རྩོམ་པ་པོ། མཛོད་རྩེ་ཤེས་རབ་མཆོག་ལྡན།
གསང་བ་བས་ཀྱང་ཆེས་གསང་བ་ཐུགས་ཀྱི་ཕྱག་རྒྱ་ཆེན་མོ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །
ཐོག་མའི་ཀུན་སློང་།
དེ་ཡང་ཕག་མོའི་བརྡ་བཞིའི་དབང་འདིས་མཚོན་པའི་སྙན་བརྒྱུད་ཟབ་མོའི་གྲས་སུ་གཏོགས་པའི་ཆོས་ཀྱི་ཚུལ་འདི་དག་ལ། ཆོས་གསང་བ། བླ་མ་གསང་བ། བརྒྱུད་པ་གསང་བ། གདམས་ངག་གསང་བ་སོགས་གསང་བ་བསམ་གྱིས་མི་ཁྱབ་པ་ཤིན་ཏུ་མང་པོའི་སྒོ་ནས་རབ་ཏུ་གསང་བ་ཡིན་པས། གུས་པ་རང་ཉིད་གསང་སྔགས་རྡོ་རྗེའི་ཐེག་པའི་ཆོས་ལ་མོས་ཤིང་གུས་པའི་སྐལ་པ་ཅུང་ཟད་ཙམ་ལྡན་པའི་གང་ཟག་ཅིག་ཡིན་པའི་ངོས་ནས། འདི་དག་དང་འབྲེལ་བའི་ནང་དོན་རྣམས་ཡོངས་ཁྱབ་ཏུ་བཤད་པ་ལ་ཅུང་ཟད་འཇིགས་དགོས་པ་ལྟ་བུ་ཡང་འདུག་མོད། རེ་ཞིག་དགག་བྱ་ལས་ཀྱང་དགོས་པ་ཆེ་བར་བསམ་སྟེ་དྭགས་པོའི་སྙན་བརྒྱུད་ཀྱི་ནང་གསེས་རྡོ་རྗེ་རྣལ་འབྱོར་མའི་བྱིན་བརླབས་བརྡའ་བཞིའི་དབང་གི་ཆོས་ཚུལ་འདིའི་བརྒྱུད་པའི་སྐོར་ཅུང་ཟད་གླེང་འདོད་དོ། །སྒྲུབ་བརྒྱུད་འདི་པའི་དམ་པ་གོང་མ་ཚོས་ཟབ་ཆོས་འདི་དག་གི་གདམས་ངག་ཙམ་མ་ཟད་བླ་མའི་བརྒྱུད་པ་ཙམ་ཡང་ཤིན་ཏུ་གསང་བའི་དབང་གིས་ཕྱིས་ཀྱི་མཁས་གྲུབ་ཏུ་གྲགས་པ་མང་པོ་ཞིག་གིས་སྙན་བརྒྱུད་ཟབ་མོའི་ཆོས་སྐོར་འདི་དག་ལ་བརྒྱུད་པ་རྣམ་དག་ཙམ་ཡང་མི་འདུག་ཅེས་སོགས་ཀྱིས་ཡང་ནས་ཡང་དུ་དགག་པ་མཛད་གནང་ཡོད་མོད། བཀའ་བརྒྱུད་ཕྱོགས་ཀྱི་མཁས་གྲུབ་མང་པོ་ཞིག་གིས་དེ་དག་ལ་དགག་ལན་ཡང་ཡང་མཛད་ཟིན་པས་གཟུར་གནས་བློ་དང་ལྡན་པ་ཚོས་དགག་ལན་དེ་དག་ལ་ལན་གཅིག་ཙམ་རེ་གཟིགས་ཐུབ་ནའང་ཧ་ཅང་ཡག་པོ་ཡོད་ས་རེད་བསམ་པ་བྱུང་། ཁྱད་པར་དེང་དུས་ཀྱི་རྟོག་གེ་པ་མང་པོ་ཞིག་གིས་གསང་བའི་སྙན་བརྒྱུད་ཟབ་མོའི་ཆོས་སྐོར་འདི་དག་ལ་བརྒྱུད་པ་གཙང་མ་མེད་སྐད་དང་། མདོ་རྒྱུད་ཀྱི་ཁུངས་ལུང་མེད་སྐད་སོགས་ཡང་ནས་ཡང་དུ་བཤད་བཞིན་ཡོད་ཚུལ་ཐོས་པའི་རྐྱེན་བྱས། རང་ཉིད་ཀྱང་ཟབ་ཆོས་འདི་དག་ལ་སྤྲོ་བ་ཁྱད་པར་ཅན་ཡོད་པའི་རྒྱུ་བྱས་ཏེ། དེ་ལྟ་བུའི་རྒྱུ་རྐྱེན་གཉིས་ལ་བརྟེན་ནས་རྩོམ་འདི་འདྲ་ཞིག་འབྲི་འདོད་ཀྱི་ཀུན་སློང་བྱུང་བ་ཡིན། སྤྱིར་སྙན་བརྒྱུད་ཀྱི་བརྒྱུད་པའི་སྐོར་འདི་དག་ཕྱོགས་གཅིག་ནས་ཤིན་ཏུ་གསང་བ་ལྟ་བུར་ཆགས་ཡོད་པས། ཡང་ཕྱོགས་གཞན་ཞིག་ནས་ལོ་རྒྱུས་རིག་པ་དང་མཐུན་པའི་བརྒྱུད་པ་རྣམས་བཤད་དགོས་པ་ཡིན་ཟེར་ན་ཧ་ཅང་དཀའ་ལས་ཁག་པོ་ལྟ་བུར་ཆགས་ཡོད་པ་རེད། ཡིན་ན་ཡང་སྐབས་འདིར་ཁུངས་ཚད་ལྡན་ལ་གཏུགས་གང་ཐུབ་ཀྱིས་བརྗོད་གཞི་འདི་ཉིད་གླེང་རྩིས་ཡོད། དམིགས་བསལ་ཞུ་དགོས་པ་ཞིག་ལ། རང་རེ་བཀའ་བརྒྱུད་པ་སྤྱི་དང་ཡང་སྒོས་ཀམ་ཚང་པའི་ཁྲོད་དུ་སྙན་བརྒྱུད་ཡུམ་བཀའི་ཆོས་སྐོར་རམ་རྡོ་རྗེ་རྣལ་འབྱོར་མའི་སྨིན་གྲོལ་གྱི་གདམས་པ་ཕྱག་ལེན་བརྒྱུད་པ་དང་བཅས་པ་ཤིན་ཏུ་མང་ན་ཡང་། དེང་སང་དེ་ཚོའི་སྐོར་ལ་རྒྱུས་མངའ་ཡོད་པ་ཤིན་ཏུ་ནས་ཉུང་བའི་དབང་གིས་ཐ་ན་བཀའ་འདྲི་ཞུ་ས་ཙམ་ཡང་དཀོན་པར་མཐོང་བས། རྩོམ་འདི་ཡང་གཞན་ལུགས་དགག་པ་ལས་ཀྱང་། གཙོ་བོ་རང་རེ་ཚོའི་རྗེས་འཇུག་འགར་གོ་རྟོགས་ཅུང་ཟད་རེ་འབུལ་ཐུབ་ན་བསམ་པའི་ཀུན་སློང་ཞིག་ཀྱང་སྐྱེ་ནས་འདི་འདྲ་ཞིག་འབྲི་འདོད་བྱུང་། ཡུམ་བཀའ་ཕག་མོའི་བརྡ་བཞིའི་དབང་གི་བརྒྱུད་པའི་སྐོར་འདི་འཁོར་ལོ་སྡོམ་པའི་སྙན་བརྒྱུད་ཀྱི་གྲས་སུ་གཏོགས་པ་ཡིན་པས་ཐོག་མར་སྙན་བརྒྱུད་སྤྱི་དང་འབྲེལ་བའི་ནང་དོན་ཁ་ཤས་མ་ཞུས་ཀ་མེད་དུ་ཆགས་འདུག་པས་དེའི་སྐོར་ཞུ་རྒྱུ་ཡིན་ལ། དེའི་འོག་ཏུ་སྐབས་སུ་བབ་པའི་བརྗོད་དོན་བརྡ་བཞིའི་དབང་གི་བརྒྱུད་པའི་སྐོར་ཞུ་རྒྱུ་ཡིན། སྤྱིར་དེང་དུས་ཞིབ་འཇུག་གི་གནས་བབ་ཀྱི་ཐོག་ནས་བལྟས་ན། གསང་སྔགས་ཀྱི་བརྒྱུད་པ་འཛིན་པའི་བོད་བརྒྱུད་ནང་བསྟན་པ་ཐུན་མོང་ཐོག་ནས་གསང་སྔགས་འདི་སངས་རྒྱས་ཀྱི་བཀའ་ཡིན་པར་བསྒྲུབ་ཐུབ་ཀྱི་ཡོད་ལ་མེད་ཀྱི་མཚམས་ལ་སླེབ་འདུག་པའི་སྐབས་འདིར། ཆོས་ལུགས་ནང་ཕན་ཚུན་དུ་ཆོས་བརྒྱུད་ག་གེ་མོའི་དབང་དང་གདམས་ངག་ལ་བརྒྱུད་པ་ཡོད་མེད་དང་ཁུངས་ཐུབ་ཡིན་མིན་རྐྱང་རྐྱང་ལ་དགག་སྒྲུབ་ཀྱི་རྩོད་པ་བྱེད་བཞིན་པའི་རྣམ་པ་འདི་ནི་ཧ་ཅང་ཉམ་ཆུང་བའི་དགག་སྒྲུབ་ཀྱི་རྣམ་པ་ཞིག་སྟོན་བཞིན་ཡོད་པ་མ་ཡིན་ནམ། སྤྱིར་ང་ཚོས་རྒྱ་གཞུང་གི་ཁུངས་ཡོད་དམ་མེད། རྒྱ་གར་གྱི་མཁས་པས་དེ་འདྲ་གསུངས་ཡོད་དམ་མེད་ཅེས་པ་སོགས་ལ་དཔྱད་དགོས་པ་བདེན་མོད། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། དོན་དངོས་ཡིན་དང་མིན། ཕན་ཐོགས་ཡོད་དང་མེད་སོགས་ལ་བསམ་གཞིག་གནང་དགོས་པ་འདྲ་ལ། ཁྱད་པར་ངེད་ཀྱི་བླ་མས་གསུངས་པའི་ཕྱིར་དང་ངེད་ཀྱི་ཡིག་ཆ་ལས་བཤད་པའི་ཕྱིར་ཞེས་པའི་ར་བ་ཙམ་ལས་ཡོངས་སུ་བརྒལ་ཏེ་རྒྱལ་སྤྱིའི་ཞིབ་འཇུག་གི་གནས་བབ་ལ་དཔུང་པ་མཉམ་གཤིབ་གནང་ཐུབ་པའི་དགག་སྒྲུབ་དང་དོགས་སློང་རིགས་དགོས་གལ་ཆེ་བ་འདུག་གོ། །འོན་ཀྱང་རེ་ཞིག་མི་སྨྲ་བརྟུལ་ཞུགས་ཀྱི་ངང་དུ་འདུག་པ་ལས་ཀྱང་འདི་ཚོའི་སྐོར་ཅུང་ཟད་རེ་བཤད་ན་དགོས་པ་དང་དགེ་མཚན་ཅུང་ཟད་རེ་ཡོད་པ་མཐོང་ཞིང་། སོ་སོ་ཡང་འདི་ཚོའི་སྐོར་ལ་རྒྱུས་ལོན་དམིགས་བསལ་ཡོང་ཐུབ་པའི་འདུན་པ་དང་བཅས་གཞུང་དོན་དངོས་ལ་འཇུག་པར་བྱའོ། །
སྤྱིར་བདེ་མཆོག་སྙན་བརྒྱུད་རིན་པོ་ཆེའི་བརྒྱུད་པ་དང་འབྲེལ་བའི་སྐོར་ཅུང་ཟད་གླེང་བ།
དེ་ལ་སྤྱིར་གསང་སྔགས་ཀྱི་རྒྱུད་ལ་བཞི་སྟེ། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་བཅས་ཡོད་པ་སྟེ། རྩ་རྒྱུད་བརྟག་པ་གཉིས་པ། བཤད་པའི་རྒྱུད་སཾ་པུ་ཊ། བདེ་མཆོག་ལེའུ་ལྔ་གཅིག་རྩ་གཅིག་པ་དང་གསུམ་པོ་ལུང་མཐུན་པར། རྒོད་དང་བལྟ་དང་ལག་བཅང་དང་། །གཉིས་གཉིས་འཁྱུད་དང་དེ་བཞིན་དུ། །རྒྱུད་ཀྱང་རྣམ་པ་བཞི་རྣམས་ཀྱིས། །ཞེས་གསུངས་པ་ལྟར་འདོད་ཁམས་པའི་འདོད་ཆགས་རིགས་མི་འདྲ་བ་བཞིའི་བྱེ་བྲག་དང་གོ་བསྟུན་ནས། གསང་སྔགས་རྒྱུད་སྡེ་བཞིར་གསུངས་པར་བཤད་པ་འདི་ནི་མར་རྔོག་གི་རྒྱུད་འགྲེལ་རྣམས་ལས་འབྱུང་ཆེ་བའི་དབྱེ་བ་འབྱེད་སྟངས་ཤིག་ཀྱང་ཆགས་ཡོད། ཡང་གུར་ལེའུ་བཅུ་གསུམ་པ་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟ་ལའོ། །རྣལ་འབྱོར་མཆོག་ལ་སེམས་ཅན་མཆོག །རྣལ་འབྱོར་བླ་མེད་དེ་ལྟ་ལའོ། །ཞེས་གསུངས་པ་ལྟར་གང་ཟག་དབང་པོ་རབ་འབྲིང་ཐ་མ་ཡང་རབ་དང་རིགས་ཅན་བཞིའི་བྱེ་བྲག་དང་གོ་བསྟུན་ནས་གསང་སྔགས་རྒྱུད་སྡེ་བཞིར་གསུངས་པར་བཤད་པ་ཡང་ཡོད་པ་དང་། ཡང་ན་ཀརྨའི་ཤིང་རྟ་སོགས་ལས་གསུངས་པ་ལྟར་འཛམ་གླིང་ལས་ཀྱི་ས་པའི་མི་རིགས་མི་འདྲ་བ་བཞི་ལ་སྒོ་བསྟུན་ནས་གསང་སྔགས་རྒྱུད་སྡེ་བཞི་བཤད་པ་ཡིན་ཟེར་བ་སོགས་བཤད་ཚུལ་མང་པོ་ཞིག་ཡོད་ཀྱང་། གང་ལྟར་རྗེ་བཙུན་ལྷོ་བྲག་མར་པའི་ཞལ་ནས། འདོད་ཁམས་ཀྱི་འདོད་ཆགས་བཞིའི་བྱེ་བྲག་དང་གོ་བསྟུན་ནས། གསང་སྔགས་རྒྱུད་སྡེ་བཞིར་བཤད་ནའང་བཤད། གང་ཟག་དབང་པོ་རབ་འབྲིང་ཐ་མ་ཡང་རབ་རིགས་ཅན་བཞི་དང་གོ་བསྟུན་ནས་གསང་སྔགས་རྒྱུད་སྡེ་བཞིར་བཤད་ནའང་བཤད། ལར་གསང་སྔགས་རྡོ་རྗེ་ཐེག་པ་འདི་ལ། རྒྱུད་སྡེ་བཞིར་ཁ་ཚོན་དུ་ཆོག་པས་ཆོག་པ་ཡིན། ཞེས་གསུངས་པ་ལྟར་ཡིན། དེ་ལ་སྐབས་སུ་བབ་པ་རྣལ་འབྱོར་མ་རྒྱུད་ཀྱི་ཁོངས་གཏོགས་འཁོར་ལོ་བདེ་མཆོག་གི་ཡུམ་བཀའི་སྐོར་བཤད་པའི་སྐབས་སུ་བབ་པ་ཡིན་པས། སྤྱིར་མ་རྒྱུད་ལ་རྡོ་རྗེ་གུར་ལས། མཁའ་འགྲོ་བདེ་དང་རྒྱ་མཚོ་དང་ནི་ནམ་མཁའ་དང་། །གསེར་གྱི་ཆར་པ་དང་ནི་དགའ་ཆེན་ཟ་ནུས་དང་། །བདེ་ཆེན་སྒེག་པ་དང་ནི་གསང་བ་ཡིད་བདེ་དང་། །རྒྱུད་སྡེ་རྣམས་ལ་ཕན་པའི་རྡོ་རྗེ་མཁའ་འགྲོ་དང་། །སངས་རྒྱས་ཐམས་ཅད་དགྱེས་པ་རྡོ་རྗེ་དཀྱིལ་འཁོར་དང་། །གསང་བ་མཛོད་དང་རྡོ་རྗེ་བདུད་རྩི་ལས་བྱུང་བའི། །འཁོར་ལོ་བདེ་མཆོག་གུར་དང་ཕུན་སུམ་ཚོགས་པ་རྣམས། །རྣལ་འབྱོར་མ་རྒྱུད་རྣམས་སུ་གྲགས་པ་ཡིན། །ཞེས་གསུངས་ཡོད་པར་བརྟེན་མར་རྔོག་རྗེས་འབྲངས་དང་བཅས་པས་རྒྱུད་དེ་ཉིད་ལ་ཁུངས་བཅོལ་ནས་མ་རྒྱུད་བཅུ་བཞི་ཡི་རྣམ་བཞག་མཛད་ཀྱིན་ཡོད་པ་ཡིན་པ་དང་། མ་རྒྱུད་དུ་འཇོག་ཚུལ་ལ་ཡང་མི་འདྲ་བ་མང་དུ་ཡོད་ཀྱང་། མར་སྟོན་རྡོ་རྗེ་འཆང་ཆེན་པོའི་ལུགས་ལ་ཁྱད་ཆོས་གསུམ་པོ་གང་རུང་དང་ལྡན་ན་མ་རྒྱུད་དུ་བཞག་ཆོག་པར་གསུངས་ཡོད། དེ་ཡང་བརྗོད་བྱའི་སྒོ་ནས་མའི་རྒྱུད་དུ་བཞག་པ་དང་། དབྱེ་བའི་སྒོ་ནས་མའི་རྒྱུད་དུ་བཞག་པ། དགོས་པའི་སྒོ་ནས་མའི་རྒྱུད་དུ་བཞག་པ་ཞེས་གསུམ་གསུངས་ཡོད། འདི་དག་ལས་དགྱེས་རྡོར་གྱི་སྐོར་རྣམས་མ་རྒྱུད་དུ་འཇོག་པ་དང་གཉིས་མེད་ཀྱི་རྒྱུད་དུ་འཇོག་པ་ཅི་རིགས་ཡོད་ཀྱང་། རྔོག་ཆོས་སྐུ་རྡོ་རྗེའི་རྩ་ལྟུང་བཅུ་བཞི་པ་འགྲེལ་པ་དང་བཅས་པའི་ཊཱིཀྐ་ཞེས་པ་ལས། རྣལ་འབྱོར་ཆེན་པོའི་རྒྱུད་དེ་ལ་ཡང་གཉིས། ཕ་རྒྱུད་དང་མ་རྒྱུད་དོ། །ཕའི་རྒྱུད་གསང་བ་འདུས་པ་དང་། གཤིན་རྗེ་གཤེད་ནག་པོ་དང་། མའི་རྒྱུད་བདེ་མཆོག་དང་། དགྱེས་རྡོར་དང་། དུས་འཁོར་ལ་སོགས་པའོ། །ཞེས་དང་། ཆོས་རྗེ་དྭགས་པོའི་སློབ་མ་ལོ་ཕུག་པའི་སློབ་མ་གསེར་སྡིངས་པ་གཞོན་དུ་འོད་ཀྱིས་མཛད་པའི་དཔག་བསམ་ལྗོན་ཤིང་ཞེས་པ་ལས། བདེ་སྟོང་གཙོ་བོར་སྟོན་པ་བདེ་མཆོག །དགྱེས་རྡོར། མ་ཧཱ་མ་ཡ། གདན་གཞི། དུས་འཁོར་མ་རྒྱུད། ཅེས་གསུངས། དེས་ན་མཁས་པ་ལས་དེ་དག་ལ་བསམ་ན་མར་རྔོག་རྗེས་འབྲང་གི་བཀའ་བརྒྱུད་པ་ཚོས་དགྱེས་རྡོར་དང་དུས་འཁོར་སོགས་ལ་ཟབ་ཁྱད་མེད་པར་འདོད་དགོས་པ་དང་། དགྱེས་རྡོར་མ་རྒྱུད་དུ་འདོད་པའི་སྐབས་དེར་དུས་འཁོར་ཡང་དེ་ལྟར་འདོད་དགོས་པ་དང་། དུས་འཁོར་གཉིས་མེད་རྒྱུད་དུ་བཤད་སྐབས་དགྱེས་རྡོར་ཡང་དེ་ལྟར་བཤད་དགོས་པར་བསྒྲུབ་མཛད་ཀྱིན་ཡོད་པ་རེད། མ་ཟད་དེ་ཡང་སྤྱིར་རྒྱུད་སྡེ་གོང་མའི་དབང་ཐོབ་ན་རྒྱུད་སྡེ་འོག་མ་ཐམས་ཅད་ཀྱི་དབང་ཐོབ་པར་འགྱུར་ཞེས་བཤད་པ་ལ། ཡང་ལ་ལའི་བཞེད་པ་ལ། དུས་འཁོར་གྱི་དབང་ཐོབ་ན་ཀྱཻ་རྡོར་མ་གཏོགས་པའི་གཞན་ཐམས་ཅད་ཀྱི་དབང་ཐོབ་པ་དང་། ཀྱཻ་རྡོར་གྱི་དབང་ཐོབ་ན་དུས་འཁོར་མ་གཏོགས་པའི་གཞན་དག་ཐམས་ཅད་ཀྱི་དབང་ཐོབ་པ་ཡིན་ཞེས་ཟེར་ལ། དེའི་རྒྱུ་མཚན་ཡང་། བརྟག་གཉིས་ལས། སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་དགྱེས་པ་རྡོ་རྗེ་བརྩམས། །ཞེས་གསུངས་པ་དང་། དུས་འཁོར་ལས། རྒྱུད་རྣམས་མ་ལུས་ཀུན་གྱི་སྒྲུབ་པོར་འགྱུར། །ཞེས་གསུངས་པ་གཉིས་ལ་བརྟེན་ཏོ། །དེར་མ་ཚད་འཁོར་ལོ་སྡོམ་པ། གསང་བ་འདུས་པ། དུས་འཁོར། དགྱེས་རྡོར་སོགས་བླ་མེད་གང་གི་དཀྱིལ་འཁོར་དུ་དབང་ཐོབ་ཀྱང་རྒྱུད་སྡེ་བཞི་ཡི་ལྷ་ཐམས་ཅད་ཀྱི་དབང་ཐོབ་པར་འགྱུར་ཏེ། དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བཀའ་ཐོབ་ན། དེའི་གདན་རྒྱལ་པོ་གཞན་ལ་བཀའ་ཞུ་དགོས་དོན་མེད་པ་ནང་བཞིན་ཡིན་ནོ་ཞེས་ཟེར། དེའི་ཕྱིར་གོང་དང་བླ་ན་མེད་གཞན་མེད་པས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཅེས་བྱ་བ་ཡིན་གསུངས་མཁན་ཡོད། དེ་ལྟར་མ་ཡིན་པར་བླ་མེད་རང་ལ་ཡང་ཐབས་ཤེས་ཆ་མཉམ་དང་ཤས་ཆེ་ཆུང་གིས་ཕ་མ་གཉིས་མེད་རྒྱུད་གསུམ་དུ་དབྱེ་བ་ཡོད་མོད། དེ་ལའང་གོང་འོག་དང་རྗེ་འབངས་ཀྱི་ཁྱད་འབྱེད་དགོས་ན་མི་འཐད་ཟེར་མཁན་ཧ་ཅང་མང་། རྗེ་རང་བྱུང་ཞབས་ཀྱིས་ཀྱང་བླ་མེད་ཀྱི་རྒྱུད་ཐམས་ཅད་ལ་གོང་འོག་མེད་པར་གསུངས། འོན་ཀྱང་ཀུན་མཁྱེན་མི་བསྐྱོད་པའི་ལུགས་ལ་ནི་དུས་འཁོར་གཉིས་མེད་ཀྱི་རྒྱུད་མཐར་ཐུག་ཏུ་བཤད་ནས་འོད་གསལ་ཕྱག་རྒྱ་ཆེན་པོ་མཐར་ཐུག་ལེགས་པར་མཐོང་ནུས་པའི་རྒྱུད་དང་། བདེ་དགྱེས་གསང་གསུམ་ལ་སོགས་པའི་ཕ་མའི་རྒྱུད་སྡེ་ཐམས་ཅད་ཀྱིས་འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་བར་མི་འགྱུར་ཞེས་དགོངས་ཚུལ་དམིགས་བསལ་བ་ཞིག་གསུངས་ཡོད་པ་ལྟར་སྣང་བས་བློ་དང་ལྡན་པ་ཚོས་དེ་དག་ལ་དཔྱད་གལ་ཆེ། རྗེ་མི་བསྐྱོད་པའི་བཤད་ཚུལ་དེ་མར་རྔོག་གི་དགོངས་པ་ཡིན་མིན་ནི་དཔྱད་གཞི་ཁོ་ན་ལས་མ་འདས་པས་འདི་དག་གི་སྐོར་ལ་ཡང་ང་ཚོས་ངེས་པར་དུ་ཐུགས་བསམ་བཞེས་དགོས་ས་ཧ་ཅང་མང་པོ་མཐོང་། རྒྱུད་སྡེ་དང་འབྲེལ་བའི་ལག་ལེན་རྣམས་གལ་ཆེ་ཡང་། ཐོག་མར་རྒྱུད་སྡེ་འདི་དག་གི་འཕེལ་རིམ་དང་ལོ་རྒྱུས་ཙམ་ཞིག་ཤེས་རྒྱུ་དེའང་ཧ་ཅང་གལ་ཆེ་བར་མ་ཟད། འདི་དག་གི་ནང་དོན་གསལ་པོ་ཞིག་ངེས་རྒྱུ་དེའང་ཤིན་ཏུ་ནས་གལ་ཆེ་བར་སྣང་ངོ་། །དེ་ཡང་མ་རྒྱུད་བཅུ་གསུམ་གྱི་ནང་ཚན་དུ་གྱུར་པའི་བདེ་མཆོག་གི་སྐོར་འདི་ལའང་སྤྱི་བཏང་ནས་གཉིས་མེད་ཀྱི་རྒྱུད་དུ་བཤད་པ་དང་མ་རྒྱུད་དུ་བཤད་པའི་རིགས་གཉིས་ཡོད་པ་མཐོང་རྒྱུ་ཡོད་པ་མ་གཏོགས། ཕ་རྒྱུད་དུ་བཤད་པ་འདི་ཆེས་དཀོན་པོ་ཡིན་འདུག་པ་ལ་བསམ་ན་རྒྱུད་ཊཱིཀ་ཟིན་བྲིན་ནས་བདེ་མཆོག་ཕ་རྒྱུད་དུ་བཤད་པ་དེ་ལ་དོགས་པ་ཆེན་པོ་ཞིག་ཆགས་ཡོད། མཁས་པ་ལ་ལས་ཟེར་ན་བཤད་ཚུལ་དེ་མར་པ་ལོ་ཙཱའི་གཞུང་གི་བཤད་ཚུལ་སྤྱི་དང་འགལ་བས་རྒྱུད་ཊཱིཀ་ཟིན་བྲིས་དེ་ལྷོ་བྲག་པས་མཛད་པ་མ་རེད་ཅེས་གསུངས་མཁན་ཡོད་པ་མ་ཟད། མར་དོས་མཛད་མིན་ལ་དོགས་པ་མཛད་བཞིན་འདུག་ཀྱང་། བཤད་ཚུལ་འདི་དང་འདི་ལྟ་བུ་མང་པོ་ཞིག་མར་དོའི་གཞུང་བཤད་སྤྱི་དང་ཡང་འགལ་བས་དཔྱད་དགོས་པའི་གནས་ཡིན། གསེར་སྡིངས་པའི་གཞུང་དེའི་ནང་དུ་གདན་གཞི་ལ་སོགས་པ་དེ་གཉིས་མེད་ཀྱི་རྒྱུད་དུ་བཞག་པའི་བཤད་ལུགས་ཤིག་ཀྱང་ཡོད། ཡིན་ན་ཡང་མགར་སྟོན་བཀྲ་ཤིས་དབང་ཕྱུག་གིས་མཛད་པའི་མ་ཧཱ་མ་ཡའི་རྒྱུད་འགྲེལ་ལས་དེ་དག་ཚང་མ་དགག་ནས་གུར་ནས་བཤད་པ་བཞིན་དུ་མ་རྒྱུད་ཁོ་ནར་བཞེད་དགོས་པའི་སྐོར་སྒྲུབ་བྱེད་དང་བཅས་པ་གསུངས། དེ་དག་གི་སྐོར་ལ་འདྲ་མིན་མང་པོ་བཤད་རྒྱུ་འདུག་ཀྱང་རེ་ཞིག་དེ་ཙམ་བྱའོ། །
དེ་ལ་སྤྱིར་མ་རྒྱུད་ཀྱི་ནང་ནས་ཐོག་མར་ཀྱཻ་རྡོར་དར་ཞིང་ཀྱཻ་རྡོར་གྱི་འགྲོ་དོན་ཁྱབ་ཟིན་པའི་རྗེས་སུ་ད་གཟོད་བདེ་མཆོག་གི་རྒྱུད་སྐོར་གྱི་འགྲོ་དོན་དར་ཁྱབ་སོང་བ་ལྟ་བུར་ཆགས་ཡོད། དེ་ཚོའི་སྐོར་རྒྱས་པ་བཤད་ན་ཡིག་ཚོགས་མང་བར་འགྱུར་བས་སྐབས་སུ་བབ་པའི་བརྗོད་དོན་དངོས་ལ་འཇུག་པར་བྱ། སྤྱིར་བདེ་མཆོག་གི་རྒྱུད་ལ་རྒྱས་པ་ཤོ་ལོ་ཀ་འབུམ་ཕྲག་གསུམ་པ་དང་། འབྲིང་ཤོ་ལོ་ཀ་འབུམ་པ། བསྡུས་པ་ཉུང་ངུའི་རྒྱུད་ཤོ་ལོ་ཀ་བདུན་བརྒྱ་པ་ལེའུ་ང་གཅིག་པ་བཅས་གསུམ་དུ་བཞུགས་པ་གསལ་བ་ལས་ད་ལྟ་དངོས་སུ་བཞུགས་པ་ནི་ཕྱི་མ་ཙམ་ཡིན། བདེ་མཆོག་ཉུང་ངུའི་རྩ་རྒྱུད་ལ་བཤད་རྒྱུད་ཐུན་མོང་མ་ཡིན་པ་རྡོ་རྗེ་མཁའ་འགྲོ་དང་། རྡོ་རྗེའི་མཁའ་འགྲོའི་རྒྱུད་ཕྱི་མ་དང་། སྡོམ་འབྱུང་དང་། མངོན་བརྗོད་བླ་མ་དང་། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་བཅས་བཞི་དང་། ཐུན་མོང་བའི་བཤད་རྒྱུད་ཁ་སྦྱོར་དང་བཅས་བཤད་རྒྱུད་ལྔར་ངེས་པ་ཡིན། ཕྱོགས་མཐུན་གྱི་རྒྱུད་ལ་མཁའ་འགྲོ་རྒྱ་མཚོ་ཧེ་ཀ་རུ་ཀ་མངོན་འབྱུང་དང་། རྣལ་འབྱོར་མ་བཞིའི་ཞལ་སྦྱོར་བའི་བརྒྱུད་རྣམས་ཡིན། དགོངས་འགྲེལ་གྱི་བཤད་སྲོལ་ལ་གྲུབ་ཆེན་ལཱུ་ཧི་པ་དང་། ནག་པོ་སྤྱོད་པ་དང་། དྲིལ་བུ་པའི་ལུགས་གསུམ་བཞུགས། སྤྱིར་བདེ་མཆོག་གི་རྒྱུད་སྐོར་ཇི་ལྟར་དར་བའི་ཚུལ་ནི་གླེང་གཞི་དང་བདེ་མཆོག་གི་ཆོས་འབྱུང་རྒྱས་པ་རྣམས་སུ་གསལ་བས་འདིར་རྒྱས་པར་བཤད་མི་དགོས། འོན་ཀྱང་ཅུང་ཟད་རེ་བརྗོད་ན། དེ་ཡང་དྭགས་པོ་རིན་པོ་ཆེའི་ཚོགས་ཆོས་ལེགས་མཛེས་མ་ལས། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཀྱང་བསྡུ་ན་རྣམ་པ་གཉིས། ཤེས་བྱ་ལ་སྒྲོ་འདོགས་གཅོད་པར་བྱ་བའི་ཕྱིར་མདོ་རྒྱུད་ཀྱི་བཤད་པ་དང་། དེའང་དོན་རྒྱུད་ལ་བཀལ་བའི་ཕྱིར། སྙན་བརྒྱུད་གདམས་ངག་གི་དོན་བཤད་པའོ། །དེ་ལྟར་ཡང་གཉིས་ཡོད་པ་ལས་དང་པོ་ནི། དེ་ཤེས་བྱ་དོན་སྤྱིའི་རྣམ་པ་ལ་ཤོར། དེ་ལ་འགྱངས་པས་རྒྱུད་ཐོག་ཏུ་བཀལ་ནས་ཉམས་སུ་ལེན་མ་ཤེས། དེ་མ་ཤེས་པས་ཉོན་མོངས་པ་དང་རྣམ་པར་རྟོག་པའི་གཉེན་པོར་མི་འགྲོ་བར་འདུག་པས་དང་པོ་མི་སྟོན། ཞེས་གསུངས་པ་ལྟར་རྒྱུད་ཐུན་མོང་ལྟར་དུ་བཤད་པའི་རིམ་པ་དང་། ཐུན་མོང་མ་ཡིན་པ་སྙན་བརྒྱུད་ཀྱི་དོན་ལྟར་བཤད་པའི་རིམ་པ་སྟེ་གཉིས་ཡོད་པ་ལས། སྐབས་སུ་བབ་པ་སྙན་བརྒྱུད་ཀྱི་རིམ་པ་ཉིད་བཤད་པའི་སྐབས་སུ་བབ་པ་ལ། དེ་ལ་སྤྱིར་རྒྱུད་འདིའི་དགོངས་པ་འགྲེལ་པ་ལ་ཡོངས་སུ་གྲགས་པ་སྨིན་གྲོལ་སྒྲུབ་ཐབས་ཀྱི་བཀའ་སྲོལ་དགུ་ཞེས་པ་ཡིན་ཏེ། དང་པོ་ཆོས་རྒྱལ་རབ་གསལ་ཟླ་བའི་ལུགས་ཞྭ་ལུ་བ་དང་བོ་དོང་བ་དང་རྗེ་ཀརྨ་པའི་སྲོལ་འཛིན་རྣམས་ལ་དར་ཡོད། གཉིས་པ་ལཱུ་ཧི་པའི་ལུགས་ལོ་ཆེན་རིན་བཟང་གི་བསྒྱུར་བ་ཇོ་བོ་བཀའ་གདམས་པ་སོགས་ལ་དར་ཞིང་མལ་གྱོ་ལོ་ཙཱ་བས་བསྒྱུར་བ་ས་སྐྱ་པ་དང་བུ་ལུགས་དང་བོ་དོང་དགའ་ལྡན་པ་སོགས་ལ་དར་ཡོད། གསུམ་པ་ནག་པོ་པའི་ལུགས་མལ་ལོ་ཙཱ་བས་བསྒྱུར་བ་དཔལ་ལྡན་ས་སྐྱ་པ་དང་བུ་ལུགས་དང་བོ་དོང་སོགས་ལ་དར། བཞི་པ་དྲིལ་བུ་པའི་ལུགས་མལ་ལོ་ཙཱ་བས་བསྒྱུར་བ་ས་སྐྱ་པ་དང་བུ་ལུགས་དང་བོ་དོང་བ་དང་སྐྱེ་མཆོག་འབའ་ར་བའི་རྒྱུད་འཛིན་རྣམས་ལའང་དར། གྲུབ་ཆེན་ལཱུ་ནག་དྲིལ་གསུམ་གྱི་ལུགས་ལ་ནི་རྒྱུད་ནི་རྩ་རྒྱུད་སྤྱི་དང་ཕལ་ཆེར་མཐུན་ལ་སྒྲུབ་ཐབས་སྨིན་གྲོལ་རྣམས་ནི་སློབ་དཔོན་སོ་སོས་མཛད་ཡོད། དྲིལ་བུ་པའི་ལུགས་དཔལ་རྒ་ལོས་བསྒྱུར་བ་ཚལ་པ་བཀའ་བརྒྱུད་པ་དང་ཐེལ་པ་བཀའ་བརྒྱུད་སོགས་ལ་གྲགས་ཤིང་དར་བ་དང་། ལྷན་སྐྱེས་ནི་དེ་གཉིས་དང་དཔལ་ལྡན་འབྲུག་པ་དང་ས་སྐྱ་པ་ལའང་གྲགས་ཤིང་དར། རྒ་ལུགས་འདི་རྗེ་དུས་མཁྱེན་ལའང་བརྒྱུད་ཡོད། ལྔ་པ་གྲུབ་ཆེན་ལྭ་ཝ་པའི་ལུགས་ནི་བོད་དུ་ཧ་ཅང་དར་རྒྱས་ཆེར་མེད་པའི་རྣམ་པ་ཡོད་སྐད་ཐོས། དྲུག་པ་ཀླུ་སྒྲུབ་ཀྱི་ལུགས་དྲུག་ཅུ་རྩ་གཉིས་པ་ནི་ཁྱུང་པོས་སྤྱན་དྲངས་ཏེ་ཤངས་པ་བཀའ་བརྒྱུད་པ་རྣམས་ལ་ཡོད་པ་མ་ཟད་གཞན་ལའང་གྲགས་ཤིང་དར། བདུན་པ་རྒྱལ་པོ་ཨིནྡྲ་བྷོ་དྷིའི་ལུགས་ནི་རྗེ་མར་པས་སྤྱན་དྲངས་ནའང་དར་རྒྱས་ཆུང་ཞེས་རས་པ་སྣ་ཚོགས་མིང་ཅན་གྱིས་གསུངས། བརྒྱད་པ་མངའ་བདག་མཻ་ཏྲི་པའི་ལུགས་ནི་རས་ཆུང་པ་ནས་དཔལ་ལྡན་འབྲུག་པའི་ཕྱོགས་ལ་དར་བ་དང་ཕྱིས་སུ་པཎ་ཆེན་ནག་རིན་གྱི་རྗེས་འབྲངས་རྣམས་ལའང་དར། རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེས་མཛད་པའི་བླ་མ་མར་པའི་རྣམ་ཐར་ལས། ཇོ་བོ་མངའ་བདག་མཻ་ཏྲི་པ་ལྷོ་དཔལ་གྱི་རི་ལ་ལོག་མ་ཐག །རྡོ་རྗེ་གདན་དུ་བྱོན་པ་ལ། དགྱེས་རྡོར། བདེ་མཆོག །གདན་བཞི་ལ་སོགས་པ་མང་དུ་ཞུས་ནས། ཞེས་གསལ་བ་ལྟར་ན་མངའ་བདག་མར་པ་ལོ་ཙཱ་ལ་མཻ་ཏྲི་པའི་ལུགས་ཀྱི་བདེ་མཆོག་གི་བརྒྱུད་པ་ཡོད་པ་ཡང་གསལ། དགུ་པ་བྲམ་ཟེ་སྤྱན་གསུམ་པའི་ལུགས་ཀྱི་ལྷན་སྐྱེས་ནི་གཙོ་བོར་ཤངས་པ་བཀའ་བརྒྱུད་པ་རྣམས་ལ་དར་ཞིང་གཞན་ལའང་དར། གཞན་ཡང་བོད་འདིར་མར་དོའི་བརྒྱུད་པ་སོགས་གླེང་བྱ་མང་དུ་ཡོད་ཀྱང་རེ་ཞིག་བཞག །དེ་ཡང་རྗེ་སྒམ་པོ་པའི་རྡོ་རྗེའི་མགུར་ལས། རྒྱུད་སྡེ་བཞིའི་བཅུད་ཕྱུང་ནས། །སྙན་བརྒྱུད་ཚིག་གིས་མ་བསླད་པར། །ངོ་སྤྲོད་མ་བུ་ཕྲད་པ་འདྲ། །ཐབས་ལམ་ཟབ་མོ་འདི་དང་རེ་སྤྲོ། །ཞེས་གསུངས་པ་ལྟར་ཟབ་མོ་མདོ་རྒྱུད་ཐམས་ཅད་ཀྱི་ཡང་སྙིང་བདེ་མཆོག་མཁའ་འགྲོའི་སྙན་བརྒྱུད་ཀྱི་ལུགས་ཡབ་བཀའ་ཡུམ་བཀའི་དཀྱིལ་འཁོར་དགུའི་སྨིན་གྲོལ་ཡོངས་སུ་མ་གྲགས་པའི་ཆིག་བརྒྱུད་ཟབ་མོ་དེ་རྗེ་མར་པས་སྤྱན་དྲངས་པ་ཡིན། སྤྱིར་རྙིང་ཕྱོགས་སུའང་བདེ་མཆོག་སྙན་བརྒྱུད་དུ་གྲགས་པ་ཅི་རིགས་ཤིག་དར་མྱོང་བ་འདྲ་སྟེ། ལྔ་པའི་གསན་ཡིག་ལས་ཉང་ལུགས་ཀྱི་བདེ་མཆོག་མཁའ་འགྲོའི་སྙན་བརྒྱུད་ཀྱི་སྐོར་ཞིག་གསལ་བ་དང་། ལྷག་པར་འབྲུག་ཆེན་ཆོས་རྗེ་ཆོས་གྲགས་ལ་རྗེ་བཙུན་རས་ཆུང་པས་དག་སྣང་དུ་སྩལ་བར་གྲགས་པའི་བདེ་མཆོག་སྙན་བརྒྱུད་གསར་མ་ཞེས་པ་ཞིག་ཀྱང་ཡོད་པ་འདྲ། གཞན་ཡང་མར་པ་ལོ་ཙཱ་བས་སྤྱན་དྲངས་པ་ལས་གཞན་བདེ་མཆོག་མཁའ་འགྲོའི་སྙན་བརྒྱུད་དུ་གྲགས་པ་འགའ་ཡང་ཡོད་དེ། གྲུབ་ཆེན་སིངྷ་ཀིརྟིའི་ལུགས་བདེ་མཆོག་ལྷ་ལྔའི་བསྐྱེད་རྫོགས་རྣམས་པཎ་ཆེན་ག་ཡ་དྷ་རས་རང་བསྒྱུར་དུ་མཛད་པ་སྐྱོ་འོད་འབྱུང་ལ་གསུངས་པ་དང་། པན་ཆེན་དོན་ཡོད་རྡོ་རྗེའི་ལུགས་ཀྱི་བདེ་མཆོག་ལྷན་སྐྱེས་ཀྱི་སྨིན་གྲོལ་བསྐྱེད་རྫོགས་རྗེ་རས་ཆུང་པ་ལ་བརྒྱུད་ཡོད་པ་དང་། གཞན་ཡང་མཚོ་ཁ་རས་པས་སྤྱན་དྲངས་པ་རྣམས་ཀྱང་བཀའ་བརྒྱུད་པ་ལ་གྲགས་ཤིང་དར་ཞེས་བཤད་སྲོལ་ཡོད་ལ། དེ་ཐམས་ཅད་ཀྱང་སྙན་བརྒྱུད་ཀྱི་གྲས་ཡིན་པའི་བཤད་སྲོལ་ཡོད། སྐབས་འདིར་དེ་དག་ཀུན་ལས་ཁྱད་པར་དུ་གྱུར་པ་རྗེ་མར་པ་ལོ་ཙཱ་ནས་བརྒྱུད་པའི་བདེ་མཆོག་མཁའ་འགྲོའི་སྙན་བརྒྱུད་ཀྱི་གདམས་སྲོལ་གྱི་བརྒྱུད་པའི་སྐོར་བཤད་དགོས་པ་ཡིན། གངས་རིའི་ལྗོངས་འདིར་བདེ་མཆོག་མཁའ་འགྲོའི་སྙན་བརྒྱུད་ཀྱི་སྨིན་གྲོལ་གྱི་གདམས་པ་དར་ཞིང་རྒྱས་པ་ན་མཁས་པ་མང་པོ་ཞིག་གིས་སྙན་བརྒྱུད་དུ་གྲགས་པ་འདི་ནི་བརྒྱུད་པ་ཚད་ལྡན་མེད་པའི་ཆོས་ལོག་ཅིག་ཡིན་པའི་སྐོར་སོགས་མང་དུ་གསུངས་ཤིང་། སྙན་བརྒྱུད་ཀྱི་རྩ་གཞུང་རྡོ་རྗེ་ཚིག་རྐང་སོགས་གཞུང་མང་པོ་ཞིག་གསར་རྩོམ་ཡིན་པའི་སྐོར་དང་རས་ཆུང་སྙན་བརྒྱུད་སོགས་ཀྱང་མར་དོ་ནས་བརྒྱུད་པ་ཡིན་པའི་དོགས་པ་ཡོད་ཚུལ་དང་། དྭགས་པོ་སྙན་བརྒྱུད་ཀྱི་བརྡ་བཞིའི་དབང་ཡང་སྐོར་ནི་རུ་པ་ལས་བརྒྱུད་པ་ཡིན་པའི་དོགས་པ་ཡོད་པ་སོགས་དགག་པ་འདྲ་མིན་སྣ་ཚོགས་པ་བརྗོད་ཡོད། དེ་ཡང་ཆག་ལོ་ཙཱ་བ་དང་། བཅོམ་ལྡན་རིག་རལ། ས་པན། ཇོ་ནང་རྗེ་བཙུན་སོགས་ཀྱིས་དོགས་སློང་སྣ་ཚོགས་པ་མཛད་གནང་ཡོད་པས་དེ་དག་ལས་འཕྲོས་ཏེ་དཔྱད་བརྗོད་ཅུང་ཟད་ཅིག་བྱས་ན། ཆག་ལོས་མཛད་པའི་སྔགས་ལོག་སུན་འབྱིན་ལས། ཡང་བླ་མ་རས་ཆུང་པས་བདེ་མཆོག་སྙན་བརྒྱུད་ལ་བསླད་ནས། ཏི་ཕུ་བ་ལ་ཁུངས་ཕྱུང་ནས་རྫོགས་རིམ་འདྲ་མིན་བརྩམས། དེ་འདྲ་མུ་སྟེགས་པའི་སྒྲུབ་ཐབས་མང་པོ་བསྲེས་པའི་སྐྱོན་སྣང་ཡང་། ཞེས་དང་། བཅོམ་ལྡན་རིག་རལ་གྱི་གྲུབ་མཐའ་རྒྱན་གྱི་མེ་ཏོག་ལས། གཏེར་མ་རྙིང་མ་སྙན་བརྒྱུད་སོགས། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི། །དོན་དང་མཐུན་ན་སྐྱོན་མེད་ཡིན། །མི་མཐུན་རང་བཟོར་ཤེས་པར་བྱ། །ཁུངས་ཐུབ་པའི་རྒྱ་གཞུང་མེད་པར་རྣ་བར་བརྒྱུད་ནས་བྱུང་བ་ནི་སྙན་བརྒྱུད་དེ། བཀའ་ཕྱག་གི་མན་ངག་རྣམས་དང་། ཕྱག་རྒྱ་ཆེན་པོ་དང་། རྫོགས་པ་ཆེན་པོ་དང་། ཞི་གཅོད་ལ་སོགས་པ་གཞུང་མེད་པ་རྣམས་དང་། ལམ་འབྲས་ལ་སོགས་པ་ལམ་སྐོར་གཞུང་མེད་པ་རྣམས་དང་། བདེ་མཆོག་སྙན་བརྒྱུད་ལ་སོགས་པ་རྣམས་སོ། །ཞེས་སོགས་གསུངས་པ་དང་། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་ཇོ་ནང་རྗེ་བཙུན་ཆེན་པོའི་རྡོ་རྗེ་ཐེག་པའི་གནས་ལུགས་གསལ་བྱེད་ཅེས་བྱ་བ་ལས། དེ་ལྟར་ན་མར་པ་ལ་ནི་གསང་འདུས་འཕགས་སྐོར་དང༌། དགེས་སྐོར་དང༌། མ་ཧཱ་མ་ཡ་དང༌། གདན་བཞིའི་ཆོས་སྐོར་རྣམས་ཟབ་རྒྱས་སུ་བཞུགས།སངས་རྒྱས་ཐོད་པའི་དབང་རྒྱུན་ཙམ་ཡོད། འཁོར་ལོ་སྡོམ་པའི་ཆོས་སྐོར་ནི་རྫོགས་པར་མི་བཞུགས་པས། མར་པ་ནས་བརྒྱུད་པའི་བདེ་མཆོག་གི་སྐོར་ཡིན་ཟེར་བ་རྣམས་ནི་བོད་དུ་གསར་བཅོས་ཡིན་པར་ངེས་སོ། །ཞེས་གསུངས་པའི་སྐབས་སུ་ཟུར་ཟ་མཛད་ས་དེ་སྙན་བརྒྱུད་པ་རྣམས་ཡིན་པ་ཧ་ཅང་གསལ་པོ་ཡིན། ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས། རྡོ་རྗེ་ཕག་མོའི་བྱིན་བརླབས་ནི། །མར་པ་ལྷོ་བྲག་པ་ལ་མེད། །མར་པའི་བརྒྱུད་པ་འཛིན་བཞིན་དུ། །ཕག་མོས་ཆོས་སྒོ་འབྱེད་པ་ནི། །རྒྱུད་དང་འགལ་བ་ལྟ་ཅི་སྨོས། །རང་ལུགས་དང་ཡང་འགལ་བ་ཡིན། །ཞེས་སོགས་གསུངས་ཡོད། སྡོམ་གསུམ་རབ་དབྱེ་འདི་ས་པཎ་གྱིས་མཛད་མིན་ལ་དོགས་པ་གནང་མཁན་ཕལ་ཆེར་མེད་ཅིང་། སྔོན་གྱི་ས་བཀའི་མཁས་པ་ཕལ་མོ་ཆེས་ས་པཎ་གྱིས་མཛད་པ་གཞིར་བཞག་མཛད་ཡོད། འོན་ཀྱང་རྗེ་བཙུན་གཙང་པ་ཧེ་རུ་ཀ་དེ་ཉིད་མཛད་པའི་དབང་བཞིའི་བཤད་པ་ལས། རྗེ་རིན་པོ་ཆེ་གཙང་པ་ཧེ་རུ་ཀ་དེ་ཉིད་ཆུ་བར་ན་བཞུགས་དུས་བྱང་ངམ་རིངས་ཆོས་སྡེའི་སློབ་དཔོན་དཔོན་སློབ་ལྔ་ཙམ་ཞིག་གསུང་ཆོས་ཞུ་རུ་བྱུང་བའི་ཚེ། རྗེ་རིན་པོ་ཆེ་དང་ཞལ་མཇལ། གྲལ་ན་འདུག་པའི་འཕྲོས་གཏམ་ལ། དབང་བཞིའི་འགྲེལ་གཏམ་མང་དུ་བྱུང་བ་ལས། རྗེ་དཔལ་ལྡན་ས་སྐྱ་པའི་ལུགས་ལ་དབང་བཞི་རེ་རེ་ལའང་བཞིར་བཞིར་བྱེད་པའི་ལུགས་ཡོད་དམ་གསུངས་པས། ལམ་འབྲས་ཞུ་མྱོང་བ་གཅིག་ན་རེ། ཡོད་པ་སྲིད། བདག་གིས་མ་ཐོས་ལགས། བཀའ་བརྒྱུད་པའི་ལུགས་ལ་ཡོད་དམ་ལགས་སམ་ཞུ་ཞིང་འདུག་པ་ལ། རྗེའི་གསུང་ནས། སྡོམ་གསུམ་རབ་དབྱེ་འདི་འགྲོ་བའི་མགོན་པོ་དཔལ་ལྡན་ས་སྐྱ་པཎྡི་ཏས་མཛད་པ་མ་ཡིན་ཏེ། མ་ཡིན་རུང་། དཔལ་ལྡན་ས་སྐྱ་པ་རང་གི་དགེ་བཤེས་གྲག་པ་འགའ་ཞིག་གིས་ཀྱང་ཡིན་པར་བཞེད་པའི་སྡོམ་གསུམ་རབ་དབྱེ་ནས། ངེད་བཀའ་བརྒྱུད་པ་ལ་དབང་གི་རྒྱུན་ཆད་ཟེར་བ། ཞེས་སོགས་གསལ་ཡོད། གང་ལྟར་རེ་ཞིག་སྡོམ་གསུམ་རབ་དབྱེ་ས་པཎ་གྱིས་མཛད་པ་གཞིར་བྱས་ནས་ཞུ་རྒྱུ་ཡིན།
སྙན་བརྒྱུད་ཀྱི་སྨིན་ལམ་ཕག་མོའི་བརྡ་དབང་གི་བརྒྱུད་པའི་སྐོར་གླེང་བ་ལ་ཐོག་མར་སྙན་བརྒྱུད་ཀྱི་སྐོར་ཅུང་ཟད་མ་གླེང་རང་གླེང་ཆགས་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས། བརྡ་བཞིའི་དབང་གི་ཁུངས་དང་རྒྱབ་རྟེན་གྱི་སྐོར་འོག་ནས་འཆད་པར་འགྱུར་ལ་འདིར་ཐོག་མར་བརྒྱུད་པའི་སྐོར་ནས་ཅུང་ཟད་གླེང་བ་ལ་སྔོན་དུ་སྙན་བརྒྱུད་ཀྱི་བརྒྱུད་པའི་སྐོར་ནས་ཅུང་ཟད་གླེང་དགོས་པ་ཆགས་ཡོད། དེ་ཡང་ཐོག་མར་རྗེ་མར་པ་ལྷོ་བྲག་པ་ལ་བདེ་མཆོག་མཁའ་འགྲོའི་སྙན་བརྒྱུད་ཀྱི་བརྒྱུད་པ་ཡོད་དམ་མེད་ཅེ་ན། འདི་ལ་ཐོག་མར་རྗེ་མར་པའི་རྣམ་ཐར་ཁག་ལས་ཇི་ལྟར་གསལ་བ་ནི། རྣལ་འབྱོར་པ་ཁྲག་ཐུང་རྒྱལ་པོས་རྗེ་མི་ལ་དང་མར་པ་མགོ་ལེགས་གཉིས་ཀྱི་ཞལ་རྒྱུན་ངམ་རྫོངས་པར་བརྒྱུད་པའི་བཤད་སྲོལ་གཞིར་བྱས་ནས་བྲིས་པའི་རྗེ་མར་པའི་རྣམ་ཐར་མཐོང་བ་དོན་ཡོད་ལས། དེ་ནས་ཁྱོད་ལ་སྔར་སུ་ལའང་མ་གྲགས་པའི་ཁྱད་ཆོས། བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་ཆོས་སྟེར་བ་ཡིན་གསུངས། བདེ་མཆོག་དྲུག་ཅུ་རྩ་གཉིས་དང་། བཅུ་གསུམ། ལྷ་ལྔ་མ། ལྷན་སྐྱེས་རྣམས་ཀྱི་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར། ཡུམ་རྡོ་རྗེ་ཕག་མོ་ལྷ་མོ་བཅོ་ལྔ་མ། བདུན་མ། ལྔ་མ། ལྷན་ཅིག་སྐྱེས་མ་རྣམས་ཀྱི་དབང་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར། བླ་མའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བརྡའི་དབང་དང་། གདམས་ངག་རྣམས་རྫོགས་པར་གནང་ནས། ཞེས་སོགས་གསལ་པོར་བྲིས་ཡོད་པ་དང་། རྗེ་མར་པའི་རྣམ་ཐར་རྣལ་འབྱོར་པ་མི་བསྐྱོད་རྡོ་རྗེས་མཛད་པ་ས་མ་ཡ་ཞེས་པ་ལས་ཀྱང་། དེས་ནས་ཕུ་ལ་ཧ་རིར་ཕྱིན་ནས་ཚོགས་ཀྱི་འཁོར་ལོ་ཆེན་པོ་གཅིག་མཛད་པའི་དུས་སུ། ནཱ་རོ་པའི་ཞལ་ནས། དེ་དེ་ཡིན་ཏེ་དེ་ཉིད་མིན། །གསུངས་ཏེ། ངས་དེ་སྔ་ཁྱོད་ལ་དཔག་ཏུ་མེད་པ་བསྟན་ཀྱང་མར་གྱི་སྙིང་པོ་ལྟ་བུ་འདི་ཡིན་གསུངས་ཏེ། དབང་བྱིན་བརླབས་དང་བཅས་པ་མཛད་ནས། བདེ་མཆོག་སྙན་བརྒྱུད་ཀྱིས་ཆོས་སྐོར་ཐམས་ཅད་ཡོངས་སུ་རྫོགས་པར་གསུངས་སོ། །ལུས་མེད་ཌཱ་ཀི་མའི་ཆོས་སྐོར་རྣམས་མཁའ་འགྲོ་མས་ཏཻ་ལོ་པ་ལ་བསྟན། ཏཻ་ལོ་པས་ཀྱང་ང་ལ་བསྟན་པ་ཡིན། ངས་ཀྱང་གཅིག་བརྒྱུད་ཁྱོད་ལ་བསྟན་པ་ཡིན་གསུང་ནས། ཚོགས་ཀྱི་འཁོར་ལོའི་རྒྱུན་གཏང་ནས། ཉིན་ཏེ་མཚན་མེད་དུ་བཤད་ནས་ཟླ་བ་གཉིས་ནས་སྙན་བརྒྱུད་ཚར་རོ། །ཞེས་གསུངས། སྦྱངས་པ་ཅན་བླ་མ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་རྣམ་ཐར་ཞེས་པ་ལས་ཀྱང་། ཡང་མར་པའི་ཞལ་ནས། མི་ལ་རས་པ་ལ། ངས་རྗེ་བཙུན་ནཱ་རོ་པ་སྤྱོད་ལ་གཤེགས་ཟིན་པས་དད་གུས་བྱས་ནས་བཙལ་བ་ལ། བླ་མ་དང་མཇལ་ཆོས་ཐམས་ཅད་གནང་། ང་ལ་རྗེ་བཙུན་ཏཻ་ལོས་ཁྱོད་ལུང་བསྟན་པ་ཡིན་ཏེ། ཞེས་སོགས་གསལ། ཁྱད་པར་རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེས་སྦྱར་བའི་མར་པའི་རྣམ་ཐར་ལས། དེ་ནས་ནང་པར་ཉི་མ་དྲོས་ཙ་ན། བར་སྣང་ན་ཌཱ་མ་རུའི་སྒྲ་ཞིག་གྲགས་པས། བལྟས་ཙ་ན་བར་སྣང་ན་ཚུར་བླ་མ་ནཱ་རོ་པ་རས་ནག་གི་ཨ་འགག་རག་ནག་པོ་ཞིག་གསོལ། རུས་པའི་རྒྱན་གྱིས་བརྒྱན། དབུ་སྐྲ་རལ་པ་ཐོར་ཅོག་ཏུ་མཛད། དར་དམར་པོའི་ཅོད་པན་བཅིངས། རྐེད་པ་ལ་དར་དམར་པོའི་ཅོད་པན་ཡོད་པ། སྤྱན་རྩ་དམར་ལ་འཁྲོག་པ། ཞལ་འཛུམ་མུལ་ལེ་བ། ཕྱག་གཡས་ན་ཌཱ་མ་རུ་འཁྲོལ་བ། གཡོན་ན་ཐོད་པ་བདུད་རྩིས་བཀང་བ་བསྣམ་པ། ཞབས་གཡས་བརྐྱང་བ། གཡོན་བརྐུམ་པ་གར་བྱེད་པའི་ཚུལ་དུ་ནམ་མཁའ་ན་ཚུར་བྱོན། དེ་ལ་ཕྱག་དང་སྙུན་རྨེན་བྱས་ནས་གཟོད་གཞི་ལ་མར་བྱོན་ནས། རྩ་ཡི་སྤྱིལ་པོ་སྟོང་པ་ཞིག་ཏུ་ཁྲིད་ནས། སྔར་གྱི་ཐོས་པ་ལ་སོགས་པ་ཐམས་ཅད་ཕྱི་ཤོས་སྦུན་པ་ལྟ་བུ་ཡིན་ཀྱང་། མིང་ཙམ་དོན་སྤྱི་ཡི་རྣམ་པ་ཙམ་ལས་མེད་པས། ད་ཁྱོད་ལ་དབང་བཞི་ཡང་བྱའོ། །ངའི་ཡི་དམ་ཀྱང་བསྟན་གྱིས། གདམས་པ་ཡང་ཆོས་དྲུག་ཏུ་ངེས་པ། བླ་མའི་ཆོས་དྲུག་གི་ཟབ་ཤོས་ཨ་ཐུང་གསུམ་སྦྱར་ཏེ་བཤད་པ། ཉོན་མོངས་པ་འོད་གསལ་དུ་འཆར་བའི་གདམས་ངག །སྙན་བརྒྱུད་བྱིན་བརླབས་ཀྱི་སྐོར་བཤད་ཀྱིས་གསུངས་ནས། ཞེས་སོགས་ནས། བླ་མ་མདུན་དུ་བྱོན་ནས་ཨ་ཐུང་དུག་གསུམ་དང་སྦྱར་ནས་བཤད་པ་ལ་སོགས་པ་ཆོས་དྲུག་ཏུ་ངེས་པ་དེ་དུས་ལས་སྔར་མ་གནང་བ་ཡིན་ནོ། །ཞེས་པའི་བར་གསུངས་པ་ལ་གཟིགས་ན་རྟེན་ཐོག་གཅིག་ཏུ་བརྡའི་ངོ་སྤྲོད་ཙམ་གྱིས་སྙན་བརྒྱུད་ཀྱི་དབང་བཞི་ཡོངས་སུ་རྫོགས་པར་བྱས་ཚུལ་གསལ་པོར་འཁོད་ཡོད། ཅི་སྟེ་ཕྱིས་བྱོན་པའི་སྙན་བརྒྱུད་ལ་དགག་པ་མཛད་མཁན་གྱི་གོང་གསལ་གྱི་མཁས་པ་དེ་ཚོས་བཤད་པ་ལྟར་ན་རྣམ་ཐར་འདི་ཐམས་ཅད་ཕྱིས་ཀྱི་སྙན་བརྒྱུད་པ་རྣམས་ཀྱིས་རྫུན་བཟོ་ཡིན་དགོས་པར་ཐལ་བས། རྣལ་འབྱོར་པ་མི་བསྐྱོད་རྡོ་རྗེ་དང་རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེ་གཉིས་ཀྱིས་རྣམ་ཐར་དེ་དག་རྫུན་བཟོ་མཛད་པའི་ཁུངས་གང་ཡོད་དང་། ཇི་ལྟར་རྫུན་བཟོ་བྱེད་པ། རྫུན་བཟོ་བྱེད་པའི་དམིགས་ཡུལ་དང་རྒྱབ་ལྗོངས་གང་ཡིན་སོགས་གསལ་པོར་བཤད་དགོས་པ་ཆགས་ཡོད་པ་མ་གཏོགས། ཁྱེད་ཅག་གི་འདོད་པ་དང་མི་མཐུན་པ་ཙམ་དང་ཁྱེད་ཅག་གི་ཆོས་ལས་སྙན་བརྒྱུད་ཀྱི་ཆོས་འདི་ཁྱད་ཆོས་ཆེ་འགྲོ་བར་དོགས་པའི་དབང་གིས་ཁྱེད་ཅག་གིས་མར་སྟོན་ཆེན་པོའི་རྣམ་ཐར་ཁུངས་དག་རྣམས་རྫུན་བཟོ་ཡིན་སྐད་དང་ཁྱེད་ཅག་གིས་ཡེ་མི་སྲིད་པའི་རྣམ་ཐར་གསར་རྩོམ་མང་པོ་ཞིག་བྱས་ཡོད་པ་མ་ཡིན་ནམ། ཅི་སྟེ་དེ་ལྟར་མ་ཡིན་པར་རྒྱུ་མཚན་ཡོད་པའི་གཏམ་རྣལ་མ་རེ་བཤད་རྒྱུ་ཡོད་ན། མར་སྟོན་ཆེན་པོས་སྙན་བརྒྱུད་གསན་སྐོར་གྱི་རྣམ་ཐར་འདི་ཕྱིས་ཀྱི་རས་ངམ་དྭགས་གསུམ་གྱི་སྙན་བརྒྱུད་རྒྱས་འབྲིང་བསྡུས་གསུམ་གྱི་བརྒྱུད་འཛིན་པ་རྣམས་ཀྱིས་བཤད་པ་ཙམ་མིན་པར་དེའི་སྔ་རོལ་ནས་ཀྱང་བཤད་སྲོལ་འདི་ཡོད་པ་གོང་གི་རྣམ་ཐར་ཁག་ལས་གསལ་པོར་གྲུབ་འདུག་པས། ཡང་སྙིང་རྣམ་ཐར་དེ་ཚོ་རྫུན་བཟོ་བྱས་པའི་ཁུངས་གང་དང་གང་ཡིན་ནམ། རྫུན་བཟོ་ཇི་ལྟར་བྱས་པ་ཡིན་ནམ། རྫུན་བཟོ་བྱས་པའི་དམིགས་ཡུལ་གང་ཡིན་ནམ་ཞེས་སོགས་ལ་ངེད་ཀྱི་འདོད་པ་ཡིན་ཞེས་པ་ཙམ་མིན་པར་ཁུངས་སྐྱེལ་ཐུབ་པའི་རྒྱུ་མཚན་རེ་ཤོད་དང་ད་གཟོད་དོན་དངོས་གང་ཡིན་ཤེས་པར་འགྱུར། གོང་གསལ་གྱི་རྣམ་ཐར་དེ་དག་ལས་ལྷག་པའི་ཁུངས་ལྡན་གྱི་རྣམ་ཐར་དག་ཅིག་ཁྱེད་ཅག་གིས་གང་ནས་རྙེད་པ་ཡིན་ནམ། ཇི་ལྟར་མཁྱེན་པ་ཡིན་ནམ། མར་སྟོན་ཆེན་པོ་ནས་ཉེ་བར་བརྒྱུད་པའི་སློབ་མ་ཡང་སློབ་དང་བཅས་པས་བཤད་པའི་རྣམ་ཐར་དེ་དག་རྫུན་བཟོར་བཤད་ཟིན་པའི་རྗེས་སུ་ཁྱེད་ཅག་གིས་བཤད་པའི་མར་སྟོན་གྱི་རྣམ་ཐར་དེ་དག་བདེན་པ་ཡིན་པ་ཇི་ལྟར་ཤེས་ཐུབ་བམ། ཁུངས་གང་ལ་བཅོལ་དགོས་སམ། ཁྱེད་ཚོ་ཉིད་ལ་ཁུངས་སྐྱེལ་བྱེད་དགོས་པ་ཡིན་ནམ། དེ་ལྟར་ན་བདག་ནི་ཚངས་པའོ། །ཚངས་པ་ནི་ཆེན་པོའོ་ཞེས་པ་དང་ཅིས་མི་འདྲ། ལོ་རྒྱུས་རིག་པའི་ངོས་ནས་བཤད་ནའང་གང་ཟག་སོ་སོའི་རང་རྣམ་ནི་ཆེས་ཁུངས་ཐུབ་ཆེ་ཤོས་དང་། དེའི་འོག་ཏུ་སོ་སོའི་དངོས་སློབ་དང་ཡང་སློབ་ཀྱིས་བྲིས་པའི་རྣམ་ཐར་རྣམས་ཁུངས་ཐུབ་ཆེ་ཤོས་སུ་གྱུར་ཡོད་པ་ཧ་ཅང་གསལ་པོ་རེད། ཁྱེད་ཅག་ལ་དེ་དག་གི་ཁུངས་ལུང་དང་སྒྲུབ་བྱེད་སོགས་ཅི་ཡོད་རྣམས་ཁུངས་སྐྱེལ་ཐུབ་པར་སྟོན་དགོས་པ་ལས། རྫུན་བཟོ་རེད་འདུག་ཅེས་པ་ཙམ་དང་། མར་པ་ལ་བརྒྱུད་པ་དེ་འདྲ་མེད་ཅེས་བཤད་པ་ཙམ་གྱིས་ག་ལ་ཆོག །མེད་ན་མེད་པའི་རྒྱུ་མཚན་རེ་བཤད་རྒྱུ་ཡོད་དགོས་པ་འདྲའོ། །དེས་ན་གོང་གསལ་གྱི་སྙན་བརྒྱུད་ལ་དགག་པ་མཛད་མཁན་གྱི་མཁས་པ་དེ་ཚོས་རྒྱུ་མཚན་གསལ་པོ་ཅི་ཡང་མ་བཤད་པར་རྫུན་བཟོ་རེད་ཅེས་པ་ཙམ་དང་མར་པ་ལ་བརྒྱུད་པ་དེ་འདྲ་མེད་ཅེས་པ་ཙམ་ཞིག་གསུངས་འདུག་པ་དེ་དག་ལ་ཁོ་བོས་ནི་ཅི་གསུང་ཚད་མར་འཛིན་པ་དེ་འདྲ་མ་ནུས་སོ། །ངས་བསམ་པར་ཁོ་ཚོས་མར་པ་ལ་ཐད་ཀར་དགག་པ་རྒྱག་མ་ཕོད་པ་དང་། གཞན་ཡང་རྒྱུ་རྐྱེན་དུ་མ་ལ་བརྟེན་ནས་སྙན་བརྒྱུད་ལ་ནི་དགག་པ་གནང་དགོས་བྱུང་བའི་རྐྱེན་གྱིས་མཐར་རྒྱབ་ལྗོངས་ཆེར་མེད་པའི་རང་འདོད་ཙམ་གྱིས་གཏམ་མང་པོ་ཞིག་སྨྲ་དགོས་བྱུང་འདུག་པར་སྣང་།
དེ་ཙམ་དུ་མ་ཟད་མར་སྟོན་རྡོ་རྗེ་འཆང་ཆེན་པོ་ལ་བདེ་མཆོག་སྙན་བརྒྱུད་ཀྱི་བཀའ་སྲོལ་གྱི་བརྒྱུད་པ་ཡོད་པའི་ཚུལ་ནི་རྗེ་ཉིད་ཀྱིས་མཛད་གཞུང་དང་བསྒྱུར་གཞུང་མང་པོ་ཞིག་ལས་ཀྱང་གྲུབ་པ་སྟེ། དེ་ཡང་སྒྲུབ་ཐབས་མངོན་རྟོགས་ཀྱི་སྐོར་ལ། ༡ དཔལ་འཁོར་ལོ་བདེ་མཆོག་གི་ལོ་རྒྱུས་ཞེས་བྱ་བ་མཇུག་བྱང་དུ། དཔལ་འཁོར་ལོ་བདེ་མཆོག་གི་རྣམ་པར་སྤྲུལ་པ་ལ་ཡུལ་ཉི་ཤུ་རྩ་བཞིའི་རྒྱུ་མཚན་བསྟན་པ་ནཱ་རོ་པཎ་ཆེན་གྱིས་ཞལ་སྔ་ནས་གསུངས་པ་མར་པས་བསྒྱུར་བའོ་ཞེས་འཁོད་པ་དང་། ༢ དཔལ་འཁོར་ལོ་སྡོམ་པའི་ལྷ་བཅུ་གསུམ་གྱི་ཆོ་ག་ཞེས་བྱ་བ་མཇུག་བྱང་དུ། མཁའ་འགྲོ་མས་གསུངས་ཏེ། ཏཻ་ལོ་ནཱ་རོ་པ་ལ་གནང་། དེས་ཁོ་བོ་མར་ལ་གནང་བའོ། །ཞེས་གསལ། ༣ ཡིད་བཞིན་ནོར་བུ་ཞེས་བྱ་བ་མཁའ་འགྲོའི་གསང་ཚིག་ཅེས་བྱ་བ་ཏཻ་ལོ་པས་མཛད་པ། འགྱུར་བྱང་དུ། གཙིགས་ཀྱི་རྒྱ་མདུད་དང་བཅས་པ་ནཱ་རོ་པཎྡི་ཏ་ཞལ་སྔ་ནས་དང་། ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་པུཥྤ་ཧ་རིའི་དགོན་གནས་སུ་བསྒྱུར་བའོ། །ཞེས་གསལ། ༤ དཔལ་བདེ་མཆོག་གསང་བ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ཞེས་བྱ་བ། མཇུག་ཏུ། རྒྱ་གར་པཎྜི་ཏ་ཤྲཱི་ནཱ་རོ་པ་ཆེན་པོ་དང་། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་བདག་གིས་ཞུས་ཏེ་བསྒྱུར་བའོ། །བསོད་ནམས་བསགས་པའི་མར་པ་མགོ་ཡགས་ལ། །མཁའ་འགྲོའི་གསང་ཆེན་སྙན་བརྒྱུད་སྙིང་པོ་གཏད། །བླ་མ་ཅི་མཉེས་བྱེད་པའི་དམ་ཚིག་ཅན། །གྲོགས་ཁྱོད་འདི་ཕྱི་གཉིས་ཀར་འགྲོགས་དགོས་ཀྱེ། །མངྒ་ལཾ། ཞེས་གསལ། ༥ དཔལ་ལྷན་ཅིག་སྐྱེས་པའི་བདེ་མཆོག་གི་སྒྲུབ་ཐབས་ཞེས་བྱ་བ། མཇུག་ཏུ། དཔལ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་བདག་བྱིན་གྱིས་བརླབས་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཏཻ་ལོ་པས་མཛད་པ་ནཱ་རོ་པཎྡི་ཏའི་སྤྱན་སྔར་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་གསལ། ༦ བདེ་མཆོག་དཔའ་བོ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ་ནཱ་རོ་པས་མཛད་ཅེས་འཁོད་པ་ལས་འགྱུར་བྱང་མི་གསལ། ༧ བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་ཞེས་བྱ་བ་མཇུག་ཏུ། ཞེས་ཏཻ་ལོས་ནཱ་རོ་ལ་གནང་། དེས་ཁོ་བོ་མར་པ་ལ་བྱང་པུཥྤ་ཧ་རིར་གནང་། ༨ བདེ་མཆོག་དྲུག་ཅུ་རྩ་གཉིས་པའི་སྒྲུབ་ཐབས་ཞེས་བྱ་བ། མཇུག་ཏུ། རྣལ་འབྱོར་གྱི་དབང་ཕྱུག་ཏཻ་ལོ་པས། དཀའ་བ་བཅུ་གཉིས་སྤྱད་པའི་ནཱ་རོ་པས་བྷོ་ཊས་མ་རིག་པ་མུན་པ་སོལ། ཞེས་ལུང་བསྟན་པའི་ཕྱིར། ཁོ་བོ་མར་པ་བྷུ་ཏི་ལ་བྱང་པུཥྤ་ཧ་རིར་གནང་བ། གྲོ་བོ་ལུང་གི་དགོན་པར་མ་བསྐྱེད་མ་འཕྲི་བར་བྲིས་པའོ། །ཞེས་གསལ། ༩ དཔལ་འཁོར་ལོ་སྡོམ་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་ཅེས་བྱ་བ། མཇུག་ཏུ། དཔལ་འཁོར་ལོ་སྡོམ་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་སློབ་དཔོན་ནཱ་རོ་ཞབས་ཀྱིས་མཛད་པ། མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བའོ། །ཞེས་གསལ། ༡༠ བློན་པོ་རིགས་གསུམ་ལས་བྱེད་དང་དམངས་འཕྲིན་ལས་མཐུན་སྦྱོར་ཞེས་བྱ་བ། མཇུག་ཏུ། བློན་པོ་རིགས་གསུམ་ལས་བྱེད་དང་དམངས་འཕྲིན་ལས་མཐུན་སྦྱོར་གྱི་གདམས་པ་མར་པས་སྦྱར་བའོ། །དགེའོ། །ཞེས་གསལ། ༡༡ བདེ་མཆོག་གསང་བ་རིན་པོ་ཆེའི་ལྷན་ཅིག་སྐྱེས་པའི་བསྡུས་དོན་བཞུགས་ཞེས་པ་ལ། མཇུག་ཏུ། བདེ་མཆོག་དཔལ་གསང་བའི་སྙིང་པོ་རིན་པོ་ཆེའི་བསྡུས་དོན་མར་པས་གསལ་བར་བསྒྱུར་བའོ། །ཞེས་གསལ། ༡༢ དབང་འབྲེལ་རྒྱུད་ཀྱི་གདམས་པ་ལས་གྲུབ་ཆེན་ནཱ་རོ་པའི་གསུང་བཞིན་དུ་མར་པས་བསྒྲིགས་པའི་བདེ་མཆོག་གསང་བ་རིན་པོ་ཆེ་ཡིད་བཞིན་ནོར་བུའི་གསལ་བྱེད་མངོན་རྟོགས་རྒྱས་པ། མཇུག་ཏུ། དཔལ་བདེ་མཆོག་འཁོར་ལོ་གསང་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུའི་མངོན་པར་རྟོགས་པ་རྒྱས་པ། རྗེ་ནཱ་རོ་པའི་ཐུགས་དམ། རྗེ་ནཱ་རོ་པས་ཇི་ལྟར་གསུངས་པ་བཞིན་དུ་མར་པ་ལོ་ཙཱ་བདག་གིས་ཞུས་ཏེ་བསྒྱུར་བའོ། །ཞེས་གསལ། ༡༣ དཔལ་འཁོར་ལོ་བདེ་མཆོག་གསང་བ་རིན་པོ་ཆེ་ཡིད་བཞིན་ནོར་བུའི་མངོན་པར་རྟོགས་པ་རྒྱས་པ་ཞེས་བྱ་བ། མཇུག་ཏུ། རྒྱལ་པོ་ཆོས་ཉིད་མི་འགྱུར་བའི་གདམས་ངག་མར་པས་སྦྱར་བའོ། །ཞེས་གསལ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཀྱི་རྩ་བ་ཞེས་བྱ་བ། མཇུག་ཏུ། ནཱ་རོ་པས་མཛད་པ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་རྫོགས་སོ། །དགེ་ལེགས་འཕེལ། ཞེས་གསལ། ༡༤ རྡོ་རྗེ་ཕག་མོ་ལྷན་ཅིག་སྐྱེས་མའི་བསྒོམ་བཟླས་ཞེས་བྱ་བ། མཇུག་ཏུ། དཔལ་རྡོ་རྗེ་ཕག་མོ་ལྷན་ཅིག་སྐྱེས་མའི་བསྒོམ་པ་མདོར་བསྡུས་པ་དཔལ་ལྡན་གྲུབ་པའི་དབང་ཕྱུག་ནཱ་རོ་པའི་ཞབས་ཀྱིས་མཛད་པ། མར་པ་ལོ་ཙཱ་བའི་མཚན་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བ་རྫོགས་སོ། །ཞེས་གསལ། ༡༥ རང་བྱིན་གྱིས་རློབ་པའི་གདམས་པ་ལྷན་ཅིག་སྐྱེས་མའི་སྒྲུབ་ཐབས་ཤེས་འབྲེལ་མ་ཞེས་བྱ་བ། མཇུག་ཏུ། རང་བྱིན་གྱིས་བརླབ་པའི་གདམས་ངག་དཔལ་ལྷན་ཅིག་སྐྱེས་མའི་མངོན་རྟོགས་རྒྱལ་པོ་ཆོས་ཉིད་མི་འགྱུར་བ་ཐབས་ཤེས་རབ་དབྱེར་མེད་དུ་ཉམས་སུ་ལེན་པ་ཞེས་བྱ་བ་ཁྱད་པར་ཞལ་གྱི་གདམས་པ་མར་པར་སྦྱར་བ་རྫོགས་སོ། །ཞེས་གསལ། དེ་དག་ནི་རྗེ་ཉིད་ཀྱི་གསུང་དུ་བཞུགས་པ་རྣམས་སོ། །ཅི་སྟེ་རྗེ་མར་པ་ལ་བདེ་མཆོག་སྙན་བརྒྱུད་ཀྱི་ཡབ་བཀའ་དང་ཡུམ་བཀའི་བརྒྱུད་པ་གཏན་ནས་མེད་པར་གོང་གསལ་གྱི་གཞུང་དེ་ཚོ་གསར་རྩོམ་དང་རྫུན་བཟོ་ཁོ་ནར་འདོད་པ་ཡིན་ན། འོ་ན་གསར་རྩོམ་མཁན་དེ་སུ་ཡིན་ནམ། དུས་ཚོད་གང་འདྲ་ཞིག་ལ་གསར་དུ་བཟོས་སམ། ཚུལ་ཇི་ལྟར་གསར་དུ་བཟོས་སམ། དེ་ལྟར་བྱས་པའི་ཁུངས་སྐྱེལ་ཐུབ་པའི་དཔང་རྟགས་ཅི་ཞིག་ཡོད་དམ། གནའ་ནས་ད་ལྟའི་བར་མར་པའི་སློབ་བརྒྱུད་ཀྱི་ནང་དུ་འདི་དག་མར་པས་མཛད་མིན་ལ་དོགས་པ་གནང་མཁན་ཙམ་ཡང་བྱུང་མེད་པར་ཀུན་གྱིས་གསུང་ཚད་མ་ཉིད་དུ་ཞལ་བཞེས་མཛད་གནང་ཡོད་པ་ལ། ཁྱེད་ཅག་རང་གི་འདོད་པ་དང་མི་མཐུན་པ་ཙམ་དང་སོ་སོའི་སྣང་བར་གསར་རྩོམ་ཡིན་སྣང་ཤར་བ་ཙམ་རྒྱུ་མཚན་དུ་བྱས་ནས་གཞུང་འདི་དག་གསར་བཟོ་ཡིན་རབས་མང་དུ་བཤད་ཀྱང་དོན་དངོས་དང་མཐུན་པའི་རིགས་པ་དངོས་མ་ཡིན་པ་གཟུར་གནས་བློ་ལྡན་ཀུན་གྱིས་ཀྱང་ཤེས། དེ་བས་ཁྱེད་ཅག་ལ་རྫུན་བཟོ་ཡིན་ཚུལ་དང་རྫུན་བཟོ་བྱེད་པའི་ཚུལ་ལ་ལོ་རྒྱུས་རིག་པ་དང་མཐུན་པའི་དངོས་བྱུང་གི་དཔང་རྟགས་སྟོན་རྒྱུ་ཡོད་ན་སྟོན་དགོས་པའི་དུས་ལ་བབ་པ་ཡིན། དེ་ལྟར་མེད་པར་ཆོས་ལུགས་ཀྱི་ཆགས་སྡང་ཁོ་ནས་དགག་སྒྲུབ་མཛད་པ་ཡིན་ན་ནི་ཁོ་བོ་ཅག་སྨྱོན་པ་དང་ལྷན་ཅིག་ཏུ་རྩོད་པར་མི་བྱའོ་ཞེས་པའི་ངང་ཚུལ་ལས་ཅི་ཡང་མེད་དོ། །གཞན་ཡང་རས་ཆུང་སྙན་བརྒྱུད་དུ་བཞུགས་སུ་གསོལ་བའི་ཁུངས་སྐྱེལ་སའི་བསྟན་བཅོས་ཁག་ཞུས་ན། ༡ སྙན་བརྒྱུད་ལས་རྡོ་རྗེ་ཚིག་རྐང་ཞེས་བྱ་བ། མཇུག་ཏུ། ཅེས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་གདམས་པ། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ་རྫོགས་སོ། །མཁས་པ་ཆེན་པོ་ནཱ་རོ་པཎ་ཆེན་གྱི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་པུཥྤ་ཧ་རིའི་གནས་ཆེན་དུ་བསྒྱུར་ཞིང་གཏན་ལ་ཕབ་པའོ། །ཤུབྷཾ། ཞེས་གསལ། གོང་གསལ་གྱི་མཁས་པ་དེ་ཚོས་སྙན་བརྒྱུད་ལ་དགག་པ་གནང་བའི་སྐབས་སུ་ཕག་མོའི་བརྡ་དབང་གི་སྐོར་དང་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་གཉིས་ནི་དགག་པ་རྒྱབ་སའི་གནད་དོན་གཙོ་བོ་གཉིས་ཆགས་ཡོད། དེ་ཡང་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ལས། ལྷ་མོ་བཅོ་ལྔ་དབང་བཞི་བརྡ་ཡི་མཚོན། །ཞེས་ཕག་མོའི་བརྡ་བཞིའི་དབང་གསལ་པོར་གསུངས། དེ་ལྟར་ན་སྙན་བརྒྱུད་ཀྱི་རྡོ་རྗེའི་ཚིག་རྐང་གི་སྐོར་ནས་ཅུང་ཟད་མ་ཞུས་ཀ་མེད་དུ་སྣང་བས་ཅུང་ཟད་ཅིག་བཤད་ན། ས་སྐྱ་པ་ཚོས་སྙན་བརྒྱུད་ཀྱི་རྡོ་རྗེའི་ཚིག་རྐང་འདི་མར་པ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར་ཆོས་དང་བརྩམས་ཆོས་གང་ཡང་མ་ཡིན་པར་བཤད་ཟིན་པའི་རྗེས་སུ། གཞུང་འདི་སུས་བྱས་པ་དང་སུ་ལས་བརྒྱུད་པ་བཤད་དགོས་པ་ཆགས་པས། སྡོམ་གསུམ་རབ་དབྱེ་ལས། ནཱ་རོ་ཆོས་དྲུག་ཅེས་བྱའི་ཁྲིད། །མི་ལ་ཡན་ཆད་དེ་ལས་མེད། །ཆོས་དྲུག་བོར་ནས་ལམ་འབྲས་དང་། །ཕྱག་རྒྱ་ཆེན་པོ་ལ་སོགས་པ། །གཞན་གྱི་གདམས་ངག་བསྒོམ་བཞིན་དུ། །ནཱ་རོའི་བརྒྱུད་པ་འདེད་བྱེད་པ། །གཞན་དང་འགལ་བ་ལྟ་ཅི་སྨོས། །རང་ལུགས་དང་ཡང་འགལ་བ་ཡིན། །ཞེས་བཤད་ཡོད་པ་དང་། དེའི་དགོངས་པ་བླངས་ཏེ་ས་སྐྱ་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་ལེགས་བཤད་གསེར་གྱི་ཐུ་མ་ལས། ཡང་ལ་ལ་ན་རེ། མི་ལས་རས་ཆུང་པ་ལ་གནང་བའི་ནཱ་རོའི་ཆོས་དྲུག་ནི། བདེ་མཆོག་སྙན་བརྒྱུད་ཅེས་ཡོངས་སུ་གྲགས་པའི་ནང་ན་ཡོད་པ་དེ་ཡིན་ལ། དེ་ལས་གཞན་པའི་ཆོས་དྲུག་ནི་མི་ལ་མན་ཆད་ལ་མེད་དོ། །ཅེས་ཟེར་བ་དེ་ཡང་མི་རིགས་ཏེ། བདེ་མཆོག་སྙན་བརྒྱུད་ནི་མར་པ་དོ་པས་རྒྱ་གར་སྐད་ཐོགས་ཀྱིས་ཆོས་བརྒྱ་རྩ་བརྒྱད་བརྩམས་པའི་ནང་ན། བདེ་མཆོག་སྐོར་གྱི་དབང་བྱིན་བརླབས་དང་འབྲེལ་བའི་ཆོས་མང་པོ་དང་། ནཱ་རོའི་ཆོས་དྲུག་གི་ནང་ཚན་འགའ་ཞིག་གདམས་ངག་ཏུ་སྦྱར་ནས་རང་དགར་བརྩམས་པ་ཡིན་གྱི། མར་པ་དང་མི་ལ་ལས་བརྒྱུད་པའི་ཆོས་མ་ཡིན་ནོ། །ཞེས་ཆག་ལོ་ཙཱ་བ་ལ་སོགས་པ་སྔོན་གྱི་དམ་པའི་ཆོས་ཀྱི་དག་ཐེར་མཛད་པའི་མཁས་པ་མང་པོས་བཤད་པ་ལྟར་དཔྱད་དགོས་པ་དང་། ཞེས་ཟེར་ཡོད་པ་མ་ཟད། གཞན་ཡང་དེ་ཉིད་ལས། བདེ་མཆོག་སྙན་བརྒྱུད་ཞེས་བྱ་བ། །བརྫུན་མ་ཡིན་པར་མཁས་རྣམས་བཞེད། །ཅེས་བཀོད་ཡོད། དེ་ཡང་ཁྱེད་ཅག་གིས་གཞུང་འདི་ཉིད་མར་པས་འགྱུར་ཆོས་དང་བརྩམས་ཆོས་གང་ཡང་མ་ཡིན་པར་བཤད་ཟིན་པའི་རྗེས་སུ་འུ་ཐུག་ནས་མར་དོ་ལ་འབྲེལ་བ་ཡོད་པའི་སྐོར་བཤད་དགོས་བྱུང་ཡོད་པ་མ་གཏོགས། ལོ་རྒྱུས་རིག་པ་དང་མཐུན་པའི་དངོས་བྱུང་གི་དཔང་རྟགས་ཅི་ཡང་བཤད་རྒྱུ་རྙེད་མི་འདུག་པ་མ་ཟད། སྐབས་དེ་དུས་ཙ་ན་མར་དོ་འདི་ཉིད་བདེ་མཆོག་གི་ཕྲིན་ལས་སྤེལ་མཁན་ཆེ་ཤོས་སུ་གྱུར་ཡོད་པའི་ཆ་ནས་དོགས་སློང་གི་རྒྱུ་ཙམ་དུ་ཡོད་པ་ཙམ་དེ་མོ། །
ཁྱད་པར་ཁྱེད་ཅག་གིས་གཞུང་འདི་ཉིད་སྔགས་བླ་མེད་ཀྱི་བདེ་མཆོག་གི་རྒྱུད་དང་རྒྱུད་འགྲེལ། ལཱུ་ནག་དྲིལ་གསུམ་སོགས་ཀྱི་མན་ངག་དང་མི་མཐུན་པའི་སྐོར་དང་རྒྱབ་འགལ་དུ་གྱུར་ཡོད་པའི་སྐོར་རྣམས་ཁ་གསལ་པོའི་ཐོག་ནས་བཤད་ཐབས་མེད་པའང་ཧ་ཅང་གསལ་པོ་ཆགས་འདུག །དེ་ཡང་རས་ཆུང་སྙན་བརྒྱུད་ཀྱི་ཆོས་དང་ལོ་རྒྱུས། ངམ་རྫོང་སྙན་བརྒྱུད་ཀྱི་ཆོས་དང་ལོ་རྒྱུས། དྭགས་པོའི་སྙན་བརྒྱུད་ཀྱི་ཆོས་དང་ལོ་རྒྱུས་སོགས་གང་གི་སྐབས་སུ་ཡང་མར་མི་ནས་བརྒྱུད་པའི་སྐོར་ལས་མར་དོ་ནས་བརྒྱུད་པའི་སྐོར་ཟུར་ཙམ་ཡང་མི་གསལ་མོད། ཁྱེད་ཅག་གིས་དེ་དག་ལས་གཞན་པའི་ལོ་རྒྱུས་ཁུངས་དག་ཅིག་རྙེད་ཡོད་པའི་རྣམ་པ་སྟོན་མཛད་འདུག་པས་ལོ་རྒྱུས་དེ་གང་ན་ཡོད་དམ། དཔེར་ན་རས་ངམ་དྭགས་གསུམ་པོ་དང་མར་དོའི་བར་ལ་སྙན་བརྒྱུད་ཀྱི་སྐོར་ནས་བླ་སློབ་ཀྱི་འབྲེལ་བ་བྱུང་སྐོར་གྱི་ཁུངས་སྐྱེལ་ཐུབ་པའི་ལོ་རྒྱུས་ཤིག་བཤད་རྒྱུ་ཡོད་དགོས་པ་ལ་ཁྱེད་ཚོས་དེའི་སྐོར་ལ་གསལ་པོར་བཤད་ཡོད་པ་གཏན་ནས་མཐོང་རྒྱུ་མེད། གཞན་ཡང་མར་དོའི་བདེ་མཆོག་གི་ལུགས་ནི་ལཱུ་ཡི་པའི་ལུགས་ཡིན་པ་ནི་རྗེ་ཉིད་ཀྱིས་མཛད་པའི་བདེ་མཆོག་གི་རྣམ་བཤད་ལས་གསལ་བ་མ་ཟད། དེའི་ལུགས་ལྟར་འགྲེལ་པའི་ལྷོ་ལ་ཡག་པའི་འགྲེལ་ཆེན་ལས་ཀྱང་གསལ། གཞན་ཡང་ཏྲེ་བོ་རྡོ་རྗེ་མགོན་པོས་མར་དོའི་ལུགས་ལྟར་མཛད་པའི་བདེ་མཆོག་ལཱུ་ཧི་པའི་མངོན་རྟོགས་རྣམ་བཤད་སོགས་ལས་ཀྱང་གསལ། བདེ་མཆོག་སྙན་བརྒྱུད་ནི་ལཱུ་ཧི་པའི་ལུགས་མ་ཡིན་པས་ཀྱང་ཁྱེད་ཚོས་འགྲེལ་བཤད་དེ་ཁུངས་སྐྱེལ་གནང་ཐུབ་ཡོད་མེད་ལ་དོགས་དགོས་པ་ཆགས་ཡོད། གཞན་ཡང་བདེ་མཆོག་སྙན་བརྒྱུད་ཀྱི་སྐོར་ཆ་ཚང་མར་དོས་མཛད་པ་དང་སྤེལ་བ་ཞིག་ཡིན་ན། མར་དོའི་ལུགས་ཀྱི་བདེ་མཆོག་གི་བརྒྱུད་པ་འཛིན་པ་རྣམས་ལ་གྲགས་པ་ཆེར་ཡོད་དགོས་པ་དང་བརྒྱུད་པའི་ཚུལ་ཡང་ཡོད་དགོས་པས། མར་དོའི་ལུགས་འཛིན་པ་རྣམས་ཀྱི་ཁྲོད་དུ་བདེ་མཆོག་གི་སྙན་བརྒྱུད་ཀྱི་སྐོར་གོ་རྒྱུ་ཐོས་རྒྱུ་ཙམ་ཡང་གཏན་ནས་མེད་པ་ཞིག་ལ། བརྒྱུད་པ་དེ་མི་ལའི་སློབ་བརྒྱུད་ཀྱི་ཁྲོད་དུ་དར་བ་ཞིག་རེད་ཅེས་བཤད་ན་ལོ་རྒྱུས་རིག་པ་དང་མཐུན་འདུག་གམ། འདི་ལྟ་བུ་ལ་སྒྲོ་བཏགས་དང་བསྐུར་འདེབས་མི་ཟེར་རམ། མར་དོ་ཉིད་ཀྱིས་མཛད་པའི་བདེ་མཆོག་གི་རྣམ་བཤད་དང་། དེའི་ལུགས་ལྟར་ལྷོ་ལ་ཡག་པས་མཛད་པའི་བདེ་མཆོག་འགྲེལ་ཆེན། མར་དོའི་ལུགས་ལྟར་ཏྲེ་བོ་རྡོ་རྗེ་མགོན་པོས་མཛད་པའི་བདེ་མཆོག་གི་མངོན་རྟོགས་རྣམ་བཤད་བཅས་ལ་ཞིབ་གཟིགས་མཛོད་དང་སྙན་བརྒྱུད་ཀྱི་བཤད་པའི་སྒྲོས་ཙམ་ཡང་མི་འདུག་པས་སྙན་བརྒྱུད་མར་དོའི་ལུགས་ཀྱི་བདེ་མཆོག་གི་བཤད་སྲོལ་ཡིན་ཟེར་བའི་གཏམ་འདི་ལ་ཁུངས་སྐྱེལ་ཐུབ་པའི་སྒྲུབ་བྱེད་ཅི་ཡང་མེད་པར་ཤེས་ནུས་སོ། །དེས་ན་ས་སྐྱ་པ་རང་གི་ཁྲོད་དུའང་གཟུར་གནས་ཀྱི་མཁས་པ་འགའ་བྱུང་ཡོད་དེ། ས་སྐྱ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་བསྟན་རྩིས་ལས་རྗེ་མར་པས་ཐུན་མོང་མ་ཡིན་པའི་དག་པའི་སྣང་བ་ཁོ་ནས་ནཱ་རོ་པ་མཇལ་ནས་མཁའ་འགྲོའི་སྙན་བརྒྱུད་གསན་པ་ཡིན་ཞེས་གསུངས་མཛད་ཡོད། རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེས་མཛད་པའི་མར་པའི་རྣམ་ཐར་ལས་གསལ་བ་ལྟར་ནའང་དག་པའི་སྣང་བ་ཁོ་ནས་མཇལ་བ་ཡིན་ནམ་བསམ་དགོས་པ་འདྲ་བོ་ཞིག་འདུག །བོད་འདིར་རྒྱ་གཞུང་ཡོད་ན་ཡང་དག་པ་དང་རྒྱ་གཞུང་མེད་ན་ཡང་དག་པ་མ་ཡིན་པའི་ལུགས་སྲོལ་ཙམ་ཞིག་དར་འདུག་པ་ལས་འདི་ཡང་ངེས་གཏན་ཡོད་པའི་སྒྲུབ་བྱེད་ཁུངས་དག་ཅིག་ཏུ་འཇོག་དཀའ་བར་སྣང་། ཅི་སྟེ་ངེས་པར་རྒྱ་གཞུང་ཡོད་དགོས་པའི་དབང་དུ་བྱས་ནའང་སྙན་བརྒྱུད་ལ་རྒྱ་གཞུང་མེད་པ་མ་ཡིན་པར་རས་ཆུང་སྙན་བརྒྱུད་དུ་ཏཻ་ལོ་དང་ནཱ་རོས་མཛད་པའི་རྒྱ་གཞུང་དུ་མ་བཞུགས་སུ་གསོལ་ཡོད། ༢ ཏཻ་ལོའི་གཞུང་ཆུང་ཞེས་བྱ་བ། མཇུག་ཏུ། ཡིད་བཞིན་ནོར་བུ་མཁའ་འགྲོ་མའི་གསང་ཚིག་རྫོགས་སོ། །གཙིགས་ཀྱི་རྒྱ་མདུད་དང་བཅས་པ་ནཱ་རོ་པཎྜི་ཏ་ཞལ་སྔ་ནས་དང་། མར་པ་ཆོས་ཀྱི་བློ་གྲོས་ཀྱིས་པུཥྤ་ཧ་རིའི་དགོན་པར་བསྒྱུར་བའོ། །ཞེས་གསལ། ༣ ཏཻ་ལོའི་པྲ་ཁྲིད་ཀྱི་མན་ངག་ཅེས་པ་འགྱུར་བྱང་མི་གསལ་ཞིག་ཀྱང་བཞུགས་འདུག ། ༤ དབང་མདུད་གྲོལ་གྱི་གདམས་པ་ཞེས་བྱ་བ། མཇུག་ཏུ། དབང་མདུད་གྲོལ་གྱི་གདམས་པ་ཏཻ་ལོས་ནཱ་རོ་ལ་གསུངས་པ་རྫོགས་སོ། །ཞེས་གསལ། རྗེ་མར་པའི་གསུང་འབུམ་དུ་ཡང་བཞུགས་ཡོད། ༥ ཆོས་ཉིད་གཉུག་མའི་མགུར་ཞེས་བྱ་བ། མཇུག་ཏུ། རྒྱ་གར་གྱི་དུར་ཁྲོད་ཆེན་པོ་དག་པའི་དབྱིངས་སུ། སློབ་དཔོན་ཆེན་པོ་ཏིལློ་པས་མན་ངག་ཚངས་པའོ་ནཱ་རོ་པ་ལ་ཆོས་ཉིད་གཉུག་མའི་མགུར་དུ་གདམས་པའོ། །ཨི་ཐི། དབང་མདུད་འགྲོལ་དང་ཆོས་ཉིད་གཉུག་མའི་མགུར་གྱིས་དབང་གོང་མ་གསུམ་པོ་གསལ་བཏབ་པའོ། །ཤུ་བྷཾ། ཞེས་གསལ། ༦ ཡབ་དང་འབྲེལ་བ་དཀྱིལ་འཁོར་རྒྱས་པའི་ཕྱི་དཀྱིལ་གྱི་སྒྲུབ་ཐབས། བདེ་མཆོག་ལྷན་སྐྱེས་ཀྱི་རྒྱ་གཞུང་། ༧ བདེ་མཆོག་འཁོར་ལོའི་སྒྲུབ་ཐབས་གསང་བ་ཡིད་བཞིན་ནོར་བུ་བཅས་མཇུག་ཏུ་ནཱ་རོས་མཛད་པ་དང་མར་སྟོན་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བ་གསལ། ༨ གཞན་ཡང་བདེ་མཆོག་ལྷ་བཅུ་གསུམ་དང་ལྷ་ལྔའི་སྒྲུབ་ཐབས་ཞེས་བྱ་བ་ཏཻ་ལོས་མཛད་ཅེས་འཁོད་པ་དང་བཅས་པ་མངོན་རྟོགས་དང་སྒྲུབ་ཐབས་དང་འབྲེལ་བའི་རྒྱ་གཞུང་མང་ཙམ་བཞུགས་སུ་གསོལ་འདུག །སྙན་བརྒྱུད་ཀྱི་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་སྐོར་ལ། ཕྱག་རྒྱ་ཆེན་པོ་གངྒཱ་མ་དང་ཕྱག་ཆེན་ཚིགས་བསྡུས་སོགས་དུ་མ་བཞུགས་སུ་གསོལ་ཡོད། དེ་ལྟར་རྒྱ་གཞུང་དུ་གསལ་བའི་སྙན་བརྒྱུད་ཀྱི་གཞུང་དེ་དག་རྒྱ་གཞུང་མ་ཡིན་པའི་སྒྲུབ་བྱེད་རྣམ་དག་ཅི་ཡང་བཤད་རྒྱུ་མེད་པ་ལ། རང་གར་རྒྱ་གཞུང་མ་རེད་ཅེས་བཤད་པ་ཙམ་གྱིས་ཅི་ཞིག་ཕན། སྐབས་དོན་སྙན་བརྒྱུད་ཀྱི་དབང་དང་འབྲེལ་བའི་སྐབས་ཡིན་པས་དེའི་སྐོར་ནས་ཞུས་ན། དབང་མདུད་འགྲོལ་གྱི་གདམས་པ་ཞེས་པ་ནས་བརྡ་ཡི་དབང་བཞི་བསྟན་ཚུལ་དང་ཡེ་ཤེས་གྲུབ་པའི་ལེའུ་བཅུ་བདུན་པ་རྡོ་རྗེ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཆོ་ག་ནས་བརྡའི་དབང་བཞི་བསྟན་ཚུལ་ལ་ཁྱད་པར་མེད་པ་ཤིན་ཏུ་གསལ་པོར་གྲུབ་འདུག་པས་ཀྱང་། བརྡ་བཞིའི་དབང་བསྟན་པ་ཙམ་གྱིས་རྒྱ་གཞུང་མ་ཡིན་པར་འདོད་ན་ཡེ་ཤེས་གྲུབ་པ་སོགས་ཀྱང་རྒྱ་གཞུང་མ་ཡིན་པ་ཐལ་བས་རང་འདོད་དང་མི་མཐུན་པའི་གཞུང་མཐའ་དག་རྒྱ་གཞུང་མ་ཡིན་པར་འདོད་ན་ཧ་ཅང་ཐལ་མི་ཆེའམ། དེས་ན་གོང་གསལ་གྱི་གཞུང་དེ་དག་རྒྱ་གཞུང་མ་ཡིན་པར་སྒྲུབ་བྱེད་ཀྱི་རྒྱུ་མཚན་དང་ཡང་ན་རྒྱ་གཞུང་ཁུངས་དག་མ་ཡིན་པར་སྒྲུབ་བྱེད་ཀྱི་ཁུངས་སྐྱེལ་ཐུབ་པའི་དཔང་རྟགས་སྟོན་རྒྱུ་མེད་པ་དེ་སྲིད་དུ་ཁྱེད་ཅག་གིས་གང་སྨྲས་པ་ཐམས་ཅད་གནད་ལ་མ་ཁེལ་བའི་གཏམ་ལས་འདའ་ས་མེད་པ་འདྲ། གཞན་ཡང་རས་ཆུང་སྙན་བརྒྱུད་ཀྱི་ནང་དུ་མར་སྟོན་ཆེན་པོའི་སྙན་བརྒྱུད་སྐོར་འགའ་ཞིག་བཞུགས་སུ་གསོལ་ཡོད་པ་ནི། ཡབ་རྒྱལ་པོ་ལྟ་བུའི་སྒྲུབ་ཐབས་ལས་ཟབ་པ་ལྷན་སྐྱེས། བདེ་མཆོག་དྲུག་ཅུ་རྩ་གཉིས་པའི་སྒྲུབ་ཐབས། རྒྱ་ཆེ་བ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། རྡོ་རྗེ་ཕག་མོ་ལྷ་མོ་བཅོ་ལྔ་མ་ལྷ་མོ་བདུན་མ་ལྷ་ལྔ་པ་ཕག་མོའི་ཐུགས་སྒྲུབ་བཅས་བཞུགས་ཡོད་པ་དང་། བདེ་མཆོག་དཀྱིལ་འཁོར་གྱི་ལག་ལེན་སྡོམ་ཚིག་མུན་སེལ་སྒྲོན་མེ། མཆོག་དབང་གསུམ་བསྐུར་བའི་ལག་ལེན་སོགས་བཞུགས་ཡོད་པས། གཞུང་དེ་དག་རེ་རེ་ནས་རྒྱུད་རྒྱུད་འགྲེལ་དང་བཅས་པ་ལ་ཇི་ལྟར་འགལ་ཚུལ་དང་ཁུངས་དག་མ་ཡིན་པའི་ཁུངས་དང་མར་པ་ལོ་ཙཱའི་གསུང་མ་ཡིན་པའི་སྒྲུབ་བྱེད་ཚད་ལྡན་བཅས་ཁྱེད་ཚོས་བཤད་དགོས་པ་ཆགས་ཡོད་པས་སྟོན་དགོས་པ་ཡིན། ཅི་སྟེ་སྒྲུབ་བྱེད་ཅི་ཡང་མེད་པར་ཧམ་བཤད་གནང་བ་ཙམ་ཡིན་ན་སྨྲ་བ་ཉུང་ན་མཛེས་སོ་ཞེས་ཞུ་འདོད། ཇི་ལྟར་བསམ་ཡང་སྙན་བརྒྱུད་ཀྱི་གདམས་པའི་སྐོར་འདི་དག་མར་པ་ཆོས་ཀྱི་བློ་གྲོས་དང་འབྲེལ་བ་ཆེ་བ་ལྟ་བུར་སྣང་བ་ལས་དེ་ལས་བརྒྱུད་པ་གཞན་ཞིག་འཚོལ་རྒྱུ་ཨི་རྙེད་བལྟས་ཀྱང་ཁུངས་སྐྱེལ་ཐུབ་པའི་ལོ་རྒྱུས་དངོས་ཀྱི་དཔང་པོ་ཞིག་ཡོད་དཀའ་འོ་སྙམ། དཔེར་ན་སྙན་བརྒྱུད་ཀྱི་བརྡའི་དབང་གི་བརྒྱུད་པའི་སྐོར་ནས་བཤད་ནའང་ཁུངས་སྐྱེལ་བསྟན་བཅོས་ཡེ་ཤེས་གྲུབ་པ་སོགས་ལས་གསལ་པོར་གྲུབ་ཡོད་པ་དང་དེ་ཡང་བདེ་མཆོག་གི་ཡིན་པ་ཧ་ཅང་གསལ་པོར་གྲུབ་ཡོད། དེ་ཉིད་ལེའུ་བཅུ་བདུན་པ་ལས། འདི་ནི་རྒྱུད་ཀྱི་རྒྱལ་པོ་བདེ་མཆོག་གི་ཡིན་ནོ། །ཞེས་ཤིན་ཏུ་གསལ་བར་གསུངས་པ་ཡིན་ནོ། །སྤྱིར་རྒྱལ་པོ་ཨིནྡྲ་བྷོ་དྷིའི་ལུགས་ཀྱི་བདེ་མཆོག་གི་བརྒྱུད་པ་ཡང་མར་པས་གསལ་བར་བྱས་མོད་དར་རྒྱས་ཆེར་མ་བྱུང་ཞེས་རྒོད་ཚང་རས་པ་སྣ་ཚོགས་མིང་ཅན་གྱིས་མཛད་པའི་སྡོམ་པའི་སྤྱི་བཤད་ཡེ་ཤེས་ཆེན་པོའི་སྨན་མཆོག་ལས་གསལ།
ཁོ་ཚོ་དོགས་གཞི་འབྱུང་རྩ་ནི། རྔོག་མདོ་སྡེའི་སློབ་མ་ཏྲེ་བོ་རྡོ་རྗེ་མགོན་པོའི་བདེ་མཆོག་གི་རྣམ་བཤད་འགའ་བཞུགས་མོད་མར་དོའི་ལུགས་ཡིན་པ་དང་། ལྷག་པར་མར་དོའི་ལུགས་ཀྱི་བདེ་མཆོག་གི་བརྒྱུད་པ་བཤད་པ་ན། ལྷོ་བྲག་མར་པའི་གསུང་བཞིན་ནཱ་རོའི་སློབ་མ་མ་ན་ཀ་ཤྲཱི་དང་། པཛྙཱ་རཀྵི་ཏ། ཁ་ཆེ་བྱང་ཆུབ་བཟང་པོ། པྲ་མུ་ད་བཛྲ་རྣམས་ལས་ནཱ་རོའི་ལུགས་ཀྱི་བདེ་མཆོག་གི་དབང་རྒྱུད་མན་ངག་རྣམས་གསན་པར་གསལ་བས། ཅི་སྟེ་ལྷོ་བྲག་པ་ཉིད་ལ་བདེ་མཆོག་གི་བརྒྱུད་པ་ཡོད་ན་མར་དོ་ལ་གནང་ཆོག་ཆོག་ཡིན་པ་ལ། མར་དོ་ལ་གོང་གསལ་གྱི་སློབ་དཔོན་དེ་དག་ལས་བདེ་མཆོག་ཞུ་དགོས་སྐོར་གསུངས་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་དོགས་པ་བྱ་སྲིད་པ་དང་། ཁྱད་པར་བདེ་མཆོག་སྙན་བརྒྱུད་ཀྱི་སྐོར་འདི་མར་པའི་སློབ་བརྒྱུད་གཞན་རྣམས་ལ་ཆེར་མ་གྲགས་པ་དང་། མི་ལ་ཡབ་སྲས་རྣམས་ལ་གྲགས་ཆེ་བར་སྣང་བས་ཕྱིས་སུ་གསར་དུ་བཟོས་པ་ཡིན་ནམ་སྙམ་པའི་དོགས་པ་འདི་སྐྱེས་པ་འདྲ། འདི་ལ་རིགས་ཚུལ་ཞིག་བརྗོད་ན། བླ་མར་པས་མཁྱེན་ཚད་དེ་སློབ་མ་ཚང་མས་ཤེས་དགོས་པའི་ངེས་པ་མེད་ལ། བླ་མ་མར་པ་ལ་བརྒྱུད་པ་ཡོད་པའི་ཆོས་བཀའ་ཡོད་ཚད་དེ་སློབ་བརྒྱུད་ཚང་མ་ལ་བརྒྱུད་དགོས་པའི་ངེས་པ་དེ་བས་ཀྱང་མེད་པས་དོགས་པ་སྐྱེ་སྟངས་འདི་ཧ་ཅང་གི་མ་ངེས་པའི་རྟགས་ཤིག་ལས་མ་འདས་པའོ། །འོ་ན་རྔོག་པའི་བརྒྱུད་འཛིན་འགའ་ཞིག་གིས་ཐ་ན་མར་པ་ལ་བདེ་མཆོག་གི་རྒྱུན་མེད་པའི་གསུང་སྲོལ་ཡང་ཡོད་པ་སྟེ། དཔེར་ན་མར་པའི་རྣམ་ཐར་མདོར་བསྡུས་ཤིག་ཆེར་སྟོན་བསོད་ནམས་བཟང་པོས་མཛད་པའི་ཧེ་བཛྲའི་རྣམ་བཤད་གསལ་བའི་སྒྲོན་མེ་ཞེས་པའི་ནང་དུ་འབྱུང་བ་ལས། དེ་ནས་ཆོས་མང་པོ་ཁོ་ན་མ་གསན་ཏེ། པན་ཙ་ཀྲམ་དང་། པིན་ཙི་ཏྲི་ཏ་དང་གཉིས། རྒྱུད་འདི་ཟླ་བ་དྲུག་གི་བར་དུ་གསན། ད་ཤེས་སམ་གསུངས་པ་ལ་ཤེས་པར་གདའ། ད་བདེ་མཆོག་གཅིག་ཞུ་བྱས་པས། དེ་ནས་དུར་ཁྲོད་དུ་གཤེགས་ནས་གཏན་མ་མཇལ། དེ་ནས་བོད་དུ་ཐོན་ནས་བྱོན་ཏེ། དེ་དག་ནི་གཏམ་རྒྱུད་དང་བྱུང་ཚུལ་ལོ། །ཞེས་གསུངས་པ་ཅི་ཡིན་ནམ་ཞེ་ན། ཡོངས་གྲགས་ལ་བདེ་མཆོག་མཁའ་འགྲོའི་སྙན་བརྒྱུད་ཅེས་གྲགས་པ་སྟེ་ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ལས་དང་པོ་ལྔ་ནི་མར་པ་ལྷོ་བྲག་པས་དངོས་སུ་གསན་ལ། ཕྱི་མ་སྐོར་བཞི་མ་ཐོབ་པ་ཕྱིས་རས་ཆུང་པས་གསན་པའི་ཚུལ་བཤད་ཡོད་པས། གོང་ནས་བཤད་པ་དེ་ནི་གཞུང་གི་སྤོམ་བཤད་ཡིན་གྱི་སྒྲ་ཇི་བཞིན་པ་མ་ཡིན་པར་ཤེས་དགོས། དེར། བདེ་མཆོག་གཅིག་ཞུ་བྱས་པས། དེ་ནས་དུར་ཁྲོད་དུ་གཤེགས་ནས་གཏན་མ་མཇལ། ཞེས་པའི་དོན་ཡང་ཚིག་གི་བརྗོད་ཚུལ་ཙམ་མ་གཏོགས། ལུས་མེད་ཆོས་སྐོར་ལྔ་པའི་མཚམས་དེར། སྐབས་འདིར་ནཱ་རོ་པ་ཌཱ་ཀིས་སྤྱན་དྲངས་ནས་ཆོས་འཕྲོ་ཆད། སླར་མར་པས་ཞུས་པས། ནཱ་རོའི་ཞལ་ནས་ང་དང་དེ་ལ་འབྲེལ་བ་མེད། ཕྱིས་ཤོག་ངའི་སློབ་མ་ཞིག་ལ་ལོང་ཅིག་གསུངས། ཞེས་གསལ་བ་དེ་དང་གོ་བ་གཅིག་ཏུ་ཤེས་དགོས་པ་འདྲའོ་སྙམ། དེས་ན་མཁས་པར་གྲགས་པ་ལ་ལས་གོང་གི་ལུང་དེས་རྔོག་ལ་མར་ལུགས་ཀྱི་བདེ་མཆོག་གི་བརྒྱུད་པ་མེད་པར་བཤད་ནུས་ཞེས་སྒྲུབ་བྱེད་དུ་དྲངས་པའང་ཚོད་དཔག་ཙམ་དུ་སྣང་། དེ་ནས་མར་པ་དང་མི་ལས་བྱོན་པ་མ་བྱུང་སྟེ། རས་ཆུང་པས་བྱོན་ནས་འདི་མན་ཆོད་ཀྱི་ལྔ་པོ་གྲུབ་ཐོབ་ཏི་ཕུ་ལ་ཞུས་ཞེས་གྲགས་པ་ལ། ལ་ལས་མར་དོས་ལྷོ་བྲག་པའི་བཀའ་བཞིན་ནཱ་རོ་པའི་སློབ་མ་ལས་ཞུས་པ་ཡིན་ཟེར། མདོར་ན་མར་པའི་གསུང་དུ་བདེ་མཆོག་གི་སྐོར་ཧ་ཅང་མང་བས་མར་པ་ལ་བདེ་མཆོག་གི་བརྒྱུད་པ་གཏན་ནས་མེད་ཅེས་སྨྲས་ན་མར་རྔོག་གི་མཁས་པ་དག་གིས་ཁྲེལ་བའི་རྒྱུ་ལས་ཅི་ཡང་མེད། མར་སྟོན་རྡོ་རྗེ་འཆང་ནས་སྙན་བརྒྱུད་འདི་རྗེ་བཙུན་ཁོ་ན་ལ་བརྒྱུད་པ་དང་གཞན་ལ་མ་བརྒྱུད་པའི་བཤད་སྲོལ་འདི་གྲགས་ཆེ་བ་དང་། ཁྱད་པར་མར་པ་ནས་རྔོག་པ་ལ་བརྒྱུད་པའི་བདེ་མཆོག་གི་རྒྱུན་ཡོད་དཀའ་བ་ཡང་། རྔོག་ཞེ་སྡང་རྡོ་རྗེའི་ཐུགས་སྲས་སྔོ་ཚ་ཆོས་སྐུའི་གསུང་ཀྱེ་རྡོར་གྱི་འགྲེལ་པ་རིན་ཆེན་རྒྱན་དང་འདྲ་བའི་བཤད་པའི་དབུར་མར་རྔོག་གི་རྣམ་ཐར་མདོར་བསྡུས་ཤིག་འབྱུང་བ་ལས། དེ་ལྟར་སྤོང་དག་ལན་གསུམ་བྱས་ཀྱང་བླ་མའི་ཆོས་ཐམས་ཅད་མ་གནང་། དགྱེས་པའི་རྡོ་རྗེ་རྩ་རྒྱུད་བཤད་རྒྱུད་སྒྲུབ་ཐབས་སུ་བཅས་པ་འདི་དང་ནི་གཅིགགདན་བཞི་རྩ་རྒྱུད་བཤད་རྒྱུད་དུ་བཅས་པ་འདི་དང་གཉིས། མ་ཧཱ་མ་ཡ་སྒྲུབ་ཐབས་དཀྱིལ་འཁོར་ཆོ་གར་བཅས་པ་དེ་རྣམས་ལས་མ་གནང་གསུང་ངོ་། །ཞེས་རྔོག་པས་མར་པའི་དྲུང་ནས་ཆོས་ཅི་ཙམ་ཐོབ་པ་ཁ་ཚོན་བཅད་ནས་གསལ་པོར་གསུངས་སོ། །འོན་ཀྱང་འཇམ་མགོན་ཀོང་སྤྲུལ་གྱིས་བཀའ་བརྒྱུད་སྔགས་མཛོད་ཀྱི་བརྒྱུད་ཡིག་ལས། མངའ་བདག་མར་པ་ལོ་ཙཱས་རྔོག་པ་ཡབ་སྲས་ལ་གནང་སྟེ་རིམ་པར་བརྒྱུད་པའི་བདེ་མཆོག་ནག་པོ་ལུགས་ཀྱི་བཀའ་སྲོལ་མ་ཆད་པ་དུས་ཕྱིས་བར་དུ་བཞུགས་ཡོད་པར་འདུག་ཀྱང་ད་ལམ་དབང་རྒྱུན་མ་རྙེད་པ། སླད་ནས་རྙེད་པ་བྱུང་ཚེ་འདིར་བཞུགས་པར་བྱའོ། །ཞེས་གསུངས་པ་དང་། རྒོད་ཚང་རས་པ་སྣ་ཚོགས་མིང་ཅན་གྱིས་མཛད་པའི་སྡོམ་པའི་སྤྱི་བཤད་ལས། གསུམ་པ་དེ་དག་ལས་ཁྱད་པར་དུ་གྱུར་པ་ནི། བདེ་མཆོག་མཁའ་འགྲོའི་སྙན་བརྒྱུད་ཀྱི་གདམས་པ་སྟེ། ཞེས་སོགས་ནས། གཞན་དེ་མན་ཆད་དུ་གོང་གི་སྙན་བརྒྱུད་རྣམས་དེ་ནས་ཡི་ཆར་བཀོད་པ་ལ། རྗེ་རྔོག་པས་བསྲེ་བ་དང་འཕོ་བར་མིང་བཏགས་ཏེ་སྤེལ་བས་རྔོག་པའི་ཆོས་དྲུག་གམ་བསྲེ་འཕོར་མིང་གྲགས། ཞེས་སོགས་གསལ་བས་སྙན་བརྒྱུད་ཀྱི་ཆོས་བཀའ་འདི་རྔོག་པ་ལ་ཡང་ཡོད་པའི་བཟོ་འདྲ་ཞིག་གསལ་ཡོད། འོན་ཀྱང་དེར་ཞིབ་ཆ་མཛད་ནས་སྙན་བརྒྱུད་ཡིད་བཞིན་ནོར་བུའི་བཀའ་ཡོངས་སུ་རྫོགས་པ་ནི་རྗེ་བཙུན་མི་ལ་ལ་ཆིག་རྒྱུད་དུ་མཛད་པར་གསུངས། བདེ་མཆོག་གི་སྐོར་འདི་སྙན་བརྒྱུད་དམ་ཆིག་བརྒྱུད་ཡིན་པས་མི་ལ་ལ་གནང་བ་མ་གཏོགས་མེས་རྔོག་ཚུར་གསུམ་སོགས་ལ་མ་གནང་བ་ཡིན་ཞེས་གདམས་མཛོད་བདེ་མཆོག་སྙན་བརྒྱུད་བཤད་པའི་སྐབས་སུ་ཕྱོགས་ཙམ་གསལ་ལ། དེ་ལྟར་ན་ལ་ལས་མར་པ་ནས་རྔོག་པ་ཡབ་སྲས་ལ་བརྒྱུད་པའི་བདེ་མཆོག་གི་རྒྱུན་མེད་ཅེས་བཤད་པར་འདུག་མོད། བཀའ་བརྒྱུད་སྔགས་མཛོད་ཀྱི་དཀར་ཆག་ཏུ་ཡོད་པར་གསལ་ཞིང་། ཁྱད་པར་དུ་སྔགས་མཛོད་དབང་བཤད་ཟུར་དུ་བཀོལ་བ་ལས་ཀྱང་། གཞན་ཡང་རྒྱལ་བ་མཻ་ཏྲི་པ་ལས་བདེ་མཆོག་གི་སྐོར་ཅི་རིགས་པར་གསན་ནས། བོད་དུ་རྗེ་བཙུན་མི་ལ་ལ་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་ཀྱི་སྨིན་གྲོལ་མཐའ་དག་བསྩལ། མེས་རྔོག་མཚུར་སོགས་ལ་རྩ་བཤད་ཀྱི་དབང་དང་གདམས་པ་ཅི་རིགས་བསྩལ་བ་ལས། ཞེས་གསལ་ཡོད། དེས་ན་རྗེ་མར་པ་ལ་སྙན་བརྒྱུད་ཀྱི་བརྒྱུད་པ་མེད་པའི་སྒྲུབ་བྱེད་རྣམ་དག་ཅི་ཡང་མེད་ཅིང་། འཇམ་མགོན་བླ་མའི་གདམས་མཛོད་ཀྱི་དཀར་ཆག་ལས། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་རྒྱལ་བ་རྡོ་རྗེ་འཆང་གི་བཀའ། །འདི་ལ་བརྟགས་བྱར་སྨྲ་བ་ཕྱོགས་ཞེན་ཙམ་དུ་ཟད། །ཅེས་གསུངས་པ་ལྟར་ཟད་དོ། །དེ་ལྟ་བུའི་མར་སྟོན་ཆེན་པོའི་སྙན་བརྒྱུད་ཀྱི་བཀའ་ཡོངས་སུ་རྫོགས་པ་དེ་ཉིད་རྗེ་བཙུན་ཆེན་པོ་ལས་རས་ངམ་དྭགས་གསུམ་ལ་རིམ་པར་བརྒྱུད་པས་སྙན་བརྒྱུད་རྒྱས་འབྲིང་བསྡུས་གསུམ་ཞེས་གྲགས་པ་དེ་བྱུང་ཡོད། རྗེ་བཙུན་ལ་ཇི་ལྟར་བརྒྱུད་པ་ནི། མི་ལས་མཛད་པར་གྲགས་པའི་སྟེང་སྒོ་རྣམ་གྲོལ་གྱི་ཆོས་དྲུག་ལས། ཆོས་སྐུ་ཡེ་ཤེས་མཁའ་འགྲོའི་གསང་ཚིག །འགྲོ་རྣམས་ཡང་དག་པའི་གནས་སུ་འདྲེན་པར་བྱེད་པ། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་དངོས་སུ་གནང་བའི་གདམས་པ། ཇི་སྲིད་སངས་རྒྱས་ཀྱི་བསྟན་པ་དེ་སྲིད་དུ་འགྲོ་དོན་ཆེར་འབྱུང་བའི་དོན་དུ། བརྒྱུད་པ་བཅུ་གསུམ་དུ་ཆིག་བརྒྱུད་དུ་བཀའ་རྒྱས་བཏབ་པ། སྙན་བརྒྱུད་ཡིད་བཞིན་ནོར་བུ་ཞེས་བྱ་བ་འདི། རྗེ་བཙུན་མས་ཏིལློ་པ་དངོས་སུ་གདམས། ཏིལློ་པ་ལ་སློབ་མ་ཀ་སཱོ་རི་པ་དང་། རི་རི་པ་དང་། གྲུབ་ཐོབ་བརྒྱད་རྣམས་ཀྱིས་དབུ་རྒྱན་དུ་མཁའ་འགྲོ་མ་ལ་དངོས་སུ་ཞུས་པའི་ཆོས་ཀྱི་ཞུ་བྱས་པས། དྲན་པ་བརྗེད་མེད་ནཱ་རོ་པས། །བཅུ་གཉིས་བར་དུ་ང་བརྟེན་བྱས། །ང་ཡི་དེ་ཉིད་ཁོ་ལ་ཡོད། །ཕྱི་རབ་བརྟེན་གྱི་གང་ཟག་རྣམས། །རྟོགས་པར་འདོད་ན་ནཱ་རོ་བརྟེན། །ཞེས་གསུངས་ཁོང་རྣམས་ལ་མ་གནང་བར་ནཱ་རོ་པ་གཅིག་པུ་ལ་གནང་ནས། བོད་ཀྱི་མར་པ་ལུང་བསྟན་ཏེ། པུཥྤ་ཧ་རིའི་དགོན་པ་རུ། །བྷུ་ཏཱི་མ་རིག་པ་མུན་པ་སེལ། །སྙན་བརྒྱུད་ཡིད་བཞིན་ནོར་བུ་ཡི། །ཡེ་ཤེས་སྣང་བས་ཁྱབ་པར་གྱིས། །ཅེས་གསུངས་སོ། །ནཱ་རོ་པཎ་ཆེན་ལ་སློབ་མ་འཇིགས་མེད་གྲགས་པ། ཨ་ཀ་ར་སིདྡྷ། པཎྜི་ཏ་ཤེས་རབ་སེང་གེ། ཏེ་ཕུ་པ་ལ་སོགས་པ་མང་དུ་ཡོད་ཀྱང་མ་བྱིན་པར། མར་པ་གཅིག་པུ་ལ་གནང་ནས། མི་ལ་རས་པ་བདག་ལུང་བསྟན་ཏེ། ཤར་ཕྱོགས་ཏེལློས་བྱིན་གྱིས་རློབས། །ལྷོ་ཕྱོགས་ཀླུ་སྒྲུབ་ཀྱིས་བྱིན་གྱིས་རློབས། །ནུབ་ཕྱོགས་ཨིནྟྲས་བྱིན་གྱིས་རློབས། །བྱང་ཕྱོགས་ནཱ་རོས་བྱིན་གྱིས་རློབས། །ཁ་བ་ཅན་གྱི་བྱང་ཕྱོགས་ན། །ཐོས་པ་དགའ་ཞེས་བྱ་བ་ཡིས། །གདུལ་བྱ་སྣོད་ལྡན་ཡོད་པས་སོང་། །ཞེས་གསུངས་སོ། །མར་པ་ལོ་ཙཱ་ལ་སློབ་མ། བླ་མ་རྔོག་ཆོས་རྡོར། མར་པ་མགོ་ལེགས། མེས་ཚོན་པོ་ལ་སོགས་པ་མང་དུ་ཡོད་ཀྱང་། མཁའ་འགྲོ་སྙན་བརྒྱུད་ལ་ཡི་གེ་མེད། སྤེལ་ས་མེད་ཅེས་གསུངས་ནས་གཞན་ལ་མ་བྱིན་པར་ཁོ་བོ་གཅིག་པུ་ལ་གནང་། ཞེས་གསུངས། རྗེ་བཙུན་ཉིད་ཀྱི་དངོས་སློབ་དྭགས་པོ་རིན་པོ་ཆེ་དང་། རས་ཆུང་རྡོ་རྗེ་གྲགས་པ། གྲུབ་ཆེན་ངམ་རྫོང་པ་བཅས་ཀྱིས་རྫུན་ཁོ་ནས་རང་རང་གི་གྲུབ་མཐའ་སྐྱོང་བ་ཡིན་ན་མ་གཏོགས། ཁོང་རྣམས་ཀྱིས་རྗེ་བཙུན་ཆེན་པོ་ནས་སྙན་བརྒྱུད་ཀྱི་སྐོར་ཉེ་བར་བརྒྱུད་པ་ཡིན་པའི་སྐོར་ཧ་ཅང་གསལ་པོ་གསུངས་ཡོད། ཁོང་རྣམ་པས་རྫུན་བཟོ་རྫུན་ལས་མང་པོ་ཞིག་མཛད་ཡོད་པ་ཡིན་ན་ཇི་ལྟར་མཛད་པའི་དངོས་བྱུང་ལོ་རྒྱུས་ཀྱི་དཔང་རྟགས་སྟོན་རྒྱུ་ཡོད་དགོས་པ་ལ་ཁྱེད་ཅག་ལ་ཅི་ཡང་སྟོན་རྒྱུ་མི་འདུག་པས། རྗེ་བཙུན་ཆེན་པོའི་དངོས་སློབ་ཀྱི་ཐུ་བོ་རྣམས་ལས་ཁྱེད་ཅག་རྣམས་རྗེ་བཙུན་ཆེན་པོའི་རྣམ་ཐར་ལ་ཆ་རྒྱུས་ཆེ་ཞེས་སྨྲ་ན་གད་མོའི་གནས་ལས་ཅི་ཡང་མེད་དོ། །རས་ཆུང་པ་དང་ངམ་རྫོང་པས་བཤད་པ་དེ་དག་རྫུན་དུ་གྱུར་ན་ཁོ་ཚོའི་ཁྱོད་ཀྱི་བརྒྱུད་པ་དེ་མར་དོ་ལས་བརྒྱུད་པའི་ཁུངས་གསལ་པོ་ཅི་ཞིག་སྟོན་རྒྱུ་ཡོད་དམ། ཡང་ན་དེ་ལས་གཞན་ཞིག་ལས་བརྒྱུད་པའི་ཁུངས་ཡོད་དམ། ཁུངས་ལུང་མེད་པའི་གཏམ་ཡིན་ན་སུས་བཤད་ཀྱང་ཆེ་རྒྱུ་ཅི་ཡང་མེད་དོ། །དྭགས་པོ་རིན་པོ་ཆེ་ལ་རྗེ་བཙུན་ཆེན་པོ་ནས་སྙན་བརྒྱུད་ཀྱི་གདམས་པའི་སྐོར་བརྒྱུད་ཡོད་པ་རྗེ་ཉིད་ཀྱི་རྡོ་རྗེའི་མགུར་དང་ཚོགས་ཆོས་ལེགས་མཛེས་མ་སྙན་བརྒྱུད་ཀྱི་བརྗེད་བྱང་མ་བཅས་ལས་གསལ་བས། དེ་དག་ཀུན་རྫུན་ཚིག་ཏུ་གྱུར་ཟིན་པའི་རྗེས་སུ་ཁྱེད་ཅག་གིས་བཤད་པ་ལྟ་བུའི་དངོས་བྱུང་གི་ལོ་རྒྱུས་ཁུངས་ཐུབ་ཀུན་གྱིས་ཡིད་ཆེས་ཐུབ་པ་ཞིག་གང་ན་ཡོད་པ་ཡིན་ནམ། འདི་ལྟར་ཞིབ་ཀྱིས་བསམ་ན། ཕྱིས་སུ་གྲུབ་མཐའ་ཕན་ཚུན་འཕྲིན་ལས་ཆེ་ཆུང་གི་དབང་གིས་ཕྲག་དོག་གིས་ཁ་ཟེར་སྒྲོག་འདོགས་བྱེད་པའང་ཡོད་པས། བདེ་མཆོག་སྙན་བརྒྱུད་ཀྱི་འཕྲིན་ལས་ཆེ་བ་ལ་ཐུགས་མ་དགའ་ནས་གསུངས་པ་མ་ཡིན་པའི་ངེས་པའང་མི་འདུག་ལ། རྗེ་བཙུན་མི་ལའི་འཕྲིན་ལས་ལ་བརྟེན་ནས་སྒྲུབ་བརྒྱུད་པ་དང་། ཁྱད་པར་བདེ་མཆོག་སྙན་བརྒྱུད་ལ་བརྟེན་ནས་གྲུབ་ཐོབ་དང་རྣལ་འབྱོར་པའི་རིགས་ཅན་མང་དུ་འཕེལ་བ་ལ། འདུལ་འཛིན་དང་མཚན་ཉིད་པ་དག་ཐུགས་མི་དགའ་བའི་དབང་གིས་སྒྲོ་འདོགས་འདྲ་མིན་བྱེད་མི་སྲིད་པའང་མ་ཡིན་པ་འདྲའོ། །ས་སྐྱ་པ་ཚོས་སྙན་བརྒྱུད་འདི་དག་རྫུན་ཡིན་ཏེ། རྫུན་ཡིན་ཞེས་ས་པཎ་གྱིས་གསུངས་འདུག་པའི་ཕྱིར་ཞེས་པ་ཙམ་ལས་དེ་ལས་གཞན་པའི་ཁུངས་སྐྱེལ་ཅི་ཡང་སྨྲ་རྒྱུ་མེད་པ་ནི་ཧ་ཅང་གསལ་པོ་ཆགས་འདུག །
དེ་ལ་སྙན་བརྒྱུད་པ་རྣམས་ལ་ཡོངས་སུ་གྲགས་པ་ལྟར་ན་རྗེ་བཙུན་ཆེན་པོ་ནས་ངམ་རྫོང་ལ་བརྒྱུད་པར་བཤད་ཡོད། དེ་ཡང་རྒོད་ཚང་རས་པས་མཛད་པའི་ངམ་རྫོང་རས་པའི་རྣམ་ཐར་འཁྲུལ་མེད་ཅེས་པ་ལས། རྗེ་བཙུན་ཆེན་པོའི་ཞལ་ནས། ཕ་མར་པ་ལོ་ཙཱ་བ་དེ་རྒྱ་གར་དུ་བྱོན་ནས་མཁས་གྲུབ་ནཱ་རོ་པཎ་ཆེན་གྱི་གདམས་པ་ཐམས་ཅད་ཚང་བར་ཞུས་པ་ཡིན། དེའི་ནང་ནས་ཀྱང་ཁྱད་པར་ཅན་གྱི་གདམས་པ་བརྒྱད་ལ་སོགས་པ་ཁྱོད་ལ་སྟེར་བ་ཡིན་གསུངས་ནས། ཁོ་བོ་ལ་བུམ་པ་གང་འབྱོར་གནང་བ་ཡིན། དེ་ལས་ཀྱང་འདི་ཡང་བདེ་མཆོག་སྙན་བརྒྱུད་བྱ་བ་ཡིན་གསུངས་ནས་སྙན་བརྒྱུད་རིན་པོ་ཆེའི་སྒོ་ནས་མ་སྨིན་པ་སྨིན་པར་བྱེད་པ་དབང་དང་དམ་ཚིག །གྲོལ་ལམ་འབྲས་བུ་སངས་རྒྱས་ཚེ་འདི་ཉིད་ལ་ཐོབ་པའི་གདམས་པ་ཕྱིན་ཅི་མ་ལོག་པ་གནང་སྟེ། ལོ་བཅུ་བདུན་གྱི་བར་དུ་ལུས་དང་གྲིབ་མ་བཞིན་དུ་བླ་མ་དང་འབྲལ་མེད་དུ་བསྟེན་ནས་བསྒོམས་པས། རྗེ་བཙུན་ཆེན་མོའི་གདམས་པ་བུམ་པ་གང་འབྱོ་ཐུགས་ལ་མངའ། ཁྱད་པར་སྙན་བརྒྱུད་ཡིད་བཞིན་ནོར་བུའི་གདམས་པ་འདི་ང་མ་ཡིན་པ་སུ་ལ་ཡང་མ་གནང་ཡིན། རྗེས་བཙུན་རས་ཆུང་པ་ལ་རེས་གནང་བ་སྐད་ཀྱང་གསུངས། རེས་མ་གནང་བ་སྐད་ཀྱང་གསུངས་གིན་གདའ་གསུང་ངོ་། །ཞེས་འཁོད་པ་དེ་ལྟར་ན་རས་ཆུང་པ་ལ་སྙན་བརྒྱུད་ཀྱི་བརྒྱུད་པ་ཡོད་མེད་དེ་ངམ་རྫོང་པས་ཀྱང་གསལ་པོར་མཁྱེན་མེད་པའི་རྣམ་པ་ལྟ་བུར་འདུག་པས་དཔྱད་དགོས། ད་བཞུགས་ངམ་རྫོང་སྙན་བརྒྱུད་ཀྱི་སྐོར་ལ་ཆོས་སྐོར་བཅུ་བཞི་ཙམ་བཞུགས་ཡོད་པ་ཁག་ལ་མཇལ་བས་རྗེ་བཙུན་ཆེན་པོ་ནས་བརྒྱུད་པའི་སྐོར་ལས་བླ་མ་གཞན་ལས་བརྒྱུད་པ་མི་གསལ། འོན་ཀྱང་མཚུར་ཕུའི་འཇམས་དབྱངས་ཆེན་མོའི་རྣལ་འབྱོར་མའི་ཟིན་བྲིས་ཀུན་གསལ་ཆེན་མོ་ལས། ཕག་མོ་ལྷ་ལྔ་བདུན་དང་བཅུ་གསུམ་སོགས། །བདེ་མཆོག་འཁོར་ལོ་ལུས་ལ་བཀོད་པ་དང་། །བདེ་མཆོག་ཡབ་ཡུམ་རེས་མོས་སྒྲུབ་པ་ཡིས། །བསྐྱེད་རྫོགས་གཞུང་དང་ཡིག་སྣར་བཅས་པ་རྣམས། །མར་པ་ལོ་ཙཱ་མར་པ་མགོ་ཡགས་དང་། །ངན་རྫོང་རས་པ་སོགས་ལ་བརྒྱུད་པ་ནི། །ལུས་མེད་མཁའ་འགྲོའི་སྐོར་དགུ་ཡང་ཟེར། །བདེ་མཆོག་སྙན་བརྒྱུད་ཕག་མོའི་གདམས་པ་ཡིན། །ཞེས་གསུངས། མར་ལུགས་ཀྱི་མཁའ་འགྲོའི་སྙན་བརྒྱུད་འདི་མར་པ་མགོ་ཡགས་ནས་ངམ་རྫོངས་ལ་བརྒྱུད་པར་བཤད་པ་འདི་མར་པ་ཉིད་ཀྱི་གཞུང་ཞིག་གི་མཇུག་རྩོམ་དང་མཐུན་ཆེ་བ་བྱུང་ཡོད། མར་པའི་གསུང་འབུམ་དུ་བཞུགས་པའི་དཔལ་བདེ་མཆོག་གསང་བ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ཞེས་བྱ་བའི་མཇུག་ཏུ། རྒྱ་གར་པཎྜི་ཏ་ཤྲཱི་ནཱ་རོ་པ་ཆེན་པོ་དང་། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་བདག་གིས་ཞུས་ཏེ་བསྒྱུར་བའོ། །བསོད་ནམས་བསགས་པའི་མར་པ་མགོ་ཡགས་ལ། །མཁའ་འགྲོའི་གསང་ཆེན་སྙན་བརྒྱུད་སྙིང་པོ་གཏད། །བླ་མ་ཅི་མཉེས་བྱེད་པའི་དམ་ཚིག་ཅན། །གྲོགས་ཁྱོད་འདི་ཕྱི་གཉིས་ཀར་འགྲོགས་དགོས་ཀྱེ། །མངྒ་ལཾ། ཞེས་གསལ་བས་དཔྱད་དགོས་པ་ཆགས་ཡོད། ཆོས་བརྒྱུད་གཞན་གྱི་མཁས་པ་ཚོས་སྔོན་གྱི་བཀའ་བརྒྱུད་གོང་མའི་ཡིག་ཆ་ཁག་ལ་དགག་པ་སྣ་ཚོགས་གནང་མཛད་པ་དེ་དག་ལ་ཕྱོགས་གཅིག་ནས་བལྟས་ན་མི་འགྲིག་པའི་ཆ་མང་པོ་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་བཤད་ན་བཀའ་བརྒྱུད་པ་རང་གི་ནང་ཁུལ་ལའང་བཤད་སྲོལ་མི་མཐུན་པ། ཡིག་ཆ་རེ་རེ་ལའང་གོང་འོག་མི་འགྲིག་པ། གསལ་ཁ་མེད་པ་སོགས་ཀྱི་གནད་དོན་ཧ་ཅང་མང་པོ་ཡོད་པ་དངོས་ཡོད་ཆགས་འདུག་པས། དེར་བརྟེན་བཀའ་བརྒྱུད་པའི་རྗེས་མཇུག་གི་གྲལ་དུ་གཏོགས་པ་ཚོས་འགྲིག་ཆགས་དང་ཡིན་ཆགས་ཙམ་གྱི་ངང་དུ་སྐུ་ཚེ་མི་འདའ་བར་འདི་དག་གི་ཐད་ལ་ཉམས་ཞིབ་གནད་སྨིན་རེ་གནང་རྒྱུ་གལ་ཆེ་བར་འདུག་ཅེས་ཐལ་མོ་སྙིང་གར་སྦྱར་ཏེ་གསོལ་བ་འདེབས་པ་ལགས་སོ། །མཚུར་ཕུ་འཇམ་དབྱངས་ཆེན་མོའི་གཞུང་ལས་གསལ་བ་ལྟར་བྱས་ན་བདེ་མཆོག་སྙན་བརྒྱུད་ནི་མར་པ་མགོ་ཡགས་ནས་ངམ་རྫོང་ལ་བརྒྱུད་པར་བཤད་པ་མ་གཏོགས་སྙན་བརྒྱུད་ཀྱི་སྐབས་སུ་རས་ཆུང་དང་དྭགས་པོའི་སྐོར་མ་བཤད་པར་བརྒྱུད་པ་ཟུར་དུ་བཤད་པ་དང་། མི་ལ་ནས་བརྒྱུད་པའི་ཕག་མོ་ནི་དྭགས་པོ་ལ་བརྒྱུད་ཡོད་པ་དང་། རས་ཆུང་པའི་ལུགས་ནི་ཏི་ཕུའི་ལུགས་ཡིན་པར་ཡང་བཤད་ཡོད། དེ་ཡང་དེ་ཉིད་ལས། བྱང་ཆུབ་ཤིང་ལ་མཁའ་སྤྱོད་དཀར་དམར་གསུམ། །མཻ་ཏྲི་ཏི་ཕུ་རས་ཆུང་པ་ལས་བྱུང་། །ཀརྨ་རང་བྱུང་གཉིས་ལ་བརྒྱུད་པ་ཡིན། །ཞེས་གསུངས། འདིར་བསམ་དགོས་པ་ཞིག་ལ་རྗེ་མི་བསྐྱོད་པས་མཛད་པའི་འཁོར་ལོ་སྡོམ་པའི་སྦྱོར་དྲུག་གི་རྣམ་བཤད་སོགས་རས་ཆུང་པའི་ལུགས་ཡིན་པ་དེའང་ཏི་ཕུ་པ་ནས་བརྒྱུད་པའི་ལུགས་ཡིན་ནམ་དཔྱད་དགོས། རྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔའི་ཡ་གྱལ་གྱི་བདེ་མཆོག་ལྷ་ལྔ་དང་ཕག་མོ་ལྷ་ལྔའི་བརྒྱུད་པ་བཤད་པ་ན་འཇམ་མགོན་བློ་གྲོས་མཐའ་ཡས་སོགས་མང་ཆེ་བས་མར་མི་དྭགས་གསུམ་ནས་བཤད་ཡོད་མོད། དྲང་མོར་བཤད་ན་དེའི་ཕག་མོ་ལྷ་ལྔ་ནི་བླ་མ་བཻ་རོ་ནས་བརྒྱུད་པའི་ལུགས་ཉིད་ཡིན་ཏེ། མཚུར་ཕུ་འཇམ་དབྱངས་ཆེན་མོའི་གཞུང་ལས། ནཱ་རོའི་གཞུང་ལ་ཀརྞ་རི་པ་ཡིས། །ལས་ཚོགས་སྦྱར་ནས་མར་པས་མེས་སྟོན་དང་། །གཞན་ཡང་བླ་མ་བཻ་རོ་ནས་བརྒྱུད་ལ། །དུས་གསུམ་མཁྱེན་པའི་ཞལ་གདམས་ཟུང་རེར་བཅས། །ལྔ་ཚན་ལྔ་གྲགས་ཕག་མོ་ལྷ་ལྔ་ཡིན། །ཨིནྡྲ་བྷཱུ་ཏི་བཻ་རོ་ཙ་ན་ལ། །དུས་གསུམ་མཁྱེན་པས་དངོས་སུ་ཞུས་པའི་གཞུང་། །ཕག་མོ་དབུ་རྒྱན་བཾ་བསྐྱེད་ཅེས་པ་ཡོད། །ཅེས་དང་། གཞན་ཡང་དེ་ལས། ཨིནྡྲ་བྷུ་ཏིས་དུས་གསུམ་མཁྱེན་པ་ལ། །བསྐྱེད་རྫོགས་ཞལ་གདམས་བདུན་དུ་གསུངས་པ་འདི། །ཕག་མོ་ཞལ་བཞི་མ་ཡི་གདམས་པ་ཡིན། །ཞེས་གསལ། འོན་ཀྱང་དུས་གསུམ་མཁྱེན་པ་ལ་དྭགས་པོ་ནས་བརྒྱུད་པའི་ཕག་མོའི་ཆོས་སྐོར་མེད་པ་ཡང་མ་ཡིན་ཏེ། དེ་ཉིད་ལས། ནཱ་རོ་མར་པ་མི་ལར་བརྒྱུད་པའི་གཞུང་། །དྭགས་པོས་མངོན་རྟོགས་དབང་ཆོག་མཛད་པ་ལ། །དུས་གསུམ་མཁྱེན་པའི་ཞལ་གདམས་ཡིག་སྣར་བཅས། །ཕག་མོ་ཁམས་གསུམ་མ་ཡི་གདམས་པ་ཡིན། །ཞེས་གསུངས། སྒང་ལོས་མཛད་པའི་དུས་གསུམ་མཁྱེན་པའི་རྣམ་ཐར་ལས་རྗེ་དུས་མཁྱེན་གྱིས་སྤེན་ཕུག་པའི་མདུན་ནས་བདེ་མཆོག་གི་དབང་བསྐུར་ཞུས་པའི་སྐོར་དང་བཻ་རོ་ལས་བདེ་མཆོག་ལྷན་སྐྱེས་ཞུས་པའི་སྐོར། བླ་མ་རྒ་ལོ་དང་ཁམས་པ་ཨ་སེང་གཉིས་ལས་བདེ་མཆོག་གི་དབང་བསྐུར་ཞུས་པའི་སྐོར་དང་དེ་ལས་གཞན་རྣམ་ཐར་རེའུ་མིག་བརྒྱ་རྩ་དང་རྣམ་ཐར་དགོས་འདོད་ཀུན་འབྱུང་གཉིས་ལས་དར་ཡུལ་གྱི་དགེ་བཤེས་རལ་ལྕགས་སྟོན་ཚུལ་ལས་ཟངས་དཀར་ལུགས་ཀྱི་བདེ་མཆོག་ཞུས་པའི་སྐོར་གསལ། དེ་ལས་གཞན་དྭགས་པོ་རིན་པོ་ཆེའི་སྐུ་མདུན་ནས་བདེ་མཆོག་ལྷ་ལྔའི་སྐོར་གསན་པ་དམིགས་སུ་མི་གསལ་བས་རྒྱུ་མཚན་གང་ཡིན་ལ་ཡང་ཞིབ་ཏུ་བསམ་དགོས། འཇམ་མགོན་རིན་པོ་ཆེས་བཀའ་བརྒྱུད་སྔགས་མཛོད་དུ་ཀཾ་ཚང་གི་བདེ་མཆོག་ལྷ་ལྔ་འདི་བཞག་མཛད་ཡོད་པ་དང་བརྒྱུད་པ་ཡང་མར་མི་དྭགས་གསུམ་ནས་བརྒྱུད་པར་བཤད་ཡོད། གཞན་ཡང་རྒོད་ཚང་རས་པ་སྣ་ཚོགས་མིང་ཅན་གྱིས་མཛད་པའི་སྡོམ་པའི་སྤྱི་བཤད་ལས་གསལ་བ་ལྟར་དྭགས་པོ་ལྷ་རྗེ་ལ་ཡུམ་བཀའ་ཕག་མོ་དང་འབྲེལ་བའི་སྙན་བརྒྱུད་ཡོད་པར་བཤད་ནས་དེ་ཡང་ཕག་གྲུ་ལ་ཆིག་བརྒྱུད་དུ་གདམས་པ་ལྟར་བཤད་དེ། དེ་ཡང་གཞུང་དེ་ཉིད་ལས། རྗེ་བཙུན་རས་ཆུང་པ་ལ་ཡོངས་སུ་རྫོགས་པར་གནང་བས་རས་ཆུང་སྙན་བརྒྱུད་དུ་གྲགས། རྗེ་ངམ་རྫོང་པ་ལ་མདོར་བསྡུས་ཕག་མོའི་བྱིན་བརླབས་སོགས་འབྲིང་དུ་གདམས་པས། ངམ་རྫོང་སྙན་བརྒྱུད་ཞེས་གྲགས། རྗེ་སྒམ་པོ་པ་ལ་དོན་ཚང་བར་བསྡུས་ཏེ་རྡོ་རྗེ་ཕག་མོ་ལྷ་ལྔའི་དབང་བསྐུར་བསྐྱེད་རིམ་དང་བཅས་པ་གདམས་པས་དྭགས་པོ་སྙན་བརྒྱུད་དུ་གྲགས་སོ། །དེ་ལས་དྭགས་པོ་སྙན་བརྒྱུད་ནི་རྗེ་ཕག་མོ་གྲུ་པ་ལ་ཆིག་བརྒྱུད་དུ་གནང་། ཕག་མོ་གྲུ་པས་རྗེ་གླིང་རས་པ། ཉེ་གནས་སྟག་ལུང་ཐང་པ་ལ་དགོས་སུ་གནང་། ཞེས་གསལ། འོ་ན་དྭགས་པོ་སྙན་བརྒྱུད་འདི་དྭགས་པོ་ནས་དུས་མཁྱེན་ལ་བརྒྱུད་ཡོད་དམ་ཞེ་ན། རྗེ་དྲུག་པ་མཐོང་བ་དོན་ལྡན་གྱིས་མཛད་པའི་དཔལ་རྡོ་རྗེ་རྣལ་འབྱོར་མའི་ཁུངས་བཙུན་པར་བྱ་བའི་ཕྱིར་ལོ་རྒྱུས་དང་བརྒྱུད་པའི་ཁུངས་གླེང་བ་ཞེས་པ་ལས། ཁོང་གིས་དཔལ་དྭགས་པོ་རིན་པོ་ཆེ་ལ་གཉིས་ལ་མ་སྤེལ་གཅིག་ལ་ནུབ་པར་མ་བྱེད་ཅིག་གསུང་ནས་བཀའ་རྒྱས་བཏབ་ནས་གནང་བའོ། །བླ་མ་རིན་པོ་ཆེ་སྒམ་པོ་པས་དཔལ་གནས་ནང་པ་ཁམས་པ་སེ་བོ་ལ་གསུངས། ཞེས་གསུངས། མདོར་ན་ཀཾ་ཚང་གི་ཕྱོགས་ནས་བཤད་ན་དུས་མཁྱེན་ཁོ་ན་ལ་ཆིག་བརྒྱུད་ཡིན་པའི་བཟོ་འདྲ་བོ་དང་། ཕྱོགས་ཕ་ཀི་ཚོས་བཤད་ན་ཕག་གྲུ་ཁོ་ན་ལ་ཆིག་བརྒྱུད་དུ་མཛད་པ་ལྟ་བུར་བཤད་པས། དོན་ངོ་མར་གཉིས་ཀ་ལ་བརྒྱུད་ཡོད་དམ། གཅིག་ཁོ་ན་ལ་ཆིག་བརྒྱུད་དུ་མཛད་པ་ཡིན། འདི་དང་འདི་ལྟ་བུའི་གནད་དོན་མང་པོ་ཞིག་ལ་བཀའ་བརྒྱུད་པས་འགྲེལ་བཤད་ཁ་གསལ་གནང་དགོས་པ་ཆགས་བསྡད་ཡོད།
དེ་ལ་སྙན་བརྒྱུད་པ་རྣམས་ལ་གྲགས་པ་ལྟར་ན་རྗེ་བཙུན་ཆེན་པོ་ནས་ཉེ་བར་བརྒྱུད་པའི་བདེ་མཆོག་གི་སྙན་བརྒྱུད་ལ་རྒྱས་འབྲིང་བསྡུས་གསུམ་ཞེས། རྒྱས་པ་དྭགས་པོའི་སྙན་བརྒྱུད། འབྲིང་པོ་རས་ཆུང་སྙན་བརྒྱུད། བསྡུས་པ་ངམ་རྫོང་སྙན་བརྒྱུད་བཅས་བཤད་པའང་ཡོད་ཅིང་། བཤད་ཚུལ་དེ་ལས་གཞན་ཡང་ཡོད་འདུག་པས་རྒྱས་འབྲིང་བསྡུས་གསུམ་གྱི་འཇོག་ཚུལ་ཇི་ལྟར་ཡིན་མིན་གྱི་ཐད་ལའང་དཔྱད་དགོས་ས་སྣང་སྟེ། འཇམ་མགོན་གྱིས་མཛད་པའི་དཔལ་འཁོར་ལོ་བདེ་མཆོག་རས་ཆུང་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་ལང་ཚོ་ཞེས་བྱ་བ་ལས། རས་ཆུང་རྡོ་རྗེ་གྲགས་པ་ལ་གནང་བ་སྙན་བརྒྱུད་འབྲིང་པོ་དང་། མཉམ་མེད་དྭགས་པོ་རིན་པོ་ཆེ་ལ་གནང་བ་སྙན་བརྒྱུད་རྒྱས་པ་དང་། ངན་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོར་གནང་བ་ལ་སྙན་བརྒྱུད་བསྡུས་པ་ཞེས་གྲགས་ཤིང་། དེ་གསུམ་ཀའི་སྨིན་གྲོལ་ཡིག་ཆ་ཚང་མའི་རྒྱུན་བཅས་ད་ལྟའི་བར་མ་ཉམས་པར་བཞུགས་པ་ལས། སྐབས་སུ་བབ་པ་འདི་ནི་རས་ཆུང་པའི་ལུགས་ཡིན། ཞེས་དྭགས་པོའི་སྙན་བརྒྱུད་རྒྱས་པ་ལྟ་བུར་གསུངས་པ་དང་། དཔལ་འཁོར་ལོ་བདེ་མཆོག་དྭགས་པོ་སྙན་བརྒྱུད་ལུགས་ཀྱི་སྒྲུབ་ཐབས་བདེ་ཆེན་དྲྭ་བ་ལས། ཚེ་གཅིག་མཆོག་ལ་རབ་སྦྱོར་ལྷ་མཆོག་དང་། །གསང་སྔགས་ཟབ་མོ་རྒྱུད་ནས་བསྔགས་པ་ཡི། །རྣལ་འབྱོར་ཟབ་མོ་མཐའ་རུ་ཕྱིན་ནས་ཀྱང་། །བདེ་བ་མཆོག་དང་ལྷན་ཅིག་གར་བྱེད་ཤོག །ཅེས་སྙན་བརྒྱུད་འབྲིང་པོ་དྭགས་པོ་ལུགས་ཡིན་ཀྱང་བཀའ་བབས་གྲུབ་ཆེན་རྨ་སེ་བློ་གྲོས་རིན་ཆེན་ལ་རྒྱུ་དང་མན་ངག་རྒྱས་པར་བཀའ་བབས་པའི་འཁོར་ལོ་ལྔ་རྣམས་ཀྱི་རྩ་བ་དང་གསལ་བྱེད་ཡིག་ཆ་ཕྱག་ལེན་གྱི་རྒྱུན་བཅས་གཅིག་ཏུ་བསྡེབས་ཏེ། ཞེས་གསལ། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་བཞུགས་སུ་གསོལ་བའི་མཇུག་ཏུ། འདི་ནི་རྗེ་བཙུན་མི་ལའི་ཐུགས་བཅུད་བདེ་མཆོག་སྙན་བརྒྱུད་དུ་གྲགས་པས་རྒྱས་འབྲིང་བསྡུས་གསུམ་ལས། །རྒྱས་པ་རས་ཆུང་སྙན་བརྒྱུད་དུ་གྲགས་པའི་གདམས་ངག་གི་རྩ་བ་ཡིན་ཅིང་། སྙན་བརྒྱུད་འཛིན་པའི་དམ་པ་སྔ་ཕྱིར་བྱོན་པ་རྣམས་ཀྱིས་སྤྱི་དོན། ས་བཅད། འགྲེལ་པ། ཁྲིད་ཡིག་སོགས་རྒྱ་ཆེར་མཛད་སྣང་ངོ་། །ཞེས་འཁོད། བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་བསྡུས་པ་ངམ་རྫོང་ལུགས་ཀྱི་སྒྲུབ་དཀྱིལ་དབང་ཆོག་དང་བཅས་པ་ཧེ་རུ་ཀ་དགྱེས་པའི་ཐིག་ལེ་ཞེས་བྱ་བ་ཞིག་ཀྱང་བཞུགས། དཔལ་འཁོར་ལོ་བདེ་མཆོག་ངམ་རྫོང་སྙན་བརྒྱུད་ཀྱི་མན་ངག་རྩ་བ་ཚེ་རིང་སྐོར་གསུམ་གྱི་གཞུང་ཞེས་པ་ལས། འདི་རྣམས་ལས་འཕྲོས་ཏེ། གདམས་ངག་ནཱ་རོ་ཆོས་དྲུག་ལ་རྒྱས་པ་རས་ཆུང་སྙན་བརྒྱུད། འབྲིང་པོ་ངམ་རྫོགས་པའམ་ཞི་བ་འོད་ཀྱི་སྙན་བརྒྱུད། བསྡུས་པ་དྭགས་པོ་སྙན་བརྒྱུད་གསུམ་དུ་གྲགས་པའི་ལམ་འབྲིང་པོའི་ཆོས་སྐོར་རྣམས་བྱུང་བ་ཡིན་པས་རྒྱས་པར་དེ་དག་གི་གཞུང་དང་མན་ངག་གི་ཡི་གེ་ལས་ཤེས་པར་བྱའོ། །ཞེས་འཁོད་ཡོད་པས་སོ། །ཡང་མཁས་པ་ལ་ལ་དག་ན་རེ། བདེ་མཆོག་གི་སྙན་བརྒྱུད་འདི་རས་ཆུང་པ་དང་ངམ་རྫོང་པ་ལ་བརྒྱུད་པ་མ་གཏོགས་དྭགས་པོ་རིན་པོ་ཆེ་ལ་བརྒྱུད་པའི་ཁུངས་ཆེན་པོ་མེད་ཅེས་ཟེར་རོ། །དེ་དག་ལ་འདི་ལྟར་སྨྲ་སྟེ། དྭགས་པོ་རིན་པོ་ཆེ་ལ་རྗེ་བཙུན་ནས་ཉེ་བར་བརྒྱུད་པའི་སྙན་བརྒྱུད་བརྒྱུད་པ་ཡོད་པ་ནི་རྗེ་ཉིད་ཀྱིས་གསུངས་འདུག་ཅེས་ཞུ་སྟེ། དྭགས་པོ་རིན་པོ་ཆེ་ཉིད་ཀྱི་རྡོ་རྗེའི་གསུང་མགུར་ལས། ན་མོ་གུ་རུ། འཁྲུལ་པ་རྩད་ནས་ཆོད་ལགས་པས། །མ་རིག་འཁྲུལ་པ་བརྗེད་དེ་ཐལ། །སྐུ་གསུམ་འབྲལ་མེད་ཀྱི་དོན་རྟོགས་པས། །གོ་ལོའི་ཤེས་པ་བརྗེད་དེ་ཐལ། །སྙན་བརྒྱུད་ཀྱི་གདམ་ངག་སེམས་སེམས་ནས། །ཡིག་ནག་གི་ཟིན་བྲིས་བརྗེད་དེ་ཐལ། །ཞེས་དང་། ན་མོ་གུ་རུ། གནས་ཆོས་འབྱུང་གྲུ་གསུམ་གཞལ་ཡས་ཁང་། །རྗེ་སྤྲུལ་པའི་སྐུའི་ཞབས་ཀྱིས་བཅགས། །ཡེ་ཤེས་ཀྱི་མཁའ་འགྲོ་སྤྲིན་ལྟར་གཏིབས། །དོམ་ཚང་ཤེལ་གྱི་བྲག་ཕུག་འདིར། །བདག་སྤྲོ་བ་སྐྱེས་པས་དབྱངས་ཅིག་ལེན། །བཀའ་བརྒྱུད་ནོར་བུ་རིན་པོ་ཆེ། །སྒྲོ་སྐུར་གཉིས་ཀྱིས་མ་བསླད་པར། །ནཱ་རོ་མཻ་ཏྲཱིའི་བརྒྱུད་པ་ཐོབ། །གསོལ་བ་འདེབས་པ་འདི་དང་རེ་སྤྲོ། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་བས། །བྱིན་རླབས་ཀྱི་ཆུ་རྒྱུན་མ་ཆད་པ། །ཡོངས་སུ་གྲགས་པའི་སྒམ་པོ་པ། །རྗེ་སྤྱི་གཙུག་གི་རྒྱན་དུ་དང་རེ་སྤྲོ། །ཆོས་ཉིད་བློ་ཡིས་མ་རེག་པར། །སྤྲོས་བྲལ་ནམ་མཁའི་ངོ་བོ་ཉིད། །ལྷན་ཅིག་སྐྱེས་པ་བདུད་རྩིའི་རོ། །ཆོས་ཕྱག་རྒྱ་ཆེན་པོ་འདི་དང་རེ་སྤྲོ། །རྒྱུད་སྡེ་བཞིའི་བཅུད་ཕྱུང་ནས། །སྙན་བརྒྱུད་ཚིག་གིས་མ་བསླད་པར། །ངོ་སྤྲོད་མ་བུ་ཕྲད་པ་འདྲ། །ཐབས་ལམ་ཟབ་མོ་འདི་དང་རེ་སྤྲོ། །དམ་ཚིག་གཡོ་སྒྱུས་མ་བསླད་པར། །ཤེལ་ལྟར་དག་པའི་རྣལ་འབྱོར་པ། ། བྱ་ར་གནས་གསུམ་གྱི་མཁའ་འགྲོས་བྱེད། །ཡུན་བར་ཆད་མི་འབྱུང་དང་རེ་སྤྲོ། །ཞེས་སོགས་གསུངས་པ་ལས་ཀྱང་ཤེས་ནུས་སོ། །ཁྱད་པར་རྗེ་དྭགས་པོ་ལྷ་རྗེའི་གསུང་སྒྲོས་སྙན་བརྒྱུད་གསལ་བའི་མེ་ལོང་བཞུགས་ཞེས་པའི་མཇུག་དེར། དེ་ལྟར་བླ་མའི་མན་ངག་འདི། །ཉམས་སུ་ཡང་དང་ཡང་བླངས་པས། །ལུས་ལ་བདེ་དྲོད་ཤུགས་ཀྱིས་འབྱུང་། །སེམས་ལ་འོད་གསལ་ངང་གིས་འཆར། །བླ་མ་ནཱ་རོ་པ་ཆེན་པོའི། །ཐབས་ལམ་ཁྱད་དུ་འཕགས་པ་འདི། །སྐལ་ལྡན་ལས་ཅན་མ་ཡིན་པ། །གཞན་ལ་བྱིན་ན་དམ་ཚིག་ཉམས། །ཞེས་དང་། དྭགས་པོ་རིན་པོ་ཆེས་མཛད་པའི་སྙན་བརྒྱུད་བརྗེད་བྱང་མ་ལས། དཔལ་ནཱ་རོ་པ་ཆེན་པོའི་གདམས་པ། རྗེ་བཙུན་ལ་ཞུས་པའི་དུས་སུ། བླ་མ་རྗེ་བཙུན་གྱི་ཞལ་ནས། བླ་མ་ཆེན་པོ་ནཱ་རོ་པས། །གསང་སྔགས་རྒྱལ་པོ་ཡི་གེ་བདུན། །འབུམ་ཕྲག་ཅིག་ཏུ་བཟླས་པ་ཡིས། །ས་རྣམས་གཡོས་ཤིང་ལུང་བསྟན་ཐོབ། །ཤར་ཕྱོགས་ངོས་ཀྱི་ཏཻ་ལོ་པའི། །ཞལ་སྔར་གདམས་ངག་མནོས་པ་ནི། །དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་གསུངས་པ་དེ་ལ་གནད་རྣམ་པ་གསུམ། ལུས་ཀྱི་གནད། ཡུལ་གྱི་གནད་དང་། དུས་ཀྱི་གནད་དོ། །དེ་ལ་ལུས་ཀྱི་གནད་བཤད་པ། རྐང་པ་རེའུ་མིག་ལྟར་བསྣོལ། སྒལ་པ་ཆུ་ཤིང་སྙིང་པོ་ལྟར་དྲང་བ། མགྲིན་པ་ལྕགས་ཀྱུ་ལྟར་དགུག་པ། མཉམ་བཞག་གི་ཕྱག་རྒྱ་ལྟེ་བའི་འོག་ཏུ་ཤིན་ཏུ་བཙིར་བ། དཔུང་པ་མཁའ་ལྟར་ཡངས་པའོ། །ཞེས་དང་། ཚོགས་ཆོས་ལེགས་མཛེས་མ་ལས། བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཀྱང་བསྡུ་ན་རྣམ་པ་གཉིས། ཤེས་བྱ་ལ་སྒྲོ་འདོགས་གཅོད་པར་བྱ་བའི་ཕྱིར་མདོ་རྒྱུད་ཀྱི་བཤད་པ་དང་། དེའང་དོན་རྒྱུད་ལ་བཀལ་བའི་ཕྱིར། སྙན་བརྒྱུད་གདམས་ངག་གི་དོན་བཤད་པའོ། །དེ་ལྟར་ཡང་གཉིས་ཡོད་པ་ལས་དང་པོ་ནི། དེ་ཤེས་བྱ་དོན་སྤྱིའི་རྣམ་པ་ལ་ཤོར། དེ་ལ་འགྱངས་པས་རྒྱུད་ཐོག་ཏུ་བཀལ་ནས་ཉམས་སུ་ལེན་མ་ཤེས། དེ་མ་ཤེས་པས་ཉོན་མོངས་པ་དང་རྣམ་པར་རྟོག་པའི་གཉེན་པོར་མི་འགྲོ་བར་འདུག་པས་དང་པོ་མི་སྟོན། གཉིས་པ། རྒྱུད་ལ་བཀལ་བའི་ཕྱིར་སྙན་བརྒྱུད་ཀྱི་གདམ་ངག་གི་དོན་བསྟན་པ། དེ་ལ་གཉིས། དྲང་དོན་གྱི་གདམ་ངག་ལམ་རིམ་གྱིས་པ་དང་། ངེས་པ་དོན་གྱི་གདམ་ངག་ལམ་ཅིག་ཅར་བ་གཉིས་ལས། དང་པོ་དེ་མི་སྟོན། གཉིས་པ་འཆད་པས། ཞེས་སོགས་གསུངས་པས། སྙན་བརྒྱུད་ཀྱི་གདམས་པའི་བརྒྱུད་པ་ཡོད་པ་ཤིན་ཏུ་གསལ་བར་གྲུབ་པ་ཡིན་ལ། དེས་ན་དྭགས་པོའི་སྙན་བརྒྱུད་མེད་པར་འདོད་པ་དག་གིས་འདི་དག་ལ་ཐུགས་རྟོག་ཡང་དག་པ་རེ་མཛད་དགོས་པར་འདུག །མ་ཟད་གོང་གསལ་དྭགས་པོས་མཛད་པའི་སྙན་བརྒྱུད་ཀྱི་གཞུང་འདི་དག་ལ་ཞིབ་མོར་བལྟས་ན་སྙན་བརྒྱུད་ཀྱི་གདམས་པ་སྤྱིའི་བཤད་སྲོལ་གྱི་སྒྲོས་དེ་ཁོ་ནར་སྣང་ངོ་། །དྭགས་པོ་རིན་པོ་ཆེ་ལ་སྙན་བརྒྱུད་གྲོལ་ལམ་ཕྱོགས་ཀྱི་གདམས་པ་རྒྱས་ཤིང་རྫོགས་པར་ཡོད་འདུག་ཀྱང་། སྨིན་ལམ་ཡིད་བཞིན་ནོར་བུའི་སྐོར་ནས་དབང་པོ་རྣོ་འབྲིང་བརྟུལ་གསུམ་ལ་ལྟོས་པའི་ཡབ་བཀའ་དང་ཡུམ་བཀའི་དབང་རྒྱས་འབྲིང་བསྡུས་གསུམ་ཀ་ཡོད་པའི་སྐོར་གྱི་ཁུངས་མི་སྣང་ཞིང་། ཁྱད་པར་ཡབ་བཀའི་བརྒྱུད་པ་ཡོད་པའི་སྐོར་ཆེར་མི་གསལ། རྣམ་ཐར་ཁག་ལས་གསལ་བ་ལྟར་ན་ཡུམ་བཀའི་བརྡ་བཞིའི་དབང་དང་བྱིན་རླབས་ཙམ་གནང་ནས་དེའི་རྗེས་སུ་སྙན་བརྒྱུད་ཐབས་གྲོལ་གྱི་གདམས་པ་རྣམས་ཡོངས་སུ་རྫོགས་པར་གནང་ཡོད་པ་ལྟ་བུར་སྣང་བས་དེ་དག་ལ་དཔྱད་གལ་ཆེ། འདི་ནས་དྭགས་པོ་སྙན་བརྒྱུད་ཀྱི་སྨིན་གྲོལ་གྱི་སྐོར་ལས་སྨིན་བྱེད་དབང་གི་བརྒྱུད་པ་དང་ཁུངས་ལུང་གི་སྐོར་བཤད་རྒྱུ་ཡིན།
བྱེ་བྲག་ཏུ་དྭགས་པོ་སྙན་བརྒྱུད་ཀྱི་ཡུམ་བཀའ་ཕག་མོའི་བརྡའ་བཞིའི་དབང་གི་བརྒྱུད་པའི་སྐོར་ཁུངས་དང་བཅས་པ་གླེང་བ།
དེ་ཡང་དྭགས་པོ་རིན་པོ་ཆེའི་ལུགས་ཀྱི་སྙན་བརྒྱུད་ཡིད་བཞིན་ནོར་བུ་ལ་སྐོར་གསུམ་སྟེ། དེའི་ལུགས་ཀྱི་བརྒྱུད་པ་ཡིད་བཞིན་ནོར་བུ། སྨིན་ལམ་ཡིད་བཞིན་ནོར་བུ། གྲོལ་ལམ་ཡིད་བཞིན་ནོར་བུ་བཅས་ཡིན། སྐབས་འདིར་དྭགས་པོ་རིན་པོ་ཆེའི་ལུགས་ཀྱི་སྙན་བརྒྱུད་ཀྱི་སྨིན་ལམ་ཡིད་བཞིན་ནོར་བུའི་བརྒྱུད་པ་བཤད་པའི་སྐབས་སུ་བབ་པ་ཡིན། དེ་ལའང་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཐབས་གཙོ་བོར་བྱས་ཏེ་དབང་བཞི་ཡོངས་སུ་བསྐུར་བའི་སྨིན་ལམ་གྱི་རིམ་པ་ཞིག་དང་། ནང་སིནྡྷུ་ར་རྡོ་རྗེ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཤེས་རབ་གཙོ་བོར་བྱས་ཏེ་དབང་བཞི་བརྡའི་སྒོ་ནས་བསྐུར་བའི་སྨིན་ལམ་གྱི་རིམ་པ་ཞིག་སྟེ་གཉིས་སུ་ཡོད་པ་ལས་ཕྱི་མ་སྟེ། སྐབས་འདིར་སྨིན་ལམ་ཡིད་བཞིན་ནོར་བུའི་བྱིན་བརླབས་ཀྱི་རིམ་པའི་བརྒྱུད་པ་འདི་ཁུངས་ལྡན་ཇི་ལྟར་ཡིན་ཚུལ་བཤད་པའི་སྐབས་སུ་བབ་པ་ཡིན། དེ་ལའང་ཡབ་བཀའ་བདེ་མཆོག་ཧེ་རུ་ཀ་དང་འབྲེལ་བའི་ཆོས་སྐོར་དང་ཡུམ་བཀའ་རྡོ་རྗེ་རྣལ་འབྱོར་མ་དང་འབྲེལ་བའི་ཆོས་སྐོར་ཏེ་གཉིས་སུ་ཡོད་པ་ལས་སྐབས་འདིར་ཕྱི་མ་ཉིད་བཤད་པའི་སྐབས་སུ་བབ་པ་ཡིན། དབང་བསྐུར་ཚུལ་དེ་གཉིས་ལས་གཞན་ཕྱག་རྒྱ་ཆེན་པོ་བརྡ་དོན་གྱི་སྒོ་ནས་ངོ་སྤྲོད་པའི་དབང་ཡང་བཞུགས་པ་ཡིན་ཚུལ་འོག་ནས་འཆད་འགྱུར་ལྟར་རོ། །དེ་ལྟར་ན་ཕྱི་བྲིས་པ་ས་རྡུལ་གྱི་དཀྱིལ་འཁོར་ལ་བརྟེན་པའི་སྤྲོས་བཅས་ཀྱི་དབང་བསྐུར་དང་། ནང་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་པའི་བྱིན་རླབས་ཀྱི་དབང་བསྐུར་དང་། གསང་བ་ཡང་དག་ཆོས་དབྱིངས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་བརྡ་དོན་གྱི་དབང་བསྐུར་ཏེ་རྣམ་པ་གསུམ་ཡོད་པའི་ཞིབ་ཆ་འདི་ངེས་པར་ཤེས་དགོས། དེ་ལའང་ཐོག་མར་དྭགས་པོ་རིན་པོ་ཆེས་མཛད་པའི་ཕྱག་རྒྱ་ཆེན་པོ་རྡོ་རྗེ་ཡེ་ཤེས་ཞེས་བྱ་བའི་དབང་ཆོག་དེའི་བརྒྱུད་པ་དང་ཁུངས་ལུང་གི་སྐོར་གླེང་རྒྱུ་ཡིན། བྱིན་བརླབས་ཀྱི་རིམ་པ་དང་འབྲེལ་བའི་ཕག་མོའི་གསང་སྒྲུབ་ཀྱི་སྐོར་འདི་རྣམས་སྙན་བརྒྱུད་ཀྱི་གྲས་སུ་གཏོགས་པ་ཡིན་ལ། དེ་ཡང་དྭགས་པོ་རིན་པོ་ཆེའི་སྙན་བརྒྱུད་ལ་གཙོ་བོར་བསྐྱེད་རིམ་ལྷན་ཅིག་སྐྱེས་མ་དང་རྫོགས་རིམ་རླུང་སེམས་གཉིས་མེད་སོགས་སྙན་བརྒྱུད་ཐབས་ལམ་གྱི་སྐོར་དང་། སྙན་བརྒྱུད་ཀྱི་གྲོལ་ལམ་ལ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཆོས་སྐོར་རྣམས་བཞུགས་པ་ཡིན་པ་ལ། སྐབས་འདིར་བསྐྱེད་རིམ་ལྷན་ཅིག་སྐྱེས་མའི་སྨིན་བྱེད་བརྡ་དབང་དང་འབྲེལ་བའི་སྐོར་ནས་ཅུང་ཟད་ཞུས་པ་ཡིན་ན། དེ་ལ་སྡོམ་གསུམ་རབ་དབྱེ་ལས། དེང་སང་རྡོ་རྗེ་ཕག་མོ་ཡི། །བྱིན་རླབས་དབང་བསྐུར་ཡིན་ཞེས་ཟེར། །འདི་ཡིས་ཆོས་ཀྱི་སྒོ་ཕྱེས་ནས། །གཏུམ་མོ་ལ་སོགས་བསྒོམ་པ་མཐོང་། །ཞེས་སོགས་ནས། གང་ཟག་རབ་འབྲིང་གསུམ་ཀ་ལ། །ཕག་མོའི་བྱིན་རླབས་སྨིན་བྱེད་དུ། །རྒྱུད་སྡེ་ཀུན་ལས་གསུངས་པ་མེད། །ཅེས་ཟེར། གཞན་ཡང་དེ་ཉིད་ལས། འཕགས་པ་རྣམས་ཀྱིས་གང་ཟག་རབ། །སྤྲུལ་པ་ཡི་ནི་དཀྱིལ་འཁོར་དུ། །དབང་བསྐུར་མཛད་ཅེས་གསུངས་པ་ནི། །སྔོན་གྱི་ཆོ་གའི་འཕགས་པ་ཡིན། །དེང་སང་གང་ཟག་རབ་འབྲིང་ཀུན། །རྡུལ་ཚོན་གྱི་དཀྱིལ་འཁོར་དུ། །དབང་བསྐུར་བྱ་བར་གསུངས་མོད་ཀྱི། །གཞན་གྱི་སྨིན་བྱེད་རྒྱུད་ལས་བཀག །ཅེས་སོགས་དང་། མར་པ་ལྷོ་བྲག་པ་ལ་མེད། །ཅེས་པ་ལ་སོགས་པ་ཡང་དུ་མ་ཟེར་རོ། །གོ་རམས་པའི་དེ་དག་གི་ཐད་ཀྱི་འགྲེལ་པ་ལས། དེང་སང་རྡོ་རྗེ་ཞེས་སོགས་ཚིགས་བཅད་གཅིག་སྟེ། ཕག་མོས་ཆོས་སྒོ་འབྱེད་པ་ནི་དྭགས་པོ་ལྷ་རྗེའི་དུས་སུ་བྱུང་སྟེ། བླ་མ་གཞན་ལ་སློབ་མ་རྣམས་དབང་ཞུ་བ་ལ་བཏང་ནས། དེར་བསྡད་ནས་ཕལ་ཆེར་ལོག་མ་བྱུང་བས་རང་རེ་ཚང་ལ་ཡང་དབང་བྱེད་མཁན་རེ་དགོས་པར་འདུག་གསུངས་པས། ཀོང་ནེ་རུ་པས་ངས་ཕག་མགོའི་དབང་རེ་བྱས་ནས་ཞུས་པས་དེས་ཆོག་གསུངས་ནས་ཕག་མོའི་བྱིན་རླབས་རེ་བྱས། དེ་ནས་བླ་མས་ནཱ་རོ་ཆོས་དྲུག་ཕྱག་ཆེན་སོགས་བསྟན་པས་དེ་ནས་བཟུང་སྟེ། ཆོས་སྒོ་པ་ལ་དབང་ཞུས་བླ་མས་ཁྲིད་གསུངས་པས་བདེ་མཆོག་གི་དབང་མ་ཐོབ་ཀྱང་རྡོ་རྗེ་ཕག་མོའི་བྱིན་རླབས་ཙམ་གྱིས་ཆོས་དྲུག་གི་ཆོས་སྒོ་འབྱེད་པ་བྱུང་ངོ་། །ཞེས་སོགས་རྒྱ་ཆེར་བཤད་མོད་འདིར་རེ་རེ་བཞིན་དུ་འགོད་དགོས་དོན་ཆེར་མེད། མདོར་ན་ལུགས་འདི་པས་རྡོ་རྗེ་ཕག་མོའི་བརྡ་དབང་གི་བརྒྱུད་པ་འདི་རྒྱལ་བ་རྡོ་རྗེ་འཆང་ནས་རིམ་པར་མར་མི་ཡབ་སྲས་ནས་བརྒྱུད་པར་འདོད་བཞིན་དུ། ས་སྐྱ་པ་ཚོས་འདོད་ཚུལ་དེ་ནི་རྫུན་བཤད་ཡིན་པའི་དགག་པ་བྱས་ཡོད། དེ་ལྟར་བརྒྱུད་པ་འདི་གང་ནས་བྱུང་བའི་ཚུལ་བཤད་དགོས་བྱུང་བ་ལ་ཅི་བཤད་འདི་བཤད་མེད་པར་ཀོང་ནེ་རུ་པ་ནས་བརྒྱུད་པ་དང་དེ་ཡང་དྭགས་པོའི་སློབ་མ་རྣམས་བླ་མ་གཞན་ལ་ཤོར་དོགས་པའི་དབང་གིས་ཡིན་པར་བཤད། རྫུན་སྒྲུང་ངོ་མ་ཁྱེད་རྣམ་པས་བཤད་མི་འདུག་གམ། ཅིིའི་ཕྱིར་ཞེ་ན། ལོ་རྒྱུས་རིག་པ་དང་མཐུན་པའི་དངོས་བྱུང་གི་འདས་དོན་ལ་གཟིགས་ན་ཀོང་ནེ་རུ་པ་དང་དྭགས་པོ་གཉིས་མཇལ་འཕྲད་ཡོང་ཐབས་གཏན་ནས་མེད་ཚུལ་གསལ་པོ་ཆགས་འདུག་པ་དང་། དྭགས་པོ་རིན་པོ་ཆེ་ཉིད་ཀྱི་གཞུང་ལས་ཀྱང་བླ་མ་རིན་པོ་ཆེ་རྗེ་བཙུན་ཆེན་པོ་ནས་བརྒྱུད་པར་གསུངས། དེ་དག་གི་སྐོར་འོག་ནས་འཆད་རྒྱུ་ལ། ཕག་མོའི་བརྡ་བཞིའི་དབང་འདི་ཕག་མགོའི་དབང་ཙམ་ལས་གཞན་ཅི་ཡང་མེད་པ་མ་ཡིན་པར་དབང་བཞི་ཆ་ཚང་བསྟན་ཡོད་པས་ཁྱེད་ཚོས་ཕྱོགས་སྔའི་གཞུང་ལ་རྒྱུས་ལོན་མེད་པའི་རང་གི་དེ་ཉིད་ཀྱང་མང་པོ་སྟོན་མཛད་ཡོད། དེ་ཚོའི་སྐོར་ཡང་འོག་ནས་ཞུ་རྒྱུ་ཡིན། ཅི་སྟེ་དྭགས་པོ་རིན་པོ་ཆེའི་ཕག་མོའི་བརྡ་དབང་འདི་མར་མི་ནས་བརྒྱུད་པ་མ་ཡིན་པར་ཀོང་ནེ་རུ་པ་ནས་བརྒྱུད་པ་ཡིན་ཚུལ་བཤད་བཞིན་ཡོད་ན། བརྡ་བཞིའི་དབང་འདི་དྭགས་ལུགས་པ་ཙམ་མ་ཡིན་པར་རས་ཆུང་སྙན་བརྒྱུད་འཛིན་པ་རྣམས་ལའང་ཡོད་པས། ཁྱེད་ཚོས་དེ་དག་ལའང་ཁུངས་མེད་ཀྱི་རྫུན་སྒྲུང་རེ་གསར་རྩོམ་གནང་རྒྱུ་ཡིན་ནམ། ཡང་ན་ཁུངས་སྐྱེལ་ཐུབ་པའི་དངོས་ཡོད་ཀྱི་བདེན་དཔང་རྣམ་དག་རེ་བཤད་རྒྱུ་ཡོད། དེ་ཡང་འདི་ལ་དྭགས་པོས་རིན་པོ་ཆེས་མཛད་པའི་གཞུང་ཙམ་ཡང་མ་ཡིན་པར་རས་ཆུང་སྙན་བརྒྱུད་དུ་འདི་ཇི་ལྟ་བུའི་ཆོ་ག་ཁ་ཤས་བཞུགས་ཡོད་པ་ནི། དགེ་སློང་རྡོ་རྗེ་འཛིན་པ་གཟི་བརྗིད་རྒྱལ་མཚན་གྱིས་མཛད་པའི་ཡུམ་བཀའི་དབང་གི་ཆུ་བོ་སྨིན་ལམ་རྣམ་པར་གསལ་བ། ཡང་རྗེ་དེ་ཉིད་ཀྱིས་མཛད་པའི་རྡོ་རྗེ་ཕག་མོའི་དབང་བསྐུར་བའི་ཆོ་ག་བྱིན་བརླབས་རྣམ་པར་གསལ་བ། བྱ་བྲལ་པ་ཀུན་དགའི་མིང་ཅན་གྱིས་མཛད་པའི་སྙན་བརྒྱུད་ཡུམ་བཀའི་དཀྱིལ་ཆོག་ཕྱག་ལེན་ངེས་གསལ་ཞེས་བྱ་བ། ཡང་དེ་ཉིད་ཀྱིས་མཛད་པའི་སྙན་བརྒྱུད་ལྷན་ཅིག་སྐྱེས་མའི་ཡུམ་བཀའ་རྒྱས་པའི་མངོན་དཀྱིལ་དང་དབང་བསྐུར་གྱི་ཆོ་ག་བདུད་རྩི་བུམ་པ་ཞེས་བྱ་བ། མང་དུ་ཐོས་པའི་དགེ་སློང་ཡེ་ཤེས་བླ་མས་སྦྱར་བའི་སྨིན་བྱེད་ཀྱི་བྱིན་རླབས་ཞེས་བྱ་བ། གཞན་ཡང་འཇམ་མགོན་བླ་མའི་རྗེས་འཛིན་པ་ཀརྨ་བཀྲ་ཤིས་འོད་ཟེར་ཀྱིས་མཛད་པའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྙན་བརྒྱུད་ལྷན་ཅིག་སྐྱེས་མའི་བརྡ་དབང་ཟབ་མོའི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་ཟབ་གསང་བདེ་ཆེན་ཤིང་རྟ་ཞེས་བྱ་བ་བཅས་སོ། །དེ་དག་ལས་བཤད་པའི་བརྡ་བཞིའི་དབང་བསྐུར་ཚུལ་དང་དྭགས་པོ་རིན་པོ་ཆེའི་ཕྱག་ཆེན་རྡོ་རྗེ་ཡེ་ཤེས་ལས་བཤད་པའི་དབང་བསྐུར་ཚུལ་ལ་ཁྱད་པར་ཏིལ་ཙམ་ཡང་མི་སྣང་བས། དགག་མཛད་ན་དེ་དག་ཀུན་ཀྱང་མཉམ་དགག་གནང་དགོས་པ་ལས་ཁྱད་པར་ཡོང་དོན་ཞིག་གཏན་ནས་མེད། དེ་དག་ཀུན་གྱི་ནང་དུ་བླ་མ་བརྒྱུད་པའི་ཚུལ་འཆད་པ་ན་ཏཻ་ལོ་ནཱ་རོ་དང་མར་པ་མི་ལ་ནས་བརྒྱུད་ཚུལ་གསལ་པོར་གསུངས་ཡོད། ཁོ་རང་ཚོ་སོ་སོའི་ལུགས་ཀྱི་བླ་མ་བརྒྱུད་པ་བཤད་པ་དེ་ཁོ་རང་ཚོ་སོ་སོས་བཤད་པ་དེ་དག་རྫུན་སྒྲུང་དུ་ཆགས་ནས་དེ་ལས་གཞན་དུ་ཁོ་ཚོའི་བླ་མ་བརྒྱུད་པ་རྣམ་དག་དེ་ཁྱེད་ཅག་གིས་ཤེས་པ་འདི་ཡང་ལོ་རྒྱུས་རིག་པའི་ངོས་ནས་བལྟས་ན་ཆེས་ངོ་མཚར་ཆེ་བའི་གནས་ཤིག་མ་ཡིན་ནམ། དཔེ་མཚོན་ཙམ་ཞུས་ན། བྱ་བྲལ་པ་ཀུན་དགའི་མིང་ཅན་གྱིས་མཛད་པའི་དབང་བསྐུར་གྱི་ཆོ་ག་བདུད་རྩི་བུམ་པ་ལས་བླ་མ་བརྒྱུད་པའི་གསོལ་འདེབས་འཆད་པ་ན། གནས་འོག་མིན་བདེ་བ་ཆེན་པོའ་ཕོ་བྲང་ན། །ལོངས་སྐུ་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས། །རྣལ་འབྱོར་གྱི་དབང་ཕྱུག་ཏཻ་ལོ་པ་ལ་གསོལ་བ་འདེབས། །རྣལ་འབྱོར་གྱི་དབང་ཕྱུག་ནཱ་རོ་པ་ལ་གསོལ་བ་འདེབས། །མར་པ་ལྷོ་བྲག་པ་ལ་གསོལ་བ་འདེབས། །ཞེས་པ་ནས། བླ་མའི་རྣལ་འབྱོར་གྱི་སྐབས་ཀྱི་སྐྱབས་འགྲོ་སེམས་བསྐྱེད་དང་ཚད་མེད་བཞིའི་འདོན་བྱ་ཇི་ལྟར་རིགས་པར་བྱས་ཏེ། ཞེས་སོགས་གསུངས། དེ་ལྟ་བུའི་བརྒྱུད་པ་དེ་དག་ཀྱང་སྐོར་ནེ་རུ་པ་ནས་བརྒྱུད་སོང་བ་ཡིན་ནམ། ཡང་ན་དེ་ལས་གཞན་ཞིག་ལས་བརྒྱུད་སོང་བ་ཡིན་ནམ། དེ་དག་གི་སྐོར་ལ་འགྲེལ་བཤད་གསལ་པོ་རེ་དགོས་འདུག་པ་ལས། དྭགས་པོའི་ལུགས་ལ་སྐྱོན་བརྗོད་བྱས་པ་ཙམ་གྱིས་ཁྱེད་ཅག་གི་དགག་པ་ཕྱོགས་ཡོངས་རྫོགས་ནས་ལེགས་འགྲུབ་བྱུང་ཟིན་པ་ཞིག་མ་ཡིན་པ་འདྲ། གཟུར་གནས་ཀྱི་སྒོ་ནས་ལོ་རྒྱུས་རིག་པ་དང་མཐུན་པར་སྐོར་ནེ་རུ་པ་དང་དྭགས་པོ་རིན་པོ་ཆེ་གཉིས་མཇལ་འཕྲད་བྱུང་ཡོད་མེད་ཀྱི་སྐོར་ལ་ཅུང་ཟད་ཅིག་ཞུས་ན། སྐོར་ནེ་རུ་པའི་སྐོར་གསལ་བའི་ལོ་རྒྱུས་ཁུངས་དག་ཤོས་ཤིག་ནི་འགོས་ལོས་མཛད་པའི་དེབ་ཐེར་སྔོན་པོ་ཡིན་ལ། དེབ་ཐེར་སྔོན་པོ་ལས། དེའི་སློབ་མ་དམ་པ་སྐོར་ནི། གཉལ་སྟོད་ཀྱི་ཐང་ལ་དགེ་ཚར། ཡབ་སྐོར་སྟོན་དངོས་གྲུབ་འབར་དང་། ཡུམ་གཉོས་མོ་གཟའ་སྒྲོན་མ་གཉིས་ཀྱི་སྲས་ལྔ་ཚིགས་སུ་ཆུ་ཕོ་སྟག་ལ་འཁྲུངས། ཞེས་འཁོད་ཡོད་པས་ཆུ་ཕོ་སྟག་དེ་ངོས་འཛིན་བྱེད་རྒྱུ་གལ་ཆེན་པོ་ཡིན། དམ་སྐོར་ཆུང་དགུང་གྲངས་བཅུ་དགུ་པ་ལ་གྲྭ་པ་མངོན་ཤེས་ཅན་དྲུག་ཅུ་རྩ་དགུ་ཡིན་པ་དེབ་སྔོན་ལས་གསལ་ཏེ། དེ་ཉིད་ལས། དེ་ནས་ལོ་བཅུ་དགུ་ལ་བོད་དུ་བྱོན་ནས། ལ་སྟོད་ཀྱི་ལེང་ལོ་ཙཱ་བའི་སར་མི་བཅུ་གསུམ་ལ་བུམ་དབང་བསྐུར་བའི་སར་རྟ་གཅིག་ཕུལ། དེ་ནས་མར་བྱོན་ནས་གྲ་ཐང་དུ་དགེ་བཤེས་གྲ་པ་མངོན་ཤེས་ལ་ནུབ་མོ་ལ་གསང་ནས་བདེ་མཆོག་ལུ་ཨི་པ་དི་བང་ཀ་རའི་ལུགས་དང་། ནཱ་རོའི་ལུགས་གཉིས་གསུངས་པས་གསེར་སྲང་ཕྱེད་ཕུལ་ལོ། །འདི་གྲྭ་པའི་ལོ་དྲུག་ཅུ་རྩ་དགུ་པ་ཡིན། ཞེས་གསུངས། དེ་ལྟར་ན་ཆུ་ཕོ་སྟག་དེ་རབ་བྱུང་དང་པོའི་ཆུ་སྟག་སྤྱི་ལོ་༡༠༦༢ལོར་ཡིན་པ་ཤེས་ནུས། བསྟན་རྩིས་ཀུན་བཏུས་ལས་ཀྱང་། ཆུ་སྟག་སྐོར་ནི་རུ་པ་འཁྲུངས། །ཞེས་གསལ། དམ་པ་སྐོར་ཆུང་དེ་ཉིད་དགུང་ལོ་ཉེར་གཅིག་པ་སྤྱི་ལོ་༡༠༦༢ལོར་བལ་ཡུལ་དུ་སྐུ་གཤེགས་པ་དང་། སྐོར་གྱི་ལུས་པོ་ལ་གྲུབ་ཐོབ་ནི་རུ་པ་གྲོང་འཇུག་བྱས་ནས་བོད་དུ་བྱོན་པས། སྐོར་ནེ་རུ་པ་ཞེས་ཡོངས་སུ་གྲགས་པས། དེབ་ཐེར་སྔོན་པོ་ལས། དེ་ནས་རྗེ་བཙུན་ནེ་རུ་པས་བལ་པོར་བྱོན་དང་། སྐོར་ཆུང་བ་དང་ཡོན་བདག་བྷ་ཧའི་གནས་སུ་འཛོམ་སྟེ། སྐོར་ཆུང་བ་འདས་པའི་ལུས་དེར་ནི་རུ་པས་གྲོང་འཇུག་མཛད་དེ་སྔར་གྱི་སྐུ་ལུས་དེ་བསྲེག་སྦྱང་མཛད་ནས་བོད་དུ་བྱོན། ཞེས་དང་། ཡང་དེ་ཉིད་ལས། སྤྱིར་ན་དགུང་ལོ་ཉི་ཤུ་རྩ་གཅིག་གི་བར་སློབ་གཉེར་མཛད། ཉི་ཤུ་རྩ་ལ་བོད་དུ་བྱོན། ཉི་ཤུ་རྩ་གཅིག་ནས་སྙིང་པོའི་དོན་བཤད་དེ། དགུང་ལོ་བཞི་ཅུ་རྩ་གཅིག་པ་ཆུ་ཕོ་རྟ་ལ་མྱ་ངན་ལས་འདས་སོ། །ཞེས་གསུངས་པས། རབ་བྱུང་གཉིས་པའི་ཆུ་ཕོ་རྟ་སྟེ་སྤྱི་ལོ་༡༡༠༢ལོར་སྐུ་གཤེགས་པ་གསལ་པོར་ཆགས་པ་ཡིན། ཁོང་དང་དྭགས་པོ་ལྷ་རྗེ་མཇལ་མྱོང་ཡོད་དམ་ཞེ་ན། དྭགས་པོ་ལྷ་རྗེ་ནི་རབ་བྱུང་དང་པོའི་ས་མོ་ལུག་སྟེ། སྤྱི་ལོ་༡༠༧༩ལོར་འཁྲུངས། སྐོར་ནེ་རུ་པ་སྐུ་གཤེགས་དུས་དྭགས་པོ་ལྷ་རྗེ་དགུང་ལོ་ཉེར་བཞི་ཙམ་ལ་སོན་པའི་སྐབས་ཡིན་པ་སོགས་ཞིབ་མོར་ལོ་རྒྱུས་དངོས་ལ་བལྟས་ན་ཁོང་རྣམ་གཉིས་མཇལ་བའི་སྐབས་མ་བྱུང་བ་ཧ་ཅང་གསལ་པོ་ཡིན། ལྷག་པར་རྗེ་སྒམ་པོ་པ་དྭགས་ལྷ་སྒམ་པོར་བཞུགས་ནས་སློབ་མ་རྣམས་ལ་ཕྱག་ཆེན་གྱི་གདམས་པ་གསུང་པའི་སྐབས་སུ་རྗེ་ཉིད་ཕྲིན་ལས་ཧ་ཅང་དར་རྒྱས་བྱུང་བཞིན་པའི་སྐབས་ཡིན་འདུག་པས་སློབ་མ་གཞན་ལ་ཤོར་དོགས་ཀྱི་གཏམ་རྒྱུད་འདི་དག་ནི་རང་རྒྱལ་གཞན་ཕམ་དང་མ་ཉེས་ཁ་གཡོགས་ཀྱི་ལོ་རྒྱུས་བརྫུན་བཟོ་ངོ་མ་དེ་ཡིན། མ་ཟད་སྐབས་དེར་རྗེ་སྒམ་པོ་པ་དགུང་ལོ་དྲུག་ཅུའི་སྐབས་ལྟ་བུ་ལ་ཁེལ་ཡོད་པས། ཅི་སྟེ་སྐོར་ནེ་རུ་པ་དང་མཇལ་འཕྲད་བྱུང་དགོས་ཚེ་ངེས་པར་སྐོར་ནེ་རུ་པ་དགུང་ལོ་བརྒྱ་ལ་ཉེ་བ་ཞིག་ཡིན་དགོས་པ་ལ་དེ་ལྟ་བུའི་ལོ་རྒྱུས་ཁུངས་དག་གང་ཡང་མཇལ་རྒྱུ་མེད། མ་ཟད་ལོ་རྒྱུས་རིག་པས་དོན་དངོས་ལ་བལྟས་ན། དྭགས་པོའི་ལུགས་འདིར་ཕག་མོའི་བརྡ་བཞིའི་དབང་ནི་ཧ་ཅང་གི་རྩ་ཆེན་པོ་དང་ཆོས་ཟབ་མོ་ཞིག་ལ་འདོད་པས། ཅི་སྟེ་ཆོས་འདིའི་རྩ་བའི་བརྒྱུད་པ་དེ་སྐོར་ནེ་རུ་པ་ལ་ཐུག་ཡོད་པ་ཡིན་ན་བླ་མ་དེ་བརྒྱུད་པ་འདིའི་ཁྲོད་དུ་ཧ་ཅང་གི་རྩ་ཆེན་ལྟ་བུར་ཆགས་དགོས་པ་ལ། བརྒྱུད་པ་འདིའི་སྲོལ་འཛིན་མཁན་གྱི་མཁས་པ་སུས་ཀྱང་བླ་མ་བརྒྱུད་པའི་ཁྲོད་དུ་ཀོར་ནེ་རུ་པའི་སྐོར་ཟུར་ཙམ་ཡང་མི་གསལ་དོན་ཅི་ཡིན་ནམ། ཁྱད་པར་དྭགས་པོ་རིན་པོ་ཆེའི་གསུང་གང་ནའང་སྐོར་ནེ་རུ་པའི་མཚན་ཙམ་ཡང་མི་གསལ་བས་དྭགས་པོའི་ཕག་མོའི་བརྡ་དབང་འདི་སྐོར་ནེ་རུ་པ་དང་འབྲེལ་བ་དམ་ཟབ་ཡོད་ཅེས་པ་ནི་རྟོག་བཏགས་ཁོ་ནར་ཤེས་སོ། །དེས་ན་དཔའ་བོ་གཙུག་ལག་ཕྲེང་བའི་ཕག་མོའི་གསང་སྒྲུབ་ཀྱི་རྣམ་བཤད་ལས། དེ་ན་ཆོས་རྗེ་ས་སྐྱ་པས། རྡོ་རྗེ་ཕག་མོའི་ཆོ་ག་ནི། །མར་པ་ལྷོ་བྲག་པ་ལ་མེད། །ཅེས་དང་། ཕྱིས་ནས་ཕག་མོའི་བྱིན་བརླབས་དང་། །ཞེས་ཆོས་ལོག་ཏུ་འདྲེན་པ་སོགས་ནི་ཚངས་པ་ཆེན་པོའི་མཛད་པ་ཁོ་ན་སྟེ། ཁོ་བོས་བཀག་པའི་ཕྱིར་ཞེས་པ་ཁོ་ན་རིགས་པའི་མཐར་ཐུག་ཡིན་ནོ། །ཡང་དེའི་རྗེས་འབྲངས་བ་ཁ་ཅིག་ན་རེ། སྐོར་ནེ་རུ་པ་བྱ་བ་ལོག་ཆོས་པ་ཅིག་ཕག་མོ་བརྡ་བཞིའི་དབང་བྱ་བའི་བརྫུན་དབང་བྱས་པ་དེ་དར་བ་ཡིན་ནོ་ཟེར་བ་ཡང་། ཆ་མེད་པ་སྨྲ་བ་ལ་རིངས་པ་ཡིན་ཏེ། སྐོར་ནེ་རུ་པ་ཆེན་པོ་ནི་མངའ་བདག་མཻ་ཏྲི་པའི་དངོས་སློབ་ལོ་ཙཱ་བ་ཆེན་པོ་ཅིག་ཡིན་ལ། རྗེ་མཻ་ཏྲི་པ་ལས་མཚན་བརྗོད་དང་། རྙོགས་མེད་དང་། རྩ་རྒྱུད་རབ་ཏུ་མི་གནས་པ་དང་། བཤད་རྒྱུད་བསམ་གྱིས་མི་ཁྱབ་པ་དང་། གསང་བ་གཉིས་སུ་མེད་པའི་རྒྱུད་རྣམས་ཞུས་ནས་སྤྱན་དྲངས་པས་སྐོར་ནེ་རུ་པའི་རྒྱུད་ལྔ་ཞེས་གྲགས་ཤིང་། དེ་ཐམས་ཅད་ཀྱང་ཕྱག་རྒྱ་ཆེན་པོ་ཡིད་ལ་མི་བྱེད་པའི་ལྟ་སྒོམ་དུ་འགྲེལ་བར་མཛད་དོ། །གཞན་ཡང་གྲུབ་པ་སྡེ་བདུན། སྙིང་པོ་སྐོར་དྲུག །ཨ་མ་ན་སི་ཀ་རའི་ཆོས་སྐོར་ཉེར་བཞི་རྣམས་སྤྱན་དྲངས་ཏེ་གཙོ་བོར་འཆད་པས། ཨ་མ་ན་སི་བ་ཞེས་གྲགས་ཤིང་། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཀྱང་དེ་རྣམས་ཞུས་ཏེ། ང་ལ་ད་ལྟ་སློབ་མ་ཡུངས་ཀར་གྱི་བྲེ་གསུམ་གྱི་གྲངས་དང་མཉམ་པ་ཡོད་ཀྱང་། ཆོས་ཐམས་ཅད་རྫོགས་པ་ནི་ཁྱུང་པོ་རྣལ་འབྱོར་པ་ཁྱོད་ལས་མེད་དོ་གསུང་ངོ་ཞེས་བཤད་པས་དེ་ཡིན་ལ། དེས་ཕག་མོའི་སྐོར་མང་དུ་སྤྱན་དྲངས་མོད། ཕག་མོའི་བརྡ་བཞིའི་དབང་ནི་ལུགས་དེ་ལ་མེད་དོ། །ཞེས་སོགས་གསུངས།
ལོ་རྒྱུས་དོན་དངོས་དང་མཐུན་པའི་བཀའ་གསུང་དེ་ལྟར་གནང་ནའང་ཕྱིས་ཀྱི་བཀའ་བརྒྱུད་པ་རང་གི་མཁས་པ་འགས་ཆོས་རྗེ་དྭགས་པའི་ཕག་མོའི་བརྡ་བཞིའི་དབང་འདི་ལ་སྐོར་ནེ་རུ་པའི་ལུགས་དང་མར་པའི་ལུགས་གཉིས་འདྲེས་སུ་བཤད་འདུག་པ་ནི་རང་ལུགས་མ་ཟིན་པའི་གཡམ་རྒྱུགས་ཀྱི་གཏམ་ཉིད་དུ་སྣང་། འོན་ཀྱང་གཟུར་གནས་ཚོས་དཔྱད་དགོས་པའི་གནས་ཀྱང་ཡིན་པས་འདིར་བཀོད་ན། དེ་ལ་ཀརྨ་བཀྲ་ཤིས་འོད་ཟེར་གྱིས་མཛད་པའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྙན་བརྒྱུད་ལྷན་ཅིག་སྐྱེས་མའི་བརྡ་དབང་ཟབ་མོའ་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་ཟབ་གསང་བདེ་ཆེན་ཤིང་རྟ་ཞེས་བྱ་བ་ལས། དེ་ལའང་རྒྱུད་གཞུང་སོ་སོའ་རྗེས་སུ་འབྲངས་བའི་སྒྲུབ་ཐབས་དུ་མའི་ནང་ན་ཁྱད་པར་དུ་འཕགས་པའི་བཀའ་བབས་ཀྱི་ཆུ་བོ་ཐམས་ཅད་གཅིག་ཏུ་འདྲེས་པ་སྟེ། དང་པོ་ཁྱབ་བདག་རྡོ་རྗེ་འཆང་དང་འཁོར་ལོའ་དབང་མོ་དབྱེར་མེད་པས་བྲམ་ཟེ་ཆེན་པོ་སང་ཧ་རྗེས་སུ་བཟུང་། དེ་ནས་ཤ་བ་ར། ཀོར་ནི་རུ་བ། ཙང་ངུ་པ། འགར་སྔགས་ནན་ནས་རྗེ་སྒམ་པོ་པ་ལ་བརྒྱུད་པ་ཞལ་གཉིས་མའི་ཕྱོགས་དང་། ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་མངའ་བདག་མཻ་ཏྲི་པ། དེས་རྗེ་བཙུན་ཆོས་ཀྱི་བློ་གྲོས་བརྡའི་དབང་ཟབ་མོས་སྨིན་པར་མཛད་པ་ནི་རྡོ་རྗེའི་མགུར་ལས་གསལ་བར་གསུངས་པ་ལྟར་རིམ་པས་བརྒྱུད་པ་ཞལ་གཉིས་མའི་ཉེ་བརྒྱུད་དང་། དྲུག་པ་རྡོ་རྗེ་འཆང་ཆེན་པོས་དཔལ་ཏཻ་ལོ་སངས་རྒྱས། དེས་པཎ་ཆེན་ནཱ་རོ་ཞབས། དེས་བོད་ཡུལ་ཕྱི་དར་གྱི་ལོ་ཙཱ་བ་ཐམས་ཅད་ཀྱི་རྒྱལ་པོ་རྩོད་མེད་གྲུབ་ཐོབ་དགྱེས་མཛད་རྡོ་རྗེ་དངོས་སྣང་ལྷོ་བྲག་མར་པ་ལ་གནང་བ་རིམ་པར་མི་ལ་རས་ཆེན། མཉམ་མེད་དྭགས་པོ་སོགས་ལས་བརྒྱུད་པ་ནི་སྙན་བརྒྱུད་ལྷན་ཅིག་སྐྱེས་མ་རང་གཞུང་གི་དོན་བརྒྱུད་དང་། ཁྱད་པར་སྙན་བརྒྱུད་ལྷན་སྐྱེས་མའི་དབང་དང་མན་ངག་མཐའ་དག་རྗེ་མར་པས་བྱང་ཕྱོགས་ཙམ་ན་ཆེ་བའི་གྲུབ་ཐོབ་ཡོངས་གྱི་སྤྱི་མེས་རྗེ་བཙུན་བཞད་པ་རྡོ་རྗེར་བུམ་པ་གང་བྱོར་བསྩལ། རྗེ་བཙུན་གྱིས་རྒྱས་འབྲིང་བསྡུས་པའི་སྐོར་ཚོ་གསུམ་དུ་ཕྱེས་ཏེ་ཐུགས་ཀྱི་སྲས་མཆོག་གསུམ་ལ་གཙོ་བོར་གནང་བའི་རྩ་བའི་སྨིན་བྱེད་རྒྱས་པ་ཟུར་དུ་མཆིས་པ་ལས། ཞེས་གསུངས། གང་ལྟར་དེར་ཡང་མི་ལ་རས་ཆེན་ནས་བརྒྱུད་པའི་བརྒྱུད་པ་མེད་པ་ནི་གཏན་མ་གསུངས། ཡིན་ནའང་སྙན་བརྒྱུད་རྒྱས་འབྲིང་བསྡུས་གསུམ་ལས་དྭགས་པོ་སྙན་བརྒྱུད་དང་རས་ཆུང་སྙན་བརྒྱུད་གཉིས་ཀྱི་ནང་དུ་ཡུམ་བཀའི་བརྡ་དབང་སྐོར་འབྱུང་ཡང་ངམ་རྫོང་སྙན་བརྒྱུད་དུ་གཏན་ནས་མི་འབྱུང་བས་གནད་དོན་ག་རེ་ཡིན་པ་སོགས་ལ་དཔྱད་དགོས་ས་ཅུང་ཟད་རེ་སྣང་། རྒོད་ཚང་རས་པ་སྣ་ཚོགས་མིང་ཅན་གྱིས་མཛད་པའི་སྡོམ་པའི་སྤྱི་བཤད་ལས། ངམ་རྫོང་པའི་ལུགས་ལ་ཡབ་བཀའ་རྒྱས་པ་སོགས་ནི་མེད་ལ། ཡུམ་བཀའ་གཙོ་བོར་གྱུར་པའི་གདམས་པ། རྗེ་མི་ལའི་གསུང་ལ་ངམ་རྫོང་པ་ཉིད་ཀྱིས་ཟིན་བྲིས་སུ་མཛད་པ་དང་། གཞན་ཡང་བརྒྱུད་པའི་ལོ་རྒྱུས་སོགས་རྗེས་སུ་བུ་བརྒྱུད་ཀྱིས་བཀོད་པའི་ཡིག་ཆའང་ཅི་རིགས་དང་བཅས་ཡོངས་སུ་གྲགས་པ་འདི་ཡིན་ལ། ཞེས་སོགས་གསུངས་མཛད་ཡོད། དེར་ཡབ་བཀའི་སྐོར་རྒྱས་པར་བཞུགས་མེད་ཚུལ་གྱི་གསལ་བཤད་ཙམ་ལས་བརྡ་དབང་མེད་པའི་རྒྱུ་མཚན་དམིགས་བསལ་གསུངས་མེད། འདིར་མི་ལ་རས་ཆེན་ནས་མཉམ་མེད་དྭགས་པོ་ལྷ་རྗེ་ལ་ཇི་ལྟར་བརྒྱུད་པའི་ཁུངས་ཅུང་ཟད་ཅིག་ཞུས་ན། དེ་ལ་རྗེ་དྲུག་པ་མཐོང་བ་དོན་ལྡན་གྱིས་མཛད་པའི་ལོ་རྒྱུས་མདོར་བསྡུས་ཤིག་ཡོད་པ་དེ་ལས་ཆེས་གསལ་པོར་བཀོད་ཡོད་པས་ཀཾ་ཚང་གི་ཕྱོགས་ནས་དེ་ལྟར་ཁས་བླངས་ཡོད་པ་གདོན་མི་ཟ་བ་ཡིན། འདིར་སྙན་བརྒྱུད་ཀྱི་ལུགས་འདི་ལ་རྒྱུད་དང་མཐུན་པར་རིམ་གྱིས་པ་རྗེས་སུ་བཟུང་ཐབས་ཡབ་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་དབང་རྒྱས་པ། ཐོད་རྒལ་བ་རྗེས་སུ་བཟུང་ཐབས་ཡུམ་གྱི་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་པའི་དབང་འབྲིང་པོ། ཅིག་ཅར་བ་རྗེས་སུ་བཟུང་ཐབས་བླ་མའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་ཕྱག་རྒྱ་ཆེན་པོ་བརྡའི་དོན་དབང་སྟེ་གསུམ་ལས། འདིར་གཉིས་པ་ནང་སིནྡྷུ་ར་རྡོ་རྗེ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཤེས་རབ་གཙོ་བོར་བྱས་ནས་དབང་བསྐུར་བའི་དབང་དུ་བྱས་པ་ཡིན་ལ། འོན་ཀྱང་གཙོ་བོར་ཕྱག་རྒྱ་ཆེན་པོ་བརྡའི་གྱི་དབང་གི་སྒོ་ནས་བསྐུར་བ་ཉིད་གཙོ་བོ་ཡིན་ནོ། །སིནྡྷུ་ར་ལ་བརྟེན་པའི་དབང་དེ་ལའང་རྗེ་བཙུན་མ་ལྷ་མོ་བཅོ་ལྔ་མ་དང་། ལྷ་མོ་བདུན་མ་དང་། ལྷ་མོ་ལྔ་མ་དང་། ལྷ་མོ་གཅིག་མའི་དབང་བཞི་བརྡ་ཡི་སྒོ་ནས་བསྐུར་བའི་བྱིན་བརླབས་ཀྱི་ཆོ་ག་བཅས་ཡོད་པ་ལ། འདིིར་ནི་དེ་རྣམས་ཐམས་ཅད་ཐུན་མོང་དུ་སྟོན་པའི་ཆོ་གའི་དབང་དུ་བྱས་པ་ཡིན། སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་པའི་དབང་འདི་རྗེ་བཙུན་ཆེན་པོས་རྗེ་དྭགས་པོ་ལ་བསྐུར་མཛད་ཡོད་པ་ནི་རྗེ་དྭགས་པོ་རིན་པོ་ཆེའི་རྣམ་ཐར་ཁག་ཐམས་ཅད་ལས་གསལ་བོར་གྲུབ་ཡོད། སྒམ་པོ་པའི་རྣམ་ཐར་ཧ་ཅང་མང་མོད། འདིར་མཚོན་བྱེད་ཙམ་དུ་སྒམ་པོ་པའི་རྣམ་ཐར་ཡོངས་གྲགས་ཀུན་བཏུས་སུ་གྱུར་པ་སྒམ་པོ་ནོར་བུ་རྒྱན་པས་མཛད་པ་དེ་དང་། རྗེ་ཉིད་ཀྱི་དབོན་པོས་བྲིས་པའི་རྣམ་ཐར་ཀུན་ཁྱབ་སྙན་པའི་བ་དན་གཉིས་ཀྱི་བཤད་ཚུལ་ཞུ་རྒྱུ་ཡིན། དེ་ཡང་ནོར་བུ་རྒྱན་པས་མཛད་པའི་རྣམ་ཐར་ལས། དགུན་ཆུ་བར་རྣམས་སུ་བཞུགས་ནས་ཆོས་ཞུས་པས། རྗེ་བཙུན་གྱི་ཞལ་ནས། སྔར་གྱི་དབང་བསྐུར་གྱིས་དབང་བསྐུར་གྱི་གོ་མི་ཆོད་པ་མ་ཡིན་རུང་། རྟེན་འབྲེལ་ཡིན་པས་ང་རང་གི་ལུགས་ཀྱི་བྱིན་རླབས་ཤིག་བྱ་དགོས་གསུང་། སིནྡྷུ་རའི་མཎྜལ་ལ་བརྟེན་ནས་ཕག་མོའི་བྱིན་རླབས་དང་། སྙན་བརྒྱུད་ཀྱི་དབང་བསྐུར་མཛད་དོ། །ཞེས་གསལ་ཞིང་། རྗེ་བཙུན་མི་ལ་རས་པ་ཉིད་ཀྱི་རྡོ་རྗེའི་མགུར་ལས་ཀྱང་། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཤར་སེང་གེའི་དཀར་མོ་འོ་མ་དེ། །ཞེས་སོགས་ནས། རྗེ་ནཱ་རོ་པའི་ཐབས་ལམ་ཟབ་མོ་དེ། །ལམ་བགྲོད་ཐག་ཉེ་བར་ཆ་མཆིས་ཀྱང་། །ཕ་མར་པ་ལོ་ཙཱས་ཤེས་ཏེ་འོང་། །རྗེ་མར་པའི་སྙན་བརྒྱུད་ཟབ་མོ་དེ། །ཉམས་རྟོགས་པ་སྐྱེ་བར་ཆ་མཆིས་ཀྱང་། །ང་རྣལ་འབྱོར་མི་ལས་བསྒོམས་ཏེ་འོང་། །ང་མི་ལའི་ཉམས་མྱོང་ཚིག་གསུམ་པོ། །དོན་གནད་དུ་ཟབ་པར་ཆ་མཆིས་ཀྱང་། །བུ་སྟོན་པ་ཁྱོད་བྱུང་བས་འཆད་པ་ཡིན། །ཞེས་སོགས་གསུངས་ནས་ཐོད་ཆང་གནང་བ་སོགས་ཀྱི་ལོ་རྒྱུས་ཤིན་ཏུ་གསལ་བ་དང་། དེ་ལྟ་བུའི་རྡོ་རྗེའི་གསུང་མགུར་དེ་ཡང་གཙང་སྨྱོན་ཧེ་རུ་ཀས་གསར་རྩོམ་ཙམ་མ་ཡིན་པ་ནི་རྗེ་དྭགས་པོ་རིན་པོ་ཆེའི་དབོན་པོས་མཛད་པའི་རྣམ་ཐར་དུ་ཡང་དྲངས་འདུག་པ་ལས་ཤེས་ནུས། རྗེ་ཉིད་ཀྱི་དབོན་པོ་སྒམ་པོ་བསོད་ནམས་ལྷུན་གྲུབ་ཀྱིས་མཛད་པའི་རྣམ་ཐར་ཀུན་ཁྱབ་སྙན་པའི་བ་དན་ལས་ཀྱང་། དེ་ནས་དབྱར་སྟོད་མཚོ་ལུང་གི་བྲག་ལ་བཞུགས། དབྱར་སྨད་སྨན་ལུང་ཆུ་བར་དུ་བཞུགས་ནས་ཆོས་ཞུས་པ་ལ། བླ་མ་རྗེ་བཙུན་གྱི་ཞལ་ནས་སྔར་གྱི་དབང་བསྐུར་རྣམས་ཀྱིས་གོ་མི་ཆོད་པ་མིན་ཏེ། འོན་ཀྱང་རྟེན་འབྲེལ་ཡིན་པས་ང་རང་གི་ལུགས་སུ་བྱིན་བརླབས་ཅིག་བྱ་དགོས་གསུང་ནས། སིནྡྷུ་རའི་མཎྜལ་ལ་བརྟེན་ནས། སྙན་བརྒྱུད་ཀྱི་བྱིན་བརླབས་དང་དབང་བསྐུར་མཛད་དོ། །ཞེས་སོགས་ཤིན་ཏུ་གསལ་པོར་གྲུབ། དྭགས་པོ་རིན་པོ་ཆེའི་ཆོས་དང་ཆོས་ཀྱི་བརྒྱུད་པ་ལ་ས་པཎ་ལས་ཀྱང་ཉིད་ཀྱི་དབོན་པོ་རྒྱུས་མངའ་ཆེ་བ་ནི་དངོས་ཡོད་ཀྱི་ལོ་རྒྱུས་རིག་པས་གྲུབ་ཐུབ་པས་ཁུངས་འདི་ཚོ་རྣམ་དག་ཉིད་དུ་ངོས་འཛིན་བྱས་ན་ལོ་རྒྱུས་རིག་པ་དང་མི་མཐུན་པ་ཅི་ཡང་མེད། དེ་ལས་གཞན་དུ་རྣམ་ཐར་འདི་དག་ཀུན་རྫུན་མར་བཤད་ཟིན་པའི་རྗེས་ནས་དེ་ལས་གཞན་དུ་ཁྱེད་ཅག་གིས་བཤད་པའི་དྭགས་པོའི་རྣམ་ཐར་དེ་དག་ལའང་ལོ་རྒྱུས་རིག་པའི་སྒོ་ནས་ཁུངས་སྐྱེལ་ཐུབ་མེད་པ་ཧ་ཅང་གསལ་པོ་མ་ཡིན་ནམ། ཁྱད་པར་དྭགས་པོ་རིན་པོ་ཆེ་ཉིད་ཀྱི་ཆོས་ཀྱི་བརྒྱུད་པ་གང་ཡིན་ལ་ཉིད་ལས་བདེན་ཆེ་བ་ཞིག་དང་ཉིད་ཀྱི་གསུང་ལས་ལྷག་པའི་ཁུངས་ཤིག་ཡོད་མི་སྲིད་པ་དངོས་ཡོད་ཡིན་པས། དྭགས་པོ་ཉིད་ཀྱིས་མཛད་པའི་ཕྱག་ཆེན་རྡོ་རྗེ་ཡེ་ཤེས་ཀྱི་གཞུང་གི་མཇུག་ཏུ། བླ་ན་མེད་པའི་ཐེག་པ་ལ་དད་པ་བསྐྱེད་ནས། འགྲུབ་པ་ནི་བྱིན་གྱིས་བརླབས་ནས་ཤེས་པར་བྱ་སྟེ། རྣལ་འབྱོར་པའི་བྱིན་བརླབས་བླ་མ་རིན་པོ་ཆེའི་ཐུགས་ནས་ཕྱུང་པ་རྫོགས་སོ། །ཞེས་གསལ་བས་ཀྱང་རྗེ་བཙུན་ཆེན་པོ་ནས་ཉེ་བར་བརྒྱུད་པ་རྟོགས་ནུས་ཏེ། དྭགས་པོ་རིན་ཆེ་ལ་སྤྱིར་བླ་མ་མང་པོ་ཡོད་ཀྱང་རྗེ་བཙུན་ཆེན་པོ་ལས་གཞན་ལ་བླ་མ་རིན་པོ་ཆེ་ཞེས་བརྗོད་པ་ཆེས་ཉུང་ཞིང་བླ་མ་རིན་པོ་ཆེ་ཞེས་པ་ཕལ་མོ་ཆེ་རྗེ་བཙུན་ཉིད་ལ་གོ་དགོས་པ་ཧ་ཅང་གསལ་པོ་ཡིན་པས། དེ་ལྟར་ན་འདིར་ཡང་བླ་མ་རིན་པོ་ཆེ་རྗེ་བཙུན་རས་པ་ཆེན་པོའི་ཐུགས་ནས་ཕྱུང་པ་ཡིན་པ་གསལ་པོར་གསུངས་པ་ཡིན་ནོ། །དེ་ལ་དྭགས་པོ་རིན་པོ་ཆེས་མཛད་པའི་ཆོག་གཞུང་འདི་ཉིད་གཞིར་བྱས་ཏེ་རྗེ་དུས་གསུམ་མཁྱེན་པའི་གསུང་འབུམ་དུ་ཕྱག་ལེན་ཟིན་བྲིས་སུ་བཏབ་པ་ཞིག་བཞུགས་ཡོད་པ་དང་དེ་ལས་གཞན་དུ་བྱིན་རླབས་ཀྱི་སྒོ་ནས་དབང་བཞི་བྱ་ཚུལ་ཞིག་ཀྱང་གསུངས་ཡོད། དཔལ་ཕག་མོ་གྲུབ་པའི་གསུང་འབུམ་དུའང་བཞུགས་ཡོད། དབང་འདི་ལ་བྱིན་རླབས་ཀྱི་བརྡ་དབང་ཞེས་གསལ་བས་བྱིན་རླབས་ཙམ་ཡིན་ནམ་དབང་བསྐུར་དང་བྱིན་རླབས་གཉིས་ཀ་ཡོད་པ་ཞིག་ཡིན་ནམ་ཞེ་ན། ས་སྐྱ་པ་ཚོས་དབང་བསྐུར་མེད་པའི་རྗེས་གནང་བྱིན་རླབས་ཀྱི་ཆོ་ག་རྐྱང་པ་ཞིག་ལ་ངོས་འཛིན་གནང་ཡོད་པ་དེ་ནི་ཆོག་གཞུང་འདི་དག་ལ་རྒྱུས་ལོན་མེད་པའི་དན་རྟགས་ངོ་མ་ཞིག་ཡིན། དེ་ལ་ཐོག་མར་དྭགས་པོ་སྙན་བརྒྱུད་ཀྱི་ཡུམ་བཀའི་བརྡ་དབང་ལ་རྒྱུས་ལོན་ཅུང་ཟད་རེ་བྱས་ན། འདི་ནི་རས་ཆུང་སྙན་བརྒྱུད་དུ་བཞུགས་པའི་དབང་བསྐུར་གྱི་ཆོ་ག་དེ་དག་ལས་ཀྱང་ཤིན་ཏུ་བསྡུས་པ་ཆགས་ཡོད། དཔལ་འཕག་མོ་གྲུབ་པའི་གསུང་འབུམ་དུ་ཡོད་པ་དེ་ནི་དྭགས་པོའི་གསུང་འབུམ་དུ་ཡོད་པ་དང་ཚིག་ཁ་ཤས་མ་གཏོགས་མང་ཆེ་ཇི་མ་ཇི་བཞིན་བཀོད་པ་ཞིག་རེད་འདུག །འོན་ཀྱང་རྗེ་དུས་གསུམ་མཁྱེན་པའི་གསུང་དུ་ཕྱག་ལེན་མང་པོ་ཞིག་ཟིན་བྲིས་སུ་མཛད་ཡོད་པ་སོགས་སྔ་མ་དང་མི་འདྲ་བའི་ཁྱད་ཆོས་དམིགས་བསལ་ལྡན། དྭགས་པོ་རིན་པོ་ཆེའི་གསུང་འབུམ་དུ་བཞུགས་པའི་ཡིག་ཆ་དཔེ་མང་ཆེ་བ་ལས་ཕག་མོ་ཞལ་གཅིག་ཕྱག་གཉིས་ཞེས་གསལ་འདུག་ཀྱང་། དུས་མཁྱེན་དང་དཔལ་ཕག་མོ་གྲུབ་པ་གཉིས་ཀའི་གསུང་ལས་ཞལ་གཉིས་མ་ཞེས་འབྱུང་བ་དང་། ཡོངས་གྲགས་སུ་ཡང་ཞལ་གཉིས་མ་ཡིན་སྐོར་གྲགས་ཆེ་བས་དྭགས་པོའི་གསུང་འབུམ་ལས་གསལ་བ་དེ་ཡིག་ནོར་ཡིན་ནམ་གང་ཡིན་བརྟགས་གལ་ཆེ། ས་སྐྱ་པས་བཤད་པ་ལྟར་ན་དྭགས་པོ་རིན་པོ་ཆེས་སློབ་མའི་ཚོགས་མཐའ་ཡས་པ་ལ་སིནྡྷུའི་ར་ལ་བརྟེན་པའི་ཕག་མོའི་བརྡ་བཞིའི་དབང་འདི་བསྐུར་སྐད་བཤད་ཡོད་ཀྱང་། འདི་ནི་དྭགས་པོའི་སྙན་བརྒྱུད་དུ་བཞུགས་པའི་ཆོས་སྐོར་ཡིན་པས་སྙན་བརྒྱུད་འདི་དག་སློབ་ཚོགས་ཀུན་ལ་སྤེལ་བ་ཞིག་མིན་པར་སློབ་མ་ཁྱད་པར་ཅན་ཁ་ཤས་ལ་བསྐུར་བ་ནི་ལོ་རྒྱུས་ཀྱི་དོན་དངོས་ཡིན། འོན་ཀྱང་བརྡ་དོན་ལ་བརྟེན་པའི་ཕྱག་རྒྱ་ཆེན་པོའི་དོན་གྱི་དབང་བཞི་ནི་སློབ་ཚོགས་རྣམས་ལ་རྒྱ་ཆེར་སྤེལ་བ་ཞིག་གོ། །དེ་ལ་འདིར་སིནྡྷུ་ར་ལ་བརྟེན་པའི་དབང་བཞི་བརྡའི་སྒོ་ནས་བསྐུར་བའི་བྱིན་རླབས་ཀྱི་ཆོ་ག་ལའང་། རྗེ་བཙུན་མ་ལྷ་མོ་བཅོ་ལྔའི་དབང་དུ་བྱས་པ་དང་། ལྷ་མོ་བདུན་མ་དང་། ལྷ་མོ་ལྔ་མ་དང་། ལྷ་མོ་གཅིག་མའི་བྱིན་རླབས་བཅས་ཡོད་པ་ལ། རས་ཆུང་སྙན་བརྒྱུད་ཀྱི་སྐབས་སུ་ནི་རྒྱས་པ་ལྷ་མོ་བཅོ་ལྔའི་བྱིན་རླབས་ཀྱི་རིམ་པ་གཙོ་བོར་བྱས་ཏེ་དེ་རྣམས་ཐམས་ཅད་ཐུན་མོང་དུ་སྟོན་པ་ཡིན་པས་དབང་བཞི་རྗེས་གནང་དང་བཅས་པ་རྒྱས་པར་འབྱུང་ལ། དྭགས་པོ་སྙན་བརྒྱུད་ཀྱི་སྐབས་སུ་རྗེ་བཙུན་མ་ལྷ་ལྔ་གཙོ་བོར་བྱས་པས་སྔ་མ་ལས་ཀྱང་ཅུང་ཟད་བསྡུས། འདི་ལ་དབང་གི་གེགས་སེལ་བསྙེན་པ་སྐྱེལ་བ་དང་། གེགས་བྲལ་བྱིན་རླབས་བྱ་བ་གཉིས་ལས་ཕྱི་མ་ལ། བཀོད་བཤམ་དང་། འཇུག་ཅིང་རྟེན་བསྐྱེད་པ། སྡོམ་གསུམ་དམ་ཚིག་བླང་བ། ཡེ་ཤེས་དབབ་པ། དབང་བཞི་བརྡ་དོན་ངོ་སྤྲད་པ། མཆོད་ཚོགས་གཏོར་མ་འབུལ་བ། རྟེན་གཤེགས་ཡི་གེ་བརྟེན་པ་བཅས་ཡོད། རས་ཆུང་སྙན་བརྒྱུད་ལྟར་ན་དེ་ལས་རྒྱས་པ་ཡོད་དེ། གཟི་བརྗིད་རྒྱལ་མཚན་གྱིས་མཛད་པའི་བྱིན་རླབས་རྣམ་གསལ་ལས། བཀོད་པ་བཤམ་ཞིང་ཆོས་བཤད་པ་དང་། འཇུག་ཅིང་རྟེན་བསྐྱེད་པ་དང་། སྡོམ་གསུམ་དམ་ཚིག་བླང་བ་དང་། །གསོལ་འདེབས་ཡེ་ཤེས་དབབ་པ་དང་། །ཕྱག་འཚལ་མེ་ཏོག་དོར་བ་དང་། །མིག་དབྱེ་མཐོང་བ་བསྟན་པ་དང་། །དབང་བཞི་བརྡ་དོན་སྤྲད་པ་དང་། །དམ་ཚིག་རྗེས་གནང་སྦྱིན་པ་དང་། །སྐུ་གསུང་དངོས་གྲུབ་གསོལ་བ་དང་། །གཉིས་མེད་བདུད་རྩི་བརྟེན་པ་དང་། །འབྲལ་མེད་བྱིན་རླབས་ཞུ་བ་དང་། །མཆོད་ཚོགས་གཏོར་མ་འབུལ་བ་དང་། །རྟེན་གཤེགས་ཡི་གེ་བརྟེན་པའོ། །ཞེས་གསུངས། བུམ་དབང་ལའང་རྒྱས་བསྡུས་ཀྱི་ཁྱད་པར་ཡོད་པ་ནི། དྭགས་པོ་སྙན་བརྒྱུད་ཀྱི་ལུགས་ལ་མདའ་གཞུ་དང་ཕག་མགོ་དང་ཐོད་པ་དང་རྒྱ་གྲམ་བཅས་བཞི་ལས་མེད་པ་དང་། རས་ཆུང་སྙན་བརྒྱུད་ཀྱི་ལུགས་ལ་བུམ་དབང་ལ་དངོས་དང་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བཅས་གཉིས་ཡོད་པ་དང་། དང་པོ་ལའང་དབང་བཅུ་གཉིས་དང་། རྡོ་རྗེ་སློབ་དཔོན་གྱི་དབང་ལའང་དུ་མ་བཞུགས་ཡོད། བཞི་པ་ཚིག་དབང་ལའང་བརྡ་དོན་སྤྲད་པ་བཅུ་བཞི་སོགས་སྣང་ངོ་། །གཟི་བརྗིད་པས་ཤེར་ཡེའི་དབང་སྔོན་ལ་བསྐུར་ནས་གསང་དབང་རྗེས་ལ་བསྐུར་ཚུལ་ཞིག་ཀྱང་བཤད་ཡོད། གང་ལྟར་ཡང་འདིར་བཤད་པའི་ཐུན་མོང་མ་ཡིན་པའི་དབང་བཞིའི་བསྐུར་ཚུལ་གྱི་རིམ་པ་ལ་གཉིས་གསུངས་ཏེ། སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་པའི་དབང་བཞི་བསྐུར་ཚུལ་དང་། བླ་མའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་བརྡའི་དོན་ཕྱག་རྒྱ་ཆེན་པོའི་དབང་བསྐུར་ཚུལ་ལོ། །སྙན་བརྒྱུད་ཀྱི་ཡུམ་བཀའི་དབང་འདི་ལ་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་པ་གཙོ་ཆེ་ཞིང་། ཕྱག་རྒྱ་ཆེན་པོའི་དབང་བཞི་ནི་བྱིན་རླབས་བརྡའི་དོན་གྱི་དབང་བཞི་ཡིན་པ་འདི་ཤེས་དགོས། འདི་ལྟ་བུའི་རིམ་པ་གཉིས་ཡོད་པ་འདིའང་ས་སྐྱ་པ་ཚོས་ཤེས་ན་ཡག་པོ་ཡོད་ཀྱང་། ཁྱེད་ཅག་གིས་དགག་པ་མཛད་པའི་སྐབས་སུ་དབང་བསྐུར་ཚུལ་འདི་གཉིས་ཉ་ཉུང་མཉམ་བསྲེ་ལྟ་བུར་བྱས་འདུག་པ་ནི་ཕྱོགས་སྔའི་ནམ་མ་ལང་བར་དགག་སྒྲུབ་ཀྱི་ཉི་མ་ཤར་བའི་རྟགས་སྟོན་པ་ཙམ་ལས་མ་འདས།
དེ་ལ་ངེས་པར་རྡུལ་ཚོན་གྱི་དཀྱིལ་འཁོར་མ་ཐོབ་ན་ཆོས་སྒོ་ཕྱེད་པའི་དབང་དུ་མི་འགྲོ་བས་ངེས་པར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཐོབ་དགོས་པ་མཁས་པ་ཆེན་པོ་འགའ་ཞིག་གསུང་པ་ཡོད་དེ། འོན་ཀྱང་ཕྱི་རྡུལ་མཚོན་གྱི་དཀྱིལ་འཁོར་ལ་མ་བརྟེན་པར་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར་བ་མེད་པའང་མ་ཡིན་པས་དེའི་ཚུལ་ཅུང་ཟད་བཤད་ན། དེ་ཡང་སྤྱིར་རྒྱུད་འགྲེལ་ལས་འདིར་དབང་གོང་མ་ནི་རྣམ་གཉིས་ཏེ། གཅིག་ནི་སེམས་ཅན་གཞུག་པའི་དོན་དང་ལམ་ཡོངས་སུ་ཤེས་པའི་དོན་དང་རྒྱུད་ཉན་པ་ལ་དབང་བའི་དོན་དུའོ། །གཞན་ནི་སློབ་དཔོན་ཆེན་པོའི་གནས་སྦྱིན་པ་དང༌། སྟོན་པ་པོ་བྱེད་པའི་སླད་དུའོ། །ཞེས་འབྱུང་བའི་སློབ་མ་དབང་དང༌། འཇིག་རྟེན་ཀུན་རྫོབ་པའི་དབང་བཞི་པོ་འདི་ནི་སྒྲིབ་བྲལ་ཞུ་བདེའི་དབང་དུ་བྱས་པ་དང༌། སློབ་དཔོན་དང་འདས་པ་དོན་དམ་པའི་དབང་བཞི་པ་ནི་རང་བཞིན་ལྷན་སྐྱེས་ཀྱི་ཞུ་བདེའི་དབང་དུ་བྱས་པ་སྟེ། སྔ་མ་འདི་ཉིད་ཀྱི་ཕྱིར། བདེ་མཆོག་སྟོད་འགྲེལ་ལས། འདིར་འཇིག་རྟེན་ཀུན་རྫོབ་ཏུ་བུམ་པའི་དབང་བསྐུར་བ་ནི་སློབ་དཔོན་གྱི་དབང་བསྐུར་བའོ། །གསང་བར་ལྟ་བ་དང་བདུད་རྩི་མྱང་བ་ནི་གསང་བའི་དབང་བསྐུར་བའོ། །ལས་ཀྱི་ཕྱག་རྒྱ་གཏད་པས་དབང་པོ་གཉིས་ལས་སྐྱེས་པའི་འགྱུར་བའི་བདེ་བ་རྟོགས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །ནོར་བུའི་ནང་དུ་ཆུད་པའི་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ་རྟོགས་པ་ནི་བཞི་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །ཞེས་པའི་འཇིག་རྟེན་པའི་བདེན་པས་དྲང་བའི་དོན་གྱི་དབང་བསྐུར་བའི་ཆོ་ག་རྣམ་པ་བཞིའོ། །ཞེས་འབྱུང་། འཇིག་རྟེན་པའི་དབང་གོང་མ་བཞི་པོ་འདི་བྱིས་འཇུག་གི་དབང་གི་རྒྱུ་མཚན་དེ་ཉིད་དུ་བསྐུར་ན་རྡུལ་ཚོན་མ་གཤེགས་པར་བསྐུར་ན་མི་འགལ་མོད་ཀྱང༌། དེ་ལྟ་ན་དཀྱིལ་འཁོར་དེར་ནི་དབང་དེ་དག་བསྐུར་བར་བྱ་བ་མ་ཡིན་པའི་ཕྱིར་ཏེ། ཕྱིའི་དཀྱིལ་འཁོར་དེ་ཙམ་ནི་གང་ཟག་དབང་རྟུལ་ལ་མཚན་མ་རྫས་ཙམ་གྱི་རྗེས་སུ་དཔག་པའི་དཀྱིལ་འཁོར་བཞེངས་ནས། རྟགས་དེ་ཉིད་དྲངས་པའི་ལྷ་ལ་དབང་སྡོམ་གྱི་དངོས་གྲུབ་ཙམ་སྦྱིན་པར་བྱེད་པའི་ཕྱིར་ཞེས་དུས་འཁོར་བ་ལ་ལ་ཟེར། འོ་ན་དབང་ཕྱི་མ་འདི་བསྐུར་བ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་སྔ་མར་དབང་སྔ་མ་དེ་ངེས་པར་ཐོབ་དགོས་སམ་ཞེ་ན། འདི་ལ་འཆད་ཚུལ་གཉིས་ལས། བཀའ་བརྒྱུད་དྭགས་པོ་ལྷ་རྗེ་བའི་བཞེད་པར། གསང་སྔགས་བླ་མེད་ཀྱི་གདུལ་བྱའི་རིགས་ཅན་དབང་པོ་མཆོག་ནི་དང་པོ་ཉིད་ནས་རྡོ་རྗེ་སློབ་མའི་རིག་དབང་གི་བུམ་པ་ལ་སོགས་པའི་དབང་ལེན་མི་དགོས་པ་ཉིད་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་སོགས་ལ་མ་ལྟོས་པར་དང་པོ་ཉིད་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་བུམ་པའི་དབང་ཉིད་ནས་བླངས་ཆོག་པའི་གང་ཟག་དབང་པོ་ཤིན་ཏུ་རྣོ་བ་ཞིག་ཡོད་ལ། དེའི་བུམ་དབང་ལེན་གཞིའི་དཀྱིལ་འཁོར་ཡང་བླ་མའི་ལུས་དཀྱིལ་ཉིད་ཀྱིས་གྲུབ་པ་དང༌། དེ་ལྟའི་དཀྱིལ་འཁོར་པའི་དཀྱིལ་འཁོར་ལས་དབང་སྡོམ་གྱི་དངོས་གྲུབ་ཐོབ་པ་དེའི་དཀྱིལ་འཁོར་པའི་འཁོར་ལོ་དེ་སྒོམ་པ་ནའང་གང་ཟག་དེ་དབང་པོ་ཆེས་སྨིན་ཅིང་རྣོ་བས་འདོད་པའི་ཁམས་ལ་སོགས་པར་མངལ་སྒོང་དྲོད་གཤེར་སོགས་སུ་སྐྱེ་བའི་ལས་སྒྲིབ་དག་ཅིང་བྱང་བ་ཤས་ཆེ་བས་དག་པའི་འཇིག་རྟེན་དུ་རྫུས་སྐྱེས་ཀྱི་སྐྱེ་གནས་ལ་བརྟེན་པའི་སྣོད་བཅུད་ཀྱི་དྲི་མ་ཙམ་ལས་སྦྱང་མི་དགོས་པས་བསྐྱེད་རིམ་གྱིས་དཀྱིལ་འཁོར་ཀྱང་སྐད་ཅིག་གི་གསལ་བར་རྫོགས་པར་སྒོམ་དུ་རུང་ལ། དེ་ལྟའི་དབང་རྣོན་དེ་ལྟ་བུ་ནི་རྣལ་འབྱོར་རྒྱུད་སོགས་ཀྱི་རྒྱུད་སྡེ་རིམ་འཇུག་དང་ཕ་མའི་རྒྱུད་སྡེའི་རིམ་པ་བཞིན་ནས་མ་རྒྱུད་ཀྱང་དང་པོ་ཉིད་ནས་མ་རྒྱུད་བདེ་མཆོག་ལྟ་བུའི་དཀྱིལ་འཁོར་དུ་ཞུགས་སྨིན་བྱས་ཆོག་པ་དང་རྒྱུ་མཚན་མཚུངས་པའི་ཕྱིར། རྡོ་རྗེ་སློབ་མའི་བུམ་དབང་ལ་མ་ལྟོས་པར་རྡོ་རྗེ་སློབ་དཔོན་གྱི་བུམ་དབང་ནས་འཇུག་པ་ལ་དགག་བྱ་ཅི་ཡང་མེད་དེ་རྡོ་རྗེ་ཐེག་པ་དེ་ཉིད་རང་ལམ་གྱི་རིགས་སྟོབས་ལྡན་པ་སད་རུང་གི་དགེ་རྩ་ཡིན་པའི་ཕྱིར། དཔེར་ན་མདོར་གྲངས་མེད་གསུམ་གྱིས་འཚང་རྒྱ་བ་དབང་རྣོན་རིགས་སད་རུང་གི་དགེ་རྩ་མཐུ་ཅན་གྱི་དགེ་བའི་སྟོབས་ལས་གྲངས་མེད་གྲངས་མེད་དུ་མ་བཟླུམས་ནས་གྲངས་མེད་གསུམ་ལས་མྱུར་བར་སངས་རྒྱས་པར་འགྱུར་བ་ལྟ་བུ་དང་ཚུལ་མཐུན་པའི་ཕྱིར། བཀའ་བརྒྱུད་རིན་པོ་ཆེས་སྔགས་ཀྱི་གདུལ་བྱ་དབང་པོ་ཡང་རབ་སྨིན་བྱེད་ཀྱི་དབང་བསྐུར་ནི། སི་ར་ཡེ་ཤེས་ཀྱི་དབང་བསྐུར་བ་ཞེས་བྱ་བ་ཞིག་ཀྱང་བཤད་ལ། དབང་དེ་ལྟ་བུ་ནི། རྗེ་མི་ལས་རྗེ་སྒམ་པོ་པ་ལ་བསྐུར་བར་མཛད་པ་གྲུབ་ཆེན་ཏཻ་ལོ་ནཱ་རོའི་སྙན་བརྒྱུད་དུ་བཞུགས་པ་དང༌། དེ་ལྟའི་དབང་ཡང་མེ་ལོང་གི་གཟུགས་བརྙན་ལྟར་ཆོས་ཐམས་ཅད་བདེན་པར་མེད་པ་ལ་སི་ར་དམར་སེར་ཅན་ཏེ། དམར་བ་ནི་རཀྟ་དང་ཚོས་པ་དང་ཆགས་པ་སོགས་ལ་འཇུག་པས་ཆགས་ཆེན་གྱི་བདེ་བ་ཆེན་པོའི་ཡེ་ཤེས་བསྐུལ་བས། བདེ་སྟོང་དབྱེར་མེད་རྣམ་ཀུན་མཆོག་ལྡན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བར་གསལ་ལ། དེ་ཉིད་ཀྱི་ཕྱིར་དཀྱིལ་འཁོར་འདི་དང༌། དབང་འདི་ལྟ་བུ་ལ་སྔགས་གསར་མར། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་དང༌། གསང་སྔགས་སྔ་འགྱུར་དུ་རིག་པ་རྩལ་གྱི་དབང་ཞེས་དང༌། ཀྱུ་ར་རིན་པོ་ཆེས། བསྟན་བཅོས་འོང་གེ་མར་རྟོག་པའི་དབང་ཞེས་གསུངས་པའང་འདི་ལྟ་བུ་ལ་དགོངས་ཀྱི། ཡང་ས་སྐྱ་པ་དག་གིས། ཕག་མོའི་བྱིན་བརླབས་ཀྱི་སྔར། བདེ་མཆོག་གི་དབང་བསྐུར་དགོས་ཟེར་བ་ནི། རྫུན་རྒྱབ་རྫུན་སྐྱོན་ཏེ། བདེ་མཆོག་མཁའ་འགྲོ་རྒྱ་མཚོར་སྔོན་ལ་ཕག་མོའི་དཀྱིལ་འཁོར་བྱིན་གྱིས་བརླབས་ཤིང་དབང་བསྐུར་ནས་གདོད་བདེ་མཆོག་གི་དབང་བསྐུར་བར་གསལ་བར་གསུངས་པའི་ཕྱིར། ཇི་སྐད་དུ་དེར། སྔོན་ལ་ཕག་མོའི་དཀྱིལ་འཁོར་བསྟན། །ཕྱི་ནས་ཧེ་རུ་ཀ་ཡིའོ། །ཞེས་འབྱུང་ངོ༌། །སིནྡྷུ་ར་རྡོ་རྗེ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བྱིན་རླབས་བརྡ་ཡི་དབང་བསྐུར་བ་ནི་དབང་བསྐུར་རྣམས་ཀྱི་མཆོག་ཡིན་པ་ནི། ཆོས་ཀྱི་རྒྱལ་པོ་ཨིནྡྲ་བྷོ་དྷིའི་ཡེ་ཤེས་གྲུབ་པའི་ལེའུ་བཅུ་བདུན་པ་རྡོ་རྗེ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཆོ་ག་ལས། ཡང་དག་ཡེ་ཤེས་ཡང་དག་སྐྱེས། །རྣལ་འབྱོར་པས་ནི་རྟག་གསོལ་འདེབས། །ཞེས་སོགས་ནས། དེས་ན་སངས་རྒྱས་ཀུན་དབང་བསྐུར། །རྒྱུད་རྣམས་ཀུན་ཏུ་སྦས་པ་ཡིན། །སངས་རྒྱས་ཀུན་དངོས་རྣལ་འབྱོར་ནི། །ཐམས་ཅད་ཡང་དག་བདེ་བ་བསྐྱེད། །སེམས་ཅན་ཀུན་གྱིས་མ་གཏོགས་པ། །འཇིག་རྟེན་མགོན་པོས་གསུངས་པ་ནི། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས། །གསུང་དང་སྐུ་ནི་ཐམས་ཅད་འདུས། །དེ་ལྟར་གཉི་ག་ཤེས་ནས་ཀྱང་། །བྱིན་གྱིས་བརླབ་པ་བརྗོད་པར་བྱ། །འདི་དག་ཐམས་ཅད་ཡིད་དང་ནི། །ལུས་དང་ངག་ལས་ཡང་དག་འབྱུང་། །སངས་རྒྱས་ཀུན་གྱིས་བྱིན་བརླབས་ཕྱིར། །ཞེས་གསུངས། དེ་ལྟ་བུའི་དབང་བསྐུར་ཐོབ་པའི་གང་ཟག་ལ་སླར་ཕྱི་བྲིས་པ་ས་རྡུལ་གྱི་དཀྱིལ་འཁོར་ལ་བརྟེན་པའི་དབང་བསྐུར་མི་དགོས་པ་མ་ཟད་བྱས་ན་དམ་ཚིག་ཉམས་པར་ཡང་གསུངས་ཏེ། དེ་ཉིད་ལས། ད་ནི་ཁྱོད་ཀྱིས་ཆོས་རྣམས་ལ། །སོམ་ཉི་དག་ནི་མི་བྱའོ། །སླར་ནི་དབང་བསྐུར་མི་བླང་ངོ་། །གཞན་དུ་དམ་ཚིག་ཉམས་པར་འགྱུར། །ཡང་དག་ཆོས་མཆོག་འཛིན་པ་སྟེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །དབང་བསྐུར་ཁྱོད་ཀྱིས་ཐོབ་པས་ནི། །འདི་ལ་མཆོག་གཞན་ཡོད་མ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །ཡེ་ཤེས་མཆོག་གི་དབང་བསྐུར་བའི། །རྣལ་འབྱོར་པ་རྣམས་ཀྱིས་བདག་ཉིད་ཆེན་པོ་ནི་དཔལ་གསང་བ་འདུས་པ་ལས་གསུངས་ཏེ་འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསང་བ་མངོན་པར་རྟོགས་པའི་དབང་བསྐུར་བའི་སློབ་དཔོན་ལ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཇི་ལྟ་བ་བལྟ་བར་བགྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལྟ་བུ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་སློབ་དཔོན་འདི་ཉིད་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །རིགས་ཀྱི་བུ་མདོར་བྱས་ནས་བསྟན་པར་བྱ་སྟེ། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་སྙེད་ཅིག་འཁོད་ཅིང་འཚོ་བ་དང་སྐྱོང་བ་དེ་དག་ཐམས་ཅད་དུས་གསུམ་དུ་ལྷགས་ནས། སློབ་དཔོན་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པས་ཡང་དག་པར་མཆོད་དེ། སངས་རྒྱས་ཀྱི་ཞིང་དེར་ཡང་འགྲོའོ། །ངག་རྡོ་རྗེའི་ཡི་གེ་དེ་ཡང་འདི་སྐད་བརྗོད་དེ། བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་པའོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མའོ་ཞེས་པ་ནས། བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོན་པའོ་ཞེས་བྱའི་བར་དུའོ། །འདི་ལྟ་སྟེ་དཔེར་ན་རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་ཇི་སྙེད་བཞུགས་ཤིང་རབ་ཏུ་སྤྱོད་པའི་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སྐུ་དང་ཐུགས་རྗེའི་བསོད་ནམས་ཀྱི་ཕུང་པོ་ལས་ཀྱང་སློབ་དཔོན་གྱི་བ་སྤུའི་ཁུང་བུ་གཅིག་འཕགས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པ་དང་། སྐྱེ་བའི་གནས་སུ་གྱུར་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས་ཡིན་པའི་བར་དུའོ། །ཞེས་གསུངས་ཤིང་། སྟོང་ཉིད་ཏིང་འཛིན་རྡོ་རྗེའམ་པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རཏྣའི་ཞབས་ཀྱིས་ཡེ་ཤེས་གྲུབ་པའི་ཚུལ་དེ་དང་མཐུན་པར་སིནྡྷུའི་རའི་དཀྱིལ་འཁོར་ལ་བརྟེན་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྡོ་རྗེ་རྣམ་པར་སྒེག་མ་ཞེས་བྱ་བ་མཛད་ཡོད་པ་ལས་ཀྱང་ཤེས་ནུས་སོ། །ཅི་སྟེ་རྡུལ་ཚོན་གྱི་དཀྱིལ་འཁོར་མེད་པའི་སིནྡྷུའི་རའི་དཀྱིལ་འཁོར་ཙམ་གྱིས་མི་ཆོག་ན། ས་སྐྱ་པ་རང་ལའང་གསང་དབང་གི་ལམ་གྱི་སྔོན་འགྲོར་རྗེ་བཙུན་རྡོ་རྗེ་བདག་མེད་མའི་སིནྡྷུ་རའི་དཀྱིལ་འཁོར་དང་། བླ་མའི་ལུས་ཀྱི་དཀྱིལ་འཁོར་དུ་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པར་བསྐུར་བ་དང་བཅས་པ་བཞུགས་འདུག་པ་དང་། དཔལ་ལྡན་ནཱ་རོ་པའི་ཐུགས་བཅུད་ཀྱི་གདམས་པའི་ཉིང་ཁུ་རྗེ་བཙུན་ས་སྐྱ་པ་ལ་བཀའ་བབ་པའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་པ། རྒྱལ་ཆེན་ཨིནྡྲ་བྷཱུ་ཏིའི་ལུགས་ཀྱི་ཕག་མོ་ཞལ་གཉིས་མའི་བྱིན་གྱིས་བརླབས་པ། གྲུབ་ཆེན་མཻ་ཏྲི་པའི་ལུགས་ཀྱི་ཕག་མོ་རིག་པ་འཛིན་མ་རྩེན་མའི་བྱིན་གྱིས་བརླབས་པ་སྟེ། མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་ལ་ཁྱད་པར་དུ་བསྔགས་པ་དམར་མོ་སྐོར་གསུམ་ཞེས་པའང་བཞུགས་འདུག་པ་དང་། གཞན་ཡང་ནཱ་རོ་མཁའ་སྤྱོད་མའི་ཆོ་ག་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་པ་ཞེས་བྱ་བ་ཡང་འདུག་པ་དེ་ཐམས་ཅད་ཀྱང་ཕྱིན་ཅི་ལོག་པ་ཉིད་དུ་འགྱུར་དགོས་པ་མཉམ་པའོ། །དེ་ཡང་རྡོ་རྗེ་ཕག་མོ་ཉིད་ལས། དབང་སྡོམ་ལྡན་པ་ལ་བྱིན་བརླབས་བྱ་ཞེས་པ་ནི། དབང་སྡོམ་ལྡན་པ་ལ་བསྐྱེད་རྫོགས་ཀྱི་བྱིན་བརླབས་འཇུག་པའི་དོན་ཡིན་ལ་དེ་ལས་བྱིན་བརླབས་ཟབ་པར་མི་འགྲོ་སྟེ། བུམ་དབང་གི་བྱིན་བརླབས་ཀྱི་ནུས་པ་ལས་བུམ་པའི་བྱིན་བརླབས་ཀྱི་ནུས་པ་ཆེར་འགྲོ་བ་དང༌། གསང་དབང་གི་བྱིན་བརླབས་ཀྱི་ནུས་པ་ལས་གསང་དབང་གི་བྱིན་བརླབས་ཀྱི་ནུས་པ་ཆེར་འགྲོ་བ་སོགས་མ་བཤད་ཅིང༌། བྱིན་བརླབས་ཀྱི་མིང་ཅན་གྱི་དབང་དེ་དག་ནི་དབང་ལས་གཞན་པའི་བྱིན་བརླབས་དང་བྱིན་བརླབས་ལས་གཞན་པའི་དབང་ཟུར་དུ་མེད་ལ། དངུལ་ཆུ་མུ་ཟིའི་དཔེ་སོགས་ཀྱང་མི་མཚུངས་ཏེ། དེ་ལྟར་ན་དགེ་ཚུལ་སློང་གི་སྡོམ་པ་ལྟར་དབང་དུས་ཀྱི་སྡོམ་པ་དང་ཡེ་ཤེས་ལས་བྱིན་བརླབས་དུས་ཀྱི་སྡོམ་པ་དང་ཡེ་ཤེས་ཀྱི་དངོས་པོ་གསར་ཐོབ་དུ་མ་ཡོད་པར་འཇོག་དགོས་པ་ལས་དེ་ལྟར་ཡང་རྒྱུད་དང་དེའི་དགོངས་འགྲེལ་ཚད་ལྡན་སུས་ཀྱང་མ་བསྟན་པའི་ཕྱིར། རྡོ་རྗེ་ཕག་མོའི་བྱིན་བརླབས་སློབ་མ་སྨིན་བྱེད་གྱི་དབང་དུ་མི་འགྲོའོ་ཞེས་སྨྲ་བ་ལས་སྡིག་ཆེ་བ་ཅི་ཞིག་ཡོད་དེ། གསང་སྔགས་ཀྱི་དབང་མཆོག་ལ་སྐུར་པ་བླ་ན་མེད་པ་བཏབ་སྣང་བའི་ཕྱིར་རོ། །ཡང་ས་སྐྱ་པས་དབང་དང་བྱིན་བརླབས་སོ་སོར་བཤད་པའི་ཁུངས། སློབ་མ་སྟ་གོན་ལ་ཨ་དྷི་བཱ་ས་ན་ཞེས་པ་ལྷག་པར་འབེབས་པའམ་བྱིན་བརླབས་ཀྱི་དོན་ཅན་དུ་ཡོད་པས་དེ་ལྟ་བུ་ཞིག་ལ་བྱེད་ན་ནི། དབང་བསྐུར་བའི་རྗེས་ནས་བྱིན་བརླབས་བྱ་བ་དང་འབྲེལ་མེད་དོ། །ཡང་དབང་གི་མཐར་རྟེན་གྱི་རྗེས་གནང་ཙམ་ལ་བྱིན་བརླབས་བྱེད་པ་ཡིན་ནོ་ཞེས་ཟེར་ནའང༌། ཁྱེད་ཀྱི་བྱིན་བརླབས་ནི་དབང་གི་མཐར་རྟེན་གྱི་རྗེས་གནང་ཙམ་མིན་པའི་བུམ་དབང་གི་རྗེས་སུ་དབང་གོང་མ་བཞིན་བདེ་མཆོག་སོགས་ཀྱི་བྱིན་བརླབས་བྱེད་པ་དང་འགལ་ལོ། །ཡང་བྱིན་བརླབས་ནི་དབང་རྗེས་གནང་གི་དོན་དང་ཡང་མི་སྦྱོར་རོ་ཞེ་ན། དེ་ལྟར་མི་སྦྱོར་བའི་ལུང་ཇི་ལྟར་ཡོད་པའང་སྟོན་དགོས་སོ། །
གཞན་ཡང་བླ་མེད་ཀྱི་རྒྱུད་རྣམས་ལས་རྡོ་རྗེ་སློབ་མའི་རིག་དབང་རྣམས་དང་རྒྱུད་འདིར་བྱིས་དབང་རྣམས་རྒྱལ་པོ་སོགས་ཀྱི་འབྱོར་ལྡན་ལ་རྡུལ་ཚོན་སོགས་ཀྱི་དཀྱིལ་འཁོར་འདུས་བྱ་བར་དབང་བསྐུར་ལ། གལ་ཏེ་དེ་ལྟ་བུའི་འབྱོར་པ་མེད་པ་ལ་ནི། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དང༌། དེའི་དགོངས་པ་ལེན་པའི་གྲུབ་ཆེན་རྣམས་ཀྱི་སྨིན་བྱེད་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལས་གཞན་དཀྱིལ་འཁོར་དུ་མ་བཤད་པ་དེ་ཐམས་ཅད་གང་ཟག་རབ་འབྲིང་ཀུན་སྨིན་བྱེད་ཀྱི་དཀྱིལ་འཁོར་དུ་མི་འགྱུར་ན་དཀྱིལ་འཁོར་དེ་དག་གི་དབང་དུ་བྱས་པའི་ཆོ་ག་ཐམས་ཅད་དོན་མེད་པར་འགྱུར་བའི་ཕྱིར། དེ་ཡང་སློབ་དཔོན་ཀླུ་བྱང་གིས། སློབ་མའི་དོན་ཀུན་སྒྲུབ་པའི་ཕྱིར། །དཀྱིལ་འཁོར་རྣམ་བརྒྱད་བྲི་བར་བྱ། །རིན་ཆེན་དེ་བཞིན་ས་བོན་དང༌། །མེ་ཏོག་ཚོན་དང་དེ་བཞིན་དུ། །བྱེ་མ་གཡོ་དང་ཕྱེ་མ་དང༌། །དེ་བཞིན་ཡིད་ཀྱི་དཀྱིལ་འཁོར་བདེན། །ཞེས་གསུངས་པའི་མེ་ཏོག་ཚོམ་བུའི་དཀྱིལ་འཁོར་དང་ཚོན་དང་རས་བྲིས་ཀྱི་དཀྱིལ་འཁོར་དང་ཡིད་ཀྱིས་སྒོམ་པའི་དཀྱིལ་འཁོར་དང༌། ལུས་ལ་སོགས་པའི་རང་བཞིན་ལྷུན་གྱིས་གྲུབ་པར་བདེན་པའི་དཀྱིལ་འཁོར་དེ་དག་ཀྱང་དཀྱིལ་འཁོར་དུ་མི་རུང་བར་འགྱུར་བ་དང༌། མངོན་བརྗོད་བླ་མར། ཡི་གེའི་དཀྱིལ་འཁོར་དང་པོ་སྟེ། །གཉིས་པ་མཚན་མའི་དཀྱིལ་འཁོར་ཡིན། །ལག་པའི་ཕྱག་རྒྱ་གསུམ་པ་སྟེ། །གཟུགས་བརྙན་འགོད་པ་བཞི་པའོ། །མེ་ཏོག་བགྲམ་པ་ལྔ་པ་སྟེ། །དྲུག་པ་ཚོགས་ཀྱི་དཀྱིལ་འཁོར་ཞེས། །རྡུལ་ཚོན་དང་བཅས་པར་ལྷ་མཚན་འགོད་པར་མ་ལྕོགས་ན། ཡི་གེ་ཙམ་བྲིས་པ་དང༌། ཕྱག་མཚན་ཙམ་བྲིས་པ་དང༌། ལག་པའི་ཕྱག་རྒྱ་ཙམ་གྱིས་རྟེན་བརྟེན་པའི་དཀྱིལ་འཁོར་ས་མཚོན་དང༌། གཟུགས་བརྙན་དེ་བློས་སློངས་ཞེས་པ་དང༌། མེ་ཏོག་གི་ཚོམ་བུ་དང༌། ལྷ་གྲངས་མཐུན་པའི་རྣལ་འབྱོར་པ་ཕོ་མོ་དེའི་ཆས་སུ་ཞུགས་པ་ཚོགས་འཁོར་གྱི་དུས་ལྟར་སྒྲུབ་པའི་དཀྱིལ་འཁོར་རྣམས་ཀྱང་དཀྱིལ་འཁོར་མ་ཡིན་པར་འགྱུར་བ་དང༌། ཤིན་ཏུ་ཟབ་པར་གྲགས་པའི་མན་ངག་ལས་ཀྱང༌། དཀྱིལ་འཁོར་ལྔ་ལ་བརྒྱུད་དེ་བསྐྲུན། ཞེས་རྡུལ་ཚོན་དང༌། ལུས་བྷ་ག་བྱང་སེམས་སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་ལྔ་པ་གསུངས་པའི་དཀྱིལ་འཁོར་ཕྱི་མ་བཞིའང་དཀྱིལ་འཁོར་མ་ཡིན་པར་འགྱུར་བ་དང༌། ཁྱད་པར་དྲིལ་བུ་ཞབས་ཀྱིས། འོན་ཀྱང་དཀྱིལ་འཁོར་དེའི་རང་བཞིན། །ཅི་ཡིན་དེ་ནི་འདི་ལྟར་བཤད། །རི་མོར་གནས་པའི་ལས་དང་ནི། །ཐིག་ལ་ཚོན་དགྱེའི་རིམ་པ་བསྟན། །འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །བཅོས་མ་གཉིས་གྱི་ངོ་བོ་གང༌། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་སྒྲུབ་བྱ་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །འཁོར་ལོ་གསུམ་གྱི་བདག་ཉིད་གྲུབ། །དཀྱིལ་འཁོར་ལྷ་རྣམས་གྲུབ་པའོ། །དེ་ཡི་དབང་བསྐུར་ལ་སོགས་རིམ། །ཅི་ནས་མ་གྲུབ་ཡང་གྲུབ་བྱེད། །ཅེས་པས་རས་བྲིས་དང་རྡུལ་ཚོན་གྱི་དཀྱིལ་འཁོར་གཉིས་གཅིག་ཏུ་བགྲངས་པའི་དེ་དང་སིནྡྷུ་རའི་དཀྱིལ་འཁོར་དང་བཅས་པའི་དཀྱིལ་འཁོར་བཅོས་མ་ནི་གདུལ་བྱ་དང་དབང་རྟུལ་ལ་ཡིན་གྱི་དབང་རྣོན་ལ་མ་བཅོས་པའི་དཀྱིལ་འཁོར་ནི་རྡོ་རྗེ་སློབ་དཔོན་དང་སློབ་མ་རང་ལ་ཡོད་པའི་ལུས་སོགས་སྒོ་གསུམ་གྱི་དཀྱིལ་འཁོར་དེ་ཉིད་མཁས་པ་རྣམས་ཀྱི་སྒྲུབ་བྱར་གསུངས་པ་དེའང་དཀྱིལ་འཁོར་མ་ཡིན་པར་འགྱུར་བ་དང༌། ར་ལི་སྐུ་གསུང་ཐུགས་ཀྱི་རྒྱུད་ལས། གདུལ་བྱའི་དབང་པོའི་བྱེ་བྲག་གིས། །ཏིང་འཛིན་མེ་ཏོག་རྡུལ་ཚོན་རིམ། །ཞེས་ཏིང་ངེ་འཛིན་དང་མེ་ཏོག་གི་དཀྱིལ་འཁོར་དཀྱིལ་འཁོར་མ་ཡིན་པར་འགྱུར་བ་ཐལ་བ་སོགས་བརྗོད་པར་བྱ་བ་ཧ་ཅང་མང་གོ། །བཅོས་མ་གཉིས་ཀྱི་ངོ་བོ་གང་། །ཞེས་པ་འདི་ལ་རྗེ་མི་བསྐྱོད་པས་སྐུ་གསུམ་ངོ་སྤྲོད་དུ་རས་བྲིས་དང་རྡུལ་མཚོན་གཉིས་ལ་བཞག་མཛད་ཡོད་ཀྱང་། རྒོད་ཚང་རས་པ་སྣ་ཚོགས་མིང་ཅན་གྱིས། རྡུལ་ཚོན་དང་རས་བྲིས་རྣམ་པ་གཉིས་བྱུང་ཡང་གཉིས་ཀ་རྡུལ་ཚོན་ཡིན་པས་གཅིག་ཏུ་མཛད། ཚོམ་བུའི་དཀྱིལ་འཁོར་དང་གཉིས་སོ། །ཞེས་གསུངས་མཛད་ཡོད། ཡང་ཕྱིས་ཀྱི་ས་སྐྱ་པའི་ཕྱོགས་འཛིན་ཁ་ཅིག །རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བྱའི་དབང་ཚིག་ཙམ་གྱིས་སྦྱིན་པ་དང༌། དཀྱིལ་འཁོར་ཡང་ཡིད་ཀྱིས་སྒོམ་པ་ཙམ་གྱིས་རུང་བ་སྟེ་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་ཡོངས་སུ་སྤྲུལ་ནུས་ཤིང༌། སློབ་མས་ཀྱང་དེ་ལྟར་དངོས་སུ་མཐོང་རུང་བ་ཙམ་མ་མཐར་བཟུང་བ་ཞིག་ཡིན་ལ། དེ་ལྟའི་དབང་དངོས་དེའི་བསྐུར་ལེན་ནི་འཕགས་པ་མ་གཏོགས་ལས་དང་པོ་པས་བྱར་མི་རུང་ངོ་ཞེས་ཟེར་རོ། །ཀྱེ་མ། གསང་སྔགས་ཀྱི་འཕགས་པའི་དབང་བསྐུར་ལེན་ནི་ཚིག་གི་ཉི་ཚེ་བ་དང་སྤྲུལ་པ་ཉི་ཚེ་བ་ལ་ལྟོས་དགོས་པར་བརྗོད་པ་ནི། འཕགས་པ་ལ་བསྟོད་པར་འདོད་ཀྱང་སྨད་པར་ཟད་དེ། རྡོ་རྗེ་ཐེག་པའི་འཕགས་པའི་དཀྱིལ་འཁོར་པ་ཉིད་ཀྱི་བདག་ཉིད་དུ་ཞུགས་ནས་རང་གཞན་གྱི་བྱ་བ་ཅི་དང་ཅི་བྱེད་པ་ཐམས་ཅད་དབང་སྡོམ་ནོད་སྦྱིན་གྱི་བྱ་བ་ལས་གཞན་དུ་ཡོད་པ་མ་ཡིན་པའི་ཕྱིར་དང༌། ཉི་ཚེ་བའི་ཚིག་གི་དབང་བསྐུར་བ་མཆོག་ཏུ་མི་བཟུང་བའི་ཕྱིར། ཡིད་ཀྱི་དཀྱིལ་འཁོར་ཡང་སྒོམ་པ་ཙམ་གྱིས་འགྲུབ་པ་ལས་དངོས་སུ་སྤྲུལ་པ་དང་དེ་མཐོང་ཐུབ་པ་དགོས་པའི་དམིགས་བསལ་མེད་པར་ལས་དང་པོ་པའི་དཔོན་སློབ་ཀྱི་དབང་དུ་བྱས་པའི་ཚེའང་རྡུལ་ཚོན་གྱི་དཀྱིལ་འཁོར་ལས་ཡིད་ཀྱིས་སྒོམ་པའི་དཀྱིལ་འཁོར་ཆེས་བསྔགས་པ་ཡིན་ཏེ། སློབ་དཔོན་ཨ་བྷ་ཡཱས་བྲི་བའི་ཆོ་གར། འདི་ཡང་ཡིད་ཀྱིས་བསྒྲུབས་པའི་ཆོ་ག་ཉིད་ཀྱིས་འབྲས་བུ་དང་ལྡན་ནོ་ཞེས་བྱ་བས་ཡིད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཁོ་ན་མཆོག་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དཀྱིལ་འཁོར་གྱི་བདག་པོའི་གཟུགས་ཀྱིས་ས་བཟུང་བ་ལ་སོགས་པ་དང་སྐུ་གཟུགས་ལ་སོགས་པའི་རབ་གནས་དང་སློབ་མ་དབང་བསྐུར་བ་དང་གཤེགས་སུ་གསོལ་བ་དང༌། ཞི་བའི་སྦྱིན་སྲེག་གི་མཐར་ཐུག་པ་ཐམས་ཅད་ཡིད་ཀྱིས་བྱའོ། །ཞེས་འབྱུང་བ་དང༌། སློབ་དཔོན་ཆེན་པོ་པཎྜི་ཏ་ཨ་ཝ་དྷཱུ་ཏི་པ་འགྲོ་བའི་མེ་ལོང་གི་བྱ་བ་ཀུན་ལས་བཏུས་པ་ལས། ཡིད་ཀྱི་རྗེས་སུ་སྒྲུབ་པའི་ཆོ་ག་ཉིད་འབྲས་བུ་དང་ལྡན་ནོ་ཞེས་པས་ཡིད་ཀྱི་ཆོ་ག་ཁོ་ན་མཆོག་ཡིན་ནོ། །དེའི་ཕྱིར་དཀྱིལ་འཁོར་གྱི་མངའ་བདག་གི་གཟུགས་ཀྱི་ས་ཡོངས་སུ་གཟུང་བ་ལ་སོགས་པ་དང༌། སྐུ་གཟུགས་ལ་སོགས་པའི་རབ་གནས་དང༌། སློབ་མ་ལ་མངོན་པར་དབང་བསྐུར་བ་དང༌། གཤེགས་སུ་གསོལ་བ་དང༌། ཞི་བའི་སྦྱིན་སྲེག་གི་མཐར་ཐུག་པ་ཐམས་ཅད་ཡིད་ཀྱིས་བྱའོ། །དེ་ཉིད་ཀྱི་ཕྱིར་འདི་ལྟར་གང་གི་ཚེ་འདི་དག་ཐམས་ཅད་ཡོ་བྱད་འགའ་ཞིག་དང་བྲལ་བས་བྱ་བར་མི་ནུས་པའམ། མི་རིགས་པའམ། མ་རྙེད་པ་དེའི་ཚེ་བསམ་པ་ཐམས་ཅད་བྱའོ། །ཕྱི་རོལ་གྱི་དངོས་པོ་ཡོད་པ་ལ་ཡང་བསམ་གཏན་ཁོ་ན་གཙོ་བོ་ཡིན་ནོ། །འཇིག་རྟེན་པས་མཐོང་བ་ན་སྦྱིན་པ་ལ་མངོན་པར་དད་པ་ལ་སོགས་པས་བསོད་ནམས་འཕེལ་བར་བྱ་བའི་ཆེད་འབའ་ཞིག་ཏུ་ཕྱིའི་ཆོ་ག་འདོད་དོ། །ཡོ་བྱད་དང་བྲལ་བས་ནི་བསམ་གཏན་པ་ཁོ་ནས་ཆོ་ག་ཐམས་ཅད་སྒྲུབ་པར་བྱའོ། །དེའང་དངོས་པོ་ཐམས་ཅད་མེད་གྱུར་ན། །བསམ་པ་ཡིད་ཀྱི་ཡོངས་སུ་བརྟག །ཅེས་གསུངས་སོ། །དེའི་ཕྱིར་ལས་དང་པོ་པས་སེམས་བརྟན་པོས་ཡིད་ཀྱིས་སྤྲུལ་པའི་དཀྱིལ་འཁོར་དུ་རབ་ཏུ་གནས་པ་ལ་སོགས་པ་བྱས་ཤིང་སྐལ་བ་དང་ལྡན་པའི་སྐྱེ་བོ་རྣམས་ཀྱང་མངོན་པར་དབང་བསྐུར་བར་བྱའོ། །དེ་ལྟར་ཡང་དཔལ་ལྡན་སངས་རྒྱས་ཐོད་པའི་རྒྱུད་དུ། ཤེས་རབ་པདྨའི་ནང་དུ་ནི། །དཔག་ཚད་བྱེ་བའི་དཀྱིལ་འཁོར་ལ། །རིམ་གསུམ་དཀྱིལ་འཁོར་དེ་དབུས་སུ། །མཁས་པས་སློབ་མ་དབང་བསྐུར་བྱ། །ཞེས་གསུངས་ཤིང༌། གཞན་དུ་ཡང༌། ཡིད་ཀྱིས་འགའ་ཞིག་ཉིད་དུ་ནི། །རྒྱལ་བས་དཀྱིལ་འཁོར་བྱ་བར་བཞེད། །ཅེས་གསུངས་ཏེ། ཡིད་ཀྱི་དཀྱིལ་འཁོར་ཆོ་གའོ། །ཞེས་འབྱུང་བ་ཉིད་ཀྱི་ཕྱིར་རོ། །སྤྱིར་ཕྱི་བྲིས་པ་ས་རྡུལ་གྱི་དཀྱིལ་འཁོར་ལ་བརྟེན་པའི་དབང་བསྐུར་གྱི་ཆོ་ག་དང་སྒྲུབ་ཐབས་ཀྱི་སྐོར་དང་། ནང་སིནྡྷུའི་རའི་དཀྱིལ་འཁོར་ལ་བརྟེན་པའི་དབང་བསྐུར་དང་སྒྲུབ་ཐབས་ཀྱི་སྐོར་རྒྱ་གཞུང་ཚད་ལྡན་ཁག་ན་ཧ་ཅང་མང་བས་ཆེར་བསྒྲུབ་དགོས་པ་མ་ཡིན། འོན་ཀྱང་གསང་བ་ཡང་དག་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་ཕྱག་རྒྱ་ཆེན་པོའི་བརྡ་ཡི་དབང་འདི་ལ་སྔོན་གྱི་མཁས་པ་མང་པོས་དགག་པ་མཛད་པ་དང་། ད་ལྟའི་བར་དུ་རྒྱུད་སྡེ་གང་དང་ཡང་མི་མཐུན་པར་བསམ་མཁན་གྱི་མཁས་པ་དང་བླུན་པོ་གང་མང་མང་ཡོད། དེའི་ཕྱིར་ཕྱག་རྒྱ་ཆེན་པོའི་ལུགས་ཀྱི་ཡང་དག་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་བརྡའི་དབང་བསྐུར་འདི་ལ་ཁུངས་ཡོད་ཚུལ་ཅུང་ཟད་ཅིག་ཞུ་འདོད། བཀའ་བརྒྱུད་དྭགས་པོ་ལྷ་རྗེ་བའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་རྟོགས་པ་དོན་བརྒྱུད་ཀྱི་ཆོས་ཚུལ་ལྟར་ན་ངེས་པ་དོན་གྱི་དབང་སྟེ། ཡང་དག་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བཞི་བརྡ་དོན་གྱི་སྒོ་ནས་ངོ་སྤྲོད་པའི་ལམ་སྲོལ་ཉིད་དབང་བསྐུར་གྱི་མཆོག་ཉིད་དུ་ངོས་འཛིན་པ་ཡིན་ལ། དེའི་ཚེ་ཕྱི་རོལ་དཀྱིལ་འཁོར་ཉི་ཚེ་བ་དང་དབང་རྫས་ཉི་ཚེ་བ་དེ་དག་ཡོངས་སུ་རྫོགས་པ་དང་མ་རྫོགས་པའི་ཁྱད་པར་མེད་པར་ཡང་དག་དོན་གྱི་དཀྱིལ་འཁོར་དང་ངེས་པ་དོན་གྱི་དབང་རྫས་སམ་བྱིན་གྱིས་བརླབས་པའི་དབང་རྫས་ཅི་རིགས་པ་ལ་བརྟེན་ནས་ཀྱང་མཆོག་གི་དབང་བསྐུར་རུང་བ་ཡིན་ཞིང་། བརྡ་ཙམ་དང་ཚིག་ཙམ་ལ་བརྟེན་ནས་ཀྱང་དབང་བསྐུར་རུང་བར་བཞེད་དོ། །དེ་ལྟར་ན་ཕྱི་བྲིས་པ་ས་རྡུལ་གྱི་དཀྱིལ་འཁོར་རྣམས་ནི་སྤྲུལ་སྐུའི་དཀྱིལ་འཁོར་མཚོན་པར་བྱེད་པའི་དཀྱིལ་འཁོར་ཡིན་ལ། ནང་སིནྡྷུ་རའི་དཀྱིལ་འཁོར་རྣམས་ནི་ལོངས་སྐུའི་དཀྱིལ་འཁོར་མཚོན་པར་བྱེད་པའི་དཀྱིལ་འཁོར་དང་། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་ཆོས་སྐུའི་དཀྱིལ་འཁོར་ངོ་བོ་ཉིད་བདེན་པར་གྲུབ་པའི་རང་བཞིན་ཡིན་པ་ལ། སྔ་མ་ནི་བསྐྱེད་རིམ་དབང་དུ་བྱས་པ་གཙོ་ཆེ་བ་དང་། གཉིས་པ་ནི་རྫོགས་རིམ་གྱི་དབང་དུ་བྱས་པ་གཙོ་ཆེ་བའི་སྒོ་ནས། ཕྱི་མ་འདི་ནི་རིམ་གཉིས་ཟུང་དུ་འཇུག་པའི་འབྲས་དུས་ཀྱི་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་དབང་དུ་བྱས་པ་གཙོ་ཆེ་བ་ཡིན་ནོ། །དཔལ་མཉམ་མེད་སྒམ་པོ་པའི་ལུགས་ཀྱི་སྙིང་པོའི་ཐེག་པ་འདིར་རང་བཞིན་ལྷུན་གྱིས་གྲུབ་པའི་ཆོས་སྐུའི་དཀྱིལ་འཁོར་ལ་བརྟེན་པ་ཉིད་རྩལ་དུ་བཏོན་པ་ཡིན་པས་ཆོས་ཚུལ་འདི་ནི་ཆོས་སྐུའི་ཐུགས་ཀྱི་བསྟན་པ་དངོས་ཡིན་པར་གྲུབ་པ་ཡིན་ནོ། །སྤྱིར་མདོ་སྔགས་གཉིས་ཀྱིས་གཞི་ལམ་གཉིས་ཀྱི་སྒོ་ནས་ལམ་གྱི་རིམ་པ་བསྟན་པ་གཙོ་ཆེ་བ་དང་ཁྱད་པར་མདོའི་སྐབས་སུ་གཞིའི་སྒོ་ནས་བསྟན་པ་གཙོ་ཆེ་ཞིང་སྔགས་ཀྱི་སྐབས་སུ་ལམ་གྱི་སྒོ་ནས་བསྟན་པ་གཙོ་ཆེ་བ་ཡིན་པ་ལ། སྙིང་པོའི་ཐེག་པའི་སྐབས་འདིར་འབྲས་བུ་ཆོས་སྐུ་རྗེན་པ་སངས་རྒྱས་ཉིད་ཀྱིས་གང་གཟིགས་པའི་ལམ་དེ་ཉིད་དུས་ད་ལྟ་ཉིད་དུ་ངོ་སྤྲོད་པའི་ལམ་སྲོལ་ཉིད་རྩལ་དུ་བཏོན་པ་ཡིན་པའི་ཚུལ་འདིའང་ཤེས་དགོས་སོ། །དེ་ལྟར་འཇིག་རྟེན་ལས་འདས་པའི་དཔལ་རྡོ་རྗེ་སེམས་དཔའི་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་ཆོ་ག་ཉེ་བར་བླངས་ནས་རྡོ་རྗེ་འཆང་ཀུན་ཏུ་བཟང་པོའི་ལྟ་སྒོམ་སྤྱོད་པའི་དམ་ཚིག་ལས་འོད་གསལ་བར་འགྱུར་བ་མ་ཡིན་ཏེ། སྤང་བྱ་འཁོར་བའི་ཆོས་ཐམས་ཅད་ནི་གློ་བུར་བ་ཉིད་ཀྱི་ཕྱིར་ཐ་སྙད་དུའང་སེམས་འོད་གསལ་བའི་རང་བཞིན་ལ་རྗེས་སུ་མ་ཞུགས་པས་སྤང་བྱར་མ་གྲུབ་ཅིང་མི་གནས་པའི་མྱ་ངན་ལས་འདས་པའི་ཆོས་ནི་ཐ་སྙད་དུའང་རང་བཞིན་གྱིས་གདོད་ནས་རང་རྒྱུད་ལ་ལྷན་ཅིག་སྐྱེས་པའི་སྐུ་དང་ཡེ་ཤེས་སུ་གནས་པས་གསར་ཐོབ་བླང་བྱར་མེད་པས་འཁོར་འདས་སྤང་བླང་དང་བྲལ་ཐོབ་མེད་པར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་འདི་ལ་རྣམ་རྟོག་ཆོས་ཀྱི་སྐུར་ཤར་བ་ཞེས་འཁྲུལ་པ་ཡེ་ཤེས་སུ་ཤར་བ་ཞེས་རྗེ་བཙུན་ཆེན་པོ་སྒམ་པོ་པ་ཉིད་ཀྱིས་ལེགས་པར་གསུངས་པ་དང་། དཔལ་ལྡན་ས་སྐྱ་པ་དག་གཞི་ལམ་འབྲས་བུའི་འཁོར་དབྱེར་མེད་ཀྱི་བསྲེ་བ་ཞེས་རྒྱུ་དབང་གི་དུས་སུ་འཁོར་འདས་དབྱེར་མེད་དུ་བསྲེ་བ་དང་། ལམ་རིམ་གཉིས་ཀྱི་དུས་སུ་འཁོར་འདས་དབྱེར་མེད་དུ་བསྲེ་བ་དང་། འབྲས་བུ་ཟུང་འཇུག་གི་དུས་སུ་འཁོར་འདས་དབྱེར་མེད་དུ་བསྲེ་བ་ཞེས་པ་རྣམས་ཀྱང་མིང་མཐུན་པ་ཙམ་དུ་བྱུང་ཡང་བཀའ་བརྒྱུད་རིན་པོ་ཆེའི་དགོངས་པའི་གནད་ཟབ་མོའི་ཕྱོགས་འདིའི་རྒྱུད་པ་གཞན་དག་གི་སྤྱོད་ཡུལ་དུ་འགྱུར་དཀའ་བ་ཡིན་ནོ། །དེ་ལྟར་ན་མཉམ་མེད་ལྷ་རྗེ་རིན་པོ་ཆེས། མདོའི་བསྟན་པ་དང་། སྔགས་ཀྱི་བསྟན་པ། སྙིང་པོའི་བསྟན་པ། ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་ལ་ཁུངས་དང་རྒྱབ་ལྗོངས་ཁྱད་པར་ཅན་ལྡན་པ་ཡིན་ནོ། །དེ་དག་གི་ཚུལ་བདག་གིས་བྲིས་པའི་ཤེར་ཕྱིན་མངོན་རྟོགས་རྒྱན་ཕྱག་ཆེན་གྱི་མན་ངག་དང་སྦྱར་བའི་འགྲེལ་པ་ལུང་རིགས་མན་ངག་གི་སྟེར་མཛོད་དུ་རྒྱ་ཆེར་བཤད་ཟིན་པས་དེར་གཟིགས་པར་ཞུ།
དེ་ལྟར་ན་རྗེ་མར་པས། རྗེ་བྲམ་ཟེ་བརྒྱུད་པའི་གདུང་གསོབ་ཅིང་། །དཔེ་མེད་ནམ་མཁའི་རྣལ་འབྱོར་པ། །མཚན་མཻ་ཏྲེ་ཞེས་བྱར་ཡོངས་སུ་གྲགས། །ཞེས་སོགས་ནས། དཔལ་གཉིས་མེད་ཨ་ཝ་དྷུ་ཏི་པ། །ཕ་རྗེ་བཙུན་དེས་ཀྱང་ཐུགས་རྗེས་གཟིགས། །ནང་ཟབ་མོ་བརྡ་ཡི་དབང་བཞི་བསྐུར། །རྒྱུད་ཡོངས་སུ་དག་པར་བྱིན་གྱིས་རློབས། །ཞེས་སོགས་ནས། རྗེ་མཻ་ཏྲི་པ་དང་མཇལ་ལུགས་ཡིན། །མི་ཁྱེད་ཀྱི་ཐུགས་དགྱེས་དེ་ལ་མཛོད། །ཅེས་པའི་བར་རྒྱ་ཆེར་གསུངས་པ་དང་། རྡོ་རྗེའི་གསུང་དེ་ལ་གཞིར་བྱས་ཏེ་རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེས་རྗེ་མར་པའི་རྣམ་ཐར་ལས། དེར་རི་མེ་ལྟར་འབར་བའི་དུར་ཁྲོད་དཔལ་ར་མ་ཌོ་ལི་བྱ་བར་ཚོལ་དུ་ཕྱིན་པས། བླ་མ་མཻ་ཏྲི་པ་ནི་ཤིང་ནྱ་གྲོ་ཏའི་བསིལ་གྲིབ་ལ་བཞུགས་པ་མཐོང་ནས། ས་དང་པོ་ལྟ་བུའི་དགའ་བ་སྐྱེས། དེ་ནས་སེམས་མོས་པས་བརྐྱང་ཕྱག་འཚལ། དེར་ཕྱག་རྒྱ་ཆེན་པོ་བརྡ་ཡི་དབང་དང་ངོ་སྤྲོད་ཞུས་ཏེ། རྗེ་བླ་མ་མཉེས་པའི་པཎྜལ་ཕུ། ཞེས་སོགས་གསལ་བས། འདིར་དེ་དག་གི་སྙིང་པོ་ཆོས་སྐུའི་དཀྱིལ་འཁོར་ལ་བརྟེན་པའི་གསང་དོན་ཟབ་མོ་བརྡའི་དབང་བཞི་བྱིན་རླབས་གྱི་ཚུལ་དུ་བསྐུར་བ་ནི། རྗེ་བཙུན་རས་པས། ནང་ཟབ་མོ་བརྡ་ཡི་དབང་བཞི་དེ། །དུས་ད་ལྟ་བསྐུར་ན་དགའ་བ་ལ། །ད་ལྟ་བསྐུར་ན་སྐྱིད་པ་ལ། །ང་འབུལ་བ་ཆུང་ཡང་འབུལ་སྙིང་འདོད། །མོས་གུས་ཆུང་ཡང་ཞུ་བ་ཞིག་ལགས་ཏེ། །ཞེས་གསུངས་པ་ལྟར་གསང་བའི་དེ་ཁོ་ན་ཉིད་དབང་རྣོན་གྱི་རྒྱུད་ལ་རྩོལ་བ་མེད་པ་བརྡ་ཙམ་གྱི་ཐབས་ལ་བརྟེན་ནས་ངོ་སྤྲོད་ཅིང་རྒྱུད་སྨིན་པར་བྱེད་པའི་གདམས་པ་ཟབ་མོ་འདི་ཉིད་ཀྱི་མདོ་སྔགས་ཀྱི་ཟབ་མོའི་གནད་ཀྱི་ཆུ་བོ་ཐམས་ཅད་གཅིག་འདྲེས་ཀྱི་ཆོས་ཚུལ་ཡིན་པ་ལ། མཉམ་མེད་དྭགས་པོ་རིན་པོ་ཆེ་རྗེས་འབྲངས་དང་བཅས་པས་འདི་ཉིད་ཀྱི་སྒོ་ནས་དབང་བསྐུར་མཛད་པ་གཙོ་ཆེ་བ་ཡིན། དེའི་དགོངས་པ་གཙོ་བོ་གཅིག་ནི་སྔགས་ཀྱི་དབང་རྣོན་གྱི་གདུལ་བྱ་རབ་ཏུ་གྱུར་པ་དཔོན་སློབ་ཞིག་མཇལ་བའི་རྟེན་འབྲེལ་གྱི་ཆོ་ག་ཙམ་ལས་སྣོད་བཅུད་དཀྱིལ་འཁོར་པར་མ་བུ་ངོ་ཤེས་པ་ལྟར་ངོ་འཕྲོད་ནས་སྐད་ཅིག་དེར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ཚུལ་སློབ་དཔོན་ས་ར་ཧས་ཀྱང་སློབ་དཔོན་གཞན་མང་པོ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་སོགས་ཀྱི་ཆོ་ག་ལ་མ་ལྟོས་པར་སོ་སྐྱེ་ལས་དང་པོ་བ་ཞིག་གིས་དབང་དུ་མཛད་ནས། སྤྲུལ་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མའི་མདའ་མཁན་གྱི་མདའ་དང་ཆང་ཙམ་བྱིན་པའི་བརྡའ་ཐབས་ཀྱི་ཆོ་གས་དབང་དོན་ངོ་འཕྲོད་ནས་མཆོག་གི་དངོས་གྲུབ་བརྙེས་པར་མཛད་ལ། གྲུབ་པའི་སྤྱི་མེས་དེ་ནས་བཟུང༌། རྒྱ་གར་གྱི་གྲུབ་ཆེན་བརྒྱད་བཅུ་སོགས་ཀྱི་རྣམ་ཐར་དུ་དེ་ལྟའི་དབང་བསྐུར་ཚུལ་གྱི་དབང་དོན་རྒྱུད་ལ་སྐྱེས་པ་འབྱམ་ཀླས་པ་ཁོ་ནར་སྣང་ཞིང༌། དཔེར་ན་ཏཻ་ལོས་ནཱ་རོ་ལ་དང་པོར་རྒྱུ་དབང་ཡིན་ཟེར་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེ་ནས་ལུས་དཀྱིལ་ལ་བརྟེན་ནས་ལམ་དབང་བསྐུར་བའི་ཆོ་ག་སོགས་མ་མཛད་པར་ལོ་བཅུ་གཉིས་སུ་དཀའ་བ་སྤྱད་ནས། དབང་བཞིའི་རྟོགས་པ་དོན་གྱིས་བསྐུར་ནས་བྱིན་བརླབས་ཀྱི་འཕོ་བར་མཛད་པ་ལྟ་བུ་ཧ་ཅང་མང་། དེའང་སྔགས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་བྱ་བ་བྱེད་པར་བུམ་པ་ལ་སོགས་པའི་དབང་བསྐུར་ལའང་ངེས་པར་ཕྱི་རོལ་དུ་བྲི་ཐིག་ཚོན་སོགས་ཀྱི་དཀྱིལ་འཁོར་པའི་གཟུགས་བརྙན་ཞིག་བཀོད་དེ་དེར་རྒྱུད་སྡེའི་ལྷ་ཞིག་གི་ཆོ་ག་ཞིག་འདོན་བཤར་ཡོངས་སུ་རྫོགས་པ་བྱས་པའི་སྒོ་ནས་སློབ་མ་ལ་མགོ་བོ་ལ་སོགས་པའི་གནས་སུ་དབང་རྫས་རྣམས་སློབ་དཔོན་རང་ཉིད་བཞེངས་ནས་བཞག་པ་ན་བུམ་དབང་ཐོབ་ལ་གཞན་དུ་ཐོབ་པ་མ་ཡིན་ཞེས་ས་སྐྱ་པའི་མཁས་པ་ལ་ལས་སྨྲ་བར་བྱེད་མོད། སློབ་མའི་རྒྱུད་ཀྱི་རྒྱུ་དུས་ཀྱི་སངས་རྒྱས་དེ་ལམ་དང་འབྲས་བུའི་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ལ་དབང་བསྐུར་བ་ལ་ནི་དེ་ལྟར་དབང་བསྐུར་བའི་རྡོ་རྗེ་སློབ་དཔོན་དེ་ཉིད་ལམ་འབྲས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་བྱ་བས་རང་གཞན་སྨིན་པར་བྱེད་པའི་དབང་དང་ལྡན་པ་ཞིག་དགོས་ལ། དེ་ལྟའི་དབང་ལ་མངའ་དབང་འབྱོར་ན་དབང་བསྐུར་བའི་ཚུལ་གྱི་ཆོ་ག་ལའང་རྒྱུད་སྡེའི་དངོས་བསྟན་གྱི་ཚིགས་ཁྲིགས་ཀྱི་དབང་ཆོག་ཉི་ཚེ་བ་ཙམ་ལ་མ་ལྟོས་པར་རྒྱུད་དོན་གདམས་ངག་ཏུ་ཤར་བ་དང་སློབ་མའི་རྒྱུད་ཚོད་དུ་གདམས་ངག་ཏུ་ཤར་བས་སྐལ་ལྡན་གྱི་སློབ་མ་དེ་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་སྒྲུབ་པར་དབང་བའི་གདམས་ངག་གི་ཆོ་གའི་ཐབས་ཚུལ་ལ་རྨོངས་པ་མེད་པའི་དབང་བསྐུར་ཚུལ་མཐའ་ཡས་པ་རྡོ་རྗེ་འཆང་གི་བྱིན་རླབས་ཀྱི་སྟོབས་ཀྱིས་འབྱུང་བའི་ཕྱིར། བྲིས་སྒྲུབ་ཀྱི་དཀྱིལ་འཁོར་དང་ཚིག་ཤར་གྱི་འདོན་སྒོམ་སྤོད་མ་སྤོད་ཁོ་ནས་རྡོ་རྗེ་ཅན་དབང་ཐོབ་པ་དང་མ་ཐོབ་པར་འཇོག་པ་ག་ལ་ནུས། རྒྱུ་མཚན་འདི་ལྟ་བུ་ལ་དགོངས་ནས་དཔལ་ཕག་མོ་གྲུབ་པའི་མདུན་དུ་གླིང་རས་ཀྱིས་སྡོམ་པ་དང་དབང་དང་དམིགས་པ་ཐུན་གཅིག་མ་ཞུས་ཀྱང་མོས་གུས་དང་བྱིན་རླབས་ཀྱི་སྟོབས་ཀྱིས་ཆུ་བོ་གངྒཱ་ཚུན་ལ་བསྐྱེད་པ་དང་རྫོགས་པའི་རིམ་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་རྟོགས་པ་འགྲན་ཟླ་དང་བྲལ་བ་འཁྲུངས་ཞེས་གྲགས་པ་ལྟ་བུ་ཡིན་ནོ། །གནད་འདི་ལྟ་བུ་ཐུགས་སུ་མ་བྱོན་པར་བདག་ཉིད་ཆེན་པོ་དཔལ་ལྡན་ས་སྐྱ་པ་ཚོས་ཀྱང་ཕྱག་རྒྱ་ཆེན་པོའི་རྟོགས་པ་བསྐྱེད་པ་ལ་ལས་དང་པོ་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་བསྐྱེད་རིམ་སྔོན་དུ་མ་སོང་བར་རྫོགས་རིམ་ཕྱག་རྒྱ་ཆེན་པོ་དེ་ཉིད་ནས་འཇུག་པ་སྐད་དུ་བྱས་ཀྱང་ཕྱག་རྒྱ་ཆེན་པོའི་རྟོགས་པ་སྐྱེད་མི་སྲིད་པ་རྡོ་རྗེ་འཆང་གི་རྒྱུད་དོན་གྱིས་ངེས་པའོ་ཞེས་གསུངས་པ་ནི་བདག་ཉིད་རྡོ་རྗེ་འཆང་གི་རྒྱུད་དོན་ལ་ངེས་པ་ཅུང་ཟད་ཀྱང་མ་རྙེད་དོ་ཞེས་གསལ་བར་བཀའ་སྩལ་པ་ཉིད་དུ་སོང་བ་ཡིན་ཏེ། དཔལ་ལྡན་ཟླ་གྲགས་ཀྱི་གསང་བ་འདུས་པའི་འགྲེལ་པ་སྒྲོན་གསལ་ལས། ཐེག་ཆེན་བླ་ན་མེད་པ་ཡི། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་ཐེག་པ་ནི་ཐེག་པ་ཆེན་པོ་བླ་ན་མེད་པའོ། །མཆོག་ནི་རིན་པོ་ཆེའི་གང་ཟག་སྟེ། དེ་འདི་ཉིད་ཀྱིས་འགྲོ་བས་ན་ཐེག་པ་མཆོག་སྟེ་འདི་ལས་འགྲུབ་པར་འགྱུར་བའོ། །སེམས་ཅན་མཚམས་མེད་ཅེས་བྱ་བ་ལ་སོགས་པ་ལ། ཕ་དང་མ་དང་དགྲ་བཅོམ་པ་གསོད་པ་དང་། སངས་རྒྱས་ཀྱི་སྐུ་འཇིག་པ་དང་། དམ་པའི་ཆོས་སྤོང་བ་ཞེས་བྱ་བའི་ལས་ལྔས་ནི། འཆི་བའི་དུས་བྱས་མ་ཐག་ཏུ་དམྱལ་བར་ལྟུང་བར་གྱུར་པས་ན་མཚམས་མེད་པ་སྟེ། ཉེ་བར་མཚོན་པ་འདིས་ནི་མཚམས་མེད་པ་ཞེས་བྱ་བའི་སྒྲ་ནི་དེ་བྱེད་པ་ལ་འཇུག་གོ། །སོགས་པ་ཞེས་བྱ་བའི་སྒྲ་ནི། མཚམས་མེད་པ་དང་ཉེ་བ་རྣམས་གཟུང་ངོ་། །སྡིག་པ་ཆེན་པོ་བྱེད་པ་ཞེས་བྱ་བ་ནི། དགེ་སློང་གི་རྩ་བ་བཞིའི་ལྟུང་བ་བྱུང་བས། ཏཱ་ལ་མགོ་བཅད་པ་ལྟར་སངས་རྒྱས་ཀྱི་བསྟན་པ་ལས་ཉམས་ནས་སེམས་ཅན་དམྱལ་བ་ལ་གཞོལ་བ་སྟེ། དེ་རྣམས་ཀྱང་འདིར་བླ་མའི་དྲིན་གྱིས་རྫོགས་པའི་རིམ་པ་ཐོབ་ནས། འགྲུབ་པར་འགྱུར་ཞིང་སངས་རྒྱས་ཉིད་ཐོབ་པར་འགྱུར་ན། རིགས་ངན་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་དེའི་ཉེས་པ་ལས་འདའ་བའོ། །དེ་ལྟར་སྣོད་དང་སྣོད་མ་ཡིན་པ་ལ་ལྟོས་པ་མེད་པར་དོན་མཛད་པས་ན་ཐེག་པའི་ཆེ་བའི་བདག་ཉིད་གསལ་བར་སྟོན་པ་ཡིན་ནོ། །ཞེས་སོགས་མཚམས་མེད་པ་ལྔ་བྱས་པ་དང་། སོ་ཐར་གྱི་སྡོམ་པ་ཉམས་པ་དང་། དེས་མཚོན་བྱང་སྡོམ་ཉམས་པ་དང་སྔར་དྲང་དོན་གྱི་སྡོམ་དང་དབང་བསྐུར་ཆོ་གས་མ་བླངས་ཀྱང་རྫོགས་པའི་རིམ་པ་འོད་གསལ་དང་ཟུང་འཇུག་གི་རྣལ་འབྱོར་ཕྱག་རྒྱ་ཆེན་པོའི་རིམ་པ་འདི་ཁོ་ན་དང་པོར་ཐོབ་ནས་དེ་ཉིད་ནས་འཇུག་སྟེ་བསླབས་པས་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ནི་ངེས་དོན་གྱི་དབང་དང་རིམ་པས་ལས་དང་པོ་པ་ཉིད་ནས་སྨིན་པ་དང་གྲོལ་རུང་གི་དབང་རྣོན་གྱི་སློབ་མ་ལ་རྫོགས་རིམ་གྱི་ཐེག་པའི་ནུས་པ་ཆེ་བའི་ཆོས་ཀྱི་ཟབ་ཁྱད་བདག་ཉིད་དམ་རང་བཞིན་གསལ་བར་སྟོན་པ་ཡིན་ཏེ། ཐེག་པ་གཞན་གྱི་དབང་རྟུལ་སྣོད་མིན་པའང་འདིར་དབང་རྣོན་སྣོད་ཀྱི་མཆོག་དང་། ངེས་དོན་ཀྱི་དབང་དང་རིམ་པའི་སྣོད་དུ་གྱུར་ན་དྲང་དོན་གྱི་དབང་དང་རིམ་པའི་སྣོད་དུ་གྱུར་མ་གྱུར་ལ་ལྟོས་པ་མེད་པར་ངེས་དོན་གྱི་དབང་དང་རིམ་པས་རྗེས་སུ་བཟུང་ནས་འགྲོ་བའི་དོན་མཛད་པས་ལྷག་པར་ཡང་རྡོ་རྗེ་ཐེག་པའི་ཐུགས་རྗེ་དང་མཐུ་ནུས་ཆེ་བའི་ཕྱིར་ཆོས་ཀྱི་ཚུལ་འདི་ལྟ་བུ་སྟོན་པའི་བླ་དམ་པ་དང་དམ་པའི་ཆོས་ལ་ལྷག་པར་ཡང་གུས་པར་བྱ་ཞིང་དེ་ལྟའི་བཀའ་དྲིན་ཐོབ་པའི་ཆེད་ཀྱི་ཚོགས་ལ་ནན་ཏན་དུ་བརྩོན་པས་འཇུག་པར་བྱ་དགོས་པ་གྲུབ་པ་ཡིན། ཁྱད་པར་གསང་བ་འདུས་པར་དབང་རྣོན་རྫོགས་རིམ་ཉིད་ནས་འཇུག་པའི་སྐལ་ཅན་ལ་སྙིང་ག་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་ཕྱག་རྒྱ་དབྱུང་སྟེ་དེར་འཇུག་པ་དང་ཕྱག་རྒྱ་དེ་ལ་བརྟེན་ནས་ཟུང་འཇུག་གི་སྐུ་སྒྲུབ་ཚུལ་གསུངས་ཤིང་གནད་འདི་ལ་རིམ་བཞིན་འཇུག་ཆེད་རྣལ་འབྱོར་རྒྱུད་ལས་སྙིང་གའི་བདག་འཇུག་ཀྱང་གསུངས་པ་ཡིན། དེ་ནས་སྙིང་ག་ནས་ཐ་མལ་གྱི་ཤེས་པའི་མིང་ཅན་ཕྱག་རྒྱ་ཆེན་པོའི་ངོ་བོ་སངས་རྒྱས་དང་སེམས་ཅན་གྱི་སྒྲོ་སྐུར་ཐམས་ཅད་བྲལ་བའི་དཀྱིལ་འཁོར་ཞིག་སྐལ་ལྡན་གྱི་སློབ་མར་རྟོགས་ལྡན་གྱི་བླ་མའི་བྱིན་རླབས་ཀྱིས་མཐོང་ཞིང་ངོ་འཕྲོད་པ་ན་ནི་དེ་ཉིད་དབང་བཞི་པའི་དཀྱིལ་འཁོར་པ་དང་དབང་རྫས་ཡིན་པས་དཀྱིལ་འཁོར་དེ་དང་དབང་རྫས་དེའི་དབང་བསྐུར་ཐོབ་པ་ན་རྒྱུད་སྡེ་རིམ་པ་མཐའ་དག་གི་དབང་ཆོ་ག་དང་ཕྱི་བྲིས་པ་ས་རྡུལ་གྱི་དཀྱིལ་འཁོར་ལ་བརྟེན་ནས་མ་བསྐུར་ཀྱང་དབང་ཐོབ་ནས་དེ་ཉིད་དུ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འགྱུར་བ་ཡིན་ཞེས་རྗེ་སྒམ་པོ་པ་དེས་གསུངས་ཤིང་། དཔལ་ཏོག་རྩེ་པས་ཀྱང་། ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ན་བདེ་ཆེན་རྒྱུན་ཆད་མེད། །ཅེས་གསུངས། དེ་ལྟར་ན་ཕྱག་རྒྱ་ཆེན་མོ་བརྡ་ཡི་དབང་བཞི་ནི་དེ་ལྟ་བུའི་རྫོགས་རིམ་སྤྲོས་མེད་ནས་འཇུག་པའི་དབང་བཞི་ཉིད་ལ་བྱས་པ་ཡིན་ཏེ། དེ་ཡང་སྙན་བརྒྱུད་ཀྱི་སྐོར་འདི་དག་ལས་སྣང་བ་སེམས་སུ་ངོ་སྤྲོད་པ་བུམ་པའི་དབང་། སེམས་རང་རིག་ཏུ་ངོ་སྤྲོད་པ་གསང་བའི་དབང་། རང་རིག་བདེ་བར་ངོ་སྤྲོད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། བདེ་བ་སྤྲོས་བྲལ་དུ་ངོ་སྤྲོད་པར་བྱེད་པ་ཚིག་དབང་རིན་པོ་ཆེའོ་ཞེས་ཤིན་ཏུ་གསལ་ལ། དེ་ལྟ་བུའི་འཇིག་རྟེན་ལས་འདས་པའི་མཆོག་གི་དབང་བཞི་བསྐུར་བ་ལ་ཕྱི་བྲིས་པ་ས་རྡུལ་གྱི་དཀྱིལ་འཁོར་ལ་བརྟེན་པའི་ངེས་པ་མེད་པར་ནང་དང་གསང་བ་རང་བཞིན་ལྷུན་གྱིས་གྲུབ་པའི་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་རུང་བའང་བླ་ན་མེད་པའི་རྒྱུད་སྡེ་སྤྱི་དང་ཁྱད་པར་སྙིང་པོ་ཕྱག་རྒྱ་ཆེན་པོའི་བསྟན་བཅོས་རྣམས་ལས་ཆེས་གསལ་བར་བསྟན་པ་ཡིན་གྱི། དེ་ལྟར་བསྟན་པ་མ་ཡིན་ནོ་ཞེས་པ་ནི་རང་གི་དེ་ཉིད་སྟོན་པ་ཙམ་དུ་ཟད་དོ། །སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ལས། དབང་བཞི་བརྡ་ཡིས་མཚོན། །ཞེས་པ་དང་། གཞན་ཡང་དབང་མདུད་འགྲོལ་གྱི་གདམས་པ་ལས་ཆེས་གསལ་བར་གསུངས་པ་རྣམས་དང་། རྩ་རྒྱུད་པད་སྡོང་བརྩེགས་པ་ལས། སྒྱུ་མ་ལུས་ཀྱི་གྲོང་ཁྱེར་དང་། །རྩ་རླུང་ཁམས་ཀྱི་དཀྱིལ་འཁོར་དང་། །ཅེས་སོགས་དང་། དཔལ་ཆགས་པ་ཆེན་པོའི་རྒྱུད་ལས། གཡས་གཡོན་སྟེང་འོག་སྒོ་བཞི་སྟེ། །འདོམ་གང་མཉམ་པ་གྲུ་བཞིའོ། །བདུད་རྩི་ལྔ་ནི་ཚོན་རྩི་ལྔ་། །རྩ་ནི་ཐིག་གི་རང་བཞིན་ཏེ། །ཀ་བ་བརྒྱད་དོ་རྐང་བརྒྱད་དོ། །སོ་སེན་བ་སྤུ་ཏ་ར་སོགས། །མཁས་པས་བརྟག་ཅིང་ཤེས་པར་བྱ། །འདི་དག་རང་བཞིན་དཀྱིལ་འཁོར་ཏེ། །དཔེར་ན་རང་བྱུང་གསེར་ལྟ་བུ། །འདི་ནི་བཅོས་མ་མ་ཡིན་ཏེ། །ཞེས་དང་། སམྦྷུ་ཊི་ལས། མགོ་བོ་པདྨའི་གོ་རི་ཡིན། །རྐང་མཐིལ་གཞུ་ཡི་དབྱིབས་ཀྱིས་ནི། །བེར་མ་ས་ཡི་རླུང་དུ་གནས། །ཞེས་སོགས་ནས། ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བར། །ཇི་ལྟར་གསུངས་པའི་དཀྱིལ་འཁོར་ནི། །ཞེས་སོགས་དང་། ཕྱག་རྒྱ་ཆེན་པོའི་ཐིག་ལེ་རྒྱུད་ལས་ཀྱང་གསུངས་ཤིང་། ཁྱད་པར་སློབ་དཔོན་དྲིལ་བུ་པས་ཕྱི་བྲིས་པ་ས་རྡུལ་གྱི་དཀྱིལ་འཁོར་ལ་བརྟེན་པ་དང་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་པ་གཉིས་ཀའང་བཅོས་མ་སྟེ་གདུལ་བྱའི་དབང་ལས་ཡིན་པ་དང་། ཡང་དག་དོན་གྱི་དཀྱིལ་འཁོར་ལ་བརྟེན་པ་འདི་ནི་མཆོག་ཡིན་པ་གསལ་པོར་གསུངས་ཏེ། དེ་ཉིད་ཀྱིས། བཅོས་མ་གཉིས་ཀྱི་ངོ་བོ་གང་། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་སྒྲུབ་བྱེད་དེ་མ་ཡིན། །ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །ཞེས་སོགས་གསུངས་ལ། རྡོ་རྗེ་འཆང་ཆེན་པོས་ཀྱང་འདི་ལྟ་བུའི་བུམ་པ་ལ་སོགས་པའི་དབང་བཞི་པོ་འདི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བསྐུར་མི་རུང་བར་གསུངས་པའི་ཕྱིར་ཏེ། རྩ་བའི་རྒྱུད་དང་པོའི་སངས་རྒྱས་དང་གསང་འདུས་ལེའུ་བཅུ་དྲུག་པ་ལས། རྡོ་རྗེའི་ཐིག་རྣམས་གདབ་པ་དང༌། །རྡུལ་ཚོན་དག་ཀྱང་གདབ་པ་ནི། །སྔགས་ཀྱི་དེ་ཉིད་ཀྱིས་མི་བྱ། །བྱེད་ན་བྱང་ཆུབ་ཐོབ་པར་དཀའ། །ཞེས་འབྱུང་བས། འོ་ན་དབང་དེ་དག་དཀྱིལ་འཁོར་གང་དུ་ཞུགས་ནས་ལེན་སྙམ་ན། འདུས་པ་དང་ལ་སྦྱོར་རྒྱུད་ཕྱི་མ་གཉིས་ལས།དཀྱིལ་འཁོར་ལུས་སུ་གསུངས་པ་སྟེ། །དཀྱིལ་འཁོར་བྷ་གར་བརྗོད་པ་ཉིད། །དཀྱིལ་འཁོར་བྱང་ཆུབ་སེམས་ཉིད་དེ། །དཀྱིལ་འཁོར་གསུམ་ནི་ཡོངས་སུ་བརྟག །ཅེས་དང༌། འདུས་པ་རྒྱུད་ཕྱི་མ་ལས། བྷ་གའི་དཀྱིལ་འཁོར་ཞེས་གྲགས་དང༌། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང༌། །ལུས་ཀྱི་དཀྱིལ་འཁོར་ཞེས་བཤད་པ། །གསུམ་པའི་དཀྱིལ་འཁོར་ཡིན་པར་གསུངས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །སྐུ་གསུང་ཐུགས་ཀྱིས་རྒྱས་བཏབ་སྟེ། །རི་མོའི་དཀྱིལ་འཁོར་བརྟག་པར་བྱ། །ཞེས་བུམ་དབང་ལུས་ཀྱི་དཀྱིལ་འཁོར་དང༌། གསང་དབང་བྷ་གའི་དཀྱིལ་འཁོར་དང༌། ཤེར་དབང་ཀུན་རྫོབ་བྱང་སེམས་ཀྱི་དཀྱིལ་འཁོར་ལས། བཞི་པ་དོན་དམ་བྱང་སེམས་ཀྱི་དཀྱིལ་འཁོར་ལས་ཏེ། ཕྱི་མ་འདི་ལ་འདས་མ་འདས་གཉིས་ཀྱི་དབྱེ་བ་ཡང་འགྱུར་བས། དེའི་ཕྱིར། དུས་འཁོར་རྩ་རྒྱུད་ལས། ལུས་ཀྱི་དབང་པོ་བྷ་ག་སེམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་པ་ཚོན་ལྔ་ལྡན་པ་མིན། །ཞེས་འབྱུང་ངོ༌། །དེས་ན་བུམ་པ་སོགས་ཀྱི་དབང་བསྐུར་བའི་དཀྱིལ་འཁོར་ནི་གདོད་ནས་གྲུབ་པའི་རྡོ་རྗེ་གསུམ་གྱི་མཁའ་དབྱིངས་ཀྱི་ལྷ་གནས་ཞུགས་རེག་ཙམ་གྱི་བདེ་ཆེན་མྱོང་ནུས་ཀྱི་དེ་ཉིད་སྔགས་ཀྱི་སྐལ་ལྡན་ལས་དང་པོ་པས་ཀྱང་བསྟེན་བྱ་ཡིན་ལ། དེ་ལས་རྡུལ་ཚོན་གྱི་དཀྱིལ་འཁོར་སོགས་ནི་མཆོག་ཏུ་བཟུང་བྱ་མ་ཡིན་ཞེས་སློབ་དཔོན་ཆེན་པོ་པདྨ་བཛྲ་གྱིས་གསང་བ་གྲུབ་པར། དཔལ་ལྡན་འདུས་པའི་རྗེས་འབྲང་བའི། །དངོས་གྲུབ་བཟང་པོ་སྒྲུབ་པའི་ཕྱིར། །མཁའ་དབྱིངས་ལྷ་ཡི་གཞལ་ཡས་ནས། །ཇི་ལྟ་བ་བཞིན་ཡང་དག་གནས། །བཟང་པོར་རང་གིས་བསྐྱེད་བྱེད་པ། །ཐོག་མ་དབུས་མཐར་དྲི་མ་མེད། །དང་པོ་ལས་ཅན་སེམས་ཅན་རྣམས། །མཚོན་ཅིང་ཡིད་ཆེས་བྱེད་པ་པོ། །མཁའ་དབྱིངས་རྡོ་རྗེ་ཀུན་སྦྱོར་བའི། །རེག་ལས་ངོ་མཚར་ཆེན་པོ་ཉིད། །ཅེས་འབྱུང་ལ། དེ་ལྟ་བུའི་དབང་དེ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བསྐུར་ན། དཔོན་སློབ་ཐམས་ཅད་ལ་འདི་ཕྱི་གཉིས་ཀར་སྡུག་བསྔལ་བསྐྱེད་པར་འགྱུར་ཏེ། སློབ་དཔོན་ཨིནྡྲ་བྷཱུ་ཏིས་ཡེ་ཤེས་གྲུབ་པར། རྟོག་པ་ཐམས་ཅད་རྣམ་སྤངས་པའི། །ཡེ་ཤེས་མཆོག་བཟང་ཐོབ་པ་ཡི། །རྡོ་རྗེ་ཡེ་ཤེས་དབང་བསྐུར་བས། །དངོས་གྲུབ་མཆོག་ནི་སྒྲུབ་པར་བྱ། །ཡང་དག་ཡེ་ཤེས་ཀུན་ལྡན་ན། །བྲིས་པའི་དཀྱིལ་འཁོར་ལོག་གཞན་དུ། །དབང་བསྐུར་བ་ནི་ལེན་ཅེ་ན། །འདི་ནི་དམ་ཚིག་ཉམས་པར་འགྱུར། །དམ་ཚིག་ཉམས་པས་སྡུག་བསྔལ་ནི། །ལུས་དང་དེ་བཞིན་ཡིད་དང་ནི། །དེའི་དོན་རྣམས་ཉམས་འགྱུར་ཤིང༌། །མྱུར་བ་ཉིད་དུ་ཤི་བར་འགྱུར། །ཤི་ནས་དམྱལ་བའི་སྡུག་བསྔལ་ནི། །བསྐལ་པ་བྱེ་བ་བརྒྱ་ཕྲག་ཏུའང༌། །མྱོང་ནས་ལས་འཕོས་འགྱུར་ན་ཡང༌། །གདོལ་པའི་དམན་པའི་རིགས་སུ་སྐྱེ། །ལྐུགས་པའམ་ཡང་ན་འོན་པའམ། །སྐྱེ་ཞིང་སྐྱེ་བར་དམུས་ལོང་དུ། །སྐྱེ་བར་འགྱུར་བ་ཐེ་ཚོམ་མེད། །ཅེས་དང་ཡང་དེར་འདུས་པའི་ལུང་དྲངས་མ་ཐག་པ་དེ་དྲངས་ནས་བཤད་པ་ནི་ཇི་སྐད་དུ། དཀྱིལ་འཁོར་ཐིག་གདབ་པ་དང་མཚོན་རྩི་དགྱེ་བ་ལ་སོགས་པ་མི་བྱའོ། །སྔགས་ཀྱི་སེམས་དཔའ་ཞེས་བྱ་བ་ནི་ཡིད་སྐྱོབ་པར་བྱ་བའི་ཕྱིར་སྔགས་ནི་ཡེ་ཤེས་ཡིན་ཏེ། ཡང་དག་པའི་ཡེ་ཤེས་མཐོང་བ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྨོངས་པས་དེ་ལྟར་བྱེད་ན་ནི། བྱང་ཆུབ་རྙེད་དཀའ་བར་འགྱུར་རོ། །བྱིས་པའི་སྐྱེ་བོ་ལས་དང་པོ་པ་སེམས་ཅན་གྱི་བྱ་བ་བྱེད་པ་དེས་བྱ་བ་དེ་ལྟར་བྱས་ན་སངས་རྒྱས་ཉིད་དང་རྡོ་རྗེ་འཛིན་པ་ཉིད་རྙེད་དཀའ་བར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །ཡང་དག་པའི་ཡེ་ཤེས་ཀྱི་མངོན་པར་དབང་བསྐུར་བ་དང་ལྡན་པའི་རྣལ་འབྱོར་པ་དེ་ལ་ནི། དཀྱིལ་འཁོར་འབྲི་བ་དང་འཇུག་པ་དང་དབང་བསྐུར་བ་ལ་སོགས་པ་ནི་བཀག་པ་ཡིན་ནོ། །ཞེས་སོགས་རྒྱས་པར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཉིད་དང༌། དེ་ཉིད་ཀྱི་དངོས་ཞལ་སློབ་མཐའ་དག་གིས་དབྱངས་ཅིག་མགྲིན་གཅིག་པས་གསུངས་པ་སྟེ། དཔལ་ལྡན་ས་སྐྱ་པཎྜི་ཏ་ཁྱེད་ཀྱིས་ལེགས་པར་ཅིའི་ཕྱིར་སུན་དབྱུང༌། དེའི་དགོས་པ་སྟོན་ཅིག །ཁྱད་པར་བདག་ཅག་གི་འདྲེན་པ་དམ་པ་དཔལ་ལྡན་སྒམ་པོ་པ་དང༌། ཕག་མོ་གྲུ་པ་དང༌། འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་གུང་པ་དག་ནི། སྐལ་བ་དང་ལྡན་པའི་སློབ་མ་ལ་དབང་བསྐུར་བ་ན། རྟོགས་ལྡན་གྱི་བླ་མ་དཔོན་སློབ་ཀྱི་རང་སེམས་རྣམ་པར་དག་པ་ཐ་མལ་གྱི་ཤེས་པ་ཉིད་རྟེན་བརྟེན་པའི་དཀྱིལ་འཁོར་དུ་སྣང་བ་ལས་དབང་ལེན་བསྐུར་མཛད་པ་ཡིན་ནོ། །ཅི་དཔལ་ལྡན་ས་སྐྱ་པའི་ཕྱོགས་ལ་སོགས་པ་ཁ་ཅིག་འདི་ལྟར། དེ་ལྟའི་སེམས་རྣམ་པར་དག་པའི་དཀྱིལ་འཁོར་སོགས་རྡོ་རྗེ་འཆང་གིས་མ་གསུངས་པའི་གསར་གཟོའི་དྲན་རྒྱའོ་སྙམ་ན་མ་ཡིན་ཏེ། རྒྱུད་ཀྱི་རྒྱལ་པོ་དཔལ་རྙོག་པ་མེད་པར། སེམས་ཀྱི་དཀྱིལ་འཁོར་དག་པ་སྟེ། །རང་བཞིན་མེད་པར་སྒོམ་པར་བྱ། །མེ་ལོང་ལྟ་བུ་གཅིག་ཡིན་ཏེ། །དང་པོའི་གྲུར་ནི་རྟོག་པ་ཡང༌། །ཞེས་སོགས་ནས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྐྱེས། །དེ་ཉིད་དཀྱིལ་འཁོར་དུ་ནི་གསུངས། །ཞེས་སོགས་རྒྱ་ཆེར་འབྱུང་ལ། དེ་ལྟ་བུའི་དོན་ལ་དགོངས་ནས་གྲུབ་ཆེན་ས་ར་ཧའི་དོ་ཧ་ལས། ཐེག་པ་ཆེན་པོ་བླ་མེད་སྙིང་པོའི་ལམ་འདི་ནི། །འབྲས་བུ་ལམ་དུ་ཁྱེར་ན་གདོད་ནས་འབྲས་བུར་གནས། །ཞེས་དང་། དཀྱིལ་འཁོར་བ་དང་སྦྱིན་སྲེག་པས་སྟོང་ཞིང་། །སྔགས་དང་ཕྱག་རྒྱ་རབ་གནས་ལ་སོགས་རྣམ་བྲལ་བ། །རྒྱུད་དང་བསྟན་བཅོས་ཀུན་གྱིས་བསྒྲུབ་པར་མི་ནུས་པའི། །རྡོ་རྗེ་ཡེ་ཤེས་འདི་ནི་རང་བཞིན་གནས་ན་མཛེས། །ཞེས་དང་། རྒྱུད་མེད་སྔགས་མེད་བསམ་གཏན་བསམ་བྱ་མེད། །དེ་ཀུན་རང་ཡང་འཁྲུལ་པར་བྱེད་པའི་རྒྱུ། །ཞེས་དང་། མར་མེ་ཅི་དགོས་ལྷ་བཤོས་དེ་ཅི་དགོས། །དེ་ལ་ཅི་བྱ་གསང་སྔགས་བསྟན་པས་ཅི། །ཞེས་དང་། མཻ་ཏྲི་པའི་སློབ་མ་བཛྲ་པ་ནིའི་རྡོ་རྗེ་ཚིག་ལས། སྔགས་བཟླས་དཀའ་ཐུབ་མེད་ཅིང་སྦྱིན་སྲེག་མེད། །དཀྱིལ་འཁོར་མེད་ཅིང་དཀྱིལ་འཁོར་པ་ཡང་མེད། །དེ་ནི་སྔགས་བཟླས་དཀའ་ཐུབ་སྦྱིན་སྲེག་ཡིན། །དེ་ནི་དཀྱིལ་འཁོར་པ་དང་དཀྱིལ་འཁོར་ཉིད། །མཉམ་པ་ཉིད་དུ་སེམས་ནི་འདུས་པའི་རང་བཞིན་ནོ། །ཞེས་པ་དང་། དཔལ་ནག་པོ་རྡོ་རྗེ་ཞབས་ཀྱི་དོ་ཧ་མཛོད་ལས། སྔགས་བཟླས་དཀའ་ཐུབ་མེད་ཅིང་དཀྱིལ་འཁོར་སྦྱིན་སྲེག་མེད། །དེ་ཉིད་སྔགས་བཟླས་དཀའ་ཐུབ་སྦྱིན་སྲེག་དེ་ཉིད་ཡིན། །དེ་ཉིད་དཀྱིལ་འཁོར་པ་དང་དཀྱིལ་འཁོར་ཉིད། །ཅེས་པ་ལ་སོགས་པ་གསུངས་པས་ལམ་རང་གི་ངོ་བོ་གསང་སྔགས་ལ་མ་ལྟོས་པར་བཤད་ཅིང་། དེའང་རྐྱེན་གསུམ་དང་བྲལ་བ། དགའ་བ་བཞི་ལས་འདས་པ། འོད་གསལ་ལས་ཁྱད་པར་དུ་གྱུར་པ་ཞིག་བཞེད་ལ། བཙུན་མི་དོ་ཧར་ལས་ཀྱི་ཕྱག་རྒྱ་བསྟེན་ཚུལ་དང་། དེ་དབང་གིས་སྨིན་པར་བྱ་ཚུལ་དང་། བརྟུལ་ཞུགས་ཀྱི་སྤྱད་པ་སྤྱོད་ཚུལ་ཡང་བཤད་པས་གསང་སྔགས་དང་སྦྲེལ་ནས་སྦྲེལ་དུ་རུང་བར་བརྒྱུད་པ་རིན་པོ་ཆེ་འདིས་བཞེད་ལ། སྦྲེལ་བའི་སྐབས་ཡོད་པར་ཡང་བཞེད་ཅེས་སྔར་བཤད་པ་ལྟར་ཡིན་པས། སྐབས་འདི་དག་སོ་སོར་ཕྱེ་མ་ནུས་པར་འགལ་འདུ་འདུག་ཅེས་མ་སྨྲས་ན་མཛེས། གནད་དེ་དག་ལ་དགོངས་ནས་གྲུབ་ཆེན་ཏཻ་ལོ་པའི་ཕྱག་ཆེན་གངྒཱ་མ་ལས། སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང་། །འདུལ་བའི་སྡེ་སྣོད་ལ་སོགས་ཆོས་རྣམས་དང་། །རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ཀྱང་། །འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། །ཞེས་དང་། ས་ར་ཧའི་སྐུའི་མཛོད་ལས། ཀྱེ་ཧོ་བདག་དང་བྱེད་པར་འཛིན་པ་རལ་པ་ཅན། །བྲམ་ཟེ་གཅེར་བུས་དག་པ་དང་ནི། །ཁོ་ན་ཉིད་བཞི་འདོད་པའི་རྒྱང་ཕན་པ། །ཐམས་ཅད་མཁྱེན་ཞེས་ཟེར་ནས་རང་མ་རིག །དེས་ནི་སླུ་བར་འོང་སྟེ་ཐར་ལམ་རིང་། །བྱེ་བྲག་པ་དང་མདོ་སྡེ་སྔགས་པ་དང་། །རྣལ་འབྱོར་པ་དང་དབུ་མ་ལ་སོགས་ཏེ། །གཅིག་ལ་གཅིག་སྐྱོན་འགེལ་ཞིང་རྩོད་པར་བྱེད། །སྣང་སྟོང་མཁའ་མཉམ་དེ་ཉིད་མི་ཤེས་པ། །ལྷན་ཅིག་སྐྱེས་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར། །ཞེས་དང་། དཔལ་ཡེ་ཤེས་རྡོ་རྗེའི་སེམས་ཀྱི་ལམ་སྦྱོང་བ་ལས། མདོ་རྒྱུད་བསྟན་བཅོས་ལས་ལྷག་དོན་མེད་དོན་འདི་བཟང་། །འགྲོ་རྣམས་རིམ་གྱིས་ཐར་པའི་ལམ་རྙེད་སྐུ་བཞིའི་དོན། །རི་ཁྲོད་རྗེས་བཟུང་སེམས་བསྐྱེད་གསུམ་དོན་བདག་ལ་གསལ། །འདིས་བསྐུལ་རྐྱེན་དགོས་བདེ་བས་ལས་སྦྱོང་འདིར་བཤད་བྱ། །ཞེས་སོགས་གསུངས་པ་ཡིན་ནོ། །དེས་ན་རྟོགས་ལྡན་གྱི་བླ་མའི་ཐུགས་ཆོས་དབྱིངས་རྣམ་པར་དག་པའི་ལྷའི་དཀྱིལ་འཁོར་དུ་སློབ་མའི་མོས་གུས་དཀར་པོ་གཅིག་ཐུབ་གཉིས་ཆུ་ལ་ཆུ་བཞག་དུ་སོང་བའི་ཐུགས་ཡིད་གཅིག་ཏུ་འདྲེས་ན་རྡོ་རྗེ་སློབ་དཔོན་རྟོགས་ལྡན་གྱི་བླ་མ་རིན་པོ་ཆེ་དེ་ཉིད་ཆོས་ཐམས་ཅད་ལ་མངོན་པར་བྱང་ཆུབ་པ་ལ་ཆགས་ཐོགས་ཀྱི་སྒྲིབ་པ་དང་བྲལ་བར་དབང་ཐོབ་པ་དེ་ལྟར་སྐལ་ལྡན་གྱི་སློབ་མས་ཀྱང་དབང་ཐོབ་པ་དེ་ལ་དབང་བསྐུར་ཐོབ་པར་མི་འཇོག་པར། སྡོམ་པ་དེ་ཚིག་འཁྲུལ་མེད་ཙམ་ཡང་མི་ལྡན་པའི་ཚེ་འདིའི་ཆོས་བརྒྱད་དོན་གཉེར་གྱི་ཆེད་དུ་གར་ཐིག་དབྱངས་སོགས་ཀྱི་འདོན་ཆ་བྱང་ཙམ་ཞིག་གིས་རྡུལ་ཚོན་སོགས་མཛེས་མཛེས་པོར་གསེར་དངུལ་གྱི་བུམ་པ་དང་རྒྱ་ཧོར་གྱི་དྲིལ་བུ་སོགས་མགོར་བཞག་པའི་དཀྱིལ་འཁོར་དུ་འཇུག་ཚུལ་གྱིས་རྒྱུད་སྨིན་པའི་དབང་དུ་ག་ལ་འགྲོ །དེའི་ཕྱིར་རྗེ་སྒམ་པོ་པས། བཀའ་བརྒྱུད་ནོར་བུ་རིན་པོ་ཆེ། །སྒྲོ་བཀུར་གཉིས་ཀྱིས་མ་སླད་པར། །ནཱ་རོ་མཻ་ཏྲིའི་རྒྱུད་པ་ཐོབ། །གསོལ་བ་འདེབས་པ་འདི་དང་རེ་སྤྲོ། །སངས་རྒྱས་རྣམས་ཀྱི་དབང་བསྐུར་གསངས། །བྱིན་བརླབས་ཀྱི་ཆུ་རྒྱུན་མ་ཆད་པར། །ཡོངས་སུ་གྲགས་པའི་མི་ལ་རྗེ། །དེ་སྤྱི་གཙུག་གི་རྒྱན་དུ་དང་རེ་སྤྲོ། །ཆོས་ཉིད་བློ་ཡི་མ་རེག་པ། །སྤྲོས་བྲལ་ནམ་མཁའི་ངོ་བོ་ཉིད། །ལྷན་ཅིག་སྐྱེས་པ་བདུད་རྩིའི་རོ། །ཆོས་ཕྱག་རྒྱ་ཆེན་པོ་འདི་དང་རེ་སྤྲོ། །རྒྱུད་སྡེ་བཞི་ཡི་བཅུད་ཕྱུང་ནས། །སྙན་བརྒྱུད་ཚིག་གིས་མ་སླད་པ། །ངོ་སྤྲོད་མ་བུ་འཕྲད་པ་འདྲ། །ཐབས་ལམ་ཟབ་མོ་འདི་དང་རེ་སྤྲོ། །མ་ཚིག་གཡོ་སྒྱུས་མ་སླད་པར། །ཤེལ་ལྟར་དག་པའི་རྣལ་འབྱོར་པ། །བྱ་ར་གནས་གསུམ་གྱི་མཁའ་འགྲོས་བྱེད། །སྤུན་བར་ཆད་མི་འབྱུང་དང་རེ་ཕྲོ། །ཞེས་རྗེ་བཙུན་ཆེན་པོ་མི་ལ་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་ཉིད་དཀྱིལ་འཁོར་བཞིར་གྲུབ་པ་ལས་དབང་བཞི་ཐོབ་པ་ལས་ལྷག་པའི་རྡུལ་ཚོན་སོགས་ཀྱི་དཀྱིལ་ཆུང་ཞིག་ཁོ་ན་ལས་ཐོབ་པ་རྒྱུད་སྨིན་བྱེད་དུ་མི་བཟུང་ལ། དེ་ཉིད་ཀྱི་ཕྱིར་རྗེ་སྒམ་པོ་པ་དཔོན་སློབ་ལ། སྣང་སྲིད་དཀྱིལ་འཁོར་དང་ལྷག་པའི་ལྷ་དང་ཆོས་ཕུང་དུ་ཤར་བས། བྲིས་པའི་ཡི་དམ་གྱི་ཐང་ཀ་དང་གླེགས་བམ་སོགས་དང་འབྲལ་སྤངས་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་སོགས་ཀྱི་སྒྲུབ་མཆོད་ཐུན་ཁྲིགས་སོགས་ནི་དགོས་པ་མ་ཡིན་ཏེ། རྗེ་སྒམ་པོ་པ་ཉིད་ཀྱིས། སྒྱུ་ལུས་རྒྱལ་བའི་དཀྱིལ་འཁོར་ན། །འདོད་ཡོན་ཞེན་མེད་དུ་བྱིན་བརླབས་ནས། །ཉིན་དང་མཚན་དུ་མཆོད་པ་འབུལ། །མཆོད་རྫས་མེད་དེ་ང་མི་འགྱོད། །ཕྱི་སྣོད་རང་འཁྲུངས་གཞལ་ཡས་ཁང༌། །ནང་བཅུད་འགྲོ་དྲུག་སྙིང་པོ་ཅན། །ཤེས་རབ་ཆེན་པོ་རྟོགས་བགྱིས་པས། །ག་ན་འདུག་ཀྱང་གཞལ་ཡས་ཁང༌། །སུ་དང་ཕྲད་ཀྱང་ཡི་དམ་ལྷ། །ཐང་སྐུ་མེད་དེ་ང་མི་འགྱོད། །དཀར་དམར་སྣ་ཚོགས་ཀྱི་ཤོག་བུ་ལ། །ཤེས་རབ་ཆེན་པོའི་སྣག་ཚ་སྦྱར། །དབང་པོ་ལྔ་ཡི་ཡི་གེ་བྲིས། །ཅིར་སྣང་ཆོས་ཀྱི་དཔེ་རུ་བཀོད། །དཔེ་ཆ་མེད་དེ་ང་མི་འགྱོད། །ལར་འགྱོད་མེད་ཀྱི་རྣལ་འབྱོར་བློ་རེ་བདེ། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །དེ་ཉིད་ཡོད་དེ་རྟོགས་པ་མེད། །གདམས་ངག་ཟབ་མོས་མཚམས་སྦྱར་ནས། །སྐུ་གསུམ་འབྲལ་མེད་ཀྱི་ཏིང་འཛིན་ཤར། །མི་ལ་རས་པས་བཀྱེས་པ་ཡིན། །ཞེས་སོགས་རྒྱ་ཆེར་འབྱུང་ངོ་། །དྲང་པོར་བཤད་ན་སྙིང་པོ་ཕྱག་རྒྱ་ཆེན་པོའི་དགོངས་བཞེད་དང་མཐུན་པར་སོང་ན་ཕྱི་རོལ་གྱི་ཁྲ་ཁྲ་ཟིང་ཟིང་གི་དབང་བསྐུར་ལ་བཙིགས་ཆེན་དུ་འཛིན་པ་འདི་དང་གསང་སྔགས་འཆོལ་ཉོག་ཏུ་བྱེད་པ་འདི་དག་ཧ་ཅང་ཉུང་ཞིང་མི་ཡོང་བར་ནང་སེམས་ཀྱི་ཞི་བ་དམ་པའི་ཆོས་ལ་སྤྱོད་པའི་ལུགས་སྲོལ་ཞིག་དར་ཚོད་དུ་འདུག་པ་དངོས་གསལ་ཆགས་འདུག །འོན་ཀྱང་དུ་དུང་ང་ཚོས་མུ་མཐུད་ཞིབ་བསྡུར་དང་ལོ་རྒྱུས་རིག་པ་དང་མཐུན་པའི་དངོས་བྱུང་གི་གནས་བབ་ལ་བལྟ་དགོས་ས་ཡང་ཧ་ཅང་མང་གོ། །དེང་གི་བཀའ་བརྒྱུད་པའི་རྗེས་འབྲང་གི་མཁས་པ་ལ་ལས་གོང་གསལ་གྱི་དོ་ཧ་ཁག་གི་དགོངས་པ་ནི་ལས་དང་པོ་ལ་དགོངས་ནས་གསུངས་པ་མ་ཡིན་པར་འཕགས་པ་ལ་དགོངས་པ་ཡིན་ཞེས་གཞན་ཟེར་རྗེས་ཟློས་བྱེད་བཞིན་ཡོད་པ་ནི་ཤིན་ཏུ་ནས་ཀྱང་ཡིད་སྐྱོ་དགོས་པའི་གནས་སོ། །དཔལ་ལྡན་ས་སྐྱ་པ་རྣམས་ཀྱིས་ཀྱང་དེ་ལྟར་འགྲེལ་མཛད་སྐད་འདུག་མོད། དོ་ཧ་དེ་དག་གི་དགོངས་པ་འགྲེལ་བར་བྱེད་པ་ལ་རྒྱ་འགྲེལ་ཚད་ལྡན་དུ་མ་བཞུགས་ཡོད་པ་ཁག་ལ་ཞིབ་ཀྱིས་མཇལ་ན་ལས་དང་པོ་པའི་དབང་དུ་བྱས་ནས་གསུངས་པ་ལས་འཕགས་པའི་གང་ཟག་གི་དབང་དུ་བྱས་ནས་གསུངས་པའི་ཁུངས་ཚད་ལྡན་ཅི་ཡང་མ་མཐོང་ངོ་ཞེས་རེ་ཞིག་མཇུག་གྲུབ་པར་བྱ། ཁོ་བོས་ཆོས་ལུགས་ཀྱི་ཆགས་སྡང་གི་སྐད་ཅ་བཤད་པ་མིན་པར་དགག་སྒྲུབ་འདི་ཇི་ལྟར་བྱུང་ཞིང་ཇི་ལྟར་མཛད་པའི་སྐོར་ལ་རྒྱུས་ལོན་རགས་ཙམ་ཡོང་ཕྱིར་དུ་བྲིས་པ་ལགས་པས། ཅི་སྟེ་འདིའི་ནང་དུ་མ་གུས་པ་མ་རངས་པའི་ཚིག་ཚོགས་མཆིས་ན་མཁྱེན་པ་དང་ལྡན་པའི་སྔོན་གྱི་དམ་པ་དེ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །
ཞེས་པ་འདི་ནི་རྗེ་བཙུན་དྭགས་པོའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་བསྟན་པ་ལ་སྙིང་ནས་དད་པ་དང་མོས་པའི་སྐལ་བ་དང་ལྡན་པ་ཤེས་རབ་མཆོག་ལྡན་དུ་འབོད་པས་སྤྱི་ལོ། ༢༠༢༢ཟླ་༩ཚེས་༡༩ཉིན་མོར་མཛོད་རྩེ་དགོན་དུ་སྦྱར་བའོ། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1894
དཔྱད་མཆན་སྤེལ།