སྐུ་ཞབས་རོང་ཀིའི་མི་ཚེའི་དད་པ་གླེང་པ་ཞེས་པའི་བཀླགས་བྱང་།
ཐུབ་གཞོན། མཛོད་དགེ
དང་པོ།
སྤྱིར་བཏང་སྐུ་ཞབས་རོང་ཀི་ནི་བདག་གིས་རེབ་གོང་རིག་པ་འབྱུང་བའི་མཁས་པའི་ཁྱུ་མཆོག་དམ་པ་ཨ་ཁུ་འཇིགས་མེད་ཐེག་མཆོག་མཆོག་གི་གསུང་རྩོམ་ལས་ངོ་ཤེས་པས་རིམ་གྱིས་བདག་གིས་དོ་སྣང་བྱེད་སའི་ནུབ་ཕྱོགས་པའི་སེམས་ཁམས་རིག་པའི་མཁས་པ་ཤིག་ཡིན་ལ། ཉེ་དུས་བདག་གི་སྐད་འཕྲིན་གྱི་གྲོགས་ཚོམས་སུ་དྲྭ་གྲོགས་ཤིག་གིས་སྐུ་ཞབས་རོང་ཀི་《荣格谈人生信仰⟫ ཞེས་པ་མཚམས་སྦྱོར་བྱས་པ་མཐོང་བས་ཀློག་འདོད་ཀྱི་འདུན་པ་དྲག་ཏུ་འཕེལ་སྟབས།འབྲེལ་ཡོད་དྲྭ་ལམ་ཅ་ལག་མངག་ཉོ་བྱེད་སའི་མ་ལག་ཤིག་ལས་དེ་མ་ཐག་དེབ་འདི་བཙལ་ཏེ་རིན་གོང་ལ་མ་བལྟས་པར་ཐད་ཀར་མངག་ཉོ་བྱས་པ་ཡིན། ཀློག་འདོད་ཀྱི་འདུན་པ་འཕེལ་ཚེ་དེབ་གང་ཞིག་གི་རིན་གོང་ལ་ཕབ་གཅོག་ཡོད་མེད་ལ་དེ་ཙམ་དོ་སྣང་མི་བྱེད་པར་ཐད་ཀར་ཉོ་བ་ནི་ད་ལྟའི་ཁོ་བོས་གོམས་གཤིས་སུ་ཆགས་ཡོད་ཅེས་བཤད་ན་འུད་ཤོབ་ཏུ་མི་འགྲོ་བར་སེམས།
གཉིས་པ།
སྐུ་ཞབས་རོང་ཀིའི་བརྩམས་ཆོས་འདི་ལག་ཏུ་འབྱོར་མ་ཐག་ཁོ་བོ་ཅུང་ཙམ་ཧ་ལས་སུ་བཅུག་པ་ནི་དེབ་དེ་ནི་དེབ་རྒན་ཞིག་ཡིན་ལ། ཉེ་ལམ་ཆེས་བྲིན་ཆེ་བའི་དེབ་མགོན་པོ་དོན་འགྲུབ་དང་ཚེ་རིང་སྒྲོལ་མ་གཉིས་ཀྱིས་བསྒྱུར་པའི་⟪མིའི་རིགས་ཀྱི་ལོ་རྒྱུས་སྙིང་བསྡུས།⟫ཞེས་པའི་དེབ་དེ་ལས་ཅུང་ཙམ་ཆུང་ལ་ཤོག་གྲངས་ཡང་དེ་ལས་ཉིས་བརྒྱ་ལྷག་གིས་ཉུང་བ་ལྟ་བུ་ཤིག་རེད།རེའུ་ཧྲིའི་སེམས་ཁམས་རིག་པ་རོང་ཀིའི་བརྩམས་ཆོས་འདི་མ་བཀླག་པའི་སྔོན་དུ་ཁོ་བོས་བརྩམས་ཆོས་ཀྱིས་བསྟན་པའི་བརྗོད་བྱའི་སྐོར་ལ་འདི་ལྟར་བསམ་བློ་བཏང་མྱོང་། བརྩམས་ཆོས་ཀྱི་བསྟན་བྱ་གཙོ་བོ་ནི་འཇིག་རྟེན་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་སོགས་ལས་མ་འདས་པར་སྙམ། ཡིན་ཡང་བཀླག་པའི་འགོ་བརྩམས་ནས་མཇུག་གྲུབ་ཡོང་དུས་རྩོམ་པ་པོའི་གཏིང་ཟབ་པའི་བསམ་གཞིགས་དང་། འཚོལ་རྟོག་གི་རྣམ་དཔྱོད། གཟབ་ནན་གྱི་རྣམ་འགྱུར་སོགས་མཁྱེན་རྒྱ་ཡངས་པའི་ཤེས་བྱས་རབ་ཏུ་ཕྱུག་པའི་བརྩམས་ཆོས་ཤིག་རེད། འོན་ཀྱང་ཕལ་བའི་མི་ཁོ་བོ་ལྟ་བུར་མཚོན་ན་ཤེས་རབ་ནི་ཚད་ཡོད་ཅན་ཡིན་སྟབས་འབྲེལ་ཡོད་ཀྱི་ཤེས་བྱ་མང་པོ་ཞིག་ལ་མཐོང་རྒྱ་ཁབ་མིག་ལས་དོག་པའི་རྐྱེན་དང་མི་རང་ཉིད་སྒྱིད་ལུག་ཆེ་བ་སོགས་རྒྱུ་རྐྱེན་དུ་མ་ཚོགས་པས་ཤོག་གྲངས་ཉིས་བརྒྱ་གོ་གསུམ་གྱི་བདག་ཉིད་དུ་གྲུབ་པའི་བརྩམས་ཆོས་འདི་ཕལ་ཆེར་ཟླ་ངོ་གཅིག་ཙམ་ལ་གཞི་ནས་བཀླགས་གྲུབ་པ་ཡིན།
གསུམ་པ།
སྐུ་ཞབས་རོང་ཀིས་གཙོ་བོ་སེམས་ཁམས་རིག་པའི་ཐད་ལ་ཞིབ་འཇུག་དང་ལག་ལེན་བྱས་ཡོད་ལ།ད་དུང་རོང་ཀི་ཁོང་ཉིད་སེམས་ཁམས་རིག་པའི་སྨན་པ་བྱས་ནས་སེམས་ནད་ཅན་གྱི་ནད་པ་མང་པོར་རྨི་ལམ་བརྟག་པའི་ཐབས་ལམ་བེད་སྤྱད་ནས་སྨན་བཅོས་བྱས་པ། བརྩམས་ཆོས་ཀྱི་ནང་གི་བརྗོད་བྱ་ཕལ་ཆེ་བའི་བསྟན་དོན་དངོས་ནི་རྩོམ་པ་པོ་རོང་ཀི་རང་ཉིད་དང་སེམས་ནད་ཅན་དག་གི་རྨི་ལམ་ལ་བརྟག་པའི་ཐབས་ལམ་བེད་སྤྱད་ནས་འདུ་ཤེས་སྔོགས་འདོན་དང་། བག་ལ་ཉལ་བའི་འདུ་ཤེས་དང་། ཆོས་ལུགས། མཚན་ཉིད་རིག་པ། ལོ་རྒྱུས། རྩོམ་རིག་བཅས་ཕྱོགས་ཡོངས་ལ་མཐོང་རྒྱ་བསྐྱེད་ཡོད་ལ། ཁོང་གིས་རྨི་ལམ་ལ་བརྟག་པའི་ཐབས་ལམ་གཙོ་བོ་དེ་ཧྥེ་ལོ་ཡིས་དཱུ་(费洛伊德)ཡིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་བཤད།
བཞི་པ།
ང་ལ་མཚོན་ན་དེབ་འདིར་ཤེས་བྱའི་ཁྱབ་ཁོངས་མང་པོ་ཡོད་པས་བློ་ཡི་ཡུལ་དུ་ཤོང་དཀའ་བ་ལྟ་བུར་ཆགས་ཡོད་སྟབས་དེབ་འདི་ཀློག་པར་ཟླ་གཅིག་འགོར་བར་ཁག་མེད་པ་དང་། ཡང་དེ་ནི་རང་ག་བའི་སྒྲུང་ཐུང་ཀློག་པ་ལས་མགྱོགས་པོ་ཡིན་མི་སྲིད། ཁོ་བོས་ཀློག་སྟངས་དེ་ཡང་རྒྱུ་མ་ཕུ་འདེད་ཀྱི་དཔེ་ལྟར་ཐ་སྙད་རེ་རེའི་ཀློག་འདོན་དང་སྒྲ་གདངས་བཅས་རུས་སྦལ་ནུར་འགྲོའི་ཀློག་སྟངས་ལྷུར་ལེན་པའི་ངལ་བ་མ་བསྟེན་པར་ཚིག་ཧྲིལ་བོའི་གོ་བ་ཆགས་པར་འབད་པ་བྱས་པའི་ཁུལ་ཡིན།ལྷག་པར་བརྩམས་ཆོས་ཀྱི་ནང་དོན་མ་ལག་རང་བཞིན་ལྟ་བུ་མ་ཡིན་པར་སྤྱི་ཡི་ཤེས་བྱའི་ས་ཁྱོན་ཁོངས་སུ་ཆུད་པར་དཀའ་བ་སྨྲོས་མ་དགོས་མོད། རགས་རིམ་ཙམ་ཞིག་བདག་བློར་ལྷུར་བླངས་པའི་དོད་ཡིན། རྩོམ་པ་པོ་རོང་ཀིས་གཙོ་བོ་རྨི་ལམ་ལ་བརྟག་པའི་ཐབས་ལམ་སྣ་མང་དང་ཤེས་བྱ་སྣ་མང་སྤྱད་ཡོད་པ་དང་། ཐབས་ལམ་ཡང་ཤེས་བྱ་སྣ་མང་ཚུར་ལེན་རིང་ལུགས་ཀྱི་ཐབས་ལམ་མང་པོ་སྤྱད་ཡོད།དཔེར་ན་རོང་ཀི་ཁོ་རང་ནུབ་ཕྱོགས་པ་ཞིག་ཡིན་ན་ཡང་ཁོང་གིས་ནུབ་ཕྱོགས་རིག་གནས་ཀྱི་ཐོག་ལ་ཤར་ཕྱོགས་རིག་གནས་ཀྱི་ལེགས་ཆ་ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་ཁ་སྣོན་བྱས་ཡོད། རྒྱ་གར་གྱི་ནང་ཆོས་ལས་བསྟན་པའི་སེམས་ཁམས་རིག་པའི་སྐོར་དང་། རྒྱ་གར་གྱི་ཡོ་གའི་སྒོམ་སྒྲུབ་ཀྱི་ཐབས་ལམ།ཀྲུང་གོ་རང་སར་སྐྱེས་པའི་རུའུ་ལུགས་ཀྱི་བསྟན་བཅོས⟪易经⟫སོགས་ཀྱི་ལེགས་ཆ་ཚུར་འདྲེན་བྱས་ནས་རོང་ཀིའི་སེམས་ཁམས་རིག་པ་ཞེས་པའི་ལྟ་གྲུབ་གསར་བ་གསར་གཏོད་གནང་ནས་ནུབ་ཕྱོགས་པའི་རིག་གནས་ཀྱི་མཁའ་དབྱིངས་ལ་འོད་དུ་འཚེར་བའི་སྐར་མ་གསར་པ་ཞིག་འཆར་དུ་བཅུག
ལྔ་པ།
རོང་ཀིའི་བརྩམས་ཆོས་འདི་བཀླགས་པའི་གོ་རིམ་ཁྲོད་ང་ལ་ཆེས་བག་ཆགས་ཟབ་ཤོས་གཅིག་ནི་རིག་གནས་དང་རིག་གནས་བར་གྱི་བརྩི་བཀུར་དང་རིག་གནས་གང་ཞིག་བྱུང་བ་དེ་ཉིད་ཀུན་ལ་སྨན་པ་ཅིག་ཡིན་མིན་གཙོ་བོ་་མ་ཡིན་པར་རིག་གནས་གང་ཞིག་བྱུང་བ་དེར་རིན་ཐང་ཡོད་པས་དེ་ལ་བརྩི་འཇོག་བྱེད་པ་དེ་ཡིན། ལྷག་པར་རིག་གནས་རང་རྟོན་ནི་ཧ་ཅང་གལ་ཆེ་བར་མངོན།ད་ལྟའི་དུས་སུ་ང་ཚོའི་རིག་གནས་ཉམས་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་མང་པོ་ཞིག་ཡོད་པ་ལས་གལ་ཆེ་བ་གཅིག་ནི་རིག་གནས་རང་རྟོན་གྱི་འདུ་ཤེས་མེད་པ་ལ་རག་ལས། རང་རིགས་ཀྱི་ན་གཞོན་ཕོ་མོ་མང་པོ་ཞིག་གི་རིག་གནས་རང་རྟོན་གྱི་འདུ་ཤེས་ལ་ཉམས་ཉེས་བྱུང་པ་ནི་རང་རིགས་ཀྱི་གྱོང་གུད་ཆེས་ཆེ་ཤོས་ཤིག་ཡིན་པ་གདོན་མི་ཟ། ཡིན་ཡང་ང་ཚོས་རིག་གནས་རང་རྟོན་གྱི་འདུ་ཤེས་སྲ་བརྟན་དུ་ཆགས་པའི་རྒྱུ་གཙོ་བོ་རང་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཞིང་ས་ལ་འཇུག་རྒྱུ་གལ་ཆེ་སྟེ། དེ་ནི་རང་རིགས་ཀྱི་སླད་མ་འདྲེས་པའི་དྭངས་གཙང་གི་རིག་གནས་ཀྱི་ཁ་དབུགས་དེ་ཡིན། རང་རིགས་ཀྱི་གཅེས་པའི་སྲས་མཆོག་ཙོང་ཁའི་དོན་ཀུན་གྲུབ་པ་ཁོང་གིས་ཀྱང་ནོར་བྷེལ་ཞི་བདེའི་རྟགས་མ་བཞེས་པ་ནི་རིག་གནས་གང་ལ་བརྟེན་ནས་བཞེས་པ་རེད་ཅེ་ན།དབྱིན་ཡིག་དང་རྒྱ་གར་ནག་གི་སྐད་ཡིག་མཁྱེན་པ་ཙམ་གྱིས་མ་ཡིན་པར་རང་རིགས་ཀྱི་ཡབ་མེས་གོང་མ་ཆོས་རྒྱལ་མེས་དབོན་རིམ་བྱོན་དང་ལོ་པཎ་མང་པོའི་ཁྲག་དང་རྔུལ་ཆུ། ཐ་ན་ཚེ་སྲོག་གིས་བསྐྲུན་པའི་རིག་གནས་ཆེ་བ་ལྔ་བ་དང་ཆུང་བ་ལྔ་ལ་བརྟེན་ནས་བཞེངས་པ་ཤ་སྟག་ཏུ་ཆགས་ཡོད། དེའི་ཕྱིར་ང་ཚོས་རིག་གནས་རང་རྟོན་གྱི་འདུ་ཤེས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་དགོས་པ་ནི་དུས་རབས་ཉེར་གཅིག་པས་ང་ཚོ་ལ་སྤྲད་པའི་འགན་འཁྲི་ཁོ་ན་དང་འབྱུང་འགྱུར་རང་རིགས་ཀྱི་གནས་སྟངས་ཀྱི་ངོ་བོ་གང་ཞིག་ཏུ་འགྱུར་མིན་གྱི་འགག་རྩ་གཙོ་བོ་ཞིག་ཡིན་ནོ།།
༢༠༢༢.༩.༨ ཉིན།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1885
དཔྱད་མཆན་སྤེལ།