ཟླ་བའི་གསལ་སྒྲིབ།
ཞི་ཞིང་དུལ་བས་གདུལ་བྱའི་དང་བ་འདྲེན།།
མཁས་ཤིང་གྲུབ་པས་སྙན་པའི་བ་དན་ཁྱབ།།
རང་ཚུགས་རི་བོ་བཞིན་དུ་རྟག་བརྟན་པ།།
ཟླ་བའི་གྲགས་པ་ཅན་ཁྱོད་སྨོན་པའི་ཡུལ།།
ངས་དགེ་བའི་བཤེས་གཉེན་ཟླ་བ་ཚེ་རིང་མཆོག་གི་གསུང་གཞུང་ལུགས་སློབ་ཁྲིད་དང་། སློབ་གཉེར་སློབ་གསོ། དྲི་བ་དྲིས་ལན་སྐོར་གྱི་སྒྲ་མི་ཉུང་བ་ཞིག་ཉན་ཞིང་། རྩོད་བརྙན་དང་ཕེབས་བཞུགས་ཀྱི་གཟུགས་བརྙན་འགའ་ཤས་མཇལ་བས་ཁོང་ནི་བདག་སེམས་ཀྱི་དང་བ་འདྲེན་མཁན་ཞིག་ཏུ་གྱུར། དེ་ནས་རིམ་བཞིན་ཁོ་བོ་ཁོམ་སྐབས་བསྟུན་ནས་«གསལ་རིག་སེམས་ཀྱི་འབུམ་བརྙན།»ཞེས་པའི་ཕྱག་དཔེ་འདི་མཇལ་བའི་མགོ་བརྩམས་པ་ཡིན།
ཕྱག་དཔེ་འདི་མར་མར་མཇལ་དུས་དོན་དངོས་ཀྱི་སློབ་གཉེར་པ་ཟེར་བ་དེ་ནི། ལོ་རེ་གཉིས་ལ་འཛིན་གྲྭ་ཁ་ཤས་རིམ་འཕར་བྱས་པ་དང་། ལོ་རེ་གཉིས་དཔེ་ཆ་ལ་བརྩོན་པ་དཔག་མེད་བྱས་པས་སྙན་གྲགས་འབར་བ་ལྟ་བུ་མ་ཡིན་པར། སྐུ་ཚེ་ཐོས་བསམ་དང་འདྲེས། ཐོས་བསམ་འཚོ་བ་ལ་ཐིམ་པའི་སློབ་གཉེར་པ་ཟེར་བ་དེ་ལོས་ཡིན་བསམ་པ་ཞིག་བྱུང་སོང་། བལྟས་ཚོད་ལ། མཁན་པོ་དང་དགེ་བཤེས་ཕལ་བས་གྲངས་འདྲེན་དང་ཆོས་ཚན་ཙམ་ཡང་བགོ་བར་དཀའ་བའི་རྒྱལ་བའི་བཀའ་འགྱུར་དང་། བོད་འགྱུར་བསྟན་འགྱུར་ནི་ཁོང་གིས་དུས་རྒྱུན་ཁ་འདོན་ལྟ་བུ་ཞིག་ཏུ་གྱུར་ཡོད་པའི་ཚོར་སྣང་འདྲ་ཞིག་བྱུང་སོང་། ཨ་ལ་དེ་ཚད་བསྟོད་ཆེ་འགྲོ་ན་ཅི་ཤེས། གང་ལྟར་ཁོང་གིས་མ་བཀླགས་པའི་བཀའ་བསྟན་ནི་ཕལ་ཆེར་མེད་པའི་ཚོད་དུ་འདུག འདི་ཡང་ང་རང་ཡིད་སྨོན་འཆོར་སའི་གནས་ཀྱི་གཙོ་བོ་ཞིག་ཏུ་གྱུར།
འོན་ཀྱང་བསམ་གཞིག་གཞན་ཞིག་བྱས་ན། ཁོང་གིས་བཀའ་བསྟན་ཚད་མེད་ཅིག་དྲངས་དྲངས་པའི་མཐར། རྒྱལ་བའི་བཀའ་ནི་བསྟན་བཅོས་ལ་གཏུག རྒྱ་གར་མཁས་པའི་བསྟན་བཅོས་ནི་རྗེ་ལ་གཏུག རྗེ་ཡི་དགོངས་པ་ནི་སྲས་ལ་གཏུག སྲས་ཀྱི་བཞེད་པའང་ཡིག་ཆ་ལ་གཏུག ཡིག་ཆའི་རྩ་དོན་ནི་གདན་སའི་བཤེས་གཉེན་རྣམ་པའི་གསུང་རྒྱུན་ལ་གཏུག་གིན་ཡོད་པའི་ཚོར་སྣང་ཞིག་ཀྱང་བྱུང་བས་ཅུང་ཟད་བཤད་མ་ཤེས་པ་འདྲ་བོ་ཞིག་བྱུང་སོང་། གལ་ཏེ་དངོས་གཤིས་ལ་དཔྱད་པའི་ཚེ་དངོས་གཤིས་བདེན་པའི་རྒྱབ་རྟེན་འཚོལ་སྟངས་ལ་ལུགས་འབྱུང་ལྡོག་གཉིས་ཡོད་ན། འདི་ལྟར་གྱི་ཁུངས་འཚོལ་སྟངས་འདི་ཕལ་ཆེར་ལུགས་ལྡོག་གི་ལམ་ནས་དངོས་གཤིས་བདེན་པའི་རྒྱབ་རྟེན་འཚོལ་སྟངས་དེ་ཡིན་པར་འདྲ།
རེད། ད་ཐེངས་གུས་པས་གཞུང་འདིའི་མགོ་མཇུག་ཆ་ཚང་ལ་དཔྱད་པར་མི་འདོད་དེ། རྒྱ་ཆེ་བས་རེ་རེ་བཞིན་དཔྱད་དགོས་ན་བློ་གྲོས་དམན་པའི་གུས་པ་འདྲ་ཞིག་གིས་དཔྱད་ཐུབ་པ་ཡང་མི་འདུག་སྟེ། གཞུང་དོན་ལ་ལ་ནི་གོ་བའི་ཚོད་དུ་མི་འདུག ཡང་ལ་ལ་ནི་དཔྱད་ཀྱང་རང་ཉིད་ངལ་བའི་རྒྱུ་ལས་ཕན་འབྲས་དམིགས་བསལ་གང་ཡོད་པར་མ་མཐོང་། ཡིན་ན་ཡང་དེའི་ནང་གི་ཚན་པ་ཆུང་ཆུང་ཞིག་སྟེ། འགྲོ་བའི་མགོན་པོ་བཀའ་བརྒྱུད་པས་“ཡིད་དཔྱོད་”འདོད་མིན་གྱི་ཐད་ནས་ཉུང་ཉུང་ཞིག་འབྲི་ན་བསམ་སོང་།
འདི་སྐད་དུ་དགེ་བཤེས་མཆོག་གིས་ཕྱག་དཔེ་འདིའི་ཤོག་ལྡེབ་གྲངས་༢༢༠ཡི་ངོས་སུ་“ རྗེ་ཙོང་ཁ་པ་ཡབ་སྲས་སོགས་རི་བོ་དགེ་ལྡན་པ་རྗེས་འབྲང་བཅས་པ་དང་། མཉམ་མེད་བཀའ་བརྒྱུད་པ། ཇོ་ནང་ཀུན་མཁྱེན་ཏ་ར་ན་ཐ་སོགས་དང་། དྲན་པའི་ནམ་མཁའ་སོགས་གཡུང་དྲུང་བོན་གྱི་མཁས་པ་རྣམས་དང་། སྔར་འགྱུར་རྙིང་མའི་མཁས་པ་དག་གིས་ཀྱང་ཡིད་དཔྱོད་འདོད་པ་ཡོངས་སུ་གྲགས་ཤིང་། མདོར་ན། དཔལ་ས་སྐྱ་པ་ལས་གཞན་བོད་ཀྱི་ཆོས་བརྒྱུད་གསར་རྙིང་ཀུན་དང་། སྔ་རབས་དང་ཕྱི་རབས་དང་། གཡུང་དྲུང་བོན་དང་བཅས་པའི་མཁས་པ་དག་གིས་ཡིད་དཔྱོད་བཞེད་པར་མགྲིན་གཅིག་དབྱངས་གཅིག་ཏུ་སྣང་། ” ཞེས་དང་། ཤོག་ལྡེབ་གྲངས་༢༥༣གྱི་ངོས་སུ། འགྲོ་མགོན་བཀའ་བརྒྱུད་པ་དང་། སྔ་འགྱུར་རྙིང་མ་པ། རི་བོ་དགེ་ལྡན་པ། རྒྱལ་བ་ཇོ་ནང་པ། གཡུང་དྲུང་བོན་དང་བཅས་པའི་མཁས་པ་དག་གིས་ཡིད་དཔྱོད་བཞེད་པ་གོང་དུ་ཆེས་གསལ་བར་བསྒྲུབས་ཟིན།”ཞེས་གསུངས་འདུག་ཀྱང་། ཕྱག་དཔེ་འདིར་འགྲོ་མགོན་བཀའ་བརྒྱུད་པས་ཡིད་དཔྱོད་བཞེད་པ་ནན་གྱིས་གསུངས་པ་ལས། བཞེད་པའི་སྒྲུབ་བྱེད་ནི་ཡི་གེ་འབྲུ་གཅིག་ཀྱང་བྲིས་མཛད་མི་འདུག གོང་དུ་གསལ་བར་བསྒྲུབས་ཟིན་ཞེས་གསུངས་པ་ལས་དེའི་གོང་ན་བཀའ་བརྒྱུད་པས་ཡིད་དཔྱོད་བཞེད་པར་ཤེས་བྱེད་ནི་ཡི་གེ་ཨ་ཐུང་ཞིག་ཀྱང་བྲིས་མཛད་མི་འདུག
མ་ཟད། རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་ཀརྨ་པས། ཚད་མ་རྗོད་པར་བྱེད་པ་ཐམས་ཅད་ཀྱི་ཆུ་བོ་ཡོངས་སུ་འདུ་བ་རིགས་པའི་གཞུང་ལུགས་ཀྱི་རྒྱ་མཚོ་ལས། ཚད་མ་རིགས་གཏེར་ལས། ཚད་མིན་གྱི་བློ་ལ་ལྔར་འདོད་པའི་ཕྱོགས་སྔ་བརྗོད་པའི་གཞུང་དང་། དེ་དགག་པའི་གཞུང་རྣམས་རིམ་བཞིན་དྲངས་ནས། “དེ་ལ་ཡིད་དཔྱོད་དང་བཅད་ཤེས་གཉིས་མ་རྟོགས་པའི་བློ་ལས་གཞན་མ་ཡིན་པ་དང་། མངོན་སུམ་དང་བཅད་ཤེས་ཀྱི་གཞི་མཐུན་མེད་པ་ནི་བདེན་མོད་ཀྱི།” ༢༣ ཞེས་ཡིད་དཔྱོད་དང་བཅད་ཤེས་གཉིས་མ་རྟོགས་པའི་བློར་འདུ་བས་ཚད་མིན་གྱི་བློའི་དབྱེ་བ་མཚན་ཉིད་པར་མི་མཐད་པར་ས་པཎ་ལ་བདེན་ཁ་བྱིན་ཞིང་། དེའི་འོག་མ་རྟོགས་པའི་བློ་ཚད་མིན་གྱི་བློའི་དབྱེ་བར་འདོད་པའི་ས་པཎ་གྱི་ལུགས་ཀྱང་དགག་ནས་“དེས་ན་ཚད་མིན་གྱི་བློ་ཐམས་ཅད་ཐེ་ཚོམ་དང་ལོག་ཤེས་གཉིས་སུ་གྲངས་ངེས་སོ།།” ༢༤ ཞེས་ཚད་མིན་གྱི་བློ་ལ་གཉིས་སུ་གྲངས་ངེས་མཛད་པ་འདི་ཇི་ལྟར། འདི་ཙམ་ཡང་མ་གཟིགས་ན་ནི་འགྲོ་མགོན་བཀའ་བརྒྱུད་པས་ཡིད་དཔྱོད་བཞེད་ཅེས་གསུང་པ་འདི་ཞིབ་འཇུག་མེད་པར་ཧམ་བཤད་དུ་འགྱུར་བས་རིགས་པ་སྨྲ་བའི་ལུགས་སུ་མི་མཐད།
ཅི་སྟེ། ཡིད་དཔྱོད་མ་རྟོགས་པའི་བློ་ལས་གཞན་མིན་པར་གསུངས་པས་སྤྱིར་ཡིད་དཔྱོད་ཡོད་པར་བཞེད་དེ། དེ་ཉིད་མ་རྟོགས་པའི་བློ་རུ་བཞེད་པའི་ཕྱིར་ཞེ་ན། འོ་ན། དཔལ་ལྡན་ས་སྐྱ་པས་ཀྱང་ཡིད་དཔྱོད་བཞེད་པར་འགྱུར་ཏེ། ཡིད་དཔྱོད་ཀྱི་བློ་དེ་མཐར་གཏུགས་ན་ཐེ་ཚོམ་ལས་གཞན་མིན་པར་བཞེད་པའི་ཕྱིར་ཏེ། ཡིད་དཔྱོད་རྟགས་ལ་གཏན་མི་ལྟོས།། དམ་བཅའ་ཙམ་ཡིན་ཐེ་ཚོམ་འགྱུར། ། ཞེས་གསུངས་པའི་ཕྱིར། རྟགས་ཁྱབ་ཞལ་གྱིས་བཞེས། འདོད་ན། ཤོག་གྲངས་༢༢༡ལས་
“ཞེས་ཕྱོགས་སྔའི་འདོད་པ་བཀོད་ནས། ཡིད་དཔྱོད་རྟགས་ལ་གཏན་མི་ལྟོས།། ཞེས་པ་ནས། བློ་རིག་བཞིར་འདུས་ཡིད་དཔྱོད་མིན།། ཞེས་པའི་བར་ཚིགས་ སུ་བཅད་པ་བདུན་དང་རྐང་པ་གསུམ་གྱིས་ཡིད་དཔྱོད་འདོད་པ་དགག་པ་དང་ མི་འདོད་པའི་སྒྲུབ་བྱེད་སྣ་ཚོགས་མཛད་ཅིང་། དེ་ལ་བརྟེན་ནས་གོ་རམས་པ་ སོགས་རྗེས་འཇུག་ས་སྐྱའི་མཁས་པ་རྣམས་ཀྱིས་ཀྱང་ཡིད་དཔྱོད་མི་བཞེད་པའི་ཕྱོགས་བྱས་སོ།།” ཞེས་གསུངས་པ་ཆུད་ཟོས་སུ་འགྱུར་རོ།།
༢༠༢༢.༥.༨ཉིན་ལྷོ་ཚང་བརྩོན་འགྲུས་ཀྱིས་དཔེ་ཀློག་ཟིན་བྲིས་སུ་བཏབ།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1838
དཔྱད་མཆན་སྤེལ།