བྱུ་རུ་ཞེས་པའི་མིང་གི་འགྲེལ་ཚུལ།

བྱུ་རུ་ཞེས་པར་ཚིག་མཛོད་དག་ལས་མིང་གི་འགྲེལ་ཚུལ་མི་འདྲ་བ་ཡོད་དེ། ཀློང་རྡོལ་ངག་དབང་བློ་བཟང་གི་《རིན་པོ་ཆེ་བརྟགས་ཐབ་མདོར་བསྡུས་ཉུང་གསལ་》ལས། “རྒྱུ་དངོས་རྡོ་ཡིན་ཡང་རྒྱ་མཚོའི་འགྲམ་གྱི་བྲག་དང་བྱེ་མ་ལས་ཤིང་ལྟར་སྐྱེས་པ་སྟེ་རིགས་དཀར་དམར་གཉིས་ཡོད་ཚུལ་གསུངས།” 《སྨོན་ལམ་ཚིག་མཛོད་》ལས། “རྒྱ་མཚོར་གནས་པའི་བྱུ་རུའི་འབུའམ་སྲོག་ཆགས་རིགས་འགའ་ཞིག་གིས་ལུས་ལས་བྱུང་བའི་རྡོ་ཐལ་གྱི་རྒྱུ་དང་རྭ་སྤྱིན་འདྲེས་པ་ལས་གྲུབ་པའི་རུས་པའི་མིང་།” ཅེས་པ་ལྟ་བུའོ། །

མིང་གི་རྣམ་གྲངས།

བྱུ་རུ་ནི། རྒྱུ་དངོས་རྒྱུ་རྡོ་ཡིན་ཡང་སྐྱེ་ལུགས་རྒྱ་མཚོའི་འགྲམ་གྱི་བྲག་དང་བྱེ་མ་ལས་ཤིང་ཇི་ལྟར་སྐྱེས་པའི་རིན་པོ་ཆེའི་རིགས་ཤིག་སྟེ། མིང་གཞན་ལ་ཝནྣ་ཀ། མདོག་ཅན། པྲ་བ་ལ། སྟོབས་རབ། བི་དྲུ་མ། རྣམ་པར་ཤིང༌། མུངྐ་བ། སྡོམ་པ་ལ། ས་བ་ར། སྟོབས་རབ། ནོར་བུ་ཆེན་པོ། ནོར་བུའི་འཁྲི་ཤིང་། དཔལ་གྱི་མེ་ཏོག། རིན་ཆེན་སྡོང་པོ།  ལུས་དམར་འདབ། གསེར་ཅན་འདབ་སོགས་སུ་བརྗོད།

པར་ཁུངས། དྲ་རྒྱ།

 

 

བྱུ་རུའི་ཁ་མདོག་དང་དབྱིབས།

བྱུ་རུའི་ཁ་མདོག་ལ་དབྱེ་ན་མདོག་དམར་པོ་དང་ནག་པོ། དཀར་པོ་བཅས་གསུམ་མཆིས། དམར་པོ་ནི་མཆོག་སྟེ་སྨན་ལ་འདི་ཁོ་ན་གཏོང་བ་དང༌། ནག་པོ་ཧོར་ལ་སོགས་པས་གཙིགས་ཆེར་བྱེད་པ། དཀར་པོ་བོད་ཡུལ་ལ་བྲིན་ཡང་འཕགས་ཡུལ་དུ་གཙིགས་ཆུང་བས་ལེན་པར་མ་བརྩོན་སྟབས་དཀོན་པར་བཤད། དབྱིབས་ནི་ཕལ་ཆེར་ཤིང་གི་ཡལ་ག་དང༌། ཤ་བའི་རྭ་འདྲ་བ། དུ་བ་འཕྱུར་བ། ལྒང་བུ་འདྲ་བའི་སྒོར་དབྱིབས་སོགས་འཁྱོགས་པོ་ཡལ་ཕྲན་མང་ཞིང༌མཛེས་ཤིང་ལྟ་ན་སྡུག་པ་དང་། འགའ་ཞིག་ཕྱི་ངོས་ལ་འབྲུམ་ཕྲན་དང་ཁུང་སོབ་ཡོད་པ། ངོ་བོ་མཁྲེགས་ལ་ལྕི་ཞིང་ཁྲོབ་པ། དབྱིབས་དང་ཆེ་ཆུང་ལ་ངེས་པ་ཆེར་མེད་ཀྱང་ཕལ་ཆེར་ནི་ཟླུམ་པོ་དབུས་སུ་ཁུང་བུ་ཅན་དང་། ཡང་ན་ཕལ་ཆེར་ལ་དཀྱིལ་དུ་དཀར་ཐིག་ཡོད་པ་བཏུལ་བས་ཕྱེ་མ་དཀར་པོར་འགྱུར་བ་དང༌། མེར་བསྲེགས་ན་ཁ་དོག་སྐྱ་བོར་འགྱུར་བ། གླ་རྩི་དང༌། ག་བུར། དྲི་ཞིམ་དག་རྫས་སོགས་དང་མཉམ་དུ་བཞག་ན་གས་ཆག་འགྲོ་བ་ཞིག་གོ།

བྱུ་རུའི་འབྱུང་ཁུངས་དང་ཐོན་ཁུངས།

སློབ་དཔོན་ཧཱུཾ་ཆེན་ཀ་རའི་《པད་དཀར་ཆུན་པོ་》ལས། “རིན་ཆེན་བྱུ་རུ་མཚོ་འགྲམ་བྱེ་མའི་ཤིང༌། །” ཞེས་གསུངས། བྱུ་རུ་ནི་མཐའི་རྒྱ་མཚོའི་འགྲམ་གྱི་བྲག་དང་བྱེ་མ་ལས་ཤིང་ལྟར་སྐྱེ་བས་རྒྱུ་དངོས་རྡོ་ཡིན་ཀྱང༌། སྐྱེ་ལུགས་ཀྱིས་ཤིང་ཡང་ཟེར། གྲུབ་ཆ་གཙོ་བོ་ནི་རྫས་འགྱུར་caco3ཐན་སྐྱུར་ཀལ་ཡིན་པ་དང་། སྲ་ཚད་ལ་ཏུའུ་༢.༦ནས་ཏུའུ་༤.༣ཡོད། ཚ་བའི་ས་ཁུལ་གྱི་རྒྱ་མཚོའི་ཆུ་དྭངས་ཤིང་ལྷིང་འཇགས་ཡིན་སའི་བྲག་རྡོ་དང་བྲག་སྲུབས་བཅས་ན་སྐྱེས་ཡོད་ཅིང་། ཐོན་ཡུལ་གཙོ་བོ་ནི་ས་དབུས་རྒྱ་མཚོ་ཡིན་ལ། དེ་མིན་ཏ་ཟིག་མཚོ་འགག་དང་ཧིན་རྡུ་རྒྱ་མཚོ། ལྷོ་རྒྱ་མཚོ། ཧྥ་རན་སི། དབྱི་ཐ་ལི། ཉི་ཧོང་། སིངྒ་ལ། མུ་ཀུ་ཌ། སོ་ཀི་དྷ་རི་ལ་སོགས་པའི་གླིང་ནས་འབྱུང༌།   དེང་སང་ཀ་སྨིར་དང༌། བལ་པོའི་ཚོང་པ་རྣམས་ཀྱིས་མང་དུ་ཁྱེར་ཡོང༌། རང་རྒྱལ་གྱི་ཧའེ་ནན་དང་ཀོའང་ཏུང་བཅས་ནས་ཐོན་པ་མང་། རྒྱ་མཚོའི་གཏིང་རུམ་ན་ཡོད་པའི་བྱུ་རུ་ནི་གསོན་པོ་ཡིན་ལ། རྒྱ་མཚོའི་ཁ་ན་གཡེང་བ་ནི་བྱུ་རུ་ཤི་བོ་ཡིན་ཟེར་བ་ལྟར། གཏིང་རུམ་ནས་ལོན་པའི་བྱུ་རུ་དག་ནི་རྒྱུ་ཁ་མདོག་གང་གི་ཆ་ནས་མཆོག་ཏུ་བརྩི་བ་དང་། མཚོ་ཁར་གཡེང་བ་དག་ནི་སོབ་སོབ་དང་འབུ་ཁུང་མང་བས་དམན་པར་བལྟའོ། །  སྔོན་གྱི་ཡིག་རྙིང་ལྟར་ན། དམར་གསལ་འོ་མའི་རི་མོ་ཅན་ནི་རླན་ལས་སྐྱེས་པས་མཆོག། ཁྲག་མདོག་སྣུམ་མདོག་ཆེ་བ་ནི་སྐམ་ས་ལས་ཐོན་པས་འབྲིང་པོ་དང་། ། ནག་པོ་ནི་ཚད་པས་གདུང་བས་ཐ་མ་ཡིན་པར་བཤད། ། དམར་པོ་ཁྲག་གི་མདོག་ཅན་ནི་རྒྱ་མཚོ་ཆེན་པོའི་ཟབ་སར་སྐྱེས་པས་དཀོན་ལ་རིན་ཐང་ཧ་ཅང་ཆེ་ཞིང་། དམར་སྐྱ་ནི་རྒྱ་མཚོ་ཆུའི་རགས་སར་གྲུབ་པས་བྱུར་དམར་ལས་རྙེད་སླ་ཞིང་རིན་ཐང་ཆུང་བར་བརྗོད།

དེ་ཡང་《སྨོན་ལམ་ཚིག་མཛོད་》ལས། “བྱུ་རུ་དམར་སྐྱ་ལ་རྙིང་པ་དང༌། དམར་སྨུག་ལ་གསར་པ་བྱེད་པ་གྲགས་ཆེ་ཡང་དམར་སྐྱ་རླན་གཤེར་ཆེ་བའི་བྱེ་མ་ལས་སྐྱེས་པས་སྦོམ་ཡང་མ་ཚིག་པས་སྐྱ་བ་དང༌། དམར་པོ་སྐམ་པའི་བྲག་ལས་སྐྱེ་བས་ཕྲ་ལ་སྨིན་ཅིང་ཚད་པས་གདུངས་པས་དམར་བ་ཡིན། གང་ཡང་རྟིང་པ་ས་མཚམས་སུ་ཟུག་པ་དཀར་ཤས་ཆེ་བ་ཡིན། ཞེས་དང༌། བོད་སྔ་རབས་པ་ལ་སྐྱ་བོ་སྦོམ་པས་གཙིགས་ཆེ་ཡང༌། ཕྱི་རབས་པ་དམར་བ་ཁ་དོག་གསལ་བ་ལ་དགའ་བས་འབྲིམ་ཆེ་ཆུང་གི་དབང་ལས། ད་ལྟ་ཚོང་པ་རྣམས་དམར་པོ་ཆེད་དུ་གཉེར་ནུས་བསྒྲུབས་ཡོང་བས་གསར་ཉམས་དང༌། དམར་སྐྱ་ཕྱིས་མ་འབྲིམ་དབང་གིས་མ་བུད་པས་རྙིང་ཉམས་ཡོད་པ་ཡིན་ཛོ་ཀི་རྣམས་སྨྲའོ། གོང་རགས་པ་དངུལ་དང་མཉམ་འདེགས་ཡིན་རུང་ཆེ་ཆུང་དང་དབྱིབས་ལ་རག་ལས་པའོ། ། ལར་རིན་ཆེན་གོང་ཐང་འདི་རྣམས་འཕགས་ཡུལ་གྱི་པཎྜི་ཏ་རྣམས་ཀྱིས་མཛད་པའི་བསྟན་བཅོས་ལུགས་ཡིན་པས་འཕགས་ཡུལ་དུ་རིན་ཆེན་བོད་ཡུལ་ལས་མོད་ལ་གསེར་དངུལ་དཀོན་པ་དང༌། བོད་ཡུལ་དེ་ལས་ལྡོག་པས་དེ་ལུགས་ཀྱིས་འཕྲུལ་དགོས་པ་ཡིན། །” ཅེས་བྱུ་རུའི་ཁ་མདོག་དང་གསར་རྙིང་། སྐྱེ་གནས་མི་འདྲ་བའི་དབང་གིས་མདོག་མི་འདྲ་བ་ཡོད་པ་ནི། ཁ་མདོག་དམར་སྐྱ་ལ་རྙིང་པ་ཞེས་པ་ནི་བརླན་གཤེར་ཆེ་བའི་བྱེ་ས་ལས་སྐྱེས་པས་སྦོམ་ཡང་ཚད་པས་མ་གདུངས་པ་མདོག་སྐྱ་བ། དམར་སྨུག་ལ་གསར་པ་བྱེད་ཅིང་གྲགས་ཆེ་བ་ནི་སྐམ་སའི་བྲག་ལས་སྐྱེ་བས་ཕྲ་ལ་སྨིན་ཞིང་ཚད་པས་གདུངས་པས་མདོག་དམར་སྨུག་ཏུ་གྱུར་པ། གསར་རྙིང་གང་ཡང་རྟིང་པའམ་རྩ་བའི་ས་མཚམས་སུ་ཟུག་པ་རྣམས་དཀར་པོ་ཤས་ཆེ་བ་ཡིན།

པར་ཁུངས། དྲ་རྒྱ།

 

བྱུ་རུའི་རིན་ཐང་།

བོད་ཡུལ་ལ་མི་ལོ་ཉིས་སྟོང་ཙམ་གྱི་སྔ་རོལ་ན་རྒྱན་ཆར་རིན་ཆེན་གསེར་དངུལ་དང་། བྱུ་རུ། གཡུ། སྤོས་ཤེལ་སོགས་ལས་གྲུབ་པའི་རྒྱན་ཆ་སྣ་ཚོགས་ཡོད་པ་མ་ཟད། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེའི་རྫོང་ཁོངས་ཀྱི་གནའ་བོའི་བང་སོ་གཉིས་ཀྱི་ནང་ནས་བསམ་ཡུལ་ལས་འདས་པའི་རྒྱན་ཆའི་རིགས་མང་པོ་རྙེད་ཡོད། དེ་ཡང་《བཤད་མཛོད་ཡིད་ཀྱི་ནོར་བུ》སོགས་སུ་“དེ་ནས་ཟ་ར་སྐྱེ་དྲུག་དབང་བྱས་ཏེ།  ཡུལ་གྱི་མིང་ནི་སྟོང་སྡེ་བཅོ་བརྒྱད་བཏགས། རྟ་བཞོན་རྒྱན་ཆ་འདོགས་པ་དེ་ནས་བྱུང་”ཞེས་གསུངས་པ་ལྟར། མཁས་དབང་དུང་དཀར་རིན་པོ་ཆེའི་《དུང་དཀར་ཚིག་མཛོད་ཆེན་མོ་》ལས། “ཕྱྭ་གཡང་འགུགས་པའི་བོན་པོ་ནི་ལུག་དམར་མོའི་ལག་པའི་ཤ་དང་ཚིགས་གསུམ་ཅན་གྱི་མདའ་ལ་དར་ཚོན་སྣ་ལྔ་དང་། གཟི། སྤོས་ཤེལ། བྱུ་རུ། གཡུ། མེ་ལོང་བཅས་བཏགས་པའི་མདའ་དར་ཕྱེ་མར་བཅས་ལག་ཏུ་ཐོགས་ཏེ་ཚེ་དང་བསོད་ནམས་དབང་བར་བྱེད་པའི་བོན་ཆོག་ཅིག་སྟེ། སྔར་རྒྱལ་པོ་གཉའ་ཁྲི་བཙན་པོའི་གོང་ནས་བོད་ཀྱི་བོན་པོ་ཤེས་པ་ཅན་བཅུ་གཉིས་ཞེས་པ་ཞིག་བྱུང་བ་དེའི་ནང་ནས་གཡང་ཤེས་ཕྱྭ་བོན་གྱིས་གཡང་སྒྲུབ་བྱེད་པའི་སྲོལ་ཡོད་ཅིང་།  རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོན་ཆོས་བསྣུབས་པའི་སྐབས་སུ་གཡང་ཆོག་སོགས་ཕན་ཐོགས་ཡོད་པའི་རིགས་འགའ་ཞིག་མ་བསྣུབས་པར་བཞག་པ་མ་ཟད། རྗེས་སུ་སངས་རྒྱས་ཆོས་ལུགས་པས་བོན་གྱི་གཡང་ཆོག་བྱེད་སྲོལ་གྱི་རྣམ་པ་རང་སོར་བཞག་ནས་ནང་དོན་སངས་རྒྱས་ཆོས་ལུགས་དང་མཐུན་པར་བྱས་པ་ཡིན་ནམ་སྙམ།”

ཧི་མ་ལ་ཡའི་རིག་གཞུང་ཞིབ་འཇུག་པ། བོད་ཀྱི་ན་གཞོན་སྒྱུ་རྩལ་པ་ལྟག་ཨོ་རྒྱན་ཆོས་འཕེལ་ལགས་ཀྱིས་གསུང་པ་ལྟར་ན། “བོད་མིའི་བཤད་རྒྱུན་ལ། བོད་རྒྱལ་སྲོང་བཙན་སྒམ་པོའི་རྣམ་ཐར་དུ་ཁོང་གི་མི་ཚེ་གཅིག་གི་ནང་ལ་ལུས་དང་ཁ་བྲལ་མ་མྱོང་བའི་བྱུ་རུ་སྔོན་པོའི་རྒྱན་ཆ་སྤྲས་ཡོད་པའི་མཛུབ་རྒྱན་ཞིག་བཏགས་ཡོད་པ་དང་། རྒྱལ་པོ་ཁོང་སྐུ་འདས་རྗེས་བང་སོ་ནང་དུ་དུར་སྦས་བྱས་ཡོད་ཟེར།” ༢༠༠༠ལོ་དང་༢༠༠༢ལོར་གནའ་རྫས་སྔོག་འདོན་ཞིབ་བཤེར་བྱས་པ་བརྒྱུད། སྣ་དཀར་རྩེའི་བང་སོ་དེ་གཉིས་ཀྱི་ནང་ནས་གསེར་དང་ཟངས། ལྕགས། བྱུ་རུ། སྤོས་ཤེལ་སོགས་ལས་གྲུབ་པའི་དངོས་རྫས་མང་པོ་ཐོན་ཞིང་། སི་ཁྲོན་སློབ་ཆེན་གྱི་གནའ་རྫས་རྟོག་ཞིབ་མཁས་ཅན་ཧོ་ཝེ་ལགས་ཀྱིས་རྟོག་ཞིབ་བྱས་པ་བརྒྱུད། དུར་ས་དེར་ད་བར་དུ་ཕལ་ཆེར་མི་ལོ་ཉིས་སྟོང་ལ་ཉེ་བའི་ལོ་རྒྱུས་ཡོད་པའི་བདེན་དཔང་བྱས་ཡོད། འདིར་དམིགས་བསལ་ངོ་སྤྲོད་བྱེད་འདོད་པ་གཙོ་བོ་ནི་རྒྱན་ཆའི་སྐོར་རེད། སྣ་དཀར་རྩེའི་དུར་ས་སྔ་ཕྱི་གཉིས་ཀའི་ནང་ཁྱོན་གསེར་གྱི་དངོས་རྫས་སུམ་ཅུ་ལྷག་རྙེད་ཅིང་། དེའི་ནང་མང་ཆེ་བ་བུད་མེད་ཀྱི་རྒྱན་ཆ་དང་འབྲེལ་བ་ཆེན་པོ་ཡོད་པ་ཤ་སྟག་རེད། དེ་ཡང་གསེར་གྱི་སྐྲ་རྒྱན་མདོང་གཟུགས་མ་དང་། གསེར་གྱི་མཛུབ་དཀྲིས། གསེར་གྱི་རྣ་ལོང་། གསེར་གྱི་མགོ་རྒྱན། སྒོར་མོ། གསེར་དང་བྱུ་རུ། སྤོས་ཤེལ་སོགས་ལས་གྲུབ་པའི་སྐེ་རྒྱན་སོགས་ཡོད་ལ། འདི་དག་ཚང་མ་ནི་གཤིན་པོའི་ནོར་སྐལ་དུ་དུར་སར་སྦས་པ་ཞིག་རེད་འདུག། དེ་བས་མི་ལོ་ཉིས་སྟོང་ལ་ཉེ་བའི་སྔོན་ཞིག་ནས་རྒྱན་ཆ་གྱ་ནོམ་པ་འདི་ལྟ་བུ་དུར་སྦས་བྱེད་སྲོལ་ཡོད་ན། སྐབས་དེའི་དངོས་ཡོད་འཚོ་བའི་ཁྲོད་དུའང་རྒྱན་ཆ་དེ་དག་ཅི་ཙམ་དར་ཡོད་པ་ནི་སྨྲོས་མི་དགོས་པ་ཞིག་རེད།

 

སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་》ལས། “དགེ་ལེགས་འདོད་འཇོ་ནི་བཅུ་གསུམ་པ་ཆེན་མོའི་གསེར་གདུང་ཡིན། གསེར་གདུང་ཁང་ལ་ཐོག་བརྩེགས་གསུམ་ཡོད་པ་དང་། སྟེང་ཐོག་ཕྱོགས་བཞིའི་གྱང་ངོས་སུ་བཅུ་གསུམ་པ་ཆེན་མོའི་སྐུ་ཚེ་ཧྲིལ་པོའི་མཛད་རྣམ་ལྡེབས་རིས་བཀོད་ཡོད་པ་དང་། གསེར་གདུང་མདུན་གྱི་མཆོད་སྟེགས་ཐོག་དཀར་ཡོལ་དང་། གུ་གུ་ཤའི་མཆོད་རྫས་དང་། གསེར་ཀོང་། དངུལ་ཏིང་སོགས་བཟོས་སྤུས་དག་ལ་བཀོད་པ་ལེགས་པའི་རིག་དངོས་དང་སྒྱུ་རྩལ་ཐོན་རྫས་མང་པོ་སྒྲིག་གཤོམ་བྱས་ཡོད། གསེར་གདུང་གི་འགྲམ་དུ་མུ་ཏིག་དང་བྱུ་རུ་བསྟར་དུ་བརྒྱུད་པ་ལས་གྲུབ་པའི་མཎྜལ་དང་། ཀ་གདུང་གི་ཐོག་ཚོན་མདངས་རྣམ་པར་བཀྲ་བའི་ཀ་འཕན། གདུང་ཁེབས། རྒྱལ་མཚན་ལ་སོགས་པའི་མཆོད་རྫས་ཀྱི་ལེགས་པར་སྤྲས་ནས་མཛེས་ཤིང་བརྗིད་ཆགས་པ་ཡོད།” པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་《རང་རྣམ་》ལས། “རིང་པོ་མ་ལོན་པར་ཆོས་གྲྭ་ཆེན་པོ་འདི་ཉིད་ཀྱིས་མཚོན་པའི་གཙང་རོང་གི་དགོན་གྲུབ་མཐའ་རིས་མེད་པ་དྲུག་ཅུ་ཙམ་ལ་མང་ཇ་བསྔོ་རྟེན་རྣམ་གཞག་སྤྱི་འགྱེད་དུ་སྤོས་ཤེལ་ཆེ་ཆུང་འདྲེས་པ་བཞི་བརྒྱ་དང་དོན་གཅིག། བྱུ་རུ་ཆེ་ཆུང་འདྲེས་པ་རྡོག་ཉིས་བརྒྱ་དང་ཞེ་བརྒྱད་རྣམས་སོ་སོར་ཞལ་གྲངས་དང་མཐུན་པར་ཕུལ།”

མཁས་དབང་དུང་དཀར་རིན་པོ་ཆེའི་《དུང་དཀར་ཚིག་མཛོད་ཆེན་མོ་》ལས། “རིན་རྒྱན་གྱི་གཞི་རྩའི་ཕྱུ་པ་ནི་རྩེ་བེར་ཞེས་པ་ཧོར་བལ་བཏགས། ཚོན་ཁྲ་པད་མ་རིས་ཅན་སོགས་རྒྱུ་གོས་ཆེན་གྱིས་བཟོས་པ། ཕུ་ཐུང་གཉིས་ལྡན། སྟ་ཟུར་སུལ་ཅན་དེང་སྐབས་ཀྱི་དྭ་ཡིའི་(རྒྱ་ཆས་ཤིག)ལྟར་ཁ་མདུན་དུ་བཤགས་པ་དང་འདྲ་ཞིང་། གོང་བ་དང་ཕུ་ཐུང་ལ་སྲམ་རྒྱན་ལྡན་པ་ཞིག་གྱོན། སྐྲ་ལོ་རྣམས་དྲུའུ་རྩི་དམར་པོ་དང་ལྷན་དུ་ལན་བུར་ལྷས་(རྗེས་སོར་སྤ་ལྕོག་ལ་སྐྲ་རྫུས་ཀྱི་ལན་བུ་ཞིག་བསྒྲོགས་པའི་སྲོལ་དུ་གྱུར)མགོ་ལ་གཙུག་ཞྭ་ཞེས་གྲྭ་པའི་ཞྭ་མོ་རྩེ་སྒྲོ་དང་འདྲ་བ་ཆུང་ཆུང་ཞིག་གྱོན། རྣ་ཅོག་གཡས་པར་རྣ་གཡུ་དང་གཡོན་མར་སོག་བྱིལ། སྤ་ལྕོག་(སྐྲ་ལྕོག)ལ་སི་ཤན་དམར་པོའི་ལུང་ཐག་གཉིས་བསྒྲོགས་པ་དེའི་ཐོག་ཏུ་གཡས་ཕྱོགས་སུ་རིན་རྒྱན་གྱི་ཐུན་མོང་མ་ཡིན་པའི་རྒྱན་ཆའི་གྲས་གསེར་གྱི་སོག་སྒོར་སྨད་གའུ་ལྟ་བུའི་སྒོར་དབྱིབས་ཅན། སྟོད་ཆ་དབྱིབས་རྡོ་རྗེ་འདྲ་བའི་སྟེང་ན་གཡུའི་ནོར་བུ་མེ་འབར་དང་། གཤམ་ཆར་ཙི་པ་ཊ་གཟུགས་རིས་ཀྱིས་བརྒྱན་པ་ཞིག་དང་། གཡོན་ཕྱོགས་སུ་རྣ་བསྐྱངས་ཞེས་བོད་གཡུ་ལེབ་མོ་རིང་ཚད་ཁྲེད་རྩེ་གང་ཙམ་ཞིག། སྣེ་གཅིག་སྤ་ལྕོག་ལ་བཏགས་ནས་སྣེ་གཞན་དེ་སྐྲ་ལོའི་ལན་བུ་དང་ལྷན་ཅིག་ལག་གཡོན་པས་བཏེགས། ལྕགས་དཀྱུས་དཔུང་གཡས་པའི་ཐོག་ཏུ་བསྒྲོགས་ཏེ་བྲང་ཟུར་ལ་འཕྱང་འཁྲུལ་དུ་བཏགས། བྲང་ཁའི་དབུས་སུ་གཡུ་ཡིས་ལེགས་པར་བརྒྱན་པའི་གསེར་གྱི་གའུ་ཆེ་ཆུང་སྡེར་མ་ཆུང་བ་ཙམ་ཞིག་བཏགས། ཤེལ་དཀར་མར་ཞེས་ཧ་ཅང་ཆེ་བའི་བྱུ་རུའི་དོ་ཤལ་དང་། ཆེ་ཆུང་རྫོག་མགོ་ལས་ཀྱང་ཆེ་བའི་སྤོས་ཤེལ་གྱི་དོ་ཤལ་པང་དུ་སླེབས་པ་གཅིག་སྐེ་ལ་གྱོན། མདུན་གྱི་ཕྱོགས་སུ་གོས་ཆེན་གྱི་ཕོར་ཤུབས་ཤིག་དཔྱངས། ཀོ་ལྷམ་རྡོག་གཅིག་མ་ཞིག་གྱོན་ཞིང་། སྐེད་པར་སྐེད་གྲི་གཟེར་བ་བྱེད།”

བྱུ་རུ་ནི་བོད་ཡུལ་དུ་དར་སྔ་བའི་ལོ་རྒྱུས་སུ་བཤད་ལ། གཉའ་ཁྲི་བཙན་པོའི་ཡར་སྔོན་མངའ་མཛད་རྣམས་ཀྱི་དུས་སྐབས་དང་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་ནས་ཀྱང་རྒྱན་ཆ་སོགས་ཡོད་ཚུལ་དང་།  ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་ལྡན་པའི་ཆབ་མདོའི་ཁ་རུབ་གནའ་ཤུལ་ལས་ཐོན་པའི་རྡོ་དང་རུས་པ་བསྣོལ་མའི་སྐེ་རྒྱན་སོགས་ལས་མིའི་རིགས་ཀྱིས་བྱུ་རུ་ནི་རྒྱན་ཆའི་ཕྱོགས་སུ་བེད་སྤྱོད་བྱེད་བཞིན་པ་ར་སྤྲོད་བྱུང་ཡོད། བྱུ་རུ་ནི་བོད་མིའི་འཚོ་བའི་ཁྲོད་རིན་པོ་ཆེ་རྩ་ཆེན་ཞིག་ཏུ་ངོས་འཛིན་བྱེད་པ་ཡིན། བྱུ་རུ་ནི་རྒྱན་ཆ་གཅིག་པུ་ཙམ་མ་ཡིན་པར་ཆོས་ལུགས་རིག་གནས་ཁྲོད་དུ་མཆོད་རྫས་དང་། དགོན་པའི་མང་ཇའི་བསྔོ་རྟེན་སོགས་ལ་ཕུལ་ནས་བེད་སྤྱོད་བྱེད་བཞིན་པའང་ཤེས་ཐུབ།

པར་ཁུངས། དྲ་རྒྱ།

བྱུ་རུའི་ཕན་གནོད།

གཅིག། བོད་ལུགས་གསོ་རིག་ཁྲོད་ཀྱི་སྨན་ནུས།

བྱུ་རུ་ནི་མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེའི་སྨན་རིགས་ཀྱི་ཁོངས་སུ་བསྡུ་ཞིང་། རོ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྟུལ་བ། ངོ་བོའི་ནུས་པས་མཆིན་ཚད་དང༌། དུག་ཚད་སེལ། བརྒྱལ་གཟེར་དང༌། ཀླད་པའི་ནད། སྨྱོ་འབོག་འཇོམས་ཤིང༌། རྩ་དཀར་དང༌། རྩ་ནག་གི་ནད་རིགས་ཀུན་ལ་མཆོག་ཏུ་ཕན་ཞིང༌། འདུས་པའི་ནད་ལ་སོགས་པ་ནད་གཞི་སྤྱི་ལ་ཕན་པའོ། ། བྱུ་རུ་ནི་བྱུར་དམར་ཉེར་ལྔ་དང་གཡུ་རྙིང་ཉེར་ལྔ། རཏྣ་བསམ་འཕེལ། རིན་ཆེན་གྲང་སྦྱོར། རིན་ཆེན་མང་སྦྱོར། བྱུ་དམར་བདུན་ཅུ་སོགས་ལ་སྦྱོར་བ་ཡིན།《སྨོན་ལམ་ཚིག་མཛོད་》ལས།  “བྱུ་རུས་མཆིན་ཚད་རྩ་ནད་དུག་ཚད་སེལ། ། ཞེས་དང༌། ཀརྨ་རང་བྱུང་རྡོ་རྗེ་མཛད་པའི་《སྨན་ནུས་རྒྱས་པར་བཤད་པ་》ལས། “བྱུ་རུས་འདུས་པའི་ནད་ལ་ཕན།” ཞེས་གསུངས་པ་ལས་ང་ཚོས་བྱུ་རུའི་སྨན་ནུས་ཤེས་ཐུབ་ལ།  བྱུ་རུ་ནི་བོད་ལུགས་གསོ་རིགས་ཁྲོད་ཀྱི་མེད་དུ་མི་རུང་བའི་གྲུབ་ཆ་གཙོ་བོ་ཡིན་པ་ཤེས་ཐུབ།

གཉིས། བྱུ་རུ་ལུས་ལ་བཏགས་པའི་ཕན་ཡོན།

 

ཕག་གྲུའི་བརྩམས་པའི་《རིན་པོ་ཆེ་བྱུ་རུ་བཤད་པ།》ལས། “《བཤའ་ཕྲེང་མུན་སེལ་སྒྲོན་མེ་》ལས། རིན་ཆེན་ལུས་ལ་གནས་པ་ན། ། སྐྱེས་པ་བརྒྱ་ཡིས་མི་ཐུབ་ཅིང་། ། བགེགས་ནི་སྟོང་གིས་མི་ཚུགས་སོ། ། ལུས་རྩལ་ཆེ་དང་མགྱོགས་པ་དང་། ། རྟ་དང་གཡག་རྣམས་པང་དུ་ཐེག། ། བུད་མེད་སྟོང་སྤྱད་ཁུ་མི་ཉམས། ། གཞན་ཡང་ཡོན་ཏན་བརྗོད་པ་ན། ། བསྐལ་པ་སྟོང་དུ་རྫོགས་པ་མེད། ། ” ཅེས་སྤྱིར་རིན་པོ་ཆེ་ལུས་ལ་བཅངས་པའི་ནུས་པ་ཤིན་ཏུ་ཆེ་བར་བཤད་ཅིང་།   བྱེ་བྲག་ཏུ་བྱུ་རུ་ལུས་ལ་བཏགས་ན་བསྲུང་བའི་ནུས་པ་དང་ལྡན་པ་ནི། 《རྡོ་རྗེ་བདེ་ཁྲོས་རྒྱུད་ཀྱི་རྒྱལ་པོ་》ལས། “རྟེན་འབྲེལ་རྫས་ཀྱི་ལེའུའི་སྐབས། གསེར་གཡུ་བྱུ་རུ་མིག་མ་ཕུག། ། བཙན་དུག་རྨ་བྱའི་མཁྲིས་པར་བཅས། ། བཅངས་ན་བསྲུང་བའི་མཆོག་ཏུ་འགྱུར། །” ཞེས་གསུངས་པ་ལས་ཀྱང་སྔོན་ཆད་སྤོས་ཤེལ་བཏགས་ན་མིག་ལ་བཟང་ཟེར་བ་དང་། བྱུ་རུ་བཏགས་ན་སྙིང་ལ་བཟང་། གཟི་བཏགས་ན་མགོ་དང་སོ་ན་བར་ཕན་ཞེས་བཤད་སྲོལ་ཡོད། གང་ལྟར་བྱུ་རུ་ནི་རིན་པོ་ཆེ་སྣ་བདུན་གྱི་གྲས་གཅིག་ཡིན་ལ། ནད་གདོན་འགོག་པ་དང་།  བར་ཆད་བཟློག་པ། བསོད་ནམས་འཕེལ་བ། བླ་ན་མཐོ་བ་མཚོན་པའི་ཁྱད་ཆོས་ཡོད།

 

གསུམ། བྱུ་རུའི་གནོད་པ།

བྱུ་རུ་བཀོལ་སྤྱོད་བྱས་ན་གནོད་པའི་ཆ་ཡང་ཡོད་དེ། བྱུ་རུའི་སྡོང་བོ་ནི་ནགས་ཚལ་དང་འདྲ་ཞིང་ཧ་ཅང་མཁྲེགས་པོ་ཡིན་ལ། ཕྱིའི་རྣམ་པ་འདྲ་མིན་སྣ་ཚོགས་ཡོད། འོན་ཀྱང་དེ་ནི་དོན་དངོས་ཐོག་སའི་གོ་ལའི་སྟེང་གི་ལོ་རྒྱུས་རིང་ཤོས་ཀྱི་རྒྱ་མཚོའི་སྐྱེ་དངོས་ཏེ་མཚོ་གདུགས་ཀྱི་རིགས་སུ་གྱུར་བའི་སྲོག་ཆགས་ཤིག་ཡིན། མི་དམངས་དྲ་བའི་གསར་འགྱུར་སྤེལ་བ་ལྟར་ན།  “མིག་སྔར་ཤེས་རྟོགས་བྱུང་བའི་བྱུ་རུའི་བྲག་རྡོའི་ཉ་རིགས་རིགས་༦༠༠ལྷག་ཙམ་ཡོད་པ་དང་། དེའི་ནང་དུ་སྐྱེ་དངོས་དེ་བས་མང་པོ་རིགས་ཁྲི་ཡན་ཡོད། དེ་དག་ནི་ཞིམ་ཟས་ཀྱི་འབྱུང་ཁུངས་ཡིན་པ་མ་ཟད། ཐ་ན་སྨན་རྫས་གསར་པ་མང་པོ་ཞིག་ཀྱང་དེའི་ནང་ནས་ལེན་བཞིན་ཡོད།  དེའི་ནང་དུ་སྐྱེ་དངོས་དེ་བས་མང་པོ་རིགས་ཁྲི་ཡན་ཡོད། བྱུ་རུའི་བྲག་རྡོ་ནི་རྒྱ་མཚོའི་སྐྱེ་དངོས་བཞི་ཆ་གཅིག་གི་འཚོ་སྡོད་བྱེད་སའི་ཁྱིམ་གཞིས་ཡིན་ལ། གོ་ལ་ཧྲིལ་པོའི་མི་འབོར་དུང་ཕྱུར་བཅུ་ཙམ་ལ་ཟས་རིགས་དང་དཔལ་འབྱོར་གྱི་འབྱུང་ཁུངས་མཁོ་འདོན་བྱེད་ཀྱི་ཡོད་པས། བྱུ་རུའི་བྲག་རྡོ་ནི་གོ་ལ་ཧྲིལ་པོའི་ཁོར་ཡུག་དང་མིའི་རིགས་ཀྱི་སྤྱི་ཚོགས་ལ་གལ་འགངས་ཧ་ཅང་ཆེན་པོ་ཡོད་ཅེས་བཤད་ཆོག།” དེ་བས་ང་ཚོས་བྱུ་རུ་བཀོལ་སྤྱོད་བྱེད་དུས་དེའི་གནོད་པའི་ཆ་ལ་ཡང་རྟོགས་ཞིབ་དང་བསམ་བློ་གཏོང་དགོས་པར་བསམ། ང་ཚོས་རང་དགར་ལྐོག་འཛིན་དང་ཉོ་ཚོང་བྱས་ན་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་དང་ཆུ་ནང་གི་སེམས་ཅན་མང་པོ་ཞིག་གི་སྲོག་གཅོད་བཞིན་པས། འདི་ཡང་དེང་གི་འཛམ་གླིང་སྤྱིའི་འགྲོ་ཕྱོགས་ལྟར་མི་དང་རང་བྱུང་ཁམས་གཉིས་འཆམ་མཐུན་དོ་མཉམ་ཡོང་བའི་རྩ་བ་དང་འགལ་ཡོད་པར་བསམ། བྱུ་རུ་རང་དགར་ལྐོག་འཛིན་དང་ཉོ་ཚོང་། གཏོར་བརླག་བྱེད་པ་སོགས་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་ལ། བྱུ་རུ་སྲུང་སྐྱོབ་བྱེད་རྒྱུ་དེ་རང་གྱི་ཁྲིམས་ལུགས་ནང་དུ་ཡང་བཞག་ཡོད།

མདོར་བསྡུས་ན། བྱུ་རུའི་བོད་མིའི་འཚོ་བའི་ཁྲོད་དུ་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པ་མ་ཟད་བེད་སྤྱོད་རྒྱ་ཆེར་བྱེད་བཞིན་ཡོད་ལ། བོད་མིའི་ལུས་ལ་འདོགས་པའི་རྒྱན་ཆ་དང་། སྐུ་གསུང་ཐུགས་རྟེན་གྱི་ཕྲ་རྒྱན། ལྷ་ལ་མཆོད་འབུལ་བྱེད་པའི་མཆོད་རྫས། བོད་ལུགས་གསོ་རིགས་ཁྲོད་ཀྱི་མེད་དུ་མི་རུང་བའི་གྲུབ་ཆ་གཙོ་བོ་ཡིན་པ་ཤེས་ཐུབ། བོད་མི་རྣམས་རིན་པོ་ཆེ་བེད་སྤྱོད་བྱེད་པར་དགའ་བ་དང་དེ་རྩ་ཆེན་དུ་བརྩི་བ་ནི་མི་རིགས་གཞན་དང་མ་འདྲ་བ་ཞིག་ཡིན། ང་ཚོ་བོད་ཡུལ་གྱི་ས་ཆ་སོ་སོའི་ཡུལ་སྲོལ་གོམས་གཤིས་མི་འདྲ་བའི་རྐྱེན་གྱིས་རྒྱན་ཆ་འདོགས་ལུགས་ལ་ཁྱད་ཆོས་མི་འདྲ་བ་ཞིག་ཆགས་ཡོད། དུས་ད་ལྟའང་བོད་ཡུལ་གྱི་ས་ཆ་སོ་སོ་རུ་ལོ་གསར་སོགས་དུས་ཆེན་ཁག་དང་། གཞན་གྱི་ཁྱིམ་དུ་མགྲོན་པོར་འགྲོ་བ། གླིང་ཁ་སོགས་སྤྲོ་སྐྱིད་གཏོང་བ་བཅས་ཀྱི་སྐབས་སུ་རྒྱན་གོས་དང་བྱུ་རུའི་གཟབ་མཆོར་སྤྲས་པའི་སྲོལ་ཡོད། བྱུ་རུ་ནི་བོད་མིའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་དང་བོད་མིའི་འཚོ་བའི་ཁྲོད་དུ་གཞི་གཅིག་ཏུ་འདྲེས་ཡོད་པ་ཆོས་འབྱུང་ལོ་རྒྱུས་དང་། སྨན་གཞུང་། དམངས་ཁྲོད་རིག་གནས་སོགས་ལ་བལྟས་ན་གསལ་བོར་ཤེས་ཐུབ།

 

པར་ཁུངས། དྲ་རྒྱ།

 

དཔྱད་གཞིའི་ཡིག་ཆ།

༡《སྨོན་ལམ་ཚིག་མཛོད།》བློ་བཟང་སྨོན་ལམ།

༢《དུང་དཀར་ཚིག་མཛོད་ཆེན་མོ།》དུང་དཀར་བློ་བཟང་འཕྲིན་ལས།

༣《གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག།》སྡེ་སྲིད་སངས་རྒྱས་རྒྱ་མཚོ།

༤《སྨན་ནུས་རྒྱས་པར་བཤད་པ།》ཀརྨ་རང་བྱུང་རྡོ་རྗེ།

༥《རིན་པོ་ཆེ་བརྟགས་ཐབ་མདོར་བསྡུས་ཉུང་གསལ།》ཀློང་རྡོལ་ངག་དབང་བློ་བཟང་།

༦《པད་དཀར་ཆུན་པོ།》སློབ་དཔོན་ཧཱུཾ་ཆེན་ཀ་ར།

༧《པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་པོད་དང་པོ།》པཎ་ཆེན་བློ་བཟང་ཆོས་རྒྱན།

༨ ཁམས་པའི་བརྙན་འཕྲིན་ཁང་གི་《བྱམས་པའི་ཁ་བརྡ་》ལེ་ཚན། ལྟག་ཨོ་རྒྱན་ཆོས་འཕེལ་དང་དཀོན་མཆོག་བསྟན་འཛིན།

༩《རིན་པོ་ཆེ་བྱུ་རུ་བཤད་པ།》ཕག་གྲུ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1926