འོག་མིན་ཀརྨའི་གདན་ས།
        ཀམ་ཚང་གདན་ས་གོང་འོག་བར་གསུམ་ལས་གདན་ས་ཀརྨ་ནི། ཀརྨ་པ་སྐུའི་ཕྲེང་བ་འཛིན་པ་དང་པོ་རྗེ་འགྲོ་བའི་མགོན་པོ་དཔལ་ལྡན་དུས་གསུམ་མཁྱེན་པས་རབ་བྱུང་གསུམ་པའི་ཤིང་མོ་སྦྲུལ་གྱི་ལོ་སྟེ། སྤྱི་ལོ་(1185)ལོར་ཆག་བཏབ་ནས། རྗེ་འགྲོ་མགོན་རིན་ཆེན་ལ་གདན་ས་གཏད་ཅིང་དར་རྒྱས་མཛད་ནས་བཟུང་ཀརྨའི་གདན་རབས་རིམ་བྱོན་དང་། ལྷག་པར་ཀརྨ་པཀྴིའི་དུས་སྐབས་ནས་ཀརྨའི་དབུ་གདུང་ངམ་ཀརྨ་ནང་སོ་རིམ་བྱོན་གྱིས་ཆོས་སྲིད་ཀྱི་གོ་གནས་མཐོན་པོར་བཟུང་ཞིང་གནས་མགོ་བཅོ་བརྒྱད་བསྒྲིགས་ཏེ་དགེ་འདུན་གྱི་འདུ་སྒོ་རྒྱ་ཆེར་བཙུགས་པ་དང་། མདོ་ཁམས་སྨད་ཕྱོགས་ཕལ་ཆེར་དབང་དུ་བསྡུས་ཏེ། འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ་གྱིས་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་བསྟན་པ་ཉིན་མོར་ལྟར་གསལ་བར་མཛད་པ་དང་། དགེ་འདུན་གྱི་གྲངས་ཀ་ཡང་མང་དུས་ཁྲི་ཚོ་དང་སྟོང་ཚོ་ཡན་མན། ཉུང་མཐར་བརྒྱ་ཕྲག་གསུམ་བཞི་ཙམ་ཡོད་པ་ངག་རྒྱུན་དང་བླ་མ་རྣམས་ཀྱི་རྣམ་ཐར་དང་ལམ་ཡིག་ཁག་ལས་ཤེས་པར་ནུས་ལ། མ་ཟད་དགོན་པའི་ཉེ་ཕྱོགས་སུ་བཙུན་མའི་ཆོས་སྡེ་ཡང་དར་རྒྱས་བྱུང་ཞིང་ད་ལྟར་ཡང་རྩིག་མལ་མཇལ་རྒྱུ་ཡོད། དེ་དག་གིས་སྔོན་གྱི་བཀའ་བརྒྱུད་གོང་མ་ལྟར་ཐོས་བསམ་སྒོམ་གསུམ་ལས་གཙོ་བོར་སྒྲུབ་པ་ཉམས་ལེན་མཛད་ནས་འདག་སྦྱར་པས་རི་ཀླུང་ཀུན་ཁྱབ་པར་གྲགས། འོན་ཀྱང་དུས་ཡུན་རིང་མོའི་ཁྲོད་ནས་བོད་ཀྱི་སྤྱི་ཚོགས་ཡོངས་ཀྱི་འགྱུར་ལྡོག་དང་དང་བཀའ་བརྒྱུད་པའི་བསྟན་པའི་འཕེལ་འགྲིབ་ལྟར་གདན་ས་འདི་ཡང་དར་རྒུད་སྣ་ཚོགས་ཤིག་བྱུང་འདུག །

གདན་རབས་ལོ་རྒྱུས།

       ད་ལྟའི་ཆར་གདན་ས་འདིར་བཀའ་བརྒྱུད་གསེར་རི་ཕྲེང་བས་ཟབ་རྒྱས་ཀྱི་ཆོས་སྐོར་བསྐོར་ཞིང་སློབ་ཚོགས་རྣམས་ཀྱིས་རྒྱལ་བསྟན་བཤད་སྒྲུབ་ཀྱི་སྤང་ཀློག་ལ་བརྩོན་པ་དང་། ཀརྨ་ནང་སོའི་གདན་རབས་དང་དཔོན་རབས་རྣམས་ཀྱིས་ཆོས་སྲིད་ཀྱི་གོ་གནས་བཟུང་ནས་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་ཞིང་བསྟན་པའི་ཞབས་འདེགས་མཛད་པ། བཅུ་ཕྲག་རིག་གནས་སྣ་ཚོགས་དར་ཚུལ་སོགས་དར་རྒུད་ཀྱི་ལོ་རྒྱུས་ཞིབ་པར་འཁོད་པའི་ཡིག་ཆ་རྒྱས་པ་ཞིག་མཇལ་རྒྱུ་མི་སྣང་ཡང་། བླ་མ་རྣམས་ཀྱི་རྣམ་ཐར་དང་ལམ་ཡིག་རྣམས་མཇལ་ན་དེ་དག་སྐོར་མི་ཉུང་བ་ཞིག་འཁོད་ཡོད།
དེ་དག་ལས་ཟུར་དུ་ཀརྨའི་གནས་ཀྱི་ལོ་རྒྱུས་དང་། གདན་རབས་ཀྱི་བྱུང་བ། རྟེན་རྣམས་ཀྱི་དཀར་ཆག་འཁོད་པའི་ཡིག་ཆ་ད་ལྟའི་ཆར་མངོན་པ་ནི། ཀརྨ་པ་ཆོས་གྲགས་རྒྱ་མཚོས་མཛད་པའི་«དཔལ་ཀརྨ་པའི་གདན་ས་ཆེན་པོར་བཞུགས་པའི་ལྷ་ཆེན་བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་གྱི་ནང་བཞུགས་ཀྱི་དཀར་ཆག་གསལ་བའི་མེ་ལོང་།» མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་མཛད་པའི་«གདན་ས་ཆེན་པོ་འོག་མིན་དཔལ་གྱི་ཀརྨའི་གནས་བསྟོད་སྙན་གྲགས་ལྷ་ཡི་རྔ་ཆེན།» ཀརྨ་པ་ཐེག་མཆོག་རྡོ་རྗེས་མཛད་པའི་«བསྐོར་བའི་གྲངས་ཚད» གཏེར་ཆེན་མཆོག་གླིང་གི་གཏེར་མ་«གནས་ཆེན་ཉེར་ལྔའི་གསུང་གི་གནས་མཆོག་འོག་མིན་ཀརྨའི་གནས་ཡིག །» མཁན་ཆེན་རིན་ཆེན་དར་རྒྱས་ཀྱིས་མཛད་པའི་«གདན་ས་ཆེན་པོ་འོག་མིན་ཀརྨ་རིན་ཆེན་གླིང་གི་གདན་རབས་རིམ་བྱོན་གྱི་ལོ་རྒྱུས་ཁུ་བྱུག་གཞོན་ནུའི་མགྲིན་གླུ་དང་། གནས་རྟེན་ཁྱད་པར་ཅན་ལ་བསྔགས་བརྗོད་ཀྱི་བསྟོད་པ་སྙན་ངག་མཁན་དགའ་བར་བྱེད་པ་དད་པའི་འཁྲི་ཤིང་ཚིག་དོན་རྣམ་པར་བཀྲ་བའི་མེ་ཏོག་རབ་ཏུ་བཞད་པ་ཨསྟི།» རྒྱལ་ཚབ་ཀརྨ་བཤད་སྒྲུབ་ཀྱིས་མཛད་པའི་«འོག་མིན་ཀརྨའི་གནས་ཡིག་རྣམས་ཀྱི་དོན་བསྡུས་གནས་ཀྱི་དཀར་ཆག་རིན་ཆེན་ཕྲེང་བ་དང་། ཀརྨའི་དབུ་གདུང་ངམ་ཀརྨ་ནང་སོའི་གདུང་རབས་ཀྱི་ལོ་རྒྱུས།» མཁན་རིན་པོ་ཆེ་རྣམ་སྲས་བསོད་ནམས་ཀྱིས་མཛད་པའི་«གདན་རབས་སྐོར་གྱི་ལོ་རྒྱུས་ཐོར་བུ།» མཁན་རིན་པོ་ཆེ་བློ་གྲོས་རབ་གསལ་གྱིས་མཛད་པའི་«འོག་མིན་ཀརྨའི་གདན་རབས་ཀྱི་ཟུར་རྒྱན་གཟུར་གནས་དགྱེས་པའི་རོལ་མོ།»བཅས་ཡིན་ལ། ད་ཐེངས་གསར་དུ་རྙེད་པའི་«གནས་ཡིག་བཞུགས། མངྒ་ལམ།»ཞེས་པ་དང་། «དཔལ་འོག་མིན་ཀརྨའི་གདན་ས་བར་ཐང་གི་གནས་ཡིག་ཆེན་མོ་མཐོང་བ་རབ་གསལ།» ཞེས་པ་གཉིས་ནི་གོང་གི་ལོ་རྒྱུས་རྣམས་ཀྱི་ཟུར་རྒྱན་ཞིག་ཏུ་རློམ་ཆོག་སྟེ། དེ་དག་ལས་མ་གསལ་བའི་གནས་དང་རྟེན་རྣམས་ཀྱི་བྱུང་བ་དུ་མ་ཞིག་བསྟན་འདུག་པས་སོ། །

གནས་ཡིག་བཞུགས། མངྒ་ལམ།
        ད་ནི་སྐབས་བབ་ཀྱི་བརྗོད་བྱ་དངོས་ལ་འཇུག་ན། གནས་ཡིག་འདི་ནི་ཕར་བལྟས་པ་ཙམ་གྱིས་རྩོམ་འཕྲོའམ་ཁ་འཐོར་དུ་སོང་བ་ཞིག་ཡིན་ནམ་སྙམ་པའི་རྟོག་པ་འགྱུ་འགྲོ་ཞིང་། དཔེ་ཆ་འདིའི་དབུ་ནས་གཞི་ལེན་ས་གསལ་པོར་མིན་པར་བར་ཚིག་རྣམས་བཀོད་པ་དང་། བྲི་གཞི་དུག་ཤོག་རྙིང་པ་ཡིན་ཀྱང་མ་དཔེ་ངོ་མ་འདི་ཉིད་མིན་པར་བསྐྱར་བཤུས་བྱས་པ་ཞིག་ཡིན་ནམ་སྙམ། བྲིས་གཟུགས་གཅིག་མཚུངས་མིན་པར་བྲིས་མི་འདྲ་བ་ཁ་ཤས་ཀྱིས་གྲུབ་ཅིང་། སྐུང་ཡིག་དང་ཡིག་སྐྱོན་མང་ཞིང་གཞུག་ནས་རྙིང་དྲགས་པས་ཡིག་འབྲུ་མི་གསལ་བ་ཡང་བྱུང་འདུག །མང་ཉུང་ཡང་འགོ་ཚེམ་རྙིང་པ་ལ་ལྡེབ་མ་བཅུ་བདུན་ཡོད་ཅིང་མཐའ་ནས་ལག་དྲེག་ཆགས་ལུགས་ལ་བལྟས་ན་འདི་ཉིད་ཐེངས་མང་མཇལ་ཡོད་པར་ཤེས་ཐུབ་ལ། འདི་ཉིད་རྩོམ་པའི་དུས་ཚོད་ཀྱང་སྤྱི་ལོ་དུས་རབས་བཅོ་བརྒྱད་པའི་ནང་སྟེ། ཀརྨ་པ་བདུད་འདུལ་རྡོ་རྗེའི་དུས་སུ་ཡིན་པར་གསལ་འདུག་ཅིང་། རྩོམ་མཁན་འདི་ཡིན་ཞེས་མེད་ཀྱང་སྐབས་དེ་སྐོར་ཟིན་ཐོའི་ཚུལ་དུ་བྲིས་པ་ཞིག་ཡིན་པར་སེམས། ད་ཐེངས་ཨ་བོ་ཚང་གི་དཔེ་རྙིང་ཁྲོད་ནས་གསར་དུ་རྙེད་བྱུང་བས་དུས་འགྱུར་གྱི་རླུང་འཚུབ་ནང་ནས་ས་རྡུལ་དང་ལྷན་དུ་མ་ཐིམ་པར་ཉར་ཚགས་གནང་ཐུབ་པར་བཀའ་དྲིན་ཆེ་ཞུ། འདིའི་ནང་དོན་རྣམས་སྤྱིའི་ཆ་ནས་གོང་གི་གདན་རབས་ལོ་རྒྱུས་རྣམས་དང་མི་འདྲ་བ་ཆེར་མེད་ཀྱང་གདན་ས་བཏབ་ཚུལ་དང་། རྟེན་རྣམས་བཞེངས་ཚུལ། གནས་ཀྱི་ངོ་སྤྲོད་སོགས་ཁ་གསལ་ཅན་འགའ་དང་དེ་སྔོན་རྒན་རབས་རྣམས་ཀྱིས་ངག་རྒྱུན་དུ་བཤད་པ་མང་དག་ཅིག་མཐོང་རྒྱུ་འདུག་གོ། །འདི་ཉིད་ཀྱི་ནང་དོན་རྣམས་དོན་ཚན་ལྔ་རུ་བགོས་ནས་བཤད་ན།
     ༡ ཚན་པ་དང་པོ། གོང་དུ་སྨོས་པའི་གདན་རབས་ལོ་རྒྱུས་སྤྱི་འགྲོས་ལྟར་ཆོས་རྗེ་དུས་གསུམ་མཁྱེན་པ་གནས་འདིར་ཕེབས་ཏེ། ས་ལ་བདག་པོ་ཅི་འདྲ་ཞིག་ཡོད་གཟིགས་སྐབས་ཇོ་བོ་སྔགས་ཀྱི་བདག་པོས་ཁྱེའུ་ཡིད་དུ་འོང་བའི་རྣམ་པ་བྱས་ནས་ཕྱག་དང་ཞེ་ས་བཅས་ཞབས་ཀྱི་ཆུ་མིག་འདི་བདག་གི་ཕོ་བྲང་ཡིན་པས་འདིར་གཙུག་ལག་ཁང་མཛད་པར་ཞུས་ཤིང་སྲུང་མར་ཁས་བླངས་པ་དང་། ཆུ་མིག་མགོར་བྱོན་ཏེ་ཐུགས་དམ་གཏོར་མ་མཛད་ནས་གདན་ས་མཛད་པའི་དགོངས་པ་གཏད་པས་མཉམ་མེད་དྭགས་པོ་ལ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་དང་། དཔའ་བོ་དང་ཌཱ་ཀིའི་ཚོགས་ཀྱིས་གར་བསྒྱུར་བ་གཟིགས་པ་སོགས་གདན་རབས་ལོ་རྒྱུས་སྤྱི་དང་འདྲ་ཞིང་། དགུང་ལོ་བདུན་ཅུ་དོན་དྲུག་བཞེས་པ་ཤིང་མོ་སྦྲུལ་གྱི་ལོར་གདན་ས་ཆག་བཏབ་པ་ཙམ་ལས་ཐོག་མར་བཞེངས་པའི་འདུ་ཁང་གི་དབྱིབས་ཚད་རྣམས་«ཀརྨའི་གནས་བསྟོད་»ལས། “དགུང་ལོ་བདུན་ཅུ་དོན་དྲུག་རབ་བྱུང་གསུམ་པའི་ཤིང་མོ་སྦྲུལ་གྱི་ལོ་ལ། ཆུ་མིག་གི་སྟེང་ལ། ད་ལྟ་བླ་མ་ལྷ་ཁང་འདི་དང་ཕྱི་ཁྱམས་དགེ་འདུན་གྱི་འདུ་ཁང་གི་རྣམ་པ་ཙམ་མཛད་དེ།”ཞེས་དང་། «གནས་ཀྱི་དཀར་ཆག་རིན་ཆེན་ཕྲེང་བ་»ལས་“ད་ལྟའི་དུས་མཁྱེན་ཁང་གི་མལ་དུ་ཕྱི་ཀ་བ་དྲུག་ཁྱོན་ཅན་དང་། ཕྱི་ཁྱམས་དགེ་འདུན་གྱི་འདུ་ཁང་གི་རྣམ་པ་ཙམ་མཛད།”ཅེས་པ་ཙམ་ལས་དེ་སྔོན་ལོ་རྒྱུས་ཁག་ལས་གསལ་ཁ་ཅན་མ་བྱུང་ཡང་། འདི་ཉིད་ལས་ཐོག་མར་རྗེ་དུས་གསུམ་མཁྱེན་པས་གདན་ས་རྨང་བཏིང་ནས་ཆུ་མིག་འདིའི་ཁར་སྤོ་སྤྱིལ་ཆུང་ངུ་ཞིག་ལ་ཕྱི་ཀ་ར་དྲུག་གི་ཁྱོན་ལྡན་མཛད་དེ། ཕྱིའི་གཞི་བདག་རྣམས་ལ་བཀའ་བསྒོས་དམ་བཞག་དང་སྣོད་བཅུད་ལ་བྱིན་རླབས་དང་རབ་གནས་མཛད་པ་དང་། རྗེ་དུས་གསུམ་མཁྱེན་པ་དབུས་ལ་ཕེབས་པའི་ཞབས་སྐྱེལ་དུ་རྗེ་འགྲོ་མགོན་རས་ཆེན་རྟ་ཤོད་དེ་དེང་གི་སྟེང་ཆེན་རྫོང་གི་བར་དུ་བྱོན་ནས་སླར་ཀརྨར་ཕེབས་ཏེ། སྔར་གྱི་སྤོ་སྤྱིལ་དེ་ལ་གཟིམ་ཁང་ཀ་དྲུག་མ་ཞིག་མཛད་པ་ལ་འགྲོ་མགོན་ཁྱམས་ཆེན་དུ་གྲགས་པ་བཅས་གསལ་ཁ་ཅན་བྱུང་བ་དང་། རྗེ་དུས་མཁྱེན་དགོངས་པ་ཆོས་དབྱིངས་སུ་ཐིམ་སྐབས་མཆོད་སྦྱིན་གྱི་རྣམ་གྲངས་མཐའ་ཡས་པ་མཛད་ཅིང་། ཆགས་མེད་ཀྱི་ཀརྨའི་གནས་བསྟོད་དང་མཁན་ཆེན་རཏྣའི་ཁུ་བྱུག་གཞོན་ནུའི་མགྲིན་གླུ་བཅས་སུ་གདུང་རྟེན་པུ་རི་ཆེན་མོ་དང་། ཁྱད་འཕགས་བདུན་ལྡན་གྱི་འདྲ་སྐུ་སྐུ་ཚད་ལས་ལོག་པོར་ཆེ་བའི་དུས་མཁྱེན་ཆོས་དྲུག་མ། གདུང་འབུམ་དབུས་མའི་མཆོད་རྟེན་བཅས་བཞེངས་པར་གསུངས་ནས་ནང་གཞུག་སྐོར་མདོར་བསྡུས་ཙམ་ལས་མ་གསུངས་ཀྱང་འདིའི་ནང་དུ་རྒྱས་ཙམ་བཀོད་འདུག་པས་སྐབས་དེར་ནང་གཞུག་སྐོར་གྱི་དཀར་ཆག་ཡོད་འདུག་སྙམ། སྤྱིར་ན་བླ་མ་རྣམས་ཀྱི་འདྲ་སྐུ་ནང་དུ་གསོལ་ཞལ་འཇོག་པའི་སྲོལ་ཡོད་པ་ལྟར། དུས་མཁྱེན་ཆོས་དྲུག་མའི་འདྲ་སྐུ་ནང་དུ་ཉིད་ཀྱི་གསོལ་ཞལ་ཡོད་པ་ཡང་། ཡིག་རྙིང་འདི་ཉིད་དུ། “རྗེ་ཉིད་ཀྱི་སྐུ་གདུང་སྐུ་བལ་ཡུང་འབྲུ་ལྟ་བུ་སྐུ་བེར་གསོལ་ཞལ།” ཞེས་འཁོད་པའི་གསོལ་ཞལ་ནི་རིག་གསར་སྐབས་སྐུ་ཁོག་ནས་ལྷུང་ནས་གཏོར་སྐྱོན་མ་ཤོར་བར་གདུལ་བྱའི་རྟེན་སྐལ་དུ་དེང་སང་ཡང་མཇལ་རྒྱུ་ཡོད་པ་འདི་ཉིད་ཡིན་འདུག་གོ། །
     ༢ ཚན་པ་གཉིས་པ། དངུལ་གདུང་ཁང་ངམ། དེང་སང་ཇོ་བོ་ཁང་གྲགས་པའི་ལྷ་ཁང་དུ་«ཀ་ཐོག་སི་ཏུའི་ལམ་ཡིག་»ལས། “སི་ཏུ་ཆོས་ཀྱི་རྒྱལ་མཚན་གྱི་སྐུ་གདུང་དངུལ་གདུང་ས་འཇིམ་གྱིས་གཡོགས་པ། བྱང་ཆུབ་རྡོ་རྗེའི་སྐུ་གདུང་། རྒྱལ་བ་བྱམས་པའི་གསེར་སྐུ་ལྷ་སའི་ཇོ་བོའི་སྐུ་ཚད། ཕྱག་སྟོང་སྤྱན་སྟོང་སྨན་སྐུ། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་འཇིམ་སྐུ་བཅས།” ཞེས་འཁོད་པའི་ཏཱའི་སི་ཏུ་སྐུ་ཕྲེང་དྲུག་པ་ཆོས་རྒྱལ་དགེ་ལེགས་དཔལ་བཟང་གི་སྐུ་གདུང་བྱང་ཆུབ་མཆོད་རྟེན་གྱི་ནང་རྟེན་གྱི་དཀར་ཆག་དང་། ཡིག་རྙིང་འདི་ཉིད་ལས། “མཆོད་རྟེན་འདི་ནི་རྗེ་དབང་ཕྱུག་མཆོག་གི་རྡོ་རྗེ་དང་གར་དབང་ཆོས་ཀྱི་དོན་གྲུབ་ཡབ་སྲས་ཀྱི་དགོངས་རྫོགས་ཀྱི་གདུང་རྟེན།”ཞེས་གསུངས་ཀྱང་དབང་ཕྱུག་རྡོ་རྗེ་མིན་པར་རྒྱལ་དབང་བྱང་ཆུབ་རྡོ་རྗེ་དང་ «ཀ་ཐོག་སི་ཏུའི་ལམ་ཡིག་»ཏུ། “བྱང་ཆུབ་རྡོ་རྗེའི་སྐུ་གདུང་”གསུངས་ཀྱང་ཞྭ་དམར་བརྒྱད་པ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་སྟེ་ཡབ་སྲས་གཉིས་ཀྱི་གདུང་རྟེན་ཡིན་ཅིང་། འདི་བཞེངས་མཁན་ཡང་དབོན་དབང་མཆོག་གིས་བཞེངས་པར་གསལ། རྒྱལ་བ་བྱམས་པའི་གསེར་སྐུ་ནི། «ཁུ་བྱུག་གཞོན་ནུའི་མགྲིན་གླུ་»ལས། སྤུངས་རི་ནང་སོ་བས་སི་ཏུ་མི་འཁྲུགས་ཆོས་ཀྱི་གོ་ཆའི་དགོངས་རྫོགས་སུ་བཞེངས་པའི་“གསེར་ཟངས་ཀྱི་བྱམས་པ་སྐུ་ཚད་ཆེ་ལེགས་རྒྱན་བཀོད་ཕུན་སུམ་ཚོགས་པ་བཞེངས་པ་ད་ལྟ་དངུལ་གདུང་ཁང་གི་ཇོ་བོར་གྲགས་པ་འདིའོ། །”ཞེས་གསུངས་པ་འདི་ཡིན་ཞིང་། ཡིག་རྙིང་«གནས་ཡིག་»འདི་ཉིད་ལས། “རྒྱལ་བ་བྱམས་པའི་སྐུ། ལྷ་སའི་ཇོ་བོའི་སྐུ་ཚད་བྱིན་རླབས་འོད་འབར་བ། ལྷ་སའི་ཇོ་བོ་དང་ཁྱད་མེད་ཅེས་སི་ཏུ་ཆོས་ཀྱི་རྒྱལ་མཚན་ཞལ་བཞེས་མཛད་པའི་རྟེན་ཁྱད་པར་དུ་འཕགས།”ཞེས་སི་ཏུ་ཆོས་རྒྱལ་དགེ་ལེགས་དཔལ་བཟང་གིས་ཆེ་བསྟོད་མཛད་པ་གསལ་ལོ། །ཕྱག་སྟོང་སྤྱན་སྟོང་གི་སྨན་སྐུ་ནི། ནམ་ཞིག་བཞེངས་པ་མི་གསལ་ཡང་དུང་ཡོན་གྱིས་ཚེ་འདས་ལྡན་རྣམ་ཐོགས་དྲངས་པའི་སེམས་ཅན་ཐམས་ཅད་ཀྱི་དགེ་རྩར་དམིགས་ནས། རྒྱུ་ཙན་དན་དཀར་དམར་དང་ས་མཆོག་ལས་གྲུབ་ཅིང་། རབ་གནས་ཡབ་སྲས་རྣམས་ཀྱིས་མཛད་པར་གསལ། རྒྱལ་བ་རྒྱ་མཚོའི་འཇིམ་སྐུ་ཡང་རྒྱུ་ཤིང་མཆོག་དཀར་དམར། ཨ་རུ་སྨན་སྤོས། གནས་ཆེན་རྣམས་ཀྱི་ས་རྡོ་ཆུ་བཅུད་ལས་གྲུབ་པར་གསལ།
     ༣ ཚན་པ་གསུམ་པ། ཀརྨའི་འབུམ་གསུམ་ཞེས་གྲགས་པའི་དབུས་ཀྱི་གདུང་འབུམ་འདི་ཉིད་དུས་གསུམ་མཁྱེན་པ་དགོངས་རྫོགས་གདུང་རྟེན་དུ། རྗེ་འགྲོ་མགོན་རས་ཆེན་གྱིས་བཞེངས་ཤིང་ནང་རྟེན་གྱི་དཀར་ཆག་རྣམས་རྒྱས་ཙམ་བཀོད་ཅིང་། རྗེ་འགྲོ་མགོན་རས་ཆེན་གྱི་སྐུ་ཚེའི་སྟོད་ཀྱི་རྣམ་ཐར་ཐར་ཐོར་དང་། དཔལ་ལྷ་སྟེང་དགོན་གྱི་གནས་སྒོ་ཕྱེས་ཤིང་མ་འོངས་པ་ན་དགེ་འདུན་གྱི་སྡེ་རྒྱས་པའི་ལུང་བསྟན་མཛད་པ། སློབ་མ་རྗེ་སྤོམ་བྲག་པ་བསོད་ནམས་རྡོ་རྗེ་ལ་ཞལ་ཆེམས་དང་བསླབ་སྟོན་གནང་ནས་གདན་སའི་བདག་པོར་མངའ་གསོལ་ཞིང་། རྗེ་ཉིད་དགོངས་པ་གཤེགས་པ་དང་སྐུ་གདུང་སྲེག་སྐབས་ལྟས་ངོ་མཚར་བ་སྣ་ཚོགས་དང་། གདུང་རྟེན་འབུམ་པ་རྗེ་དུས་གསུམ་མཁྱེན་པའི་གདུང་འབུམ་གྱི་ཤར་དུ་བཞེངས་པ། ནང་གཞུག་རྟེན་རྣམས་ཀྱི་དཀར་ཆག་དེ་སྔོན་གདན་རབས་ལོ་རྒྱུས་ལས་མ་གསལ་བ་འགའ་སྨོས་པ། རབ་གནས་མཛད་སྐབས་ཀུན་གྱིས་མཐོང་ཡུལ་དུ་རྗེ་འགྲོ་མགོན་རས་ཆེན་ཉིད་དངོས་སུ་བྱོན་ནས་ཐིམ་པ་སོགས་གསུངས་སོ། །དེ་ནས་གནས་ཡིག་ལོ་རྒྱུས་སྤྱི་དང་འདྲ་བར་མཁས་པ་དབང་གི་རྡོ་རྗེ་ལ་གདན་ས་གཏད་ནས་བཤད་སྒྲུབ་གཉིས་ཀྱིས་བསྟན་པ་སྤེལ་ཚུལ། དེས་རྒྱ་བློ་གྲོས་རིན་ཆེན་ལ་གདན་ས་གཏད་ནས་མཁས་པ་དབང་གི་རྡོ་རྗེའི་ཞལ་ཆེམས་ལྟར་གདུང་འབུམ་རིལ་པོ་གདུང་འབུམ་དབུས་མའི་ནུབ་ངོས་སུ་བཞེངས་པ་སོགས་གསུངས་ཤིང་། གནས་ཀྱི་བཀོད་པ་དང་རང་བྱོན་རྣམས་ནི། ཡིག་རྙིང་«གནས་ཡིག་བཞུགས་»ཞེས་པ་འདི་ཉིད་ལས། “འོག་མིན་ཀརྨ་ཞེས་ཤར་ཕྱོགས་ཀྱི་ཟོ་དོར་ལ་ཀརྨ་རང་བྱོན། མདུན་གྱི་སྤང་ལ་གསེར་ཉ་དང་སངས་རྒྱས་སྟོང་། རྒྱབ་ཀྱི་བྲག་ལ་ཚེས་བརྒྱད་ཀྱི་ཟླ་བ། ནགས་རི་གསུམ་ལ་ཉི་མ་དང་ཟླ་བ་དབུ་གདུགས་ཀྱི་ཚུལ། ལུང་པ་གསུམ་པོ་རྩ་དབུ་རྐྱ་རོ་གསུམ་སོགས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ། ནང་ལྟར་ན་ཟླ་གམ་དབང་དྲག་འབར་བའི་དཀྱིལ་འཁོར་པདྨ་གསུང་གི་གནས། བྲག་གོང་ན་རིགས་གསུམ་མགོན་པོའི་སྙིང་པོ། བྲག་རི་ལ་སྤྱན་རས་གཟིགས་ཁ་སར་པཱ་ཎི། དཔལ་དུས་མཁྱེན་ལ་སོགས་པ་ཀརྨ་པ་ན་རིམ། མགོན་པོ་བེར། རྗེ་དུས་མཁྱེན་གྱི་གྲུབ་ཆུ་ལ་དགུན་འཁྱག་པ་ལ་དུང་དཀར་གཡས་འཁྱིལ། རྗེ་དེ་བཞིན་གཤེགས་པའི་ཕྱག་མཁར་གྱིས་བྲིས་པའི་ཡི་གེ་དྲུག་པ། དགེ་བསྙེན་དཔལ་ལྡན་ཤེས་རབ་ཀྱི་རིའི་སྤང་ངོས་ལ་སངས་རྒྱས་གཙོ་འཁོར་གསུམ། ཀར་འཛོང་གི་བྲག་རི་རྣམས་ལ་འཕགས་པ་གནས་བརྟན་བཅུ་དྲུག །ཀརྨ་རིའི་སྒྲུབ་སྡེའི་སྤང་ལུང་ན་རྗེ་རང་བྱུང་ཞབས་ཀྱི་གྲུབ་ཆུ་ཡན་མན་གཉིས། ཟོ་དོར་མགོན་དཔལ་ལ་གཡའ་མའི་སྒྲུབ་ཁང་དང་གྲུབ་ཆུ་སོགས་བཞུགས་ཤིང་། ཡི་དམ་དང་ཌཱ་ཀིས་མཚན་གསོལ་བའི་ཤར་ཕྱོགས་སུ་མངོན་དགའ་སྟེང་། ནུབ་ཕྱོགས་སུ་བདེ་ཆེན་རྩེ་ཞེས་པ་སྟེ། དེང་སང་མི(ང་)བསྣོལ་ནས་བརྗོད་དར་སྣང་།”ཞེས་དང་། “གནས་སྒོ་འདིར་དམ་ཅན་མགར་པ་ནག་པོ་ནང་གི་སྒོ་སྲུང་དམ་ཅན་འགག །ཕྱིའི་སྒོ་སྲུང་ཀླུ་བདུད་རྡོ་རྗེ་རྒྱལ་པོ་ཇོ་བོ་སྔགས་ཀྱི་བདག་པོའི་ཕོ་བྲང་དངོས་སུ་གསལ་བ་བྲག་དང་ཕ་བོང་ལ་སྦལ་པ་དང་སྦྲུལ་ནག་གནམ་དུ་འཕྱོང་བ་ཕོ་བྲང་ལ་རའུ་ཆུ་རྫོངས་ཞེས་བལྟ་བས་མི་བཟོད་པ་སོགས་བཞུགས་སོ། །”ཞེས་དེ་སྔོན་མཐོང་ཡུལ་དུ་ཡོད་པའི་ལོ་རྒྱུས་ཁག་དང་ངག་རྒྱུན་རྣམས་ལས་གསལ་མི་གསལ་ཅི་རིགས་འཁོད་པ་ཞིག་གོ། །
     ༤ ཚན་པ་བཞི་པ། གཙང་ཁང་དབུས་མའམ་ཐུབ་ཆེན་ཁང་གི་རྟེན་གཙོ་ཐུབ་ཆེན་བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་ནི། གདན་རབས་ལོ་རྒྱུས་«སྙན་གྲགས་ལྷ་ཡི་རྔ་ཆེན་»དང་། «ཁུ་བྱུག་གཞོན་ནུའི་མགྲིན་གླུ» «གཟུར་གནས་དགྱེས་པའི་རོལ་མོ་»སོགས་སུ་སི་ཏུ་བཀྲ་ཤིས་དཔལ་འབྱོར་གྱིས་གདན་ས་མཛད་སྐབས་རྒྱལ་དབང་ཆོས་གྲགས་རྒྱ་མཚོ་དང་གཽ་ཤྲཱི་དཔལ་འབྱོར་དོན་གྲུབ་གཉིས་ཀྱིས་བཀའ་བགྲོས་ནས་བཞེངས་པ་དང་། རྒྱལ་དབང་ཀརྨ་པ་ཆོས་གྲགས་རྒྱ་མཚོས་མཛད་པའི་«དཀར་ཆག་གསལ་བའི་མེ་ལོང་»ལས། ལེའུ་བཅུ་གཉིས་ཀྱིས་ནང་གཞུག་གི་རྟེན་རྒྱས་པར་བཤད་ནས་“དྲུང་གུ་ཤྲི་པ་དང་། གདན་ས་པ་སིདྷུ་པ་ཁུ་དབོན་དཔོན་སློབ་ལ་སོགས་གཞི་བྱེས་ཀྱི་ཚོགས་སྟོན་པ་རྣམས་དང་།” ཞེས་པ་ཙམ་ལས་གསལ་ཁ་ཆེར་མི་སྣང་ཡང་། ཡིག་རྙིང་འདི་ཉིད་དུ། རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་ཐུགས་དམ་གྱི་རྟེན་དུ་བཟོ་བཀོད་དང་ཕྱག་ཚད་གཽ་ཤྲཱི་དཔལ་འབྱོར་དོན་གྲུབ་དང་། སྦྱིན་བདག་གི་འདུ་སྒོ་ཕུན་སུམ་ཚོགས་པ་སི་ཏུ་བཀྲ་ཤིས་དཔལ་འབྱོར་གྱིས་མཛད་དེ་བཞེངས་པ་གསལ་ཞིང་། ནང་རྟེན་རྣམས་བསྡུས་ནས་གསུངས་པ་དང་། དེ་ལས་གཞན་རྟེན་རྣམས་ལས། ཡིག་རྙིང་འདི་ཉིད་དུ། “རྗེ་རང་བྱུང་པའི་བཞེད་པ་ལྟར་མདུན་གྱི་ཐུབ་ཆེན་འདི་འཇམ་དབྱངས་བློ་གྲོས་སེང་གེའི་ཐུགས་དམ་གྱི་རྟེན་ལ་བཞེངས་པ་ཐུབ་པ་གངས་ཅན་མཚོ་རྒྱལ་དུ་གྲགས་པ། གཡས་ཀྱི་འདི་སི་ཏུ་དགེ་འདུན་ཡེ་ཤེས་ཀྱིས་བཞེངས་པའི་ཐུབ་པ་མེ་རྡུགས་མར་གྲགས་པ།”ཞེས་གསུངས་ཀྱང་«ཁུ་བྱུག་གཞོན་ནུའི་མགྲིན་གླུ་»དང་། «གནས་ཡིག་མཐོང་བས་རབ་གསལ་»རྣམས་སུ་སི་ཏུ་དགེ་འདུན་ཡེ་ཤེས་ཀྱིས་ཀརྨ་པ་རང་བྱུང་རྡོ་རྗེའི་དགོངས་རྫོགས་སུ་བཞེངས་པར་གསུངས་པས་འདི་གཉིས་གོ་རིམ་འཁྲུགས་འདུག །ཀ་ཐོག་སི་ཏུ་ལམ་ཡིག་ཏུ། “མདུན་རང་བྱུང་རྡོ་རྗེའི་དགོངས་རྫོགས་སི་ཏུ་དགེ་འདུན་ཡེ་ཤེས་ཀྱིས་བཞེངས་པའི་ཐུབ་སྐུ་ལི་མ་དང་།”ཞེས་པ་འདི་ཉིད་ཡིན། ཏཱའི་སི་ཏུ་ཆོས་ཀྱི་རྒྱལ་མཚན་གྱིས་བཞེངས་པའི་ཐུབ་པ་ཆུ་རྡུགས་མ་དང་། རྗེ་གྲོ་མགོན་རས་ཆེན་གྱིས་བཞེངས་པའི་རྗེ་དུས་གསུམ་མཁྱེན་པའི་པུ་རི་མཆོད་རྟེན། རྒྱལ་སྲས་སྤོམ་བྲག་པས་བཞེངས་པའི་རྗེ་འགྲོ་མགོན་རས་ཆེན་གྱི་པུ་རི་མཆོད་རྟེན། འཇམ་དབྱངས་བློ་གྲོས་སེང་གེས་བཞེངས་པའི་ཀརྨ་པཀྴིའི་པུ་རི་མཆོད་རྟེན་ཏེ། ཡིག་རྙིང་འདི་ཉིད་དུ། “རྗེ་བདུན་པའི་ཞལ་ནས། ཤར་ཕྱོགས་རྒྱ་མཚོའི་མཐའ་ཚུན་ཚད་ན་རྟེན་འདི་ལས་ལྷག་དང་བྱིན་རླབས་ཆེ་བ་མེད་ཅེས་རྡོ་རྗེའི་གསུང་།”ཞེས་གསུངས་པ་ལྟར་རོ། །པུ་རི་གདུང་རྟེན་འདི་གསུམ་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་ཀརྨའི་གནས་བསྟོད་སྙན་གྲགས་ལྷ་ཡི་རྔ་ཆེན་མཛད་སྐབས་བྱམས་ཆེན་ཁང་དུ་བཞུགས་ཡོད་པར་གསལ་ཡང་ཡིག་རྙིང་འདི་དང་གནས་ཡིག་མཐོང་བས་རབ་གསལ་ཀ་ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་ལམ་ཡིག་རྣམས་སུ་ཐུབ་ཆེན་ཁང་དུ་ཡོད་པར་གསུངས་སོ། །
     ༥ ཚན་པ་ལྔ་པ། གཡེར་མོ་ཆེའི་ཐོག་རྩིག་བར་པའི་ནང་ནས་ཐུབ་པ་ལྷ་ཁང་ངམ་མཐོང་གྲོལ་ཁང་སྟེ། དེང་སང་འགྲོ་མགོན་ཁང་ཞེས་པའི་ནང་རྟེན་རྣམས་ཏེ། «གནས་རྟེན་བསྔགས་བརྗོད་»ལས། “མཐོང་གྲོལ་ཁང་དུ་འགྲོ་མགོན་ང་འདྲ་མ། །ཞྭ་ཕུད་མཛད་སོགས་རྫུ་འཕྲུལ་དངོས་སྟོན་དང་། །ཐུབ་དབང་མཐོང་གྲོལ་དུས་མཁྱེན་མི་བསྐྱོད་སོགས། །དད་པའི་རྟེན་མཆོག་ལི་མའང་མང་དུ་བཞུགས། །”ཞེས་པ་ལྟར་རྒྱལ་སྲས་སྤོམ་བྲག་པས་བཞེངས་པའི་རྗེ་འགྲོ་མགོན་རས་ཆེན་གྱི་འདྲ་སྐུ་དང་། རྗེ་མཐོང་བ་དོན་ལྡན་གྱི་སྐུ་བརྙན་ཀརྨའི་གདན་རབས་པ་མཚུར་ཕུ་སྐུ་སྐྱེ་བསོད་ནམས་མཆོག་ལྡན་(འདི་ཉིད་ཀྱི་རྣམ་ཐར་སི་ཏུ་ཆོས་རྒྱལ་དགེ་ལེགས་དཔལ་བཟང་གིས་མཛད་པ་ཡོད་པར་གསལ་ཡང་དེ་སྔོན་རྙེད་མེད།)གྱིས་བཞེངས་པ་བྱིན་རླབས་ཆར་འབེབས་ཏེ། «ཁུ་བྱུག་གཞོན་ནུའི་མགྲིན་གླུ་»ལས། “དུས་མཁྱེན་ལྷ་ཁང་དུ་དོན་ལྡན་ཞབས་ཀྱི་དངུལ་སྐུ་བཞེངས།”ཞེས་པ་འདི་ཉིད་སྔོན་མར་དུས་མཁྱེན་སྐུ་འཁོར་དུ་ཡོད་ཀྱང་སི་ཏུ་ཆོས་རྒྱལ་དགེ་ལེགས་དཔལ་བཟང་གིས་དུས་མཁྱེན་སྐུ་འཁོར་གྲལ་དུ་རྗེ་དོན་ལྡན་གྱི་སྐུ་ཚད་ཀྱི་དངུལ་སྐུ་གསར་དུ་བཞེངས་ནས་སྔོན་མའི་སྐུ་བརྙན་འདི་ཉིད་ཐུབ་པ་ལྷ་ཁང་དུ་གདན་དྲངས་པར་སེམས། སི་ཏུ་ཆོས་ཀྱི་གོ་ཆས་བཞེངས་པའི་མི་བསྐྱོད་རྡོ་རྗེ་འཇའ་ཟུག་མར་གྲགས་པའི་རྒྱུ་མཚན་ཡང་། འདི་ཉིད་དུ། “ནུབ་ཕྱོགས་ནས་འཇའ་དཀར་པོ་དང་དམར་སེར་ལྗང་གུ་སོགས་ཞི་རྒྱས་དབང་དྲག་གིས་དབྱེ་བས་ཀུན་གྱིས་མཐོང་བར་བྱིན་གྱིས་བརླབས་པས་རྗེ་དངོས་མཇལ་བ་ལྟ་བུའི་བྱིན་རྟེན་ལགས་སོ། །”ཞེས་པ་དང་། སི་ཏུ་མི་འཁྲུགས་ཆོས་ཀྱི་གོ་ཆས་བཞེངས་པའི་དངུལ་སྐུའི་ཐུབ་པ་མཐོང་གྲོལ་ཆེན་མོ་སོགས་ལྟུང་བཤགས་ལྷ་རྣམས་ཀྱི་སྐུ་བཞུགས་པ་གསལ་ཞིང་། ལོགས་བྲིས་ལ། འདི་ཉིད་ལས། “ལོགས་བྲིས་ལ་གྲུབ་ཆེན་བརྒྱད་ཅུ་བྲིས་སྐུ་མཐོང་བ་དོན་ལྡན་རྒྱས་པ་བཀའ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་མཁའ་འགྲོ་ལ་ཚེ་རིང་མཆེད་ལྔ་གཅོད་ཡུལ་བརྒྱུད་པ་ཆོས་སྐྱོང་མ་མགོར་ལྕམ་དྲལ་གཙོར་བྱས་བསྟན་སྲུང་དང་ངན་སོང་སྦྱོང་རྒྱུད་ལྷ་ཚོགས་བཞུགས་སོ། །”ཞེས་རྟེན་གསུམ་ངོ་མཚར་བས་ཕྱུར་བུར་བཀང་བར་གསུངས་ཀྱང་དེང་སང་ད་དུང་ཡང་ཉམས་གསོ་མ་ཐུབ་པར་རལ་རུལ་དང་ཉབ་ཉོབ་ཀྱིས་ཁེངས་འདུག་གོ། །
དཔལ་འོག་མིན་ཀརྨའི་གདན་ས་བར་ཐང་གི་གནས་ཡིག་ཆེན་མོ་མཐོང་བ་རབ་གསལ།
     ཡིག་རྙིང་འདི་ཉིད་ཀྱང་ཨ་བོ་ཚང་གི་དཔེ་རྙིང་ཁྲོད་ནས་རྙེད་ཅིང་། དུས་རབས་བཅོ་བརྒྱད་པའི་ནང་ཙམ་དུ་གནས་དང་རྟེན་རྣམས་ཀྱི་བཤད་པ་ཟིན་བྲིས་སུ་བཏབ་པ་ཞིག་ཡིན་པར་སེམས། འོན་ཀྱང་དེ་སྔོན་“གདན་ས་བར་ཐང་”ཞེས་པའི་བརྡ་ཆད་འདི་དུས་རབས་བཅུ་དགུ་པའི་ནང་ཙམ་མ་གཏོགས་དེའི་ཡན་དུ་སྦྱར་བ་ཞིག་མ་མཐོང་བས་དཔྱད་པར་འོས། འདིའི་ནང་དོན་ཡང་རྗེ་དུས་གསུམ་མཁྱེན་པས་གདན་ས་བཏབ་ནས་རྗེ་འགྲོ་མགོན་རས་ཆེན་སོགས་ཀྱིས་གདན་ས་སྐྱོང་ཚུལ། གྲུབ་ཆེན་ཀརྨ་པཀྴིས་བྱམས་ཆེན་བཞེངས་ཚུལ། ཐུབ་ཆེན་ཁང་གི་རྟེན་རྣམས་བཞེངས་ཚུལ། བླ་མ་ལྷ་ཁང་གི་དུས་ཆེན་ཆོས་དྲུག་མ་ནས་རྗེ་ཡེ་ཤེས་རྡོ་རྗེ་ཡན་གྱི་འདྲ་སྐུ་རྣམས་བཞེངས་མཁན་དང་བཅས་པ་གསུངས་ནས་ཕྱིའི་གནས་ཀྱི་བཤད་པ་མདོར་བསྡུས་བྱས་པ་ཞིག་ཡིན་འདུག་ལ། གོང་གི་གནས་ཡིག་རྙིང་པ་དེ་དང་། མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གནས་བསྟོད། གནས་ཀྱི་དཀར་ཆག་རིན་ཆེན་ཕྲེང་བ་རྣམས་སུ་མ་འདུས་པར་ཆེར་མི་འདུག་ཀྱང་འཁོར་ལོ་བདེ་མཆོག་གི་མཚམས་ཀྱི་བུམ་པ་བཞི་ཞེས་པའི་ཆུ་བོ་བཞི་ལ་མི་འདྲ་བར་ཅུང་ཟད་འདུག་གོ། །
ཆབ་རྣོ་སྨྱུག་ཏུ་འབོད་པས་དུས་ཚོད་ཁོམ་དྲགས་ནས་ངོ་སྤྲོད་ཚུལ་དུ་བྲིས་པའོ།། 2022/8/ 29

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1841