིར། སྣེ་གདོང་པ་ལ་རྩིས་ཕུལ་ཡང་མ་བཞེས་པས། སྒར་ཆེན་ནས་ཀྱང་ཐ་ན་ཁང་སྲུང་ཙམ་མ་བཞག་པར་དེ་མུར་ལུས་པས་ཐིགས་ཚགས་སོགས་ཀྱི་བདག་སྐྱོང་མེད་པས་ཁང་པ་རྣམས་ཞིག་རལ་འགྲོ་ཉེན་ཡོད་པར་མ་བཟོད་ནས། ཀར་ཞེན་ཅན་འགས་ཀརྨ་པར་གཟིགས་སྐྱོང་དགོས་ཚུལ་ཞུ་བ་ཕུལ་ཡང་། ཀུན་མཁྱེན་ཆེན་པོས་ཀར་དགེ་བར་གྱི་འགལ་ཟླའི་རྒྱུ་རྐྱེན་གཙོ་བོར་གཟིགས་ནས་རང་གར་བཞག་པར་མངོན་ལ། དེ་ཡང་དགེ་སློང་སངས་རྒྱས་དཔལ་གྲུབ་ཀྱིས《རྒྱལ་བ་སྤྱན་རས་གཟིགས་དབང་བརྒྱད་པའི་རྣམ་ཐར་ལེགས་སྤྱད་མའི་དོན་འགྲེལ་བླང་དོར་གསལ་བའི་སྒྲོན་མེ》ལས། “ཁྱད་པར་དབུས་གཙང་གི་ཕྱོགས་འདིར་ཞྭ་དམར་ནག་གོང་མ་རྣམས་ཀྱིས་ཐུབ་ཆེན་དང་ཡངས་པ་ཅན་ལ་སོགས་པའི་ཆོས་སྡེ་འདེབས་པར་མཛད་པ་ལ། དགེ་ལྡན་པའི་དགེ་འདུན་རྣམས་ཀྱི་འདུ་སྒོ་ལ་གནོད་དོགས་པའི་ཀར་དགེའི་དགེ་འདུན་རྣམས་ཐུགས་ཤིན་ཏུ་མི་མཐུན་པར་འདུག་པ་ལ། རྩོད་པའི་རྟེན་གྱི་གཙོ་བོར་ཐུབ་ཆེན་གྱི་དགོན་འདི་ཁོ་ནར་འདུག་པས། དེང་སང་དབུས་ཀྱི་བདག་པོ་སྣེ་གདོང་པ་ཡིན་པས་སྣེ་གདོང་པ་ཉིད་ལ་རྩིས་ཕུལ་ཀྱང་མ་བཞེས་པས། དེང་སང་དེའི་ནང་སོར་མིང་བཏགས་པ་རྣམས་ཀྱིས་ཁང་བསྲུངས་རེ་ཡང་མ་བཞག་པས་ཐིགས་ཚགས་མེད་པས་རེ་ཧྲུལ་དུ་གྱུར་པ་འདི་ལྟ་བུའི་མཛད་པ་ལ་ཞེན་ཕྱོགས་པ་རྣམས་ཡིད་མ་ཚིམས་ཀྱང་། དམ་པ་འདི་ལ་ལྟོས་པ་བཅས་པ་རྣམས་སྡུག་བསྔལ་གྱི་སྒྲོག་ལས་གྲོལ། རྩོད་པའི་རྒྱ་མཚོ་ལས་བརྒལ། བདེ་བའི་གླིང་དུ་དབུགས་ཕྱུངས་བར་མ་གྱུར་ཏམ།” ཞེས་སོགས་བཀོད་ཡོད་པས། ས་ཕག་སྤྱི་ལོ(༡༥༣༩)ལོར་ཀུན་མཁྱེན་མི་བསྐྱོད་ཞབས་དགུང་གྲངས་སོ་གསུམ་ལ་ཕེབས་སྐབས་སྒར་ཆེན་གཙང་རིན་སྤུངས་སུ་བཞུགས་ཐོག་ཉེ་གནས་སངས་རྒྱས་དཔལ་གྲུབ་ཀྱིས་རྣམ་ཐར་ལེགས་སྤྱད་མའི་དོན་འགྲེལ་ཐུགས་རྩོམ་གནང་སྐབས་སུ་སྨོས་ཤིང་། སྒར་ཆེན་རིན་སྤུངས་སུ་བཞུགས་པའི་ལོ་ཚིགས་ནི་ས་ཕག་ཡིན་པར་དཔའ་བོའི་ཆོས་འབྱུང་དང་། ཟླ་ཕྲེང་ལས་མངོན་ལ། ཡང་རྣམ་ཐར་ལེགས་སྤྱད་མའི་དོན་འགྲེལ་ལས། “ཅེས་བྱ་བ་འདི་ནི། ཀརྨ་པ་བརྒྱད་པའི་རྣམ་པར་ཐར་པ་ལེགས་སྤྱད་མའི་འགྲེལ་པ། རྗེ་ཉིད་དགུང་ལོ་སོ་གསུམ་བཞེས་དུས་ཉིད་ཀྱི་ཞབས་རྡུལ་ཡུན་རིང་དུ་བསྟེན་པ་དགེ་སློང་སྤོང་བ་པ་སངས་རྒྱས་དཔལ་གྲུབ་ཀྱིས་གཞིས་ཀ་རིན་སྤྲུངས་སུ་བཀོད་པ་ལགས།།   །།”ཞེས་ལེགས་སྤྱད་མའི་འགྲེལ་བའི་རྩོམ་བྱང་ལས་ཀྱང་བཀོད་ཡོད་དོ། །

ཆུ་སྟག་སྤྱི་ལོ(༡༥༤༢)ལོའི་ནང་ལ་སྟོད་ལྷོའི་སྲས་པོ་ཀརྨ་མཆོག་གྲུབ་ལྷ་སར་མཆོད་མཇལ་ལ་ཕེབས་སྐབས་ཐུབ་ཆེན་ཆོས་འཁོར་གླིང་གནས་སྟངས་སྐོར། ཀརྨ་མཆོག་གྲུབ་ཀྱི་རང་རྣམ་ལས། “དེ་དུས་ནུབ་མོ་བསྡོད་ས་ཐུབ་ཆེན་ཆོས་འཁོར་དུ་བྱས། ལྷ་ཆེན་འདུ་ཁང་བླ་བྲང་སོགས་ཀྱི་བཀོད་པ་བསམ་ལས་འདས་པ་ནི། མིའི་དབང་པོ། སྒར་ཆེན། དོན་ཡོད་རྡོ་རྗེ་མཆོད་ཡོན་གྱི་ལྷ་རྣམས་སྟོབས་དང་ལྡན་པའི་དུས་ཀྱི་མཛད་པའི་ཆ་ཤས་ཙམ་དུ་བས་ནའང་གཞན་དག་གི་བློར་མི་ཤོང་ན་མངོན་སུམ་བགྱིད་ལ་ལྟ་ཅི། འོན་ཀྱང་འཕྲོ་ཅན་དུ་ལུས་པ་དང་། ཞིག་རལ་ཀྱང་དུམ་རེ་བྱུང་འདུག་པ་ནི་འདི་ལྟ་སྟེ། ཐུབ་ཆེན་ས་ཡི་ཐིག་ལེར་ཐུབ་པའི་སྐུ། །ལྟ་བས་མི་ངོམས་རིན་ཆེན་ལྟ་ན་སྡུག །མིག་གི་བདུད་རྩི་བྱིན་དེ་མིག་གིས་མཐོང་། །རྒྱལ་དབང་བླ་མའི་རྣམ་ཐར་རྒྱལ་བ་བཞིན། །ཀྲོང་ཀྲོང་བྲན་ཁང་ཞིག་པའི་གྱང་རོ་དང་། །ཕྱུར་ཕྱུར་ཐལ་བས་གོས་པའི་འདུ་ཁང་དང་། །ཞུམ་ཞུམ་སྐུ་ཤེད་ཤོར་བའི་གྲྭ་རིགས་རྣམས། །ཡང་ཡང་མཐོང་བ་སེམས་ཀྱི་གཅོང་དུ་ཆེ། །”ཞེས་བཀོད་ཡོད་པས། སྐབབས་དེར་ཐུབ་ཆེན་གདན་ས་འཛིན་སྐྱོང་བྱེད་མཁན་མེད་ཅིང་། ཁང་པ་འགའ་རེ་ཞིག་རལ་དུ་གྱུར་ཟིན་པར་གསལ་བས་སོ། །

 

ཆོས་རྗེ་དཔལ་ཁང་ལོ་ཙཱ་ཐུབ་ཆེན་གདན་སའི་སློབ་དཔོན་དུ་བསྐོས་པའི་སྐོར།

དེ་ནས་ཀུན་མཁྱེན་ཆེན་པོ་མི་བསྐྱོད་རྡོ་རྗེས་མཁས་གྲུབ་དཔལ་ཁང་ལོ་ཙཱ་ཐུབ་ཆེན་གྱི་གདན་སར་བསྐོ་བཞག་གནང་བ་ནི་རྒྱུ་རྐྱེན་གཞན་ལ་བརྟེན་ནས་མཛད་པར་སེམས། དེའང་སྨོས་མ་ཐག་པའི་རྣམ་ཐར་ལེགས་མའི་དོན་འགྲེལ་ལས་རྒྱལ་དབང་མཆོག་གིས་ཐུབ་ཆེན་གདན་ས་ནི་ཀར་དགེ་བར་གྱི་རྩོད་གཞིར་གྱུར་པས་བདག་སྐྱོང་མ་གནང་བར་བཤད་ཅིང་། དཔའ་བོའི་ཆོས་འབྱུང་དུ་མཁས་དབང་དཔལ་ཁང་པ་ཐུབ་ཆེན་དང་མཆིམས་ཕུའི་བླ་མ་བསྐོས་པར་གསུངས་པས། ཡིག་ཚངས་གཉིས་ནང་འགལ་ལྟ་བུ་སྣང་ཡང་། ཞིབ་ཏུ་བརྟག་ན་ལོ་ཚིགས་སྔ་ཕྱིའི་དབང་གི་ཡིན་པས་ལས་མི་མཐུན་པར་མེད་དེ། ཡིག་ཚང་སྔ་མ་ལྟར་ན་སྐབས་དེར་གྲུབ་མཐའི་བར་གྱི་འགལ་བ་འབྱུང་རྐྱེན་ནི་མངའ་ཁོངས་དང་དཔལ་འབྱོར་འདུ་སྒོའི་ཆེད་དུ་ཡིན་པས། ལྷ་སར་བཀའ་བརྒྱུད་པའི་ཆོས་གྲྭ་ཐུབ་ཆེན་གཅིག་པུར་སོང་གཤིས་གཞན་གྱིས་གནོད་གཙེར་འོག་མང་སྣེ་ཉུང་གི་མ་བརྟེན་པར་བླ་གྲྭ་བྱེར་བ་མ་ཟད། གཙུག་ལག་ཁང་ལའང་ཐིགས་ཚགས་སོགས་ཀྱི་སྐྱོང་བྲན་མེད་ཁར། ཐ་ན་ཁང་སྲུང་ཙམ་ཡང་སྡོད་མ་ཐུབ་ཅིང་། སྡེ་པ་སྣེ་གདོང་པས་ཀྱང་རྩིས་བཞེས་མ་ནུས་པ་ཁང་སྟོང་དུ་ལུས་ཚུལ་དང་། ཕྱི་མས་མཁས་དབང་དཔལ་ཁང་པ་ཐུབ་ཆེན་གདན་སར་བསྐོས་པ་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ཉེ་གནས་སངས་རྒྱས་དཔལ་གྲུབ་ཀྱིས་སྐབས་དེའི་གནས་སྟངས་གསལ་པོར་བཀོད་ཡོད་ཀྱང་། མཁས་དབང་དཔལ་ཁང་པ་ཐུབ་ཆེན་གདན་སར་བསྐོ་བཞག་གནང་བ་ནི་གཙོ་བོ་བྱང་བརྒྱུད་ས་ཡི་བདག་མོ་ངག་དབང་རྒྱལ་མོ་ཞེས་པས་དང་ཐོག་གདན་ས་བསྐྱར་གསོ་དང་མཐུན་རྐྱེན་རོགས་འདེགས་བྱེད་པ་ཁས་ལེན་དང་དམ་བཅའ་བགྱིས་ཤིང་། རྒྱལ་དབང་ཀུན་མཁྱེན་ཆེན་པོར་སྙན་སྒྲོན་ཕུལ་ཞིང་། མཁས་དབང་དཔལ་ཁ་པ་ལའང་ཐོག་མར་ཐུབ་ཆེན་འཛིན་སྐྱོང་དགོས་པའི་རེ་ཞུ་མཁན་ངག་དབང་རྒྱལ་མོ་ཡིན་པས། དེའི་ཤུགས་རྐྱེན་ལ་བརྟེན་ནས་ཀུན་མཁྱེན་མཆོག་གི་ཐུགས་དགོངས་ལ་འགྱུར་བ་བྱུང་བ་དང་། དེ་ལས་ད་རུང་དབུས་གཙང་གི་སྡེ་དཔོན་གཞན་གྱིས་ཀྱང་རྒྱབ་སྐྱོར་དང་རོགས་འདེགས་བྱེད་པར་ཁས་ལེན་མཁན་ཡང་བྱུང་བ་ཡིན་པར་སེམས།

དེའང་རྒྱལ་དབང་ཀུན་མཁྱེན་ཆེན་པོས་དཔལ་ཁང་ལོ་ཙཱ་ཐུབ་ཆེན་ཆོས་འཁོར་གླིང་གི་གདན་སར་བསྐོས་ཚུལ་དང་། མཁས་དབང་དཔལ་ཁང་པ་མཆོག་ཐུབ་ཆེན་གདན་སར་ཕེབས་པའི་ལོ་ཚིགས་མི་འདྲ་བ་གཉིས་བྱུང་ལ། དང་པོ་ནི། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། “སླར་ལུག་ལོ་ལ་སྨྱུག་ལ་ཚ་རགས་ནས་བརྒྱུད་མཚུར་ཕུར་ཕེབས་ཏེ་གཞལ་ཡས་ཁང་དང་གསེར་ཐོག་ལ་སོགས་པའི་ཞིག་གསོ་རྒྱ་ཆེར་མཛད། ཐུབ་ཆེན་དང་མཆིམས་ཕུའི་བླ་མར་མཁས་གྲུབ་དཔལ་ཁང་པ་ངག་དབང་ཆོས་ཀྱི་རྒྱ་མཚོ། མཚུར་ཕུའི་ཆོས་འཆད་དུ་རྔོག་ཚང་འོག་མའི་ཞལ་ངོ་མཁས་གྲུབ་བསོད་ནམས་བསྟན་འཛིན། ལེགས་བཤད་གླིང་དུ་མཁས་མཆོག་བསོད་ནམས་བཟང་པོ་རྣམས་བསྐོས།” ཞེས་བཀོད་པའི་དབང་དུ་བྱས་ན། མེ་ལུག་སྤྱི་ལོ(༡༥༤༧)ལོར་རྒྱལ་དབང་མི་བསྐྱོད་ཞབས་གདན་ས་མཚུར་ཕུར་ཞབས་སོར་འཁོད་སྐབས་ལྷ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་གི་འཆད་ཉན་གྱི་སློབ་དཔོན་དང་། བསམ་ཡས་མཆིམས་ཕུའི་སྒྲུབ་སྡེའི་བླ་མར་དཔལ་ཁང་ལོ་ཙཱ་ངག་དབང་ཆོས་ཀྱི་རྒྱ་མཚོའམ། ཀརྨ་ཕྲིན་ལས་གཉིས་པ་གསུང་རབ་གཏེར་མཛོད་སྦས་པའི་སྡེ་བཤད་སྒྲུབ་ཀྱི་ཆོས་གྲྭ་དེ་གཉིས་ཀྱི་དབུ་འཛིན་གཅིག་ཆོག་ཏུ་བསྐོས་པར་གསུངས་ལ།

གཉིས་པ་ནི། མཁས་དབང་མཆོག་གི་ཆབ་ཤོག་སྐོར་ལས། ས་ཧོར་གྱི་རྒྱལ་རིགས་ཚེ་དབང་བསོད་ནམས་དར་རྒྱས་ལ་ཕུལ་བའི་ཞུ་ཡིག་ལས། “ཚིགས་བཅད་བརྒྱ་རྩ་བརྒྱད་པའི་ཞུ་མཆིད་ལ། །མཁྱེན་བརྩེ་སྤྱན་རས་ཡང་ཡང་གཟིགས་པའི་སླད། །ཁ་དོག་རབ་ཏུ་བཀྲ་བའི་དར་ཟབ་དང་། །བཟའ་ཤིང་ཕུར་མ་བཟང་པོ་ཅུང་ཟད་འབུལ། །ཟིལ་གནོན་ལོ་ཡི་ཐོག་མ་མཆུ་ཅན་གྱི། །ཟླ་བ་ཚེས་པའི་དགའ་བ་གསུམ་པ་ལ། །གྲུབ་པའི་ཚོགས་ཀྱིས་བརྟེན་པའི་ནགས་ཁྲོད་ནས། །མི་འཕྲོག་དད་པའི་སེམས་ཀྱིས་ཕུལ་བ་དགེ  །”ཟིལ་གནོན་ལོའི་མཆུ་ཟླ་ཚེས་གསུམ་ཞེས་སྨོས་པ་དང་། ཡར་རྒྱབ་དཔོན་ཆེན་ཀུན་དགའ་བསོད་ནམས་གྲགས་པ་ཆོས་སྐྱོང་རྣམ་རྒྱལ་ལ་ཕུལ་བའི་ཞུ་ཡིག་ལས། “བདག་ནི་རྒྱལ་དབང་བཀའ་ཡི་ལུང་བཟང་པོ། །རི་ལྟར་ལྕི་བ་གསེར་གྱི་ཅོད་པན་དེ། །འདེགས་པར་དཀའ་བས་གཞན་དབང་འདི་ནང་དུ། །གཉིས་འཐུང་རབ་མྱོས་ཇི་བཞིན་ཡིད་ནུབ་ཚེ། །སྔོན་དུས་རི་དྭགས་དཀྱུ་བའི་ནགས་ཀྱི་མཐོངས། །བུང་བ་དར་དིར་རྩེ་བའི་རི་སུལ་དུ། །དུལ་བའི་དྲང་སྲོང་བཞིན་དུ་བག་བརྐྱངས་ནས། །རང་དབང་སྤྱོད་པའི་དཔལ་དེ་ལྷག་པར་དྲན། །”སོགས་ནས། “ཞེས་ཟིལ་གནོན་གྱི་ལོ་སྨིན་དྲུག་ཅན་གྱི་ཕྱོགས་(སྔ་)མའི་རྒྱལ་བ་དང་པོའི་ཚེས་ལ་ལྷ་དང་དྲང་སྲོང་གྲུབ་པ་དང་རིག་འཛིན་དུ་མས་མངོན་པར་བརྟེན་པའི་ནགས་ཚལ་ནས་ཕུལ་བའི་ཞུ་ཡིག།       །།”ཟིལ་ལོའི་སྨིན་དྲུག་ཅན་གྱི་ཕྱོགས་སྔ་མའི་རྒྱལ་བ་དང་པོའི་ཚེས་ལ་ཞེས་བཀོད་ཡོད་པས། ཆབ་ཤོག་ཁག་གཉིས་པོ་ནི་ལོ་དེའི་སྟོད་སྨད་དུ་བསམ་ཡས་མཆིམས་ཕུ་ནས་སྩལ་ཞིང་། ལོ་དེར་ལྷ་ལྡན་ཐུབ་ཆེན་གྱི་གདན་ས་དང་མཆིམས་ཕུའི་ཐུགས་འགན་བཞེས་པར་གསལ་བས། རྗེ་དཔའ་བོའི་ཆོས་འབྱུང་དུ། མཁས་གྲུབ་དཔལ་ཁང་པ་ལྷ་ལྡན་ཐུབ་ཆེན་དང་བསམ་ཡས་མཆིམས་ཕུའི་བླ་མ་དང་། སྨྱུག་ལ་ལེགས་བཤད་གླིང་། མཚུར་ཕུའི་ཆོས་འཆད་པ་རྣམས་ལུག་ལོར་བསྐོས་པར་གསུངས་པ་ནི། རྒྱལ་དབང་མཆོག་མཚུར་ཕུར་ཕེབས་ཐོག་དམ་པ་ཁོང་རྣམ་གསུམ་གདན་ས་དེ་རྣམས་ཀྱི་སློབ་དཔོན་དུ་མངལ་གསོལ་ལྷན་ཅིག་མཛད་པ་དང་། ཡང་ན་བརྗོད་བདེའི་དབང་གི་སྟབས་གཅིག་ཏུ་སྨོས་པ་ཨེ་ཡིན་སེམས། དེས་ན་མཁས་དབང་དཔལ་ཁང་ལོ་ཙཱ་མཆོག་ཐུབ་ཆེན་གདན་ས་དང་མཆིམས་ཕུའི་བླ་མར་ཕེབས་ལོ་ནི། གོང་སྨོས་ཆབ་ཤོག་གཉིས་པོར་ཟིལ་གནོན་ལོ་ཞེས་གསལ་བས། མེ་རྟ་སྤྱི་ལོ(༡༥༤༦)ལོ་ཡིན་པ་འཆུག་མེད་ཡིན་ལ། ཆབ་ཤོག་འདི་གཉིས་མཁས་དབང་མཆོག་གི་གསུང་འཁྲུལ་མེད་ཡིན་པས་སོ། །དཔའ་བོའི་ཆོས་འབྱུང་དང་། ཟླ་ཕྲེང་གཉིས་ཀའི་འགྲོས་ལ་བལྟས་ན་མེ་རྟ་ལོར་སྒར་ཆེན་ཟུལ་ཕུར་བཞུགས་སྐབས་མཁས་དབང་དཔལ་ཁང་པ་ཐུབ་ཆེན་གདན་སར་བསྐོ་བཞག་དངོས་སུ་གནང་བ་ཨེ་ཡིན་སྙམ། རེད་དེ་ད་རུང་མཁས་དབང་ཁོང་ཐུབ་ཆེན་གདན་སར་ཕེབས་ལོའི་སྐོར་ལ་དོགས་གནད་འགའ་ཞིག་མཆིས་པས་འོག་ནས་རིམ་གྱིས་འཆད་པར་འགྱུར་རོ། །

སྐབས་དེར་ཐུབ་ཆེན་ཆོས་འཁོར་གླིང་གི་བཤད་སྒྲུབ་ལས་གསུམ་ཅུང་ཟད་ཉམས་དམས་དུ་སོང་གཤིས། མཁས་དབང་དཔལ་ཁང་ཞབས་གདན་ས་འཛིན་པར་བསྐོས་པ་ནི་སྤྱི་དང་བྱེ་བྲག་གི་ལུང་རྟོགས་ཀྱི་བསྟན་པ་གོང་འཕེལ་གཏོང་ཆེད་ཡིན་པར་རྟོགས་ཐུབ། རེད་དེ་སྐབས་དེའི་ཐུབ་ཆེན་ཆོས་འཁོར་གླིང་གི་གནས་སྟངས་དུས་རབས་དེའི་ལོ་རྒྱུས་ཀྱི་ཡིག་ཚང་རྣམས་ལས་ཞིབ་གསལ་མི་འབྱུང་བའི་ཁར་མཁས་གྲུབ་དཔལ་ཁང་ཞབས་ཀྱི་རྣམ་ཐར་མཇལ་ལམ་དུ་མ་གྱུར་པས་ཞིབ་ཕྲ་ཤེས་རྟོགས་བྱ་ཐབས་བྲལ། འོན་ཀྱང་འབྲེལ་ཡོད་ཀྱི་ཡིག་ཚང་དང་། ཆོས་རྗེ་དཔལ་ཁང་ལོ་ཙཱའི་གསུང་རྩོམ་རྣམས་ལས་ཐུབ་ཆེན་ཆོས་འཁོར་གླིང་གི་སྐོར་ཐར་ཐོར་འབྱུང་བས་ཅུང་ཟད་སྨོས་ན།

དེའང་མཁས་དབང་དཔལ་ཁང་ཞབས་ཐུབ་ཆེན་གྱི་གདན་སར་ཐོག་མར་གདན་འདྲེན་ཞུ་མཁན་ནི་བདག་མོ་ངག་དབང་རྒྱལ་མོ་ཞེས་པས་རེ་ཞུ་ཕུལ་བས། དམ་པ་ཁོང་ནི་ཆོས་པ་ཉམ་ཆུང་ཡིན་པའི་ཁར་དབེན་པའི་རི་སུལ་དུ་སྒྲུབ་པ་ལ་རྩེ་གཅིག་གཞོལ་བའི་ཐུགས་འདུན་ཡོད་ཀྱང་། འོན་ཀྱང་རང་དོན་བཤོལ་ནས་གཞན་ཕན་ལྷག་བསམ་གྱིས་སྒོ་ནས་བསྐུལ་དེད་མཁན་གྱི་བཀའ་སྩལ་དང་ལེན་གནང་ནས། ཐུབ་ཆེན་གྱི་གདན་ས་སྲོག་ལ་ཐུག་ཀྱང་འཛིན་སྐྱོང་སྤེལ་བ་ལྷུར་ལེན་པ་ན། བདག་མོ་མཆོག་ནས་མཐུན་རྐྱེན་རོགས་དན་གྱི་ཞལ་བཞེས་གནང་བ་བཞིན་དོན་འཆོལ་དགོས་པའི་ཚུལ་སྩལ་བ། 《བྱང་བརྒྱུད་ས་ཡི་བདག་མོ་ངག་དབང་རྒྱལ་མོ་ལ་ཕུལ་བའི་ཞུ་ཡིག》ལས། “འདི་ན་དགོངས་པ་བཟང་པོ་གསེར་འདྲ་བ། །དམན་ལ་ལྷག་པར་བརྩེ་བའི་ཐུགས་རྗེ་ཡིས། །ཤིན་ཏུ་ཉམ་ཆུང་འབྱོར་པས་རྒྱང་བསྲིངས་པ། །ས་ཡི་བུ་གར་སྤྱོད་འོས་བདག་འདྲ་ལ། །རབ་ཏུ་ཞུམ་པའི་སྤོབས་པ་གཟེངས་བསྟོད་ཕྱིར། །ཐུབ་ཆེན་ཆོས་ཀྱི་འཁོར་ལོའི་གདན་སའི་བཀའ། །ཞལ་འཆེས་བཟང་པོས་བརྒྱན་པ་ཉེར་སྩལ་ཡང་། །ཇི་འདྲ་སྙམ་སེམས་སོམ་ཉིའི་འདམ་དུ་བྱིངས། །དལ་འབྱོར་གཡོ་བ་མྱུར་དུ་འཇིག་པ་དང་། །སྙིགས་དུས་སྐྱེ་བོའི་སྤྱོད་ཚུལ་མཐོང་བས་ཀྱང་། །རྣམ་གཡེང་སྤྲོས་པ་བསྐྱུངས་ནས་རི་སུལ་དུ། །སྒྲུབ་པའི་སྙིང་པོ་འབའ་ཞིག་སྙིང་ལ་བརྣགས། །འོན་ཀྱང་རང་ཞི་སྤངས་ནས་གཞན་གྱི་དོན། །སྲོག་ལ་བབས་ཀྱང་ལྷུར་ལེན་དམ་པ་ཉིད། །བདག་ནི་དམན་ཡང་དམ་པའི་མཛད་སྤྱོད་ལ། །ལྷག་པར་གུས་པས་ཚུལ་འདི་སྒྲུབ་པར་ཞུ། །གནས་སྐབས་དེར་ནི་བྱམས་བརྩེའི་སྤྱན་རས་ཀྱིས། །དྲག་པར་འཚོ་ཞིང་ཐུགས་རྗེའི་ལྕགས་ཀྱུས་ཀྱང་། །རྗེས་སུ་བཟུང་ནས་ཉམ་ཆུང་བདག་ཅག་གི །མགོན་དང་དཔུང་གཉེན་གྱུར་པའི་བཀའ་དྲིན་མཛོད། །”ཅེས་སྨོས་པས་ཤེས་ནུས་ལ།

དེ་ནས་མི་རིང་བར་བདག་མོ་ངག་དབང་རྒྱལ་མོའི་འབོད་བསྐུལ་ཞུས་པ་བཞིན་ལྷ་ལྡན་ཐུབ་ཆེན་གདན་སར་ཆིབས་བསྒྱུར་གནང་བར་མཛད་པ་ཨེ་ཡིན་སྙམ། དེའི་སྐོར《ལྷ་བུ་གཞོན་ནུ་ཚེ་དབང་དོན་གྲུབ་ལ་ཕུལ་བ》འི་ཆབ་ཤོག་ལས། “འོན་ཀྱང་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །ས་སྐྱོང་དབང་མོའི་ཐུགས་རྗེའི་མཐུ་དཔལ་ལ། །ཉེ་བར་བརྟེན་ན་བདག་འདྲའི་ཉམ་ཆུང་ཡང་། །མཐའ་གཉིས་ལོག་པའི་གཡང་སར་མི་ལྷུང་སྙམ། །དེ་ལྟར་རེ་བ་ཕྲ་མོའི་པད་རྩ་ལ། །ཡིད་ཀྱི་རེ་བ་བརྟེན་པའི་ངུར་པ་བདག །ལྷ་ལྡན་ཆུ་གཏེར་ཆེ་དང་ཉེ་བའི་ངོགས། །འདུན་པའི་གཤོག་རླབས་བསྐྱོད་དེ་འཕུར་བ་ལགས། །སྐབས་དེར་ལུགས་གཉིས་མཁྱེན་པའི་སྤུ་སྡུག་ཅན། །གཞོན་ནུ་ངང་པའི་དེད་དཔོན་ཁྱོད་ཀྱིས་ནི། །སྙིང་གཏམ་མགྲིན་པའི་རྫ་རྔ་བརྡུང་བཞིན་དུ། །ཕན་བདེའི་ཐབས་ཚུལ་སྒོ་མང་འདོམས་ཤིག་གུ། །”ཞེས་དང་། མཁས་དབང་དཔལ་ཁང་ཞབས་གྲོ་བཞིན་ཟླ་བའི་ནང་ཆིབས་བསྐྱོད་གནང་བར་ཆབ་ཤོག་འདིའི་མཇུག་ཏུ། “དེ་སྐད་གྲོ་བཞིན་ཅན་གྱི་ཕྱོགས་ཕྱི་མའི། །རྒྱལ་བ་གཉིས་པའི་ཚེས་ལ་དབེན་པའི་གནས། །ལྗོན་ཤིང་ལོ་འདབ་རྒྱས་པའི་ནགས་ཀླུང་ནས། །རབ་དགའ་རྒྱས་པའི་ངག་གིས་དང་བར་ཞུས། །”མཁས་དབང་མཆོག་ཐུབ་ཆེན་གྱི་གདན་སར་ཕེབས་ལོ་གང་ཡིན་ཆབ་ཤོག་གོང་འོག་འདིར་གསལ་ཁ་མ་བྱུང་ལ། འོན་ཀྱང་ཆབ་ཤོག་འདིར་གྲོ་བཞིན་ཅན་གྱི་ཕྱོགས་ཕྱི་མའི་རྒྱལ་བ་གཉིས་པའི་ཚེས་ལ་གསལ་བས། གྲོ་བཞིན་ཟླ་བ་ནི་ལོ་དུས་གང་ཡིན་མ་སྨོས་པས་ཤེས་རྟོགས་བྱ་བར་རྔོ་མི་ཐོགས་སོ་སྙམ་ཡང་། འཆད་འགྱུར་གྱི་དཔལ་རྒྱལ་དབང་ཀརྨ་པའི་ཞབས་དྲུང་དུ་ཕུལ་བའི་ཞུ་ཡིག་དང་། ས་སྐྱོང་ཚེ་དབང་བསོད་ནམས་དར་རྒྱས་སོགས་ལ་སྩལ་བའི་ཆབ་ཤོག་རྣམས་ལས། གྲོ་བཞིན་ཅན་ཞེས་སྨོས་པ་དང་། མཁས་དབང་མཆོག་དྭགས་པོ་རོང་དུ་རྒྱལ་དབང་རིན་པོ་ཆེའི་ཞབས་དྲུང་དུ་ཆེད་ཕེབས་གནང་ནས་དགོངས་པ་ཞུས་པར་གསལ་བས།

དེའང་《ཆོས་བྱུང་མཁས་པའི་དགའ་སྟོན》ལས། སྡེ་པ་སྐུ་རབ་པས་སྒར་ཆེན་གདན་དྲངས་པར་སྨོས་པ་ཙམ་ལས་ལོ་ཚིགས་མི་གསལ་ཡང་། 《ཀཾ་ཚང་ཆོས་འབྱུང་ཟླ་ཕྲེང་》གི་ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་རྣམ་ཐར་ལས། “ཡོས་ལོའི་སྨོན་ལམ་མཛད། སོས་ཀ་ཁྲོམ་སར་བཞུགས།” ཞེས་སྨོས་པས། ཆུ་ཡོས་སྤྱི་ལོ(༡༥༤༣)ལོར་ཡར་སྟོད་དང་དྭགས་པོ་སྐུ་རབ་ཏུ་བཞུགས་པ་དང་། ཤིང་འབྲུག་སྤྱི་ལོ(༡༥༤༤)ལོ་དྭགས་ལྷ་སྒམ་པོ་དང་། སྐུ་རབ་སྡེ་པའི་ཁྲི་ཐོག་པ་བསྐོ་བ། ཟུར་རི་གྲྭ་ཚང་བཙུགས་པ་བཅས་གནང་ནས། བྱར་སྐྱིད་ཕུག་ཏུ་ཕེབས། ཤིང་སྦྲུལ་སྤྱི་ལོ(༡༥༤༥)ལོར་མོན་དོམ་ཚང་དུ་ཕེབས། འཇུག་པའི་ཊཱིཀ་ཆེན་བརྩམས་པར་མཛད། མེ་རྟ་སྤྱི་ལོ(༡༥༤༦)ལོར་རྒྱལ་ཚབ་སྤྲུལ་སྐུ་ཞི་བར་གཤེགས་པའི་དགོངས་རྫོགས་སྒྲུབ་པར་མཛད།  དབྱར་སྨད་ཟུལ་ཕུར་ཕེབས་པ་བཅས་གུང་སྒྲིག་ན། ཤིང་སྦྲུལ་སྤྱི་ལོ(༡༥༤༥)ལོའམ། མེ་རྟ་སྤྱི་ལོ(༡༥༤༦)ལོའི་གྲོ་བཞིན་ཟླ་བའི་ནང་དཔལ་ཁང་པ་ཐུབ་ཆེན་གདན་སར་ཕེབས་དགོས་པའི་བཀའ་ཡིག་འབྱོར་བ་ཡིན་ནམ་སྙམ།

འོན་ཀྱང་ཐོག་མར་བྱང་བརྒྱུད་ས་ཡི་བདག་མོ་ངག་དབང་རྒྱལ་མོས་མཁས་དབང་མཆོག་ལ་འབོད་བསྐུལ་ཞུས་ཤིང་། རྒྱལ་དབང་ཀརྨ་པའི་ཞབས་དྲུང་དུ་བདག་མོ་ངག་དབང་རྒྱལ་མོའི་དེ་བཞིན་སྙན་སྒྲོན་ཕུལ་བས། གཞི་ནས་རྒྱལ་དབང་མཆོག་གིས་ཐུབ་ཆེན་གདན་ས་འཛིན་དགོས་པའི་བཀའ་ལུང་བསྒྲགས་པར་སེམས། གནས་སྐབས་དེར་ཐུབ་ཆེན་གདན་ས་ནི་གྲུབ་མཐའི་ཆགས་སྡང་གིས་ཕྱི་ནས་གྲུབ་མཐའི་ཆགས་སྡང་གིས་རྟག་པར་འཚེ་ཞིང་། ནང་གཙུག་ལག་ཁང་ཤིན་ཏུ་རྙིངས་སྐྱོན་དང་ལོ་དུ་མར་བདག་སྐྱོང་མེད་སྟབས་ཐིགས་པས་བརྡུང་བ་སོགས་འཛིན་སྐྱོང་དཀའ་ཡང་། རྒྱལ་དབང་མཆོག་གི་བཀའ་ལས་གཡོལ་ཐབས་བྲལ་བས་ནུས་པས་ཅི་ལྕོགས་ཀྱི་སྒོ་ནས་ཐུགས་འགན་བཞེས་པར་ཞལ་བཞེས་གནང་བར་མཛད་པར། མཁས་དབང་མཆོག་གིས《རྒྱལ་བ་ཐམས་ཅད་མཁྱེན་པ་ཀརྨ་པའི་ཞབས་དྲུང་དུ་ཕུལ་བ》འི་ཞུ་ཡིག་ལས། “འོན་ཀྱང་སྙན་པར་གྲགས་དང་མང་པོའི་འཁོར། །ཆེན་པོའི་ཡིད་དང་ཟང་ཟིང་ལོངས་སྤྱོད་དེ། །གཞན་འཕྲུལ་དབང་བྱེད་བདག་པོ་དགའ་བའི་དཔྱིད། །དེ་འདྲ་དེས་ན་རིང་ནས་བཏང་གྱུར་པས། །དགེ་བའི་ལས་ལ་ཤེས་མཐུ་ཞན་པ་དང་། །འདོད་པའི་ཡུལ་ལ་སྙིང་རབ་གཡོ་བ་ཅན། །ཕྲག་དོག་རླུང་ནག་ཆགས་སྡང་དྲག་པོའི་མེ། །རབ་འབར་དུས་མཐའི་འགྲོ་བ་འདིའི་ནང་དུ། །ཉམ་ཆུང་བདག་འདྲའི་སྤྱོད་པས་རྒྱལ་དབང་གི །ཟག་མེད་དགོངས་པའི་དབྱིངས་ཟབ་ཆ་ཙམ་ཡང་། །སྐོང་བའི་སྐལ་བ་མེད་སྙམ་སྲོ་ཤི་བས། །སྙོམས་ལས་མལ་དུ་ལེ་ལོའི་གཉིད་ཀྱིས་ནོན། །དེ་ལྟའི་དུས་ན་དཔེ་མེད་ལེགས་བྱས་མཐུས། །མི་བསྐྱོད་རྒྱལ་བའི་བསྟན་ལ་ཆེས་གུས་པའི། །བྱང་ཕྱོགས་ནོར་འཛིན་དབང་མོ་གྲགས་ལྡན་དེའི། །གསུང་གི་མེ་ཏོག་ཡང་ཡང་སྩལ་བ་དང་། །ལྷག་པར་དཀོན་མཆོག་རྒྱ་མཚོའི་སྙིང་པོ་མཆོག །ཡབ་གཅིག་བཀའ་དྲིན་མཉམ་མེད་ཡིད་བཞིན་ནོར། །གང་གི་བཀའ་སྩལ་གསེར་གྱི་ག་བུར་ལྟར། །ལྕི་བའི་ཅོད་པན་ཐོད་དུ་བཅིངས་པ་ལས། །ཞྭ་ནག་ཅན་ཞབས་བདུན་པའི་ཞབས་ཀྱི་རྡུལ། །འཁོར་ལོའི་མཚན་བཟང་བཀྲ་བས་ཤིས་གྱུར་པ། །ཐུབ་ཆེན་ཆོས་ཀྱི་འཁོར་ལོའི་གཙུག་ལག་ཁང་། །དགེ་བར་བཟུང་ཞེས་བཟང་པོའི་ལུང་བསྒྲགས་ཀྱང་། །སྟོབས་མེད་ཡན་ལག་ཕྲ་མོའི་སྲིན་བུ་ལ། །ས་སྲུང་གཉིས་འཐུང་དབང་བའི་ཁུར་བཞིན་དུ། །འདི་ནི་བདག་ལ་དུཿཁ་མནག་དཀའ་བའི། །སྐྱེད་རྩ་ཉིད་མཉམ་སྐྲག་པའི་མཆི་མ་བཀུ། །ཕྱི་ནས་མི་བསྲུན་སྐྱེ་བོས་རྟག་འཚེ་ཞིང་། །ནང་ནི་ཧ་ཅང་རྙིངས་པའི་སྐྱོན་མང་ལྡན། །དེ་འདྲ་སྐྱོང་བའི་ནུས་མཐུ་ལུགས་གཉིས་ཀྱི། །ཕུན་ཚོགས་ལྡན་ལས་གཞན་དུ་ལྟ་ཅི་ཞིག །བསྟན་པའི་སྲི་ཞུར་ཅུང་ཟད་མ་གྱུར་ཅིང་། །རང་གི་དགེ་ཆོས་གཡེང་བས་བཅིལ་བ་ལས། །དོན་གཉིས་འབྲས་བུའི་ལྷག་པར་ཕོངས་པ་ན། །བདག་གི་སྲིད་པ་ཅི་འགྱུར་སྙིང་རྗེའི་གཏེར། །སྐལ་བཟང་རྣམ་འདྲེན་དབང་པོ་དྲུག་པའི་ཞབས། །ཛམྦུས་མཚན་པའི་ཞིང་འདིར་བྱོན་པ་ལས། །རིམ་གསུམ་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་བའི། །འདུས་པ་དང་པོའི་འཁོར་དུ་བདག་གྱུར་ནས། །ལུགས་གཉིས་སྨིག་རྒྱུའི་ཆུ་ཡིས་མ་བྲིད་པར། །བློ་མཐུ་ཅི་ཡོད་དཔལ་ལྡན་ཀརྨ་པའི། །ཆོས་ཚུལ་ཟབ་མོར་ཐོས་བསམ་གཅིག་སྒྲིལ་ཏེ། །སྒོ་གསུམ་ལྟོས་པ་མེད་པར་ཕུལ་བྱས་ཀྱང་། །རྣམ་དཀར་ལས་ཀྱིས་བསགས་པ་སྟོབས་ཆུང་བའི། །གྲགས་དང་འབྱོར་པས་འཕོངས་ཏེ་རྩོད་དུས་འདིར། །ཁྱོད་བསྟན་འཛིན་སྐྱོང་ཅུང་ཟད་མ་ནུས་པས། །རང་གཞན་སྐྱེ་བོས་བརྙས་བྱའི་གནས་སུ་གྱུར། །འདི་ལྟར་ཉམ་ཐག་སྡུག་བསྔལ་གྱིས་མནར་བའི། །ཚུལ་འདི་རང་གི་ཉེས་པར་བདག་སྨྲ་ཡི། །སྲས་བཅས་རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ལ། །ཅུང་ཟད་གཤུང་བའི་སྐབས་ཀྱང་ཅི་ཞིག་མཆིས། །ཚེ་འདིར་མཁས་དང་བཙུན་དང་གྲུབ་པ་དང་། །བསྟན་འཛིན་ཆེན་པོའི་གྲགས་པ་མ་ཐོབ་ཀྱང་། །ཁྱོད་གསུང་ཟབ་དོན་བདུད་རྩི་ཉམས་བླངས་པས། །སྲིད་པ་ཕྱི་མའི་འདུན་ཐབས་གྲུབ་བམ་སྙམ། །དེ་ལྟར་ཀུན་རྟོག་མང་པོའི་ཟིང་ལོང་གིས། །ཀུན་ནས་ཡིད་ཞུམ་ཤིན་ཏུ་སྒྱིད་ལུག་པ། །བདག་འདྲས་ཆེན་པོའི་གོ་ས་འཛིན་པ་དང་། །གཞན་གྱི་རྣམ་འདྲེན་ཉིད་ལྟ་ཅང་འོང་ངམ། །འོན་ཀྱང་རྒྱལ་མཆོག་བཀའ་ཡི་ར་བ་ལས། །བདེ་སྡུག་འབྱོར་རྒུད་ལེགས་ཉེས་ཅིར་གྱུར་ཀྱང་། །ཡིད་ཙམ་གཞན་དུ་འདའ་བར་མི་སྤྱོད་པར། །འདི་ནི་བདག་གི་གཡར་དམ་གཉིས་པ་ཡིན། །དེ་ལྟ་ཉིད་ན་དེང་ནས་རྣམ་ཀུན་ཏུ། །ཐུགས་རྗེའི་ཞགས་པ་ཅུང་ཟད་མ་ལྷོད་པར། །པད་འདབ་སྤྱན་གྱི་གཟིགས་པ་ཡངས་པོ་ཡིས། །དུས་ལས་ཡོལ་བ་མེད་པའི་དངོས་གྲུབ་སྩོལ། །”ཞེས་གསལ་བས་སོ། །

སྤྱིར་མཁས་པའི་དབང་པོ་མཆོག་འདུ་འཛི་ལས་རིང་དུ་གྱེས་ཏེ་གཡའ་བྲག་གངས་ཀྱི་དབེན་ཁྲོད་དུ་ཐུགས་དམ་ཉམས་བཞེས་གནང་བར་ཐུགས་དགྱེས་ཀྱང་། རྒྱལ་དབང་ཀརྨ་པ་མཆོག་གིས་ཐུབ་ཆེན་ཆོས་འཁོར་གླིང་དང་། བསམ་ཡས་མཆིམས་ཕུའི་སྒྲུབ་སྡེའི་བཤད་སྒྲུབ་ཀྱི་བསྟན་པ་དར་སྤེལ་བཏང་དགོས་པའི་བཀའ་ལུང་དང་། ཀརྨ་ཕྲིན་ལས་གཉིས་པ་གསུང་རབ་གཏེར་མཛོད་སྦས་པའི་སྡེ་ཞེས་པའི་མཚན་དང་གོ་གནས་སྐབས་དེར་སྩལ་བར་སེམས། དེའང་《སྤྲུལ་པའི་ས་སྐྱོང་བའི་ཆོས་ཀྱི་སྤྱན་དང་ལྡན་པ་དཔལ་ཚེ་དབང་བསོད་ནམས་དར་རྒྱས་ལ་ཕུལ་བའི་ཞུ་ཡིག་ཀ་ལ་པིངྐའི་གླུ་དབྱངས》ལས། “སྐལ་དམན་བདག་ལ་རྒྱལ་དབང་བླ་མའི་བཀའ། །འདའ་དཀའི་དམ་ཚིག་རྡོ་རྗེ་ལྷུང་བ་ལས། །ཉམ་ཆུང་ཡན་ལག་ཕྲ་མོའི་སྲོག་ཆགས་ལ། །རབ་བརྗིད་ལྷུན་པོ་འདེགས་པའི་ཁུར་བཞིན་དུ། །ཐུབ་ཆེན་ཆོས་ཀྱི་འཁོར་ལོའི་གཙུག་ལག་ཁང་། །བཤད་དང་སྒྲུབ་པའི་སྲོལ་གྱིས་བཟུང་ཞིག་ཅེས། །གློ་བུར་མགོ་ལ་གནམ་ལྕགས་འབབ་པ་ལྟར། །སྒྲུབ་དཀའི་ལུང་འདིས་ལུས་སེམས་ཕྱེ་མར་བརླག །ནགས་ནང་དབེན་པར་ལེགས་བཤད་སྨྲེང་འདོན་ཞིང་། །རང་དབང་འཕུར་ལྡིང་སྤྱོད་པའི་ནེ་ཙོ་དེ། །གཞན་དབང་གཟེབ་ཏུ་སྡུག་བསྔལ་གྱིས་འཆིང་སྙམ། །མྱ་ངན་མཆི་མ་སྟུག་པོ་བབས་གྱུར་ཀྱང་། །དམ་ཚིག་ཆད་པས་འཇིགས་པའི་སྙིང་སྟོབས་ལ། །སྲོག་གི་ལྷག་མ་ཅུང་ཟད་བརྟེན་པ་བདག །བཤད་སྦྱངས་ཚིག་གིས་སྦྱར་ཕྱིར་དྭགས་རོང་དུ། །ཡོངས་འཛིན་དམ་པའི་ཞབས་དྲུང་ལ་གར་སོང་། །ཕྱིར་ལམ་བྱམས་ལྡན་ལྷ་ཡི་ཞབས་རྡུལ་ལ། །དད་པས་སྙིང་མྱོས་དང་བས་ཕྱག་བགྱིད་སླད། །ཕོ་བྲང་ཆེན་པོའི་ཆབ་སྒོར་ཞུགས་ནས་ཀྱང་། །ཞིབ་རྒྱས་བཀའ་མཆིད་མཐའ་དག་གླེང་བར་སྨོན། །”ཞེས་མཁས་དབང་མཆོག་ཀརྨ་པའི་དྲུང་དུ་ཡར་ཆབ་གཙང་པོའི་འགྲམ་ངོགས་དྭགས་པོ་རོང་དུ་བཞུགས་སྐབས་ཆབ་ཤོག་འདི་ཕུལ་བ་གསལ་ལ།

མཁས་དབང་དཔལ་ཁང་པ་མཆོག་ཐུབ་ཆེན་གདན་སའི་སློབ་དཔོན་དུ་བསྐོས་པའི་བཀའ་ལུང་ཕྱག་ཏུ་འབྱོར་རྗེས་མཁས་དབང་མཆོག་གིས་དྭགས་པོ་རོང་གི་ས་ཆར་སྒར་ཆེན་དུ་རྒྱལ་དབང་རིན་པོ་ཆེའི་ཞབས་དྲུང་དུ་ཆེད་ཕེབས་གནང་ནས། དམ་པ་ཉིད་སྒྲུབ་པ་ཉམས་བཞེས་བྱེད་པའི་དམ་བཅའ་ཡོད་ཁར་ཉིད་ལ་འཇོན་ནུས་གང་ཡང་མེད་པས་ཐུབ་ཆེན་གྱི་གདན་སའི་ཐུགས་འགན་ལེན་མི་ཐུབ་ཚུལ་དགོངས་སྐོར་ཞུས་ཀྱང་། དེ་ལས་བཀའ་ནན་གཙིགས་ཆེན་ཕབ་པས་བྱ་ཐབས་བྲལ་ནས། རིམ་གྱིས་ལྷ་ལྡན་དུ་ཕེབས་པའི་སྐོར《གོང་མ་ཆོས་ཀྱི་རྒྱལ་པོ་ཀོན་དིང་གུ་ཤྲི་ཆེན་ཧཱ་ཧོ་ངག་གི་དབང་ཕྱུག་བཀྲ་ཤིས་གྲགས་པ་རྒྱལ་མཚན་བཟང་པོ་ལ་ཕུལ་བའི་ཞུ་ཡིག》ལས། “དེང་དུས་ས་ཡི་བུ་གུར་སྲིན་བུ་བཞིན། །ཡིད་ཞུམ་དམན་ཕོངས་བདག་ལ་ཡང་དང་ཡང་། །ཐུབ་ཆེན་ཆོས་ཀྱི་འཁོར་ལོ་སོང་ཞིག་ཅེས། །རྒྱལ་དབང་བཀའ་ཡི་གནམ་ལྕགས་སྤྱི་བོར་ལྷུང་། །ཀྱེ་མ་མི་བསྲུན་གདུག་པའི་སྤྲིན་ནག་གིས། །གོ་སྐབས་བསྒྲིབས་ལས་རྒྱལ་མཆོག་ཞབས་སེན་གྱི། །ཉི་མའི་སྣང་བ་ཡུན་རིང་མ་ཤར་བས། །འདམ་སྐྱེས་རབ་ཏུ་རྙིངས་པའི་ཚལ་ཇི་བཞིན། །ཕྱི་ནང་ཉེས་བརྒྱས་གང་བ་གནས་གཞིའི་ཁུར། །སྟོབས་ལྡན་ས་སྲུང་གིས་ཀྱང་གླགས་དཀའ་བ། །དེ་འདྲ་ཆོས་དང་སྲིད་ཀྱི་འབྱོར་པའི་ལུས། །ཉམ་ཆུང་བདག་འདྲས་ཇི་ལྟར་བླང་ནུས་སྙམ། །བག་ཞུམ་ཡིད་ཀྱི་སྦུར་མ་ཅི་དྲག་གི །ཐབས་ཚུལ་སེམས་པའི་རླུང་གིས་འདས་པ་བཞིན། །དགོངས་པའི་འཆིང་བ་དགྲོལ་ཕྱིར་དྭགས་རོང་དུ། །ཐམས་ཅད་མཁྱེན་དྲུང་བཀའ་སྤྱད་བརྒྱས་བགྲོད་ཚེ། །ཀུན་མཁྱེན་ཉིད་ཀྱང་ཚུལ་འདི་བདག་རང་གི །ལས་མུན་སྟུག་པོས་བསྒྲིབས་ཏེ་མ་གཟིགས་པར། །འདའ་དཀའི་དམ་ཚིག་ཆད་པས་སྡིགས་པའི་གསུང་། །རྡོ་རྗེའི་ལྕག་གིས་ནན་ལྕིར་གཞུས་པ་ན། །བླ་ནས་བཙལ་བའི་བཀའ་ཡི་ར་བ་ལས། །ནེམ་ནུར་ལམ་དུ་བགོམ་པར་མ་ནུས་པས། །”ཞེས་དང་། “དེ་ལས་དུས་རིང་མིན་པར་སླར་ཡང་ནི། །རྒྱལ་མཆོག་སྤྲུལ་པའི་སྐུ་དང་མིའི་དབང་པོའི། །བཀའ་ལུང་ལྕི་བའི་ཁུར་མང་ཁྱེར་བ་ཡི། །ཕོ་ཉ་ཟུང་གིས་རིངས་པར་བསྐུལ་བ་ན། །རང་དབང་མེད་པར་ལེ་ལོའི་གོམ་པ་ཟུང་། །གྱ་ཚོམ་འགོད་པས་ཕྱི་བཞིན་བཞུགས་ནས་ཀྱང་། །ལྷ་ལྡན་ས་ཡི་ཐིག་ལེར་ཕྱིན་པ་ལས། །སྡུག་བསྔལ་རྒྱས་པའི་ཁུར་འདི་བླངས་པར་གྱུར། །”ཅེས་གསལ་བས་སོ། །

དེ་ནས་ཤིང་སྦྲུལ་སྤྱི་ལོ(༡༥༤༥)ལོའི་ས་ག་ཟླ་བའི་ཡར་ཚེས་ལ་མཁས་དབང་དཔལ་ཁང་པ་མཆོག་དྭགས་པོ་རོང་ནས་ཕྱག་བཏེགས་ཏེ་རིམ་པས་ཐུབ་ཆེན་གདན་སར་ཕེབས་པར་མངོན་ལ། དེའང་《ས་ཧོར་ལྷ་ཡི་སྲས་པོ་དཔལ་ཚེ་དབང་བསོད་ནམས་དར་རྒྱས་ལ་ཕུལ་བ》འི་ཆབ་ཤོག་ལས། “སྐྱབས་གནས་དམ་པའི་ཞལ་དང་སའི་དབང་མོའི། །བཀའ་ནན་དབུགས་འབྱིན་གསེར་གྱི་ཅོད་པན་ལས། །ཆེས་ཆེར་ལྕི་བ་འདེགས་པར་མ་ནུས་པས། །བླ་ནས་ཉེར་བསྔགས་ཕོ་ཉའི་ཕྱི་བཞིན་དུ། །རང་དབང་མེད་པར་ལེ་ལོའི་གོམ་པ་ཟུང་། །གྱ་ཚོམ་འདོར་བས་པཀྵུའི་ཀླུང་བརྒལ་ནས། །ས་ག་ཅན་གྱི་དཀར་ཚེས་དགེ་བ་ལ། །ལྷ་ལྡན་ས་ཡི་ཐིག་ལེར་སོང་བ་ལགས། །”ཞེས་གསལ་བས་སོ། །

མཁས་དབང་མཆོག་ལྷ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་གི་གདན་སར་ཟབ་རྒྱས་ཆོས་ཀྱི་འཆད་ཉན་དང་འཛིན་སྐྱོང་གནང་བའི་ཆེད་ཆིབས་བསྐྱོད་གནང་སྟེ་ཞབས་སོར་འཁོད་པའི་སྐོར《ལྷའི་སྲས་པོ་ཙིནྡྷ་རཱ་ཛཱི་མ་ལ་ཕུལ་བ》འི་ཆབ་ཤོག་ལས། “དེ་ལྟར་ལྷ་ལྡན་ས་ཡི་ཐིག་ལེ་གང་། །ཐུབ་ཆེན་ཆོས་ཀྱི་འཁོར་ལོའི་དགའ་ཚལ་གྱི། །དཔག་བསམ་ལོ་འདབ་སྟུག་པོའི་གྲིབ་བསིལ་ནས། །ཆུ་སྟོད་ཟླ་བ་དཀར་པོའི་ཚེས་ལ་ཞུས།།       །།”ཞེས་གསལ་ལ།  གོང་གི་སྡེ་པ་འཕྱོང་རྒྱས་པའི་སྲས་པོ་ཚེ་དབང་བསོད་ནམས་དར་རྒྱས་ལ་སྩལ་བའི་ཆབ་ཤོག་དང་། སྲས་མོ་ལགས་ཀྱི་ཆབ་ཤོག་གཉིས་དུས་ཚོད་ལ་ལྟོས་ནས་བང་རིམ་སྒྲིག་སྟངས་སྔོན་རྒྱབ་བསྣོལ་ཡོད། ཆབ་ཤོག་གཉིས་ཆར་དམ་པ་ཁོང་དྭགས་པོ་ནས་ལྷ་སར་ཕེབས་མ་ཐག་སྩལ་བ་ཡིན་པར་གསལ།

ཐུབ་ཆེན་ཆོས་འཁོར་གླིང་དུ་སྐབས་དེར་དགེ་འདུན་ཞལ་གྲངས་སྟོང་ཕྲག་ཙམ་ཡོད་དམ་སྙམ་སྟེ། མཁས་དབང་དཔལ་ཁང་པས《ལྷ་གཟིགས་མིའི་དབང་པོའི་གདུང་བརྒྱུད་རིན་ཆེན་བསོད་ནམས་རྒྱལ་མཚན་གྱི་ཞབས་དྲུང་དུ་ཕུལ་བ》འི་ཆབ་ཤོག་གོང་མ་ལས། “ལྷག་པར་ཉི་ཤུར་ཟློས་པའི་འཕྲུལ་གསང་ལས། །སྟོང་ཕྲག་གྲངས་འཆར་དགེ་འདུན་འདུས་པའི་སྡེར། །གདུང་སེལ་བདུད་རྩིའི་ཟིལ་མངར་བཏུང་བ་ཡི། །དགའ་སྟོན་མང་ཇའི་མཆོད་སྦྱིན་དགྱེས་སྩལ་བ། །དམན་བདག་ཡིད་ཀྱིས་གཟེངས་བསྟོད་ཐུགས་རྗེའི་དཔལ། །འདི་ཀོ་བྱང་ཆུབ་བར་དུ་མི་བསྐྱུད་པའི། །བཀའ་དྲིན་བླ་ན་མེད་པར་བསྐྱངས་ཞེས་པས། །ལག་པད་སྙིང་གར་བཏུད་པས་ཕྱག་བགྱིད་དོ། །”ཞེས་སྨོས་ཤིང་། དེའི་མཇུག་ཐོག་ཏུ《ཡང་གདུང་རྒྱུད་རིན་པོ་ཆེར》སྩལ་བའི་ཆབ་ཤོག་འོག་མ་ལས། “རྒྱལ་མཆོག་བཀའ་ལུང་དམ་ཚིག་སྙིང་པོ་ཅན། །འདི་ཀོ་སྡུག་བསྔལ་རྒྱས་པའི་བཙོན་ར་རུ། །བདག་ལུས་རང་དབང་མེད་པར་འཆིང་བ་ལ། །ཐབས་བརྒྱས་བྲལ་དཀའ་རྡོ་རྗེའི་ཞགས་པར་གྱུར། །དེ་ལས་ཐུབ་ཆེན་ཆོས་ཀྱི་འཁོར་ལོ་ཞེས། །མིང་སྙན་གྲགས་སྐམ་རྣ་བའི་རྒྱན་གྱུར་ཀྱང་། །ལུགས་གཉིས་འབྱོར་པ་སྤངས་པའི་ཁང་སྟོང་ནང་། །རྔོན་པའི་རྒྱ་རྙིར་དྲངས་པའི་རི་དྭགས་བཞིན། །དོན་མེད་གཡེང་བ་དུ་མའི་ཟིང་ལོང་གིས། །ཐོས་བསམ་སྒོམ་པའི་བྱ་བ་ཀུན་ཉམས་པས། །ཡིད་སྐྱོ་མྱ་ངན་དུ་མའི་ཟུག་རྔུ་ཡིས། །ཤིན་ཏུ་མནར་བ་བདག་གི་སྣང་ཚུལ་ལ། །”ཞེས་སོགས་ནས། “རབ་རྒྱས་ཞུ་མཆིད་བུང་བའི་མགྲིན་པར་ནི། །རབ་སྙན་དབྱངས་ཅན་ངག་གི་གླུ་ལེན་མ། །རབ་དཀར་ལྷ་ཡི་དར་གྱི་འདབ་མ་ཟུང་། །རབ་ཡངས་དད་པའི་མཁའ་ལ་བརྐྱངས་བྱས་ཏེ། །ཆར་ལྡན་སྣྲོན་གྱི་ཟླ་བའི་དཀར་ཚེས་ལ། །ལྷ་ལྡན་ས་ཡི་ཐིག་ལེའི་ནགས་ཀླུང་ནས། །དཔལ་ལྡན་མི་དབང་ཞབས་སེན་རྡུལ་གཙང་གིས། །མཛེས་ལྡན་འདབ་བརྒྱའི་ཚལ་དུ་འཕུར་བ་དགེ །”ཞེས་སྨོས་པས་ཆབ་ཤོག་གོང་འོག་གཉིས་འགལ་བ་ལྟག་སྤྲོད་དུ་སྣང་ལ། དང་པོས་དགེ་འདུན་སྟོང་ཕྲག་ཙམ་ལ་མང་ཇ་ཕུལ་ཚུལ་དང་། གཉིས་པར་ཁང་སྟོང་ཙམ་ལས་གཞན་ཐོས་བསམ་སྒོམ་པའི་བྱ་བཞག་ཐམས་ཅད་མེད་པར་བསྟན་པ་ནི། མཁས་དབང་དཔལ་ཁང་པ་སྐུ་སྒེར་ལ་ལྟོས་ན་ཐོབ་དང་གོ་ས་ལ་མི་མཉེས་པས་གསུངས་པ་ཡིན་ནམ་སྙམ་སྟེ་དཔྱད་བྱའོ། །

 

ཆོས་རྗེ་དཔལ་ཁང་པས་ཐུབ་ཆེན་གདན་ས་ཇི་ལྟར་བསྐྱངས་པའི་སྐོར།

མཁས་དབང་དམ་པ་མཆོག་ཐུབ་ཆེན་གྱི་གདན་སར་ཞབས་སོར་འཁོད་ནས། ཐུགས་བརྩོན་ལྷོད་མེད་ཀྱིས་འཆད་རྩོད་རྩོམ་གསུམ་སོགས་བསྟན་འགྲོའི་དོན་ལ་འབད་པ་ཆེར་བསྐྱེད་ཀྱིས་བཞུགས་པར་མངོན་ལ། དེའང་《འབྲས་སྤུངས་ཆོས་རྗེ་བསོད་ནམས་གྲགས་པའི་དྲུང་དུ་ཕུལ་བ》འི་ཆབ་ཤོག་ལས། “ལྷག་པར་སྤྱན་རས་གཟིགས་དབང་ཀརྨ་པས། །ཉིད་གསུང་ལེགས་བཤད་མང་དུ་གཟིགས་པ་ལས། །མདོ་སྔགས་བཤད་སྒྲུབ་ཤིང་རྟ་ཆེན་པོ་ཞེས། །བསྟོད་བསྔགས་སིལ་སྙན་ལན་བརྒྱར་སྒྲོག་པ་ན། །མི་འཕྲོག་དང་བའི་ཤུགས་དྲག་ཆེར་གཡོས་པས། །ཁྱོད་དྲུང་ཆོས་ཀྱི་འཁོར་ལོའི་དགའ་ཚལ་དེར། །རིག་གྲོལ་སྨྲ་བའི་བཤེས་གཉེན་བརྒྱ་ཕྲག་དང་། །ལྷན་ཅིག་ལེགས་བཤད་དགའ་སྟོན་མྱང་བཞེད་ཀྱང་། །སློང་མོའི་འཚོ་བ་རང་གིས་སྔོན་སྤྱད་པའི། །ལས་ཀྱི་འཕེན་པའི་རླུང་ཤུགས་བཟློག་དཀའ་བས། །ཐུབ་ཆེན་ཆོས་ཀྱི་འཁོར་ལོ་ཀརྨ་པའི། །བཀའ་ནན་ཞགས་པས་དབང་མེད་བཅིངས་པར་གྱུར། །སླད་དུ་རིང་བ་མིན་པར་ལུང་རིགས་ཀྱི། །རོ་བརྒྱ་ལྡན་པ་དམ་ཆོས་སྦྲང་རྩིའི་བཅུད། །ཉིད་ཞལ་པདྨའི་ཀུན་དགའ་ལས་བྱུང་བས། །འབེལ་མཆིད་བུང་བའི་དར་དིར་སྒྲོག་པར་སྨིན། །”ཞེས་སྐབས་དེར་པཎ་ཆེན་བསོད་ནམས་གྲགས་པ་ཞལ་མཇལ་དང་ཆོས་ཀྱི་འབེལ་གཏམ་གནང་བར་སྤྲོ་ཡང་ཆོས་གྲྭའི་ཕྱག་ལས་བྲེལ་སྟབས་མཇལ་བའི་གོ་སྐབས་མ་བྱུང་བ་གསལ་བས་སོ། །

 

སྐབས་དེར་ཐུབ་ཆེན་ཆོས་འཁོར་གླིང་གི་གདན་སའི་གནས་སྟངས་ཀྱི་སྐོར།

ལྷ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་གི་གདན་ས་དུས་སྐབས་དེར་ཕྱི་ནང་གི་རྒྱུ་རྐྱེན་དུ་མས་རྐྱེན་པས་གཙུག་ལག་ཁང་དང་གྲྭ་ཤག་སོགས་ཐིགས་པས་བརྡུང་ཞིང་ཁང་ཐོག་ཏུ་རྩྭ་ངན་སྐྱེས་པ་བཅས་ཞིག་རལ་དུ་འགྲོ་གྲབ་ཡོད་ཅིང་། སྔར་ཡོད་ཀྱི་མཆོད་ཐེབས་དང་ཡོ་བྱད་གང་ཡོད་རྣམས་དེ་སྔའི་གདན་སའི་འགན་འཛིན་པ་དང་། དེའི་ཕྱོགས་གཏོགས་དག་གིས་ཧམ་ཐོབ་ཀྱིས་གང་འདོད་དུ་ཁྱེར་བས་ཡོད་བྱད་ཀྱིས་ཕོངས་ཤིང་། ཚུར་ལ་འབུལ་བ་ཞབས་ཏོག་བྱེད་མཁན་ཉུང་ལ། ཕར་ལ་བླ་ཆེན་དང་དཔོན་པོ་སོགས་གདན་སར་ཡོང་བའི་སྐུ་མགྲོན་མང་སྟབས་སྣེ་ལེན་དང་གཏོང་སྒོ་ཆེ་བས་འགྲོ་གྲོན་གྱིས་མི་འདང་བ། ལྷ་སར་གནས་སྐོར་བ་སོགས་ཀྱིས་རྟག་ཏུ་སྒོ་བརྡུངས་ཁྱི་དཀྲོག་དང་། ཁྲལ་དང་འུ་ལག་བར་མེད་དུ་དགོས་པའི་བཀའ་ཤོག་ཡིག་སྟོང་མང་པོ་ཆར་བཞིན་འབབ་པ། དོན་མེད་ཀྱི་མི་འཁྱམས་རྣམས་ཀྱིས་གདན་སའི་གྲྭ་པ་དང་ལས་འཛིན་མི་སྣར་བརྙས་བཅོས་དང་བཅར་བརྡུང་བྱེད་པ། གདན་ས་འདི་རྒྱ་ཁྱོན་ཆེ་ཞིང་ལོ་ཤས་གོང་ནས་གདན་སའི་འགན་འཛིན་པས་འཛིན་སྐྱོང་ལྷོད་པས་ཐལ་བ་དང་ཐིགས་པས་ཁང་གོག་གྱང་ཧྲུལ་དུ་འགྲོ་ཉེན་ཆེ་བས་ཉམས་གསོ་བྲལ་བ། གྲུབ་མཐའི་བར་གྱི་ཆགས་སྡང་དང་མངའ་ཁོངས་ཕྱོགས་འཐེན་གྱི་དབང་གིས་དཔལ་འབྱོར་ཡོང་འབབ་ཀྱི་ཆེད་དུ་རྟག་པར་གཞན་ལ་འཐབ་རྩོད་ཀྱི་ངང་དུ་སྡོད་དགོས་པས། ཕན་པ་ཉུང་ཞིང་སྐྱོན་མང་ལྡན་པས། དེས་ན་འཇིག་རྟེན་འཁོར་བའི་བྱ་གཞག་ཐམས་ཅད་སྤང་ནས་དམ་ཆོས་རྣམ་དག་སྒྲུབ་པའི་མཁས་དབང་དམ་པ་ཁོང་ལྟ་བུའི་ཐུབ་ཆེན་གྱི་གདན་ས་འཛིན་པར་མི་ནུས་པས། སྒར་ཆེན་གྱི་ཕྱག་མཛོད་ཀརྨ་དོན་དམ་སྐྱོང་ལ་ངོ་ཆེན་སྦྲན་ནས་རྒྱལ་དབང་མཆོག་ལ་དགོངས་ཁྲོལ་ཞུ་བའི་རོགས་དན་གནང་བའི་རེ་ཞུ་འདི་དཔལ་ཁང་ལོ་ཙཱ་ངག་དབང་ཆོས་ཀྱི་རྒྱ་མཚོ་མཆོག་གདན་སར་ཞབས་སོར་འཁོད་མ་ཐག་ཏུ་ཕུལ་བར་མངོན།  《སྒར་ཆེན་འཛམ་གླིང་རྒྱན་གྱི་གུའི་གུང་ཆེན་པོ་སྐུ་རབ་ནང་སོ་ཕྱག་མཛོད་པ་དཔལ་ལྡན་ཐུབ་བསྟན་དབང་པོ་ཀརྨ་དོན་དམ་སྐྱོང་ལ་ཕུལ་བའི་ཞུ་ཡིག》ལས། “ཐུབ་ཆེན་གདན་ས་ཁྲལ་མིའི་བཅུ་དཔོན་འདྲ། །ལུགས་གཉིས་བྱ་བ་དོན་ལྡན་ཅི་ཡང་མེད། །ཕྱག་བདར་ཐིགས་ཚགས་ངན་ལས་ཁོ་ནས་བྲལ། །ཕོགས་ཆས་ཉུང་ངུས་རྒྱུན་དུ་བཀྲེན་ཞིང་ཕོངས། །ཐུབ་ཆེན་གདན་ས་ཁྱིམ་སྟོང་ཁང་གཉེར་འདྲ། །རང་གི་ཡོ་བྱད་འཁུར་ནས་གཞན་གྱི་གཡོག །གོས་སྟན་ཐབ་ཆས་མི་ཤོམས་ཀུན་ལ་གཡོར། །ཉིན་མཚན་འཁྱོལ་དུས་མེད་པས་བྱ་ར་བྱེད། །”སོགས་ནས། “ཞེས་ཆུ་མི་ཐུབ་ཀྱི་ཁང་སྟོང་ཆེན་པོ་ཆོས་མིན་རྣམ་གཡེང་གི་འཁོར་ལོ་བསྐོར་བའི་གནས་ནས་ཕུལ་བའི་ཞུ་ཡིག།       །།”ཞེས་འཁོད་པས། གནས་སྐབས་དེའི་ཐུབ་ཆེན་ཆོས་འཁོར་གླིང་གི་གདན་སའི་གནས་བབས་ཞིབ་ཕྲ་སྒར་ཆེན་གྱི་ཕྱག་མཛོད་ཀརྨ་དོན་དམ་སྐྱོང་ལ་སྩལ་བའི་ཆབ་ཤོག་ལས་གསལ་ལ། རྟ་ལོར་སྒར་ཆེན་ཟུལ་ཕུར་བཞུགས་སྐབས་ཕྱག་མཛོད་ཀརྨ་དོན་དམ་སྐྱོང་སྐུ་གཤེགས་པར་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་གསུངས་པས། མཁས་དབང་མཆོག་ཐུབ་ཆེན་གདན་སར་བསྐོས་པའི་བཀའ་ཡིག་ཤིང་སྦྲུལ་སྤྱི་ལོ(༡༥༤༥)ལོ་སྩལ་བར་དེ་བས་ཀྱང་ཁ་གསལ་དུ་སོང་བར་སྙམ་མོ། །

དེ་ལྟར་མཁས་དབང་དཔལ་ཁང་ཆོས་མཛད་པ་ཁོང་ལྷ་ལྡན་ཐུབ་ཆེན་གདན་ས་དང་བསམ་ཡས་མཆིམས་ཕུའི་སྒྲུབ་སྡེ་གཉིས་ཀར་ཕར་འབྱོན་ཚུར་ཕེབས་ཀྱིས་བདག་སྐྱོང་གནང་བར་མཛད་པར། ཡང་《ས་ཧོ་རའི་རྒྱལ་རིགས་ཀྱི་མྱུ་གུ་དཔལ་ཚེ་དབང་བསོད་ནམས་དར་རྒྱས་ལ་ཕུལ་བའི་ཞུ་ཡིག》གོང་འོག་ལས། “བདག་ནི་གངས་ཅན་ས་ཡི་ཐིག་ལེ་མཆོག །ལྷ་ལྡན་རྣམ་པར་རྒྱལ་བའི་དགེ་གནས་ཞེས། །ཤཱཀྱ་མུ་ནེའི་ཞབས་སེན་ཉིན་བྱེད་དག །འཆར་ཀའི་འོད་ཀྱི་དྲ་བས་སྣང་བྱས་པའི། །ཐུབ་ཆེན་ཆོས་ཀྱི་འཁོར་ལོར་ལས་དབང་གིས། །རྒྱལ་དབང་བཀའ་ལུང་ཞགས་པས་བཅིངས་པ་ན། །རྣམ་གཡེང་འདུ་འཛིའི་རླུང་ཤུགས་བཟློག་དཀའ་བས། །སེམས་ཀྱི་མར་མེ་རབ་ཏུ་གཡོ་ཞིང་མཆིས། །”ཞེས་དང་། “དེ་སྐད་ཁྲུམས་ཀྱི་ཟླ་བའི་དཀར་ཕྱོགས་ཀྱི། །རྒྱལ་བ་དང་པོའི་ཚེས་ཀྱི་དགའ་སྟོན་ཚེ། །ལྗོན་ཤིང་འབྲས་བུའི་ཁུར་གྱིས་གཡུར་ཟ་བའི། །གྲིབ་བསིལ་ལྷ་དག་དགའ་བའི་ཚལ་ནས་ཕུལ།།       །།”ཞེས་ཆབ་ཤོག་འདི་མཆིམས་ཕུ་ནས་སྩལ་བ་དང་། 《ཡང་ས་ཧོར་སྤྲུལ་པའི་ལྷ་སྲས་ལ་ཕུལ》བའི་ཆབ་ཤོག་ལས། “ཞལ་བཟང་རྟག་པར་སེམས་པའི་རྨོངས་བདག་ཀྱང་། །ལྷ་དང་གྲུབ་པ་རིག་འཛིན་ཆེན་པོ་པདྨས་བྱིན་བརླབས་པས། །ཨོ་རྒྱན་དག་པའི་ཞིང་དང་ཉེར་མཚུངས་པ། །གྲུབ་པའི་བསྟི་གནས་མཆིམས་ཕུའི་ནགས་ཀླུང་གི །ཀུན་ནས་ཉམས་དགའ་དྭངས་སྤྲོའི་འཇག་སྤྱིལ་ན། །ཏིང་འཛིན་ཟབ་མོའི་འཁོར་ལོར་མཉམ་གཞག་པའི། །ཐུན་མཚམས་ཀུན་ཏུ་སྐལ་མཉམ་སྐྱེ་བོ་ལ། །ཟབ་དོན་མན་ངག་བདུད་རྩིའི་ཐིགས་ཕྲེང་ཙམ། །གཞན་ཕན་ལྷག་བསམ་དག་པས་སྦྱིན་སེམས་པས། །དོན་ལ་སྙིང་པོ་མེད་ཀྱང་ཆོས་འཆད་ཀྱི། །གཟུགས་བརྙན་སྒྱུ་མའི་གར་གྱིས་རོལ་ཅིང་མཆིས། །”ཞེས་དང་། མཇུག་ཏུ། “ཞེས་རྒྱལ་གྱི་ཟླ་བའི་དཀར་པོའི་ཕྱོགས་ཀྱི་ཚེས་བཟང་པོ་ལ་ཟན་གཡང་མཆིམས་ཕུ་དཔལ་གྱི་ནགས་ཁྲོད་ནས་ཕུལ་བའི་ཞུ་ཡིག།       །།”ཞེས་འཁོད་པའི་ཆབ་ཤོག་འདི་གསལ་ལྟར་དམ་པ་ཁོང་བསམ་ཡས་མཆིམས་ཕུའི་སྒྲུབ་སྡེར་ཐུགས་དམ་ཉམས་བཞེས་གནང་ཞིང་ཞབས་སོར་འཁོད་པ་དང་། ཐུན་མཚམས་སུ་ཆོས་ལ་མོས་ཤིང་དོན་གཉེར་ཅན་གྱི་སྐྱེ་བོའི་ཚོགས་ལ་ཟབ་ཆོས་འཆད་པར་གསལ་བས་སོ། །

 

སྡེ་དཔོན་འགའ་ལ་བཤད་སྒྲུབ་ཀྱི་ཆོས་སྡེ་གཉིས་ལ་རོགས་དན་གྱི་འབོད་སྐུལ་གནང་བའི་སྐོར།

མཁས་དབང་དཔལ་ཁང་ལོ་ཙཱ་མཆོག་གིས་ཐུབ་ཆེན་དང་མཆིམས་ཕུའི་སློབ་དཔོན་གྱི་ཐུགས་འགན་བཞེས་ནས་བཤད་སྒྲུབ་ཀྱི་བསྟན་པ་ཡར་རྒྱས་གཏོང་བའི་ཆེད་དུ་དབུས་གཙང་ཁུལ་གྱི་སྡེ་དཔོན་ཆེ་ཆུང་རྣམས་ལ་མཐུན་རྐྱེན་རོགས་དན་དགོས་པའི་འབོད་བསྐུལ་གནང་བར། 《ཕུན་ཚོགས་གླིང་དུ་ནང་སོ་བརྒྱ་བྱིན་པ་ལ་ཕུལ་བ》འི་ཆབ་ཤོག་ལས། “སྡོམ་བརྩོན་བདག་ནི་མང་དུ་ཐོས་པའི་དོན། །སྒྲུབ་པའི་སྙིང་པོར་གཅིག་ཏུ་གཞོལ་བའི་བློས། །བྱ་དང་བུང་བ་རྩེ་བའི་ནགས་ནང་དུ། །མི་ལ་རས་པའི་རྣམ་ཐར་འཛིན་སྤྲོ་ཡང་། །རྒྱལ་དབང་བཀའ་ཡིས་ཐུབ་ཆེན་ཆོས་འཁོར་དང་། །ཟབ་ཡངས་མཆིམས་ཕུར་དཔལ་ལྡན་བཀའ་བརྒྱུད་ཀྱི། །དམ་ཆོས་བཤད་དང་སྒྲུབ་པའི་སྲོལ་བཟུང་ཞེས། །འོས་མིན་བྱ་བའི་ཁུར་འདི་བདག་ལ་ལྷུང་། །ལུགས་གཉིས་འབྱོར་པས་སྤངས་པ་བདག་འདྲ་བས། །གང་ལ་ཞུ་བའི་སྤོབས་པ་མ་མཆིས་ཀྱང་། །ཡིད་བཞིན་འདོད་པ་འཇོ་བའི་དཔག་བསམ་ལ། །སྤྱི་བརྟོལ་བསྐྱེད་དེ་གསོལ་བའི་དོན་པོ་ནི། །ལྷ་ཁྱོད་རིས་མེད་རྒྱལ་བའི་བསྟན་པ་དང་། །བསྟན་འཛིན་སྐྱེས་ཆེན་རྣམས་ལ་ཆེས་གུས་པས། །རྣལ་འབྱོར་དབང་ཕྱུག་ནམ་མཁའི་མཚན་ཅན་གྱི། །ཐུགས་ཀྱི་སྲས་ཞེས་གྲགས་པའི་བ་དན་གསལ། །དེ་ཕྱིར་གྲུབ་བརྙེས་དེ་དང་པད་འབྱུང་སོགས། །རྒྱ་བོད་གྲུབ་ཆེན་དུ་མའི་བསྟི་གནས་མཆོག །གྲུབ་པའི་སྡེ་འདིར་དད་ལྡན་འདུས་པའི་ཚོགས། །གཏུམ་མོའི་དྲོད་ཀྱི་ཆེ་བ་དབྱུང་བ་ལ། །རས་འབུད་ཅེས་བྱར་གྲགས་པའི་དུས་སྟོན་ཚེ། །རྣམ་དཀར་སྐུ་ཡི་རིམ་གྲོ་རྒྱུན་ཆགས་པའི། །བཀའ་སྲོལ་བཟང་པོ་གསེར་གྱི་ཉག་ཐག་དེ། །རྒྱུན་ཆད་མེད་པའི་བཀའ་དྲིན་སྩོལ་ཞིག་གུ། །”ཞེས་ནང་སོ་བརྒྱ་བྱིན་པ་ལ་མཆིམས་ཕུའི་སྒྲུབ་སྡེ་ནས་ཐབས་ལམ་གཏུམ་མོའི་བདེ་དྲོད་ཀྱི་ཆེ་བ་འབྱིན་པའི་ཆེད་རས་འབུད་གནང་སྐབས་གང་ཅི་ཐད་ནས་རོགས་འདེགས་དགོས་པའི་ཚུལ་དང་། ཆབ་ཤོག་འདི་མགོ་ཟླའི་ནང་སྩལ་འདུག་པས་བོད་ཟླ་བཅུ་གཅིག་པའི་བཅུ་བཞིར་སྒྲུབ་གྲྭ་རྣམས་རས་ཆོས་ཕེབས་པ་ཡིན་ནམ་སྙམ།

མཁས་དབང་དཔལ་ཁང་པ་མཆོག་ཐུབ་ཆེན་གདན་ས་དང་མཆིམས་ཕུའི་སྒྲུབ་སྡེའི་བླ་མ་གནང་ནས་ལོ་ངོ་བཞི་ཙམ་སོན་ནས་རྒྱལ་དབང་ཀརྨ་པ་མཆོག་ནས་དགོངས་ཁྲོལ་ཐོབ་པ་ཡིན་ནམ་སྙམ་སྟེ། 《དབུ་ཚལ་ཕོ་བྲང་དུ་འོད་གསལ་ལྷའི་རིགས་ཀྱི་ས་སྐྱོང་བ་གཞོན་ནུ་དཔལ་ཚེ་དབང་རྡོ་རྗེ་ལ་ཕུལ་བའི་ཞུ་ཡིག》ལས། “དབྱངས་ཅན་མགྲིན་པར་ཆགས་པའི་སྨྲ་མཁས་བདག །སྔོན་དུས་རྗེ་བཙུན་ཐམས་ཅད་མཁྱེན་ཞབས་ཀྱི། །བཀའ་ལུང་ལྕི་བའི་ལྕགས་ཀྱུས་ཉེར་དྲངས་པས།  །སྒར་ཆེན་ཆོས་ཀྱི་སྐྱེད་ཚལ་བགྲོད་པ་ལས། །ཁྲིམས་ལྡན་བརྒྱ་ཕྲག་ལྷག་པའི་འདུན་ས་ཆེར། །ཚིག་གི་དྲི་ལྡན་དོན་བཟང་སྦྲང་རྩི་ཅན། །ལེགས་བཤད་མེ་ཏོག་སར་པའི་འདུ་འགོད་ཀྱིས། །བློ་གསལ་རེ་བའི་སྙིམ་པ་འགེངས་པ་ལ། །བགྲང་བྱ་རྫོགས་པའི་ཆ་ཤས་བཞི་འདས་མཐར། །བློ་བཟང་བདག་ལ་རྒྱལ་དབང་ཆེར་དགྱེས་པའི། །དགོངས་པའི་འཆིང་བ་ཅུང་ཟད་ལྷོད་པ་ཡིས། །ཡང་དག་བཀའ་ཡི་སྣང་བ་ཞུས་ནས་ཀྱང་། །པཀྵུ་དལ་གྱིས་འབབ་པའི་ཀླུང་འགྲམ་གྱི། །རྒྱུན་ཕྱོགས་བདེ་བར་ལམ་གྱི་སྲོལ་བཏོད་ནས། །གྲུབ་པའི་ནགས་ནང་རིམ་གྱིས་ཕྱིན་པ་ལས། །དབེན་པའི་བདུད་རྩི་བསིལ་བས་ཉེར་སིམ་ཡང་། །དགྱེས་པའི་འཛུམ་རླབས་ཟེའུ་འབྲུ་བཞད་པའི་དཔལ། །ལྷ་སྲས་ཞལ་གྱིས་པད་དཀར་མཇལ་བ་ལ། །གཅིག་ཏུ་འདུན་པའི་མངོན་འདོད་མེ་ལྕེ་ཡིས། །སྙིང་གི་བུད་ཤིང་བསྲེགས་པས་ཆེར་གདུངས་ཕྱིར། །”ཞེས་ཆབ་ཤོག་འདིའི་ཚིག་རིས་ལ་བལྟས་ན་མཁས་དབང་ཁོང་སྒར་ཆེན་དུ་རྒྱལ་དབང་མཆོག་གི་སྐུ་དྲུང་དུ་བཅར་ནས་བཤད་སྒྲུབ་ཀྱི་ཆོས་སྡེ་གཉིས་ཀྱི་བླ་མ་ནས་བཀའ་དགོངས་ཁྲོལ་བར་འདྲ་ཡང་། འོན་ཀྱང་ཐུབ་ཆེན་ཆོས་འཁོར་གླིང་གི་གདན་སའི་སློབ་དཔོན་དང་། མཆིམས་ཕུའི་སྒྲུབ་སྡེའི་བླ་མ་རིམ་གྱིས་གནང་བར་མངོན་ལ། ཡང་《ལྷ་ཚེ་དབང་རྡོ་རྗེ་ལ་ཕུལ་བ》འི་ཆབ་ཤོག་ལས། “དེ་ཚེ་འཛམ་གླིང་སྐྱེ་དགུ་མཐའ་དག་གི །ཕྱག་འོས་གཅིག་པུ་མང་བཀུར་རྒྱལ་རྒྱུད་ཀྱི། །མྱུ་གུ་སྐྱེ་དགུའི་དཔག་བསམ་ལྷ་གང་གི །ཡོན་ཏན་དྲན་ལས་དང་བའི་སྤུ་ལོང་གཡོ། །ཉམ་ཆུང་བདག་ཀྱང་པཀྵུའི་ཀླུང་གི་འགྲམ། །དལ་གྱིས་བགྲོད་པའི་བཤུལ་ལམ་བདེ་བ་ནས། །རྒྱལ་བ་མཆོག་གི་ཞལ་བཟང་མངོན་སུམ་དུ། །གྱུར་ལས་གསུང་གི་བདུད་རྩིས་ཉེར་སིམ་སྟེ། །དེ་ནས་ནག་པའི་ཟླ་བ་ཚེས་མ་ཐག །ཐུབ་ཆེན་ཆོས་ཀྱི་འཁོར་ལོའི་གཙུག་ལག་ཁང་། །ལྷ་ལྡན་ས་ཡི་ཐིག་ལེར་ཕྱིན་པ་ལས། །དགེ་བའི་བསམ་སྦྱོར་ལྷོད་པ་མེད་པར་མཆིས། །སླར་ཡང་མཚུན་གྱི་བདག་པོའི་བེ་ཅོན་གྱིས། །སྲོག་གི་ལྷག་མ་གློ་བུར་མ་བཅོམ་ན། །ས་ག་ཅན་གྱི་དཀར་ཕྱོགས་དགེ་བ་ལ། །གྲུབ་པས་བརྟེན་པའི་ནགས་སུ་ངེས་པར་བགྲོད། །དེ་ལས་རིམ་གྱིས་ལྷ་སྲས་གང་གི་ཞལ། །འཇིག་རྟེན་ཀུན་གྱིས་མཐོང་ན་མངོན་དགའ་བ། །ནོར་བུའི་མེ་ལོང་ལ་གོར་མཇལ་བ་ལས། །བཀའ་མཆིད་བདུད་རྩི་མང་དུ་ཐོབ་པར་སྨོན། །”ཞེས་དང་། “ནོར་འཛིན་དཔྱིད་ཀྱི་ལང་ཚོ་གསར་ངོམ་པ། །རྒྱུ་སྐར་ནག་པ་ཅན་གྱི་དམར་ཕྱོགས་ལ། །ཐུབ་ཆེན་ཆོས་ཀྱི་འཁོར་ལོའི་དགའ་ཚལ་ནས། །དད་པའི་ཤུགས་ཀྱིས་རིངས་པར་ཕུལ་བ་དགེ།       །།”ཞེས་སྐབས་འདིར་ཀརྨའི་སྒར་ཆེན་ཡར་ཀླུངས་གཙང་པོའི་འགྲམ་ངོགས་སུ་བཞུགས་ཤིང་། མཁས་དབང་མཆོག་སྒར་ཆེན་ནས་ཆིབས་བསྒྱུར་གནང་ཞིང་ཟླ་བ་གསུམ་པའི་གནམ་གང་ཉིན་ལྷ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་དུ་ཕེབས་ཤིང་། དེར་བཀའ་ཆོས་ལྷུག་པོར་སྩལ་ནས། ཟླ་བ་བཞི་པའི་ཡར་ཚེས་གང་རུང་ཉིན་མཆིམས་ཕུའི་སྒྲུབ་སྡེར་འབྱོན་པར་གསལ།

དཔལ་རྒྱལ་དབང་ཀརྨ་པ་མི་བསྐྱོད་ཞབས་ཀྱིས་བཀས་བསྐུལ་ནས། མཁས་དབང་དམ་པ་ཁོང་ཐུབ་ཆེན་གདན་སར་ཞབས་སོར་འཁོད་ཅིང་དམ་པའི་ཆོས་ཀྱི་ལེགས་བཤད་འཆད་པར་དགྱེས་ཀྱང་དོན་གཉེར་མཁན་ཉུང་བས། མི་རིང་བར་མི་མེད་དབེན་པའི་རི་ངོགས་སུ་ལོག་འཚོའི་ཁ་ཟས་སྤངས་ནས་སྒྲུབ་པ་ལ་གཞོལ་བའི་ཐུགས་འདུན་རྒྱུན་ཆགས་ཡོད་པར་གསལ་ཞིང་། བསམ་ཡས་མཆིམས་ཕུར་བྱོན་པར་ཤུགས་ལ་བསྟན་པར་སེམས། དེའང་《སྡེ་པ་དགའ་ལྡན་པའི་རྒྱལ་བུ་དོན་གྲུབ་རྒྱལ་པོ་ལ་ཕུལ་བའི་ཞུ་ཡིག》ལས། “སྡོམ་བརྩོན་མང་དུ་ཐོས་པའི་སྤོང་བ་པ། །དམ་པའི་ཆོས་ལ་བློ་གྲོས་ཆེས་གསལ་ཡང་། །འཇིག་རྟེན་གཙུག་ལག་ཀུན་ལ་རབ་རྨོངས་པས། །སྐྱེ་བོའི་དབུས་ན་ཉམ་ཆུང་བུང་བ་བདག །ཤཱཀྱ་མུ་ནེའི་ཞབས་སེན་འོད་རིས་ཀྱིས། །སྲས་བཅས་ཐུབ་ཆེན་པདྨའི་དགའ་ཚལ་འདིར། །རྒྱལ་དབང་བཀའ་ཡི་བསིར་བུས་བསྐུལ་བ་ལས། །རིངས་པར་འཕུར་ཏེ་ལྡིང་ཞིང་ཆགས་པ་ན། །དམ་ཆོས་ལེགས་བཤད་མགྲིན་པའི་དར་དིར་གྱི། །གླུ་དབྱངས་སྙན་པོ་དོན་གཉེར་མ་མཆིས་ཤིང་། །སྡིག་མེད་ཆོས་དང་མཐུན་པའི་ལོངས་སྤྱོད་ཀྱི། །སྦྲང་རྩི་མངར་པོས་བཀྲེས་ཤིང་ཕོངས་པ་བདག །ཆོས་དང་སྲིད་ཀྱི་བགྱིར་འོས་སྣ་གཅིག་ཀྱང་། །སྒྲུབ་ཏུ་མེད་པས་སྙོམས་ལས་མལ་ནང་དུ། །ཉིན་མཚན་སྟོང་པར་བགྲང་ཞིང་སྔོན་སྤྱད་པའི། །ལས་ཀྱི་འབྲས་བུར་བདག་གིར་བྱེད་སྐབས་དང་། །ལྗོན་ཤིང་ལོ་འབྲས་གཡུར་ཟའི་གྲིབ་བསིལ་ལ། །སྤུ་སྡུག་རི་དྭགས་དཀྱུ་བའི་ནགས་ཀྱི་མཐོངས། །བྱ་དང་བུང་བའི་སིལ་སྙན་རྣ་བའི་བཅུད། །མི་མེད་གྲུབ་པའི་བསྟི་གནས་ཡིད་ལ་སེམས། །”ཞེས་མཁས་དབང་མཆོག་སྒར་ཆེན་ནས་ལྷ་སར་འབྱོར་ཐོག་བཀའ་ཆོས་དོན་གཉེར་མཁན་མེད་པས་ཐུགས་སྐྱོ་བའི་རྣམ་འགྱུར་བསྟན་པར་མཛད་ཀྱང་། འོན་ཀྱང་ཉིན་རེ་བཞིན་མཁས་མང་འདུས་པའི་དབུས་སུ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་རིག་པའི་གནས་ལྔའི་ལེགས་བཤད་ཀྱི་དགའ་སྟོན་ལ་ལོངས་སྤྱོད་བཞིན་ཐུབ་ཆེན་གདན་སའི་ཐུགས་འགན་གྲུབ་མཐར། རྒྱལ་མཆོག་ཀརྨ་པའི་དྲུང་ནས་གདམས་པ་ལྷག་མ་ནོད་ནས། དབེན་པའི་རི་ཁྲོད་དུ་རྒྱལ་བའི་གསུང་རབ་ལ་ཐོས་བསམ་བྱས་དོན་སྒྲུབ་པའི་སྙིང་པོ་ལ་བརྩོན་པར་ཐུགས་འདུན་ཡོད་ཚུལ། 《ལུམ་པར་ནང་སོ་ཚེ་དབང་རྒྱལ་པོ་ལ་ཕུལ》བའི་ཆབ་ཤོག་ལས། “བདག་ཀྱང་སྔོན་དུས་གྲུབ་པ་དྲང་སྲོང་གིས། །བསྟེན་འོས་བོད་ཀྱི་ཨཽ་ཌི་ཡ་ཎའི་ཞིང་། །མ་ལ་ཡ་ཡི་རི་བོ་དང་མཚུངས་པ། །དྲི་ཞིམ་ལྗོན་པ་རྒྱས་པའི་ནགས་ཀླུང་དེར། །རྗེ་བཙུན་ཞལ་གྱི་བུམ་བཟང་ལས་བྱུང་བའི། །དམ་ཆོས་བདུད་རྩི་བུམ་བཟང་རོ་བརྒྱ་པ། །འདུན་དང་སྙིམ་པས་འཐུང་བའི་བཅུད་ལེན་གྱིས། །ཉམས་རྟོགས་ལུས་བཟང་ལང་ཚོ་བརྟས་བྱས་ནས། །ལྷག་བསམ་ཤིང་རྟ་གཡོ་བའི་གཞན་དབང་བཞིན། །རྒྱལ་དབང་ཞབས་ཀྱིས་པདྨའི་རྡུལ་ཕྲེང་གིས། །གཙང་བྱས་སྒར་ཆེན་ཆོས་ཀྱི་སྐྱེད་ཚལ་དང་། །ལྷ་ལྡན་ས་ཡི་ཐིག་ལེར་ཕྱིན་པ་ལས། །མཁས་པའི་སྐྱེ་བོ་རྣམས་དང་ཉིན་བཞིན་དུ། །ལེགས་བཤད་མགྲིན་བརྒྱ་སྒྲོག་པའི་འབེལ་མཆིད་ཀྱིས། །གནས་ལྔ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི། །དམ་ཆོས་དགའ་སྟོན་དཔེ་མེད་སྤྱད་པའི་མཐར། །སླར་ཡང་དུས་ཀྱི་དབྱུག་འཛིན་ཕོ་ཉ་ཡིས། །མཐར་བྱེད་གྲོང་དུ་གློ་བུར་མ་བོས་ན། །རྒྱལ་བ་མཆོག་གི་ཞབས་ཀྱི་དྲུང་སོགས་སུ། །རིམ་གྱིས་བརྒྱུད་ནས་བས་མཐའ་དབེན་པའི་སར། །བསམ་གཏན་ཀུན་ཏུ་སྤྱོད་པའི་ཁང་བུ་དེར། །མི་ཕྱེད་རྡོ་རྗེའི་སྒོ་འཕར་བཅད་ནས་ཀྱང་། །རྒྱ་ཆེན་གསུང་རབ་མང་དུ་ཐོས་པའི་དོན། །སྒྲུབ་པའི་སྙིང་པོ་ཁོ་ནར་བརྩོན་བགྱིད་སྙམ། །”ཞེས་ཆབ་ཤོག་གོང་འོག་གཉིས་པོའི་ཚིག་རིས་ལ་ལྟོས་ན་མཁས་དབང་མཆོག་ཐུབ་ཆེན་གདན་སར་འཆད་ཉན་རྒྱུན་སྐྱོང་གནང་ནས་བཞུགས་པར་སེམས་སོ། །

ཐུབ་ཆེན་གདན་སར་མདོ་སྔགས་ཀྱི་གཞུང་ལུགས་འཆད་ཉན་མཛད་པ་གཞིར་བཞག་ཐོག་རྒྱུད་སྡེ་གོང་འོག་དུ་མའི་སྒྲུབ་མཆོད་ལོ་དུས་ལྟར་འཚོགས་པར་མངོན་ལ། 《བྱ་པ་ཁྲི་དཔོན་གོང་མ་རིན་པོ་ཆེ་ཀརྨ་སྒྲུབ་བརྒྱུད་དཔལ་བཟང་ལ་ཕུལ་བ》འི་ཆབ་ཤོག་ལས། “སྐབས་ཀྱི་ཞུ་མཆིད་ཞྭ་ནག་ཅན་ཞབས་ཀྱི། །སྤྲུལ་སྐུའི་འཕྲེང་རྒྱུད་བདུན་པས་ཕྱག་མཚན་དུ། །ཉེར་བཞེས་ཐུབ་ཆེན་ཆོས་ཀྱི་འཁོར་ལོ་ཞེས། །ལྷ་ལྡན་ས་ཡི་གཙུག་ལག་ཁང་བཟང་དེར། །ངན་འགྲོ་རྣམ་སྦྱོང་ཀུན་རིག་རྣམ་སྣང་བའི། །དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའི་དུས་སྟོན་ལ། །ཕན་བདེའི་གནང་སྐྱེས་རིམ་བཞིན་སྩོལ་བའི་རྒྱུན། །དེ་ཡང་སྔ་མཁོ་བཞིན་གྱི་བཀའ་དྲིན་ཞུ། །ཞུ་མཆིད་འདི་ཡང་ཞབས་རྡུལ་པདྨ་ལ། །བུང་བའི་ན་ཆུང་ཇི་བཞིན་རེག་ཕྱིར་དུ། །ཀུ་མུད་འདབ་མའི་གོས་བཟང་ལྷ་ཡི་དར། །རྣམ་བཀྲའི་རྒྱ་ཡིས་མཚན་ཏེ་གུས་པར་འབུལ། །ཞེས་ཐུབ་ཆེན་ཆོས་ཀྱི་འཁོར་ལོའི་གཙུག་ལག་ཁང་ནས་ཕུལ་བའི་ཞུ་ཡིག།       །།”ཞེས་ཀུན་རིག་སྒྲུབ་མཆོད་ཀྱི་མཆོད་ཐེབས་སམ་འགྲོ་གྲོན་ཐམས་ཅད་བྱ་པ་ཁྲི་དཔོན་ནས་གནང་བ་ཡིན་ཕྱིར། སྐབས་དེར་བྱ་པ་ཁྲི་དཔོན་ཀརྨ་སྒྲུབ་བརྒྱུད་དཔལ་བཟང་ལ་ཀུན་རིག་དུས་མཆོད་ཀྱི་འགྲོ་གྲོན་གྱི་གསོལ་རས་གནང་བར་གསལ་འདེབས་སུ་ཕུལ་བར་གསལ་བ་ཞིང་། དེའི་སྐབས་སྒྲུབ་མཆོད་ཀྱི་མངོན་དཀྱིལ་ནི། རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་གསུང་རྩོམ《བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྒྲུབ་ཐབས་དཀྱིལ་འཁོར་གྱི་ཆོ་ག》ཡིན་པར་སེམས། རྗེ་བདུན་པའི་ཀུན་རིག་དཀྱིལ་ཆོག་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་པར་གསུངས་ཀྱང་། རྒྱས་བསྡུས་གཉིས་རྙེད་མེད་པས། བཙལ་འཚོལ་བྱ་བ་ནི་སྤྱི་དང་བྱེ་བྲག་པའི་ཆོས་རིག་ལ་དགའ་གུས་ཡོད་མཁན་རྣམས་ཀྱི་འོས་འགན་ཡིན་པས་དགོངས་འཇགས་འཚལ།

 

ཆོས་རྗེ་དཔལ་ཁང་པས་ཐུབ་ཆེན་དང་མཆིམས་ཕུའི་སྒྲུབ་སྡེ་འཛིན་སྐྱོང་གནང་བའི་སྐོར།

མཁས་དབང་ཀརྨ་ཕྲིན་ལས་གཉིས་པ་དབྱངས་ཅན་སྙེ་པའི་སྡེ་མཆོག །རབ་བྱུང་དགུ་པའི་ས་བྱ་སྤྱི་ལོ(༡༥༤༩)ལོའིམཆུ་ཟླའི་ཆོ་འཕྲུལ་དུས་ཆེན་ལ་བསམ་ཡས་མཆིམས་ཕུའི་སྒྲུབ་སྡེར་བཞུགས་ཤིང་། བསྟན་བཅོས་ཆེན་པོ་ཀརྨ་ཤིང་རྟ་བརྩམས་པའི་དབུ་འཛུགས་གནང་ནས། ལོ་དེའིཟླ་བ་དགུ་པའི་ཐ་སྐར་ཅན་གྱི་གྲལ་ཚེས་གསུམ་ཉིན་ལྷ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་གི་གཙུག་ལག་ཁང་ཆེན་པོར་ཡོངས་སུ་རྫོགས་པར་བརྩམས་གྲུབ་པར། 《རྡོ་རྗེ་འཆང་ཀརྨ་པའི་དགོངས་པ་གསལ་བར་བྱེད་པའི་བསྟན་བཅོས་ཐར་པའི་ལམ་ཆེན་བགྲོད་པའི་ཤིང་རྟ》འི་རྩོམ་བྱང་དུ། “དེ་ལྟར་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་བསྟན་པ་མཐའ་དག་དང་ཁྱད་པར་རྡོ་རྗེ་འཆང་ཀརྨ་པའི་དགོངས་པ་གསལ་བར་བྱེད་པའི་བསྟན་བཅོས་ཐར་པའི་ལམ་ཆེན་བགྲོད་པའི་ཤིང་རྟ་ཞེས་བྱ་བ་འདི་ནི། བསྐལ་པ་བཟང་པོའི་སངས་རྒྱས་དྲུག་པ་སེང་གེའི་སྤྲུལ་པའི་སྐུ་ཞྭ་ནག་ཅོད་པན་འཛིན་པ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་ཞབས་ཀྱི་བཀའ་སྩལ་སྤྱི་བོར་ལྷུང་བ་དང་། མཁས་པ་དང་གྲུབ་པའི་སྐྱེས་བུ་དམ་པ་གང་ཟག་ལ་མི་རྟོན་ཞིང་ཆོས་ལ་རྟོན་པ་གཟུ་བོར་གནས་པའི་ཐུགས་ཅན་འགའ་ཞིག་དང་། བློ་གསལ་ཞིང་ཡིད་གཞུངས་ལ་དད་བརྩོན་དང་ལྡན་པའི་དོན་གཉེར་མང་པོས་ནན་གྱིས་བསྐུལ་ཏེ་ཡི་གེའི་རྐྱེན་ཡང་སྦྱར་བ་ལ་བརྟེན། འཇིག་རྟེན་གསུམ་གྱི་མགོན་པོ་རྗེ་བཙུན་ཀརྨ་པའི་སློབ་འབངས་མང་ཐོས་ཆོས་སྨྲ་བའི་དགེ་སློང་རྡོ་རྗེ་འཛིན་པ་ཀརྨ་ཕྲིན་ལས་གཉིས་པ་འཇིགས་བྲལ་གསུང་རབ་གཏེར་མཛོད་སྦས་པའི་སྡེས། འཕགས་པའི་ཡུལ་དུ་ཞི་བ་ཞེས་པ་ས་མོ་བྱ་ལོ་མཆུའི་ཟླ་བ་ཆོ་འཕྲུལ་ཆེན་པོའི་དུས་ཆེན་ལ་སྒྲུབ་གནས་ཀྱི་རྒྱལ་པོ་ཟམ་གཡང་མཆིམས་ཕུའི་ནགས་ཁྲོད་དབེན་པར་དབུ་བཙུགས་ཏེ། ལོ་དེ་ཉིད་ཀྱི་ཟླ་བ་དགུ་པ་ཐ་སྐར་ཅན་གྱི་གྲལ་ཚེས་གསུམ་ལ། ལྷ་ལྡན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཐུབ་ཆེན་ཆོས་ཀྱི་འཁོར་ལོའི་གཙུག་ལག་ཁང་ཆེན་པོར་ཡོངས་སུ་རྫོགས་པར་སྦྱར་བའི་ཡི་གེ་པ་ནི་པུ་ཎྱ་དྷརྨེ་ལོ་ཀའོ། །”ཞེས་མཁས་དབང་མཆོག་ས་བྱ་སྤྱི་ལོ(༡༥༤༩)ལོའིསྟོད་མཆིམས་ཕུའི་སྒྲུབ་སྡེར་བཞུགས་ཤིང་། ལོ་སྨད་ཐུབ་ཆེན་གདན་སར་ཞབས་སོར་འཁོད་པས། ལོ་རེ་བཤད་སྒྲུབ་ཀྱི་ཆོས་སྡེ་འཛིན་སྐྱོང་བ་གནང་བར་ཕར་ཚུར་ཕེབས་བཞུད་ཐེངས་མང་གནང་བ་དང་། འདིར་ལྷ་ལྡན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཐུབ་ཆེན་ཆོས་ཀྱི་འཁོར་ལོའི་གཙུག་ལག་ཁང་ཆེན་པོར་ཞེས་གསུངས་པར་དཔགས་ན། དེའི་སྐབས་ཐུབ་ཆེན་གདན་ས་འཆད་རྩོད་རྩོམ་གསུམ་སོགས་སྒོ་ཐམས་ཅད་ནས་སོར་ཆུད་ནས་དར་རྒྱས་འགྲོ་བཞིན་པའི་སྒང་ཡིན་པར་མངོན་ནོ། །

 

མཆིམས་ཕུའི་སྒྲུབ་སྡེར་དཀའ་རྙོག་འཕྲད་པའི་སྐོར།

མཁས་དབང་དཔལ་ཁང་པ་མཆོག་རྒྱལ་དབང་ཀུན་མཁྱེན་ཆེན་པོས་ཐུབ་ཆེན་གདན་ས་དང་མཆིམས་ཕུའི་སྒྲུབ་སྡེ་གཉིས་འཛིན་དགོས་པའི་བཀའ་ལུང་སྩལ་བས། མཁས་དབང་མཆོག་ནས་བཤད་སྒྲུབ་ཀྱི་ཆོས་སྡེ་གཉིས་པོ་ལོ་གསུམ་སྐྱོང་བར་ཞལ་བཞེས་ཕུལ་ནས། དང་ཐོག་བསམ་ཡས་མཆིམས་ཕུར་ཕེབས་ཤིང་། སྒྲུབ་སྡེ་དེར་བཀའ་བརྒྱུད་རིན་པོ་ཆེའི་ཟབ་མོའི་གདམས་པ་རྣམས་འཆད་ཁྲིད་དང་ཐོས་བསམ་སྒོམ་པ་ལ་སྦྱོར་བ་དང་། དངོས་པོའི་ཡོད་བྱད་གང་བྱུང་ཐམས་ཅད་སྒྲུབ་རྒྱགས་ལ་གནང་ནས་བཀའ་བརྒྱུད་གོང་མའི་རྣམ་ཐར་སྐྱོང་བཞིན་བཞུགས་པའི་ཚེ། གློ་བུར་དུ་མཆིམས་ཕུའི་མོ་བན་ཞེས་པས་དབུ་ཚལ་བ་ཚེ་དབང་རྡོ་རྗེའི་ཕྱག་ཕྱི་བ་བསད་པའི་དོན་རྐྱེན་བྱུང་ཞིང་། ཆོས་རྗེ་ཉིད་ལ་དོན་རྐྱེན་དེའི་འགན་འཁྲི་མེད་པར་མ་ཟད་ངོ་གནོང་པའི་ཉེས་པ་མ་བསགས་པའི་ཕྱིར། དབུ་ཚལ་པས་ཆོས་རྗེ་མཆོག་ལ་ཉེས་པ་མེད་པར་ཁས་བླངས་ཀྱང་། འོན་ཀྱང་སྒྲུབ་སྡེ་སྤྱི་པར་དཔལ་འབྱོར་གྱི་ཉེས་ཆད་ཆེན་པོ་བཀལ་བས། ཆོས་རྗེ་མཆོག་དང་སྒྲུབ་སྡེའི་ཡོད་བྱད་གང་ཡོད་བསྣམས་ནས་དབུ་ཚལ་བའི་ཕོ་བྲང་དུ་ཕེབས་ཀྱང་། སྐྱེ་བོ་ངན་པ་འགའི་ཕྲ་མ་ལ་བརྟེན་ནས་མཇལ་ཁ་མ་བྱུང་བ་མ་ཟད་དམག་དཔུང་གིས་སྒྲུབ་སྡེ་གཏོར་བཅོམ་བྱ་རྒྱུའི་འཆར་གཞི་འཐེན་པར་གསན་བྱུང་ནས། སླར་ཡང་ཆོས་རྗེ་དཔལ་ཁང་པས་བསྐྱར་ནན་གྱི་སྒོ་ནས། དབུ་ཚལ་པ་ཉིད་ཀྱི་ཡབ་མེས་རྣམས་དང་། ཉིད་ཀྱི་བཙུན་མོ་སྲས་བཅས་ཀྱིས་མཆོད་གནས་མཆིམས་ཕུའི་སྒྲུབ་སྡེ་གཞོམ་པར་འོས་མིན་དབུ་ཚལ་པ་ཁྱོད་ཀྱིས་བསམ་གཞིག་དགོས་ཚུལ《དབུ་ཚལ་ཕོ་བྲང་དུ་ལྷ་རིགས་དབང་པོ་ཚེ་དབང་རྡོ་རྗེ་ལ་ཕུལ་བ》འི་ཆབ་ཤོག་ལས། “ཡོངས་འཛིན་དམ་པ་ཀུན་མཁྱེན་ཆོས་ཀྱི་རྗེ། །བསྐལ་བཟང་སངས་རྒྱས་དྲུག་པ་ཀརྨ་པས། །ཀརྨ་ཕྲིན་ལས་གཉིས་པའི་ལུང་བསྩལ་ནས། །མི་ཐེག་བསྟན་པའི་ཁུར་ཅིག་བདག་ལ་གཏད། །ལྷ་ལྡན་ཐུབ་ཆེན་ཆོས་ཀྱི་འཁོར་ལོ་དང་། །ཟམ་གཡང་མཆིམས་ཕུའི་སྒྲུབ་གྲྭ་ཟུང་འབྲེལ་དུ། །ཐུབ་དབང་བསྟན་པའི་སྙིང་པོ་བཀའ་བརྒྱུད་ཀྱི། །དམ་ཆོས་བཤད་སྒྲུབ་རིང་ལུགས་བཟུང་ཞིག་གསུངས། །དེ་ཚེ་མཁོས་ཆུང་བློ་ཡིས་མ་ཆུན་པས། །ཅི་བྱས་གཏོལ་དང་བྲལ་བའི་སྤྱི་བརྟོལ་གྱིས། །སྡུག་བསྔལ་མཆི་མ་བླགས་པས་མགོ་འདར་བའི། །ཞབས་ལ་ལན་བརྒྱར་བཏུད་དེ་འདི་སྐད་དུ། །སྔོན་གྱི་དུས་ན་ལྷར་བཅས་འཇིག་རྟེན་གྱི། །ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་ཉིད། །ཞི་ཞིང་དུལ་དང་མཁས་བཙུན་བཟང་བ་དང་། །འཆད་རྩོད་རྩོམ་པས་འཛིན་ཅིང་སྤེལ་ན་ཡང་། །དེང་སང་ཁ་དྲག་དབང་བཙན་ཤེ་མོང་དང་། །སྟོབས་དང་གཡོ་སྒྱུ་འཁོར་དང་ལོངས་སྤྱོད་སོགས། །གང་ལྡན་བསྟན་འཛིན་བླ་ཆེན་དུ་བཀུར་ཞིང་། །ཆོས་མཐུན་སྐྱེས་བུ་ཁྱི་བཞིན་བརྙས་དུས་འདིར། །སྙིགས་དུས་ཉོན་མོངས་(ཤིན་ཏུ་)དར་(དུས་འདིར)། །ཆོས་བཞིན་སྤྱོད་པས་བྱ་དཀའི་ཁུར་འདི་དག །བློ་ཆུང་བདག་འདྲས་བླངས་བར་ནུས་མིན་ན། །དགོངས་པའི་འཆིང་བ་གློད་ཅེས་གསོལ་བཏབ་ཀྱང་། །ཕྱི་མ་མེད་པའི་བཀའ་ལུང་རྡོ་རྗེའི་ཚིག །གསེར་གྱི་རི་ལྟར་ལྕི་བ་མ་ཐེག་པས། །ལོ་གསུམ་དམ་བཅའི་རི་མོ་མྱུར་བྲིས་ནས། །གྱ་ཚོམ་བགྲོད་པས་གནས་འདིར་ཕྱིན་ལགས་མོད། །ཆོས་འཁོར་ཟབ་ཡངས་མཆིམས་ཕུའི་སྒྲུབ་གྲྭ་ཞེས། །གངས་ཅན་སྐྱེ་དགུའི་རྣ་བའི་རྒྱན་གྱུར་ཡང་། །རང་གི་རྒྱུད་ལ་དགེ་ཆོས་མི་འཕེལ་ཞིང་། །བསྟན་དང་འགྲོ་ལ་ཕན་པར་མ་གྱུར་ཚེ། །འཁོར་བ་སྙིང་པོ་མེད་ལ་ཡིད་འབྱུང་དང་། །ཚེ་འདི་རྨི་ལམ་ཙམ་མཐོང་སྐྱོ་ཤས་ཀྱིས། །སྟོང་ཀུན་རྒྱལ་པོའི་དཔལ་ལ་མི་སྨོན་པའི། །ཞེན་མེད་བློ་དང་ལྡན་པའི་དྲང་སྲོང་བདག །འདི་འདྲའི་ཟང་ཟིང་གཏམ་དང་གོ་འཕང་ལ། །ཆགས་དང་སྲེད་པ་རྡུལ་ཙམ་མ་མཆིས་པས། །མི་གཙང་ཕྱིས་པས་རྡོ་བཞིན་རྒྱབ་བསྐྱུར་ནས། །གང་དབེན་རི་བོའི་ཕུག་ཏུ་སྙེགས་སྤྲོ་ཡང་། །ཚེ་སྔོན་ལས་ཀྱི་སྲད་བུས་བཅིངས་པ་ལས། །རང་ལ་ལྟོས་པ་བཅས་པའི་གྲྭ་སློབ་ཚོགས། །ཐོས་པའི་ཡོན་ཏན་བརྩོན་པའི་ཉམས་མྱོང་གིས། །མཁས་པ་བདག་ཡིད་མགུ་བར་ནུས་མིན་ཡང་། །བླུན་དང་ཕྱོགས་སུ་ལྷུང་བ་ཞེན་པའི་སེམས། །”ཞེས་སོགས་ནས། “དེ་ལྟར་རྒྱལ་བ་སྲས་བཅས་རབ་དགྱེས་པས། །བཀའ་བརྒྱུད་རྣམ་ཐར་སྤྱོད་པས་དུས་འདའ་ཚེ། །སྙིགས་དུས་བདུད་ཀྱི་བར་ཆད་མཐུ་ཆེ་བས། །མཆིམས་ཕུའི་མོ་བན་གྱིས་དབུ་ཚལ་པའི་ཕྱག་ཕྱི་བ་བསད་པའི་དོན། (མཆན།) བྱུར་ངན་རྐྱེན་དེ་གློ་བུར་ལྷུང་བ་ན། །ཉེས་གནོང་དྲི་ཙམ་མེད་ཀྱང་སེམས་དགེ་བས། །སྒོ་གསུམ་རབ་གཡེངས་དམྱལ་བ་མངོན་སུམ་མྱོང་། །”ཞེས་ཆབ་ཤོག་འདིར་མཁས་དབང་མཆོག་གིས་མཆིམས་ཕུའི་སྒྲུབ་སྡེར་དམག་གིས་མི་བཅོམ་པར་དབུ་ཚལ་པ་ཚེ་དབང་རྡོ་རྗེ་ལ་ཡང་དང་བསྐྱར་དུ་ཞུ་བ་ཕུལ་བར་གསལ་ལ།  རེད་དེ་དབུ་ཚལ་པས་དང་ལེན་བྱས་ཡོད་མེད་དཔྱད་གཞི་ཡིག་ཚང་གཞན་མ་རྙེད་པས། གནས་ཚུལ་གསལ་པོར་ཤེས་རྟོགས་དཀའ་ཡང་། སྒྲུབ་གྲྭ་གཏོར་བཅོམ་བྱས་མེད་པར་མཁས་དབང་མཆོག་གིས་སྩལ་བའི་ཆབ་ཤོག་རྗེས་མ་རྣམས་དང་འབྲེལ་ཡོད་ཀྱི་ཡིག་ཚང་གཞན་ལས་བལྟས་ན་ཚོད་དཔག་ཐུབ་བོ། །

འདི་ཙམ་མ་ཡིན་པར་བསམ་ཡས་མཆིམས་ཕུའི་སྒྲུབ་སྡེར་དཀའ་རྙོག་བྱུང་བར《དགའ་ལྡན་རྒྱལ་བུ་དོན་གྲུབ་རབ་བརྟན་རྒྱལ་པོ་ལ་ཕུལ་བ》འི་ཆབ་ཤོག་ལས། “མང་ཐོས་ལང་ཚོ་ཡོལ་བའི་གནས་བརྟན་བདག །སྲིད་ལ་ཡིད་འབྱུང་དབེན་པ་བརྟེན་སྤྲོ་ཡང་། །གཞན་དབང་ཆོས་རྒྱལ་རླུང་གི་འཁྲུལ་འཁོར་གྱིས། །ཤིང་བལ་ཇི་བཞིན་རྟག་ཏུ་གཡེང་བ་ལས། །དེ་ཡང་བོད་ཡུལ་ཨོ་ཌི་ཡཱ་ཎའི་ཞིང་། །ཆོས་འཁོར་ཟབ་ཡངས་མཆིམས་ཕུའི་སྒྲུབ་གྲྭ་ནས། །ལས་ངན་རྩོད་ཟློས་ཚེ་འདིའི་གཅོད་རྒྱ་པ། །འཆུག་མེད་དུས་བཏབ་སྟེང་དུ་མ་སླེབས་ན། །ཉེས་མནོང་མེད་ཀྱང་དྲང་པོར་མི་འབབ་པའི། །ཁྲིམས་གཉིས་གནམ་ལྕགས་ཐོག་ཏུ་ལྷུང་ངོ་ཞེས། །རང་གཞན་སྡེ་རིགས་གཉིས་ཀྱིས་ཡང་དང་ཡང་། །བསྙེན་སྲིང་སེམས་ཀྱི་ལྕག་འདེབས་ཡི་གེའི་ཕྲེང་། །རྣོ་ཞིང་རྩུབ་པ་གསེར་གྱི་ཁབ་ལྟ་བུས། །རྣ་བ་འབུགས་པའི་ཟུག་རྔུས་བསྐུལ་བ་བཞིན། །ཟླ་བ་ཉ་བའི་ཚེས་ལ་བཤུལ་ལམ་དུ། །སློང་མོའི་ཆས་ཀྱིས་འཇུག་པར་གཡར་དམ་བཅས། །དེ་ཕྱིར་དེང་དུས་མཛེས་སྐུ་ལྷའི་སྐྱེ་མཆེད། །སྐལ་བཟང་མིག་ལ་མངོན་སུམ་མ་གྱུར་ཀྱང་། །རིང་བ་མིན་པར་དངོས་མཇལ་རྫོགས་ལྡན་གྱི། །དགའ་སྟོན་ཆེ་ལ་རྟག་ཏུ་རོལ་བར་སྨོན། །”ཞེས་ཆབ་ཤོག་འདིར་ལྟོས་ན་སྒྲུབ་སྡེའི་དཀའ་རྙོག་གི་སླད་དབུ་ཚལ་པས་བཀའ་ཤོག་ཛ་དྲག་ཅན་སྐུ་གམ་དུ་འབྱོར་ནས་མཁས་དབང་མཆོག་དེའི་དོན་དུ་ཆེད་ཕེབས་གནང་ཡོད་པར་ཤེས་ཐུབ། མཁས་དབང་དཔལ་ཁང་ཞབས་བཤད་སྒྲུབ་ཀྱི་ཆོས་སྡེ་གཉིས་ནས་ཞལ་ནམ་གྱེས་འབྲེལ་ཡོད་ཀྱི་ཡིག་ཚང་རྣམས་ལས་མི་གསལ་ལ།

རབ་བྱུང་དགུ་པའི་ཤིང་སྟག་སྤྱི་ལོ(༡༥༥༤)ལོའི་ཟླ་བ་ལྔ་པར་མཁས་དབང་མཆོག་བསམ་ཡས་མཆིམས་ཕུ་ཞབས་སོར་འཁོད་པར་མངོན་ལ། 《གདུང་བརྒྱུད་རིན་པོ་ཆེ་སྣེའུ་གདོང་རྩེའི་ཁྲི་ཐོག་ཏུ་ཕེབས་དུས་ཕུལ་བའི་ཞུ་ཡིག》གི་མཇུག་བྱང་ལས། “མང་ཐོས་ཆོས་སྨྲ་བའི་དགེ་སློང་རྡོ་རྗེ་འཛིན་པ་ཀརྨ་ཕྲིན་ལས་འཇིགས་བྲལ་གསུང་རབ་གཏེར་མཛོད་སྦས་པའི་སྡེས་ཀུན་དགའི་ལོ་སྣྲོན་གྱི་ཟླ་བའི་གཟའ་ཚེས་བཟང་པོ་ལ། ལྷ་དང་གྲུབ་པ་དྲང་སྲོང་གི་ཚོགས་དུ་མས་བསྟེན་པར་འོས་པའི་རི་བོ་ཟམ་གཡང་དཔལ་གྱི་མཆིམས་ཕུའི་ནགས་ཁྲོད་དབེན་པ་ནས་ཆེད་དུ་བརྗོད་པ་ཕྱོགས་དུས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག།       །།”ཅེས་གསལ་བས་སོ། །

 

བསམ་ཡས་མཆིམས་ཕུའི་སྒྲུབ་སྡེ་ཇི་ལྟར་བྱུང་བའི་སྐོར།

འདིར་མཁས་དབང་དཔལ་ཁང་པ་མཆོག་བསམ་ཡས་མཆིམས་ཕུའི་སྒྲུབ་སྡེའི་བླ་མ་གནང་བ་ལས་འཕྲོས་ཏེ། མཆིམས་ཕུའི་སྒྲུབ་སྡེའི་ཅུང་ཟད་སྨོས་ན། ཐོག་མར་ཀརྨ་པ་རང་བྱུང་རྡོ་རྗེའི་ཕྱག་བཏབ་པར་གྲགས་ཏེ། དེའང་ཤིང་ཕག་སྤྱི་ལོ(༡༣༣༥)ལོའི་ཟླ་བ་དགུ་པར་ཀརྨ་པ་རང་བྱུང་རྡོ་རྗེ་མཆོག་རྒྱ་ནག་ནས་མཚུར་ཕུར་ཕེབས་ཤིང་། ལོ་དེའི་དགུན་དང་། མེ་བྱི་སྤྱི་ལོ(༡༣༣༦)ལོའི་དཔྱིད་ཀའི་བར་ཟླ་བ་དྲུག་རིང་བསམ་ཡས་མཆིམས་ཕུར་ཏིང་ངེ་འཛིན་ལ་བཞུགས་ཤིང་། གསེར་དངུལ་གྱིས་ཐུགས་དམ་བསྟན་འགྱུར་བཞེངས་པ་དང་། རྫ་མོ་ཧཱུཾ་འདྲའི་གཤམ་ནས་ཚེ་ཆུ་སྤྱན་དྲངས་པར《ཆོས་ཀྱི་རྗེ་རང་བྱུང་རྡོ་རྗེའི་རྣམ་པར་ཐར་པ་ཚིགས་ཚིགས་སུ་བཅད་པ》སོགས་ལས་གསལ་ལ། ཀུན་མཁྱེན་རང་བྱུང་ཞབས་མཆིམས་ཕུར་བཞུགས་པར་མ་ཟད་དེའི་སྐབས་སྒྲུབ་སྡེ་ཡོད་ཚུལ《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། “མཆོད་ཡོན་ལྷན་ཅིག་པས་མཆིམས་ཕུར་ཕེབས་ཏེ་སྤྱིར་རྗེ་རང་བྱུང་པས་སྔོན་དེར་དབེན་པར་མཛད། སྒྲུབ་སྡེ་བཙུགས་མཁས་པ་ཀློང་ཆེན་པ་བསྐོས་པ་ལས་བླ་མ་མཁས་གྲུབ་པ་སོགས་སྒྲུབ་སྡེའི་རྒྱུན་མཆིམས་ཕུ་རྙིང་མར་གྲགས་པ་འདི་བྱུང་། འོན་ཀྱང་དེ་དག་དུས་ཀྱིས་རྙིངས་ཏེ་ཆོས་སྒྲུབ་པ་ཉུང་ངུར་གྱུར་པར་གཟིགས་ཏེ་སྒྲུབ་སྡེ་གསར་དུ་མཛད། མཆིམས་ཕུའི་ལུང་ནང་མཆོད་གཞིས་སུ་ཕུལ་ཏེ་མཁས་ཤིང་གྲུབ་པ་དྭགས་པོ་གསུང་རབ་མང་ཐོས་བླ་མར་བསྐོས། སྒྲུབ་སྡེ་གཙང་ཞིང་ཐུགས་དམ་སྨར་བ་ཞིག་བྱུང་། བཀའ་སྲུང་རིག་འཛིན་མ་དང་རྒོད་པོ་ཏ་རས་སྒྲུབ་པ་བ་གཞན་དུ་འགྲོར་མི་སྟེར་བ་དང་། སྒྲུབ་སྡེ་ལ་གནོད་པ་ཕྲ་མོ་བྱས་པ་ལའང་བཀའ་ཆད་ཆེར་བཏང་བས་བཀའ་སྲུང་གི་སྙན་གྲགས་ཆེར་བྱུང་།” ཞེས་བཀོད་ཡོད་པས། ཕག་གྲུའི་སྤྱན་སྔ་གོང་མ་ཚེས་གཉིས་པ་ངག་གི་དབང་པོས་རྒྱལ་དབང་ཆོས་གྲགས་རྒྱ་མཚོར་མཆིམས་ཕུའི་སྒྲུབ་གནས་ཕུལ་བས། སྔར་ཀུན་མཁྱེན་རང་བྱུང་རྡོ་རྗེའི་གཙུགས་པའི་སྒྲུབ་ཁང་ཤིན་ཏུ་རྙིངས་ཤིང་སྒྲུབ་གྲྭ་ཡང་ཁ་ཤས་ལས་མི་བཞུགས་པས། སྒྲུབ་སྡེ་དེར་རྨང་གཞིར་བྱས་ནས་གསར་དུ་བཞེངས་སྐྲུན་གནང་བར་མཛད།

རྒྱལ་དབང་བདུན་པས་མཆིམས་ཕུ་སྒྲུ་སྦར་བསྐྱར་འཛུགས་གནང་ལོ་ནི། ཞྭ་དམར་བཞི་པའི་《རྟོགས་པ་བརྗོད་པ་ཚིགས་སུ་བཅད་པ་ཨུཏྤ་ལའི་ཕྲེང་བ》དང་། རྗེ་བདུན་པའི་རྣམ་ཐར་ཕན་ཚུན་གུང་སྒྲིག་ན། མེ་ལུག་སྤྱི་ལོ(༡༤༨༧)ལོའི་ཟླ་བ་བཅུ་པའི་གཡས་གཡོན་ཙམ་ནས། དཔལ་རྒྱལ་དབང་ཀརྨ་པ་ཆོས་གྲགས་རྒྱ་མཚོ་བྱ་ཡུལ་ནས་ཚུར་ཆིབས་བསྒྱུར་གནང་ནས། བསམ་ཡས་མཆིམས་ཕུར་སྒྲུབ་བརྒྱུད་རིན་པོ་ཆེ་ཀརྨ་ཀཾ་ཚང་གི་དགེ་འདུན་པ་རྣམས་ཐོས་དོན་སྒྲུབ་པ་ལ་གཞོལ་ཆེད་སྒྲུབ་སྡེ་ཕྱག་བཏབ་ཅིང་།  དྭགས་པོ་རབ་འབྱམས་པ་གསུང་རབ་མང་ཐོས་བླ་མར་བསྐོས། རྒྱལ་དབང་མཆོག་སྒར་ཆེན་དང་བཅས་པ་ཀོང་པོར་བཞུགས་སྐབས་སྒྲུབ་སྡེའི་དགེ་འདུན་པ་རྣམས་ཀྱི་སྤང་བླང་གི་ཆོས་ཁྲིམས་ཀྱི་ཆེད་དུ་ཕྲལ་མཁོའི་བཅའ་ཡིག་སྩལ་བར་མཛད། བཅའ་ཡིག་བརྩམས་པའི་ལོ་ཚིགས་ནི་རྩོམ་བྱང་ལས་མངོན་ལ། ལྕགས་ཕག་སྤྱི་ལོ(༡༤༩༡)ལོའི་ཟླ་བ་ལྔ་པར་ཡིན་ནམ་སྙམ།  དེ་ནས་བཟུང་སྒྲུབ་སྡེའི་ཕྱི་ནང་གི་བྱ་བ་ཐམས་ཅད་ཀརྨའི་སྒར་ཆེན་ནས་བཀོད་སྒྲིག་གནང་བར་བཅའ་ཡིག་ལས་གསལ་ལ། གཞན་ཡང་རང་བྱུང་རྡོ་རྗེའི་སྐུ་དུས་ནས་མཆིམས་ཕུར་ཀཾ་ཚང་གི་སྒྲུབ་སྡེ་ཡོད་ཚུལ་ཞྭ་དམར་དཀོན་མཆོག་འབངས་སོགས་ཀྱི་གསུང་ལས་འབྱུང་ཞིང་། ཀུན་མཁྱེན་ཆེན་པོས་ཀྱང་མཁས་དབང་དཔལ་ཁང་པ་མཆིམས་ཕུའི་བླ་མར་བསྐོས་པར་སྒྲུབ་སྡེའི་སྟངས་འཛིན་སྒར་ཆེན་ནས་གནང་བར་ཤེས་ཐུབ་བོ། །

རབ་བྱུ་དགུ་པའི་ཤིང་སྟག་སྤྱི་ལོ(༡༥༥༤)ལོར་མཁས་དབང་དཔལ་ཁང་པ་མཆོག་མཆིམས་ཕུར་བཞུགས་པར་སྣེའུ་གདོང་གི་གདུང་བརྒྱུད་ལ་སྩལ་བའི་ཆབ་ཤོག་ལས་གསལ་ལ། འོན་ཀྱང་སྒྲུབ་སྡེར་དཀའ་རྙོག་འཕྲད་པའི་ལོ་ཚིགས་གང་ཡིན་མི་གསལ་ཡང་། དཀའ་རྙོག་ནི་ཤིང་སྟག་ལོའི་གོང་ནས་ཡིན་པར་ངེས། གང་ཡིན་ཞེ་ན་ཆབ་ཤོག་གི་གོ་རིམ་སྒྲིག་སྟངས་ཀྱིས་རྟོགས་ཐུབ། དེས་ན་དུས་སྐབས་འདིར་མཆིམས་ཕུའི་སྒྲུབ་སྡེ་ཐོས་བསམ་སྒོམ་གསུམ་གྱི་མཛད་ཕྲིན་རྒྱུན་ལྡན་ལྟར་ཡིན་པར་ཤེས་ཐུབ།

ས་རྟ་སྤྱི་ལོ(༡༥༥༨)ལོརཞྭ་དམར་རིན་པོ་ཆེ་སྒར་ཆེན་དང་བཅས་ལྷོ་བྲག་ཏུ་དཔའ་བོ་རིན་པོ་ཆེར་ཕྱག་འབུལ་དུ་ཕེབས་སྐབས་མཁས་དབང་དཔལ་ཁང་པ་སྒར་ཆེན་དུ་བཞུགས་པར་མངོན་ལ། མཁས་དབང་མཆོག་གིས་གཞིས་ཀ་རིན་སྤུངས་སུ་ཕུལ་བའི་ཆབ་ཤོག་ལས། “ཅེས་གྲོ་བཞིན་ཅན་གྱི་ཡར་ཚེས་བཟང་པོ་ལ་འབྲོག་མཚོའི་འགྲམ་ངོགས་ནེའུ་སྟེང་མེ་ཏོག་བཀྲམས་པའི་སྒར་འདབས་ཀྱི་ཅོག་བུ་རང་ཤོང་བསམ་གཏན་གྱི་ཁང་བུ་ནས་ཞུས་པ་དགེ།       །།”ཞེས་གསལ་བ་དང་། དེའི་གོང་ཆབ་ཤོག་འགར་བྱང་ངམ་རིང་དང་། རིན་སྤུངས་ཀྱི་ས་ཆར་བཞུགས་པར་གསལ་བས། ཤིང་སྟག་ལོའི་མཇུག་གམ། དེའི་ཕྱི་ལོར་མཆིམས་ཕུའི་སྒྲུབ་སྡེ་ནས་ཞལ་གྱེས་པ་ཡིན་ནམ་སྙམ།

ལྕགས་སྤྲེལ་སྤྱི་ལོ(༡༥༦༠)ལོའིཟླ་བ་གཉིས་པར་ཞྭ་དམར་ལྔ་པས་རྗེ་བརྒྱད་པའི་ཚེམས་གདུང་མཆོད་རྟེན་རབ་གནས་གྲུབ་འཕྲལ། ཀརྨ་ཕྲིན་ལས་གཉིས་པ་སོགས་ཚོགས་པ་ཉིས་སྟོང་ལྷག་ལ་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་ཡོངས་རྫོགས་གནང་སྐབས་གདན་ས་ཡངས་པ་ཅན་དུ་ཡོད་ཚུལ་དང་། ལོ་དེའི་ཟླ་བ་ལྔ་པའི་ཚེས་བཅུ་གསུམ་ཉིན་སྒར་ཆེན་ཁམས་སུ་མ་ཕེབས་གོང་བཀྲ་ཤིས་མཐོང་སྨོན་དུ་བཞུགས་སྒར་སྐར་གནོན་མཛད་སྐབས་ཀྱང་། ཆོས་རྗེ་དཔལ་ཁང་པ་བཞུགས་པར་ཟླ་ཕྲེང་ཞྭ་དམར་ལྔ་པའི་རྣམ་ཐར་དུ་གསལ། འདིའི་སྐབས་་དཔལ་ཁང་ལོ་ཙཱ་བསམ་ཡས་མཆིམས་ཕུར་བཞུགས་མེད་པར་ཤེས་ཐུབ་སྙམ།

འོན་ཀྱང་མཁས་དབང་དཔལ་ཁང་ཞབས་མཆིམས་ཕུ་ནས་ཞལ་གྱེས་རྗེས་སྒྲུབ་སྡེ་ཉམས་རྒུད་དུ་གྱུར་པར་མངོན། དེའང་ཞྭ་དམར་དཀོན་མཆོག་ཡན་ལག་གི་གསུང་། 《མཆིམས་ཕུ་ཀརྨ་བསམ་འཕེལ་གླིང་གི་བཅའ་ཡིག》ལས་གསལ་བ་ལྟར་ན། སྔར་རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་སྒྲུབ་སྡེ་བཙུགས་ཤིང་རྟོགས་པའི་དབང་ཕྱུག་ཆེན་པོ་ཤར་མདོ་ཁམས་ཀྱི་རྣལ་འབྱོར་པ་ཆེན་པོ་ནམ་མཁའ་འོད་ཟེར་གྱིས་སྦྱིན་བདག་ཆེན་པོ་རྣམས་ཀྱིས་དད་པས་བསྟབས་པའི་བདོག་པ་ཆུད་མི་ཟ་བར་སྒྲུབ་པའི་ཆེད་དུ་བཏང་བས་དར་རྒྱས་ཤིན་ཏུ་ཆེ་ཞིང་། དུས་ཕྱིས་སྒྲུབ་པ་ལྷོད་ཅིང་དད་རྫས་ལ་བག་མེད་དུ་སྤྱོད་པ་སོགས་ཀྱིས་རྐྱེན་ནས་ཉམས་དམས་སུ་སོང་བས། བླ་མ་སྐུ་སྐྱེ་པ་ཀརྨ་རྟོགས་ལྡན་གྱིས་འབད་པ་དང་རྩོམ་པའི་ངལ་བ་ཆེར་བཟོད་ཀྱི་སྒོ་ནས་བསྟན་པའི་སྙིང་པོར་སྒྲུབ་པའི་གྲྭ་ཚང་གསར་གསོས་བགྱིས་པའམ་གསར་དུ་བཙུགས་པའི་མིང་ལ་ཀརྨ་བསམ་འཕེལ་གླིང་ཞེས་གསོལ་ནས། ཤིང་ཁྱི་སྤྱི་ལོ(༡༥༧༤)ལོའི་ཟླ་བ་བཞི་པའི་ཡར་ཚེས་ཉིན་ཞྭ་དམར་དཀོན་མཆོག་འབངས་ཀྱིས། སྒར་ཆེན་ཀོང་པོའི་སྨད་ཀྱི་ས་ཆར་བཞུགས་སྐབས་སྒྲུབ་སྡེའི་བཅའ་ཡིག་ཕྱག་བསྟར་གནང་བར་གསལ་བས། ཆོས་རྗེ་དཔལ་ཁང་པས་སྒྲུབ་སྡེའི་བླ་མའི་ཐུགས་འགན་གྲུབ་མཚམས་ལོ་ཤས་ནས་ཉམས་རྒུད་དུ་སོང་བ་ཡིན་ནམ། ཡང་ན་དཔལ་ཁང་པ་མྱ་ངན་ལས་འདས་རྗེས་སྒྲུབ་སྡེའི་བླ་མ་གཞན་གྱིས་མ་འཇོན་པའམ། ཞྭ་དམར་རིན་པོ་ཆེ་སྒར་ཆེན་དང་བཅས་ཁམས་སུ་ཕེབས་རྐྱེན་བླ་མ་བསྐོ་བཞག་མ་ཐུབ་པས་ཡིན་ནམ་བརྟག་བྱའི་གནས་སོ། །

རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི《རང་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་》ལས། “བསམ་ཡས་མཆིམས་ཕུ་བར་དགོངས་ཕོག་གིས་འཕོ་འགྱུར་ཤར་བར་འདི་ཚོ་སྔར་ཡང་རྙིང་ལུགས་ཡིན་རུང་རིན་སྤུངས་དོན་ཡོད་རྡོ་རྗེས་ཀརྨ་པ་ཆོས་གྲགས་རྒྱ་མཚོར་ཕུལ་ནས་གྲུབ་མཐའ་འགྱུར། དེ་སྐབས་ཀྱང་སྒར་པར་མི་ཤེས་པ་བྱུང་སྐད་འདུག །ད་ལམ་རང་ཕྱོགས་པ་ཞིག་བཙུགས་རུང་གནས་སྲུང་དང་ར་མཐུན་པ་ཨེ་ཡོང་མི་ཤེས་པས་དཔལ་རི་བར་གནང་འགབ་ཚུལ་ཞུས་པ་བཞིན་ལྷ་འདྲེའི་དོགས་གཞི་དང་བཅས་འཕྲལ་དུ་རྩིས་མཛད།” ཅེས་བཀོད་ཡོད་པས། ཆུ་འབྲུག་སྤྱི་ལོ(༡༦༥༢)ལོའི་ཟླ་བ་བཅུ་པའི་ནང་ཙམ་རྒྱལ་དབང་ལྔ་པ་མཆིམས་ཕུར་ཕེབས་སྐབས་བཀའ་བརྒྱུད་པའི་སྒྲུབ་སྡེ་རྩ་གཏོར་བཏང་མ་ཐག་ཡིན་ནམ་སྙམ། མཆིམས་ཕུར་བཀའ་བརྒྱུད་པའི་སྒྲུབ་སྡེ་ཀུན་མཁྱེན་རང་བྱུང་རྡོ་རྗེའི་སྐབས་ནས་བྱུང་ཞིང་། རྒྱལ་དབང་ཆོས་གྲགས་རྒྱ་མཚོས་དེ་ཉིད་བསྐྱར་གསོ་གནང་བར་གོང་སྨོས《ཆོས་བྱུང་མཁས་པའི་དགའ་སྟོན》ལྟར་ལ། རྒྱལ་དབང་ཆོས་གྲགས་རྒྱ་མཚོ་ལ་མཆིམས་ཕུའི་སྒྲུབ་སྡེ་འབུལ་བ་དང་མཐུན་རྐྱེན་རོགས་དན་གནང་མཁན་ཕག་གྲུའི་སྤྱན་སྔ་གོང་མ་ཚེས་གཉིས་པ་ཡིན་ལ། རིན་སྤུངས་པ་དང་འབྲེལ་བ་མེད་པར་ཞྭ་དམར་ནག་གི་རྣམ་ཐར་སོགས་ལས་གསལ་བས། རྒྱལ་དབང་ལྔ་པས་ཐུགས་རྣལ་དུ་མ་ཕབ་པར་མངོན། ཀརྨའི་སྒར་ཆེན་ལ་བཀྲ་མི་ཤིས་པ་བྱུང་བའི་སྐོར་ཀརྨ་པ་ཆོས་རྒྱ་མཚོ་དང་འབྲེལ་བའི་ཡིག་ཚང་རྣམས་ལས་ཟུར་ཙམ་མི་གསལ། འདི་ཚམ་མཡིན་པར་རྒྱལ་དབང་ལྔ་པས་བཀའ་བརྒྱུད་པར་མཚང་འབྲུ་དང་ཟུར་ཟའི་སྟིང་ཚིག་ཁྲི་སྟོང་མང་པོར་གསུངས་པ་ནི་སྐབས་དེར་མཛུབ་མོ་གར་གཏད་ཤར་ཡིན་པས་དང་། དེས་ན་དངོས་ཐོག་བདེན་ཚོལ་གྱིས་ལོ་རྒྱུས་ལ་རྒྱུས་ལོན་དང་ཞིབ་འཇུག་དགོས་ལ། ཕྱོགས་རྐྱང་རིང་ལུགས་དང་རྨོངས་ཞེན་གྱིས་དངོས་བྱུང་གི་ལོ་རྒྱུས་ལ་ད་རུང་འཁྱོག་བརྗོད་བྱས་ན། འགྲོ་བ་མིའི་རིགས་དང་བྱེ་བྲག་པའི་ལོ་རྒྱུས་ལ་ནག་ཐིག་བཟོ་བའི་ཉེས་ཆེན་དུ་འགྱུར་བས། གནའ་བོའི་ཡིག་ཚང་རྣམས་ལ་དཔྱད་བསྡུར་དང་ཞིབ་འཇུག་གི་སྒོ་ནས་ཡང་དག་པའི་ལོ་རྒྱུས་ཀྱི་རྩོམ་ཡིག་འབྲི་རྒྱུ་ནི་ཁ་ཚ་དགོས་གཏུགས་ཡིན་པར་སེམས།

བསམ་ཡས་མཆིམས་ཕུའི་བླ་རབས་སམ། གདན་རབས་ཡི་ཚང་ལས་བཀོད་པ་ནི། ཐོག་མར་རྒྱལ་དབང་ཀརྨ་པ་ཀུན་མཁྱེན་རང་བྱུང་རྡོ་རྗེ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། དྭགས་པོ་རབ་འབྱམས་པ་གསུང་རབ་མང་ཐོས། རྣལ་འབྱོར་པ་ནམ་མཁའ་འོད་ཟེར། དཔལ་ཁང་ལོ་ཙཱ་ངང་དབང་ཆོས་ཀྱི་རྒྱ་མཚོ། བླ་མ་སྐུ་སྐྱེ་པ་ཀརྨ་རྟོགས་ལྡན་བཅས་སོ། །འདིར་བསམ་ཡས་མཆིམས་ཕུའི་སྒྲུབ་སྡེའི་སྐོར་ནི་མཁས་དབང་དཔལ་ཁང་པ་དང་འབྲེལ་བ་ཡོད་པས་ཞོར་འཕྲོས་སོ། །

 

ཞྭ་དམར་ལྔ་པས་རྒྱལ་ཚབ་གནང་སྐབས་ཐུབ་ཆེན་ཆོས་གྲྭ་ཡོད་མེད་དཔྱད་པ།

ཤིང་སྟག་སྤྱི་ལོ(༡༥༥༤)ལོའི་ཟླ་བ་བརྒྱད་པའི་ཉེར་གསུམ་ཉིན་ཀུན་མཁྱེན་ཆེན་པོ་ཞི་བར་གཤེགས་ཤིང་། དགོངས་རྫོགས་བསྒྲུབས་པ་དང་། ཀརྨ་ཀཾ་ཚང་གི་བསྟན་པ་འཛིན་སྐྱོང་དང་འཕེལ་རྒྱས་གཏོང་ཆེད་ཞྭ་དམར་དཀོན་མཆོག་འབངས་རྒྱལ་ཚབ་ཏུ་མངའ་གསོལ། ཁོང་གིས་རྒྱལ་དབང་མཆོག་གི་འཁོར་ལོ་གསུམ་གྱི་མཛད་ཕྲིན་གྱི་འཕྲོ་རྣམས་སྐྱོང་བ་དང་། སྨྱུག་ལ་ལེགས་བཤད་གླིང་སོགས་ཆོས་གྲྭ་སོ་སོའི་བླ་མ་སློབ་དཔོན་བསྐོ་བཞག་གནང་བ་མཛད་འདུག་ཀྱང་། ལྷ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་གི་སློབ་དཔོན་བསྐོ་བཞག་བྱས་པར་མི་གསལ། སྐབས་དེར་མཁས་དབང་དཔལ་ཁང་པ་མཆོག་གདན་སར་བཞུགས་པའམ། ཡང་ན་ཀུན་མཁྱེན་མི་བསྐྱོད་ཞབས་སྐུ་མ་གཤེགས་གོང་འཆད་ཉན་གྱི་སློབ་དཔོན་གཞན་བསྐོ་བཞག་གནང་བ་གང་ཡིན་འབྲེལ་ཡོད་ཀྱི་ཡིག་ཚང་ལས་མི་གསལ་བས་དཔྱད་གཞི་གཞན་བཙལ་རྙེད་བྱུང་ན་དཔྱད་བསྡུར་བྱ་བའི་གནས་སོ། །

མེ་བྱི་སྤྱི་ལོ(༡༥༧༦)ལོའི་ཟླ་བ་བདུན་པའི་ཚེས་གཅིག་ཉིན་ཀརྨ་དབང་ཕྱུག་རྡོ་རྗེ་ལྷ་སར་མཆོད་མཇལ་དུ་ཕེབས་ཤིང་། ཚེས་གཉིས་ཉིན་ཇོ་བོ་རྣམ་གཉིས་སོགས་ཞལ་མཇལ་དང་ཕྱག་མཆོད་སྨོན་ལམ་མཛད་པར་རྣམ་ཐར་ལས་བཀོད་ཀྱང་། ཐུབ་ཆེན་ཆོས་འཁོར་གླིང་དུ་ཕེབས་བཞུགས་གནང་བར་མི་གསལ།

མེ་བྱི་སྤྱི་ལོ(༡༥༧༦)ལོའི་ཟླ་བ་བཅུ་གཅིག་པའི་ནང་ཞྭ་དམར་དཀོན་མཆོག་ཡན་ལག་ལྷ་སར་ཕེབས་ཤིང་། ཇོ་བོ་རྣམ་གཉིས་དང་བཅུ་གཅིག་ཞལ་སོགས་ལ་གསེར་ཆབ་གསོལ་བ་དང་། ཆོས་གྲྭ་སེ་འབྲས་གཉིས་ཀྱི་དགེ་འདུན་རྣམས་ལ་མང་ཇ་སྐུ་འགྱེད་བཏང་ཚུལ《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》འི་ཞྭ་དམར་ལྔ་པའི་རྣམ་ཐར་ལས་ཞིབ་ཕྲར་འཁོད་ཀྱང་། ཐུབ་ཆེན་གདན་སའི་སྐོར་ཟུར་ཙམ་མི་གསལ་བས། སྐབས་དེར་ཐུབ་ཆེན་ཆོས་འཁོར་གླིང་གི་གདན་ས་འཐོར་ཞིག་ཏུ་སོང་བ་ཡིན་ནམ། ཡང་ན་ཀར་དགེའི་གྲུབ་མཐའ་བར་རྩོད་རྙོག་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ཆོས་གྲྭ་འདི་ཡིན་པར། ཀུན་མཁྱེན་མི་བསྐྱོད་ཞབས་ཀྱི་རྣམ་ཐར་ལེགས་སྤྱད་མའི་དོན་འགྲེལ་ལས་སངས་རྒྱས་དཔལ་གྲུབ་ཀྱིས་གསུངས་པ་བཞིན་ཀུན་མཁྱེན་ཞབས་སྐུ་མ་གཤེགས་ཙམ་མམ། ཞྭ་དམར་དཀོན་མཆོག་འབངས་ཀྱིས་གཞན་གྱིས་རྒོལ་བརྡུང་དང་གནོད་གཙེར་འོག་ཆོས་གྲྭ་འདི་རྟག་པར་གནས་དགོས་པས། དགོན་པའི་རྐང་འཛིན་མི་སྣ་བསྐོ་བཞག་དང་རྒྱུན་སྐྱོང་མ་གནང་བ་ནི་ཕན་པ་ལས་གནོད་ཚབ་ཆེ་བར་དགོངས་ནས། སྟངས་འཛིན་མ་གནང་བ་དེ་མུར་བཞག་ནས་རྒྱུ་ཆ་རྣམས་གཞན་ལ་ཕུལ་བ་ཡིན་ནམ་སྙམ།

 

ཐུབ་ཆེན་ཆོས་འཁོར་གླིང་རྩ་མེད་དུ་འགྲོ་བའི་རྒྱུ་རྐྱེན་ལ་དཔྱད་པ།

དེ་ལྟར་ལྷ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་གི་གདན་ས་ནི་གྲུབ་མཐའ་བར་གྱི་དཀའ་རྙོག་གི་འགལ་ཟླ་གྱུར་ཚུལ་གོང་སྨོས་ལྟར་དང་། གཞན་ཡང་《དགའ་ལྡན་ཆོས་འབྱུང་བཻ་ཌཱུརྱ་སེར་པོ》ལས། “གྲུབ་མཐའ་སྤྱི་ལ་ཡང་དཔལ་ལྡན་ས་སྐྱ་པ་དང་སོག་བཟློག་པ་སོགས་བྱང་གཙང་གི་དུས་སྐུ་རིམ་པའི་རང་ཕྱོགས་སུ་ཟོར་འཕེན་སོགས་བྱེད་མི་དང་། ཀར་ལུགས་པ་དག་ནི། འཕགས་པ་ཀླུས་ཤེས་རབ་སྡོང་བུར། དམན་པས་གང་ཚེ་ནོར་ནི་ཅུང་ཟད་རྙེད། །འགྲོ་བ་ཐམས་ཅད་བརྙས་པའི་ང་རྒྱལ་ལྡན། །ཞེས་པའི་བརྟུལ་ཞུགས་དང་། བདེ་བའི་རྗེས་ལ་སྡུག་བསྔལ་ཏེ། །སྡུག་བསྔལ་རྗེས་ལ་བདེ་བ་ཡིན། །མི་རྣམས་ཀྱི་ནི་བདེ་སྡུག་དག །འཁོར་ལོ་བཞིན་དུ་འཁོར་བར་བྱེད། །ཅེས་བདེ་སྡུག་རེས་མོར་འཁོར་བ་སོགས་རྒྱུ་འབྲས་ཀྱི་ཚུལ་ལ་ཐུགས་གཞིག་མ་ཆུག་པས་མཐོང་ཚད་དགྲར་ལངས་ལྟ་བུའི་གྲུབ་མཐའ་སྤྱི་ལ་སྡང་སུན་དང་། ལྷག་པར་ས་ནག་མར་དགོན་པ་བཏབ་སྟེ་སེ་འབྲས་མིང་མེད་གཏོང་རྩིས། རིན་སྤུངས་པ་བསྒུལ་ཏེ་བསྟན་པའི་སྦྱིན་བདག་གཞིས་ཀ་སྣེལ་པ་ཡུལ་ཕུད། ཀོང་པོ་ཀར་སྲིད་ཀྱི་དམག་དྲངས་ཏེ་དགེ་ལུགས་ཀྱི་དགོན་མང་པོ་མེར་བསྲེགས་པ་སོགས་སྔར་བྱས་སུ་མ་ཟད། བསྟན་འཛིན་འཛིན་ཆོས་ཀྱི་རྒྱལ་པོའི་མཚན་དོན་དགུང་ཁེབས་ནས་ཀྱང་སྟག་ཤི་ཡང་ཀླད་རྟེན་མ་སྐམ་པའི་དཔེས་བསྐྱར་ལངས་ཀྱི་ཞབས་འདྲེན་མངོན་ཚན་ཆེས་པས། མདོ་ལས་བརྒྱ་པར། གང་གང་འདྲ་བའི་ལས་བྱས་པ། །འབྲས་བུ་དེ་ལྟ་ཉིད་དུ་སྨིན། །ཞེས་པ་ལྟར་མཆོད་ཡོན་གོང་མས་ཀར་ལུགས་ཕྱོགས་གཏོགས་དང་བཅས་པ་དམིགས་མེད་དང་། གྲུབ་མཐའ་གཞན་དག་ཀྱང་རང་ཕྱོགས་སུ་བསྒྱུར་བར་ཐུགས་ཐག་བཅད་རུང་། རྗེ་བླ་མ་འདིས་ཆོས་ཀྱི་རྒྱལ་པོ་འཕགས་པའི་རྣམ་པར་ཐར་པ་དཔེར་དྲངས་ཏེ་ཐོག་ལྟར་ལྕི་བའི་བཀའ་ནན་གནང་བས་དེང་སང་གི་བར་རང་རང་གི་ལྟ་གྲུབ་ཚུལ་ལྡན་བཟུང་ནས་ཉམས་ཆག་མེད་པར་གནས་ཆོག་པ་བཀའ་དྲིན་ཆེ་བ་དང་།” ཞེས་སོགས་རྒྱལ་དབང་ལྔ་པའི་མཛད་ཕྲིན་སྨོས་ཞོར་རྒྱ་ཆེར་བཀོད་པ་ནི་ཐུགས་ཤིན་ཏུ་མད་དེ། བོད་ཀྱི་ཆོས་བརྒྱུད་ཡོད་དོ་ཅོག་གི་བྱ་སྤྱོད་དེ་ལས་འདའ་བ་མེད་པ་ཟུར་བསྟན་ལེབ་མཐོང་ཡིན། གྲུབ་མཐའི་བར་གྱི་རྩོད་རྙོག་རབ་དང་རིམ་པར་བྱུང་ཞིང་། མཐར་སོག་པོ་གུ་ཤྲཱི་ཧན་གྱི་དམག་དཔུང་གིས་བོད་དུ་དྲག་པོས་དཔུང་འཇུག་བྱེད་དགོས་པའི་འགག་རྩ་ཡང་། གྲུབ་མཐའི་འགལ་ཟླ་ལས་བྱུང་བ་ཡིན་པས།  བཀའ་བརྒྱུད་པའི་གཙོར་བྱས། ཆོས་བརྒྱུད་གཞན་གྱི་དགོན་སྡེ་གྲངས་མང་རྩ་མེད་བཏང་བ་དང་། གྲུབ་མཐའ་བསྒྱུར་བ་སོགས་བྱས་པ་ཐམས་ཅད་ཆོས་བརྒྱུད་གཅིག་པུའི་ཆེད་དུ་ཡིན་པར་བཤད་ཅི་དགོས། དེ་ནི་དབང་བསྒྱུར་གྲལ་རིམ་གྱི་འཐབ་རྩོད་ཀྱི་ཁྲོད་ལས་བྱུང་བའི་ཆོས་སྲིད་ཟུང་འབྲེལ་གྱི་དམིགས་དབེན་ཡིན་པས། ལྷ་ཁང་རྙིང་པ་ལ་རྟེན་བཤད་གསར་པ་བྱེད་པའི་སྤྲོས་པ་མི་བྱའོ། །མདོར་ན་ཕྱོགས་རྐྱང་པས་བཤད་པ་འདི་བདེན་ལ། ཅིག་ཤོས་ནི་མི་བདེན་ནོ་ཞེས་ཧྲིལ་གྱིས་ལེན་པ་དང་ཧྲིལ་གྱིས་དོར་བ་མི་བྱེད་པར་ཕྱོགས་ཡོངས་ནས་ཡིག་ཚང་མང་པོ་དཔྱད་བསྡུར་བྱས་ཏེ་དངོས་ཐོག་བདེན་ཚོལ་བྱ་རྒྱུ་ནི་གལ་འགང་ཤིན་ཏུ་ཆེ་བར་སེམས།

སྐབས་དོན་སྡེ་སྲིད་མིའི་ཉི་མས་ཀར་དགེའི་བར་གྱི་འགལ་ཟླ་སློང་རྐྱེན་གཙོ་བོ་ཐུབ་ཆེན་ཆོས་འཁོར་གླིང་གི་ཆོས་གྲྭ་ཡིན་གསུངས་པ་ལྟར། ཆུ་སྤྲེལ་སྤྱི་ལོ(༡༥༡༢)ལོར་སྡེ་པ་རིན་སྤུངས་པ་དོན་ཡོད་རྡོ་རྗེ་སྐུ་གཤེགས་ནས། དེ་ནས་རིམ་གྱིས་རིན་སྤུངས་པའི་དབང་ཤུགས་ཇེ་ཞན་དུ་སོང་བ་དང་བསྟུན་སེར་འབྲས་སོགས་ཀྱིས་རྒོལ་བརྡུང་དང་གནོད་གཙེར་རྒྱུན་མི་ཆད་པར་བྱུང་བར《ཀརྨ་པ་མི་བསྐྱོད་རྡོ་རྗེའི་རྣམ་ཐར་ལེགས་སྤྱད་མའི་དོན་འགྲེལ》དང་། 《དཔལ་ཁང་ལོ་ཙཱའི་ཆབ་ཤོག》སྐོར། 《ཀརྨ་མཆོག་གྲུབ་ཀྱི་རྣམ་ཐར》རྣམས་ལས་སྨོས་ཟིན་ལྟར་མ་ཟད། སྨོས་མ་ཐག་པའི་བཻ་སེར་ལས་བཀོད་པ་ལྟར་ཡིན་པས། ཕ་རོལ་གྱིས་མངའ་ཁོངས་དང་དཔལ་འབྱོར་གྱི་འདུ་སྒོ་ལ་གནོད་ཤུགས་ཐེབས་དོགས་དང་། རང་ལས་གཞན་པའི་ཆོས་བརྒྱུད་གཞན་ཡར་རྒྱས་སུ་འགྲོ་ན་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་ནས་འབུར་འཇོམས་དང་རྩ་མེད་དུ་གཏོང་བ་ནི་བོད་ཀྱི་ཆོས་ལུགས་པའི་རྩ་བའི་ལངས་ཕྱོགས་ཡིན་ཕྱིར། ཀཾ་ཚང་པས་གཞན་གྱི་འགོག་རྒོལ་དང་འཐབ་རྩོད་ལ་མུ་མཐུད་དེ་གཡོལ་ཐབས་བྲལ་ནས། ཞྭ་དམར་དཀོན་མཆོག་ཡན་ལག་མཆོག་གིས་ཀར་བསྟན་གྱི་དབུ་ཁྲིད་གནང་སྐབས་འཛིན་སྐྱོང་གི་འཕྲོ་མ་བསྐྱངས་པར་རང་གར་བཞག་པས་འཐོར་ཞིག་ཏུ་སོང་བར་མངོན། རྒྱུ་མཚན་ནི་རྒྱལ་དབང་ཡབ་སྲས་ཀྱི་རྣམ་ཐར་སོགས་འབྲེལ་ཡོད་ཀྱི་ཡིག་ཚང་ལས། ཐུབ་ཆེན་གདན་སའི་སྐོར་གཏན་ནས་བཀོད་མེད་པས་ཚོད་དཔག་ཐུབ། ཡང་དེང་སང་ངག་རྒྱུན་ལས་གདན་ས་ཆེན་པོ་སེར་རའི་བྱེས་པ་གྲྭ་ཚང་གི་ཚོགས་ཆེན་གསེར་གཡབ་ཀརྨ་དགོན་གསར་གྱི་ཡིན་ཚུལ་དང་། གཞན་ཡང་རྟེན་གསུམ་འགའ་རེ་ཡོད་པར་ཤོད་སྲོལ་ཡོད་ཚུལ་གོ་ཐོས་བྱུང་ཡང་། རྒྱབ་ལྗོངས་ཀྱི་ཡིག་ཚང་མ་མཇལ་བས་ཡིད་རྟོན་ཕེར་བར་དཀའ། སླད་ནས་ཆོས་གྲྭ་འདི་དང་འབྲེལ་བའི་དུས་སྐབས་དེའི་ཡིག་ཚང་གཞན་རྙེད་ན་ཞིབ་དཔྱད་ཀྱི་སྒོ་ནས་ཐུབ་ཆེན་ཆོས་འཁོར་གླིང་གི་བྱུང་རིམ་དང་འཕེལ་འགྲིབ་ཞིབ་རྒྱས་ཀྱི་གཏན་ལ་འབེབ་དགོས་པར་སེམས་སོ། །

 

 

ཞེས་དཔལ་འགྲོ་མགོན་བཀའ་བརྒྱུད་པའི་ཆོས་གྲྭ་ལྷ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་གི་འཕེལ་འགྲིམ་སྐོར་རགས་ཙམ་གླེང་བ་ཞེས་བྱ་བ་འདི་ནི། གཞུང་རང་དུ་དྲངས་པའི་ཡིག་ཚང་རྙིང་པ་རྣམས་ཀྱི་རྒྱབ་ལྗོངས་ལ་བརྟེན་ནས།

ཐུབ་བསྟན་འོད་ཟེར་གྱིས། ༢༠༢༢.༡༡.༢༩.ཉིན་ལྷ་སར་བྲིས་པའོ། །

 

 

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1940