ཤེས་རབ་རྒྱལ་མཚན།
གཅིག
ང་ལ་གྲོགས་པོ་ཞིག་ཡོད། ཁོ་ནི་བསམ་གཞིག་གཏོང་བར་དགའ་ལ་དཔེ་ཀློག་དང་རྩོམ་འབྲི་བར་ཡང་ཧ་ཅང་དུངས་བ་ཆེ། དེ་རིང་ཡང་ཁོང་གི་དཔེ་ཀློག་གཏོང་བའི་བར་གསེང་ནས་དཔྱོད་ལྡན་གྱི་མི་སྣ་ཞིག་དྲན་གྱིན་འདུག རེད་ཡ། དེ་ནི་མི་ལོ་བརྒྱ་དང་བཅུ་དགུའི་ཡར་སྔོན་ཞིག་ལ་མདོ་སྨད་རེབ་གོང་ཡུལ་གྱི་ཤོ་འོང་བྱ་བའི་གྲོང་སྡེ་ཆུང་ཆུང་དེ་རུ་ཡབ་ཨ་ལགས་རྡོ་རྗེ་རྒྱལ་མཚན་དང་ཡུམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས་པའི་མིང་ལ་རིག་འཛིན་རྣམ་རྒྱལ་དུ་འབོད་པའི་བྱིས་པ་པྲ་ཚག་ཅིག་དྲན་གྱིན་འདུག མི་དྲན་པ་ཞིག་ག་ལ་སྲིད། དེ་ནི་རང་ཅག་བོད་ལ་མཚོན་ན་མཚར་སྡུག་འོད་སྟོང་འབར་བའི་ཉི་གཞོན་ཞིག་འདི་ཡིན་ཆ་མེད་ཀྱི་ངང་ནས་ནུབ་རི་ལ་བཞུད་སོང་བ་དང་གཉིས་སུ་མེད་ལ། ཅི་མི་སྙམ་པའི་ངང་ནས་དུས་ཚིགས་དང་ལོ་ཚིགས་ལྗིད་ཏིག་ཏིག་འཁུར་བའི་ལོ་རྒྱུས་དེབ་ཐེར་ཞིག་ཀྱང་ཟག་རལ་མེད་བརླག་ཏུ་གྱུར་སོང་བ་ཅི་ལ་མིན། དུས་རབས་དེར་བོད་མི་ཡོངས་གདོན་དང་འདྲེ་གང་ཞིག་གིས་བྱིན་གྱིས་བརླབས་པ་མི་ཤེས་མོད་གང་ལྟར་གཉིད་འཐུག་ནག་འཐོམས་འཐོམས་ཤིག་གི་བཟི་འདུག་པ་ནི་གདོན་མི་ཟ་འོ།། ཁོང་ནི་གཉིད་ལས་སད་ཅིང་རྨོངས་འཐོམས་དེ་དག་ལ་འོད་ཀྱི་སྒྲོན་མེ་བསྒྲོན་ཏེ་སད་ཐབས་ཇི་ལྟར་བྱས་ཀྱང་། བོད་མི་དག་དང་སྡེ་བ་གཞུང་། ལྷག་ཏུ་ཀ་ཤོད་པ་སོགས་དེ་ལས་ལྡོག་སྟེ་གཉིད་ལོག་བྱས་ཤིང་གཉིད་བཤད་མང་ཙམ་པ་ཞིག་བྱས་མཐར། མཁས་པ་ཉིད་ཀྱང་ཞེན་ལོག་ཅིང་ཕྱི་ནང་གཉིས་ཀ་སྡུག་བསྔལ་གྱིས་རབ་དུ་མནར། དུས་དེ་ནས་བཟུང་འཚོ་འདོད་ཀྱི་འདུན་མ་བྲལ་ཞིང་སྐྱི་གཡའ་བའི་མི་ལོ་གསུམ་ཙམ་པ་ཞིག་ལ་ཆང་སྐྱུར་གྱིས་དུས་འདའ་བར་བྱས།
གཉིས།
མཁས་དབང་དགེ་འདུན་ཆོས་འཕེལ་གང་ཉིད་དགུང་གྲངས་སུམ་ཅུ་སོ་གཉིས་ལ་སོན་པ་དང་ཕྱི་ལོ ༡༩༣༤སྟེ་བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་ཁྱིའི་ལོ་ལ་རྒྱ་གར་དུ་བྱོན་ནས་ལོ་བཞིའི་རིང་ལ་བཞུགས། དེ་ནས་ཕྱི་ལོ་༡༩༣༨ པ་རབ་བྱུང་བཅུ་དྲུག་པའི་ས་ཕོ་སྟག་གི་ལོར་སླར་ཡང་པཎྚིཏ་རཱ་ཧུ་ལ་དང་། རི་མོ་བ་མཁས་ཅན་ཝལ་ཁི་ཤི་ན། པར་བ་ཕི་ནི་མའོ་ཁོར་ཇི་བཅས་བོད་དུ་ཐེངས་གཅིག་ཕེབས་པ་དང་བོད་དབུས་སུ་མ་བྱོན་པར་ས་སྐྱའི་ཕྱོགས་ནས་སླར་ཡང་རྒྱ་གར་དུ་ཕྱིར་ཕེབས། འགྲུལ་བཞུད་དེ་དག་གི་ཁྲོད་དཀའ་ངལ་གང་མང་ཞིག་མྱོང་བ་ཡང་དོན་ལ་བོད་ཀྱི་ཆེད་དུ་མིན་ཟེར་རྒྱུ་མེད་ལ། དུས་སྐབས་དེ་དག་དུ་བྲིས་པའི་ལམ་ཡིག་དང་བོད་ཡིག་ཏུ་བསྒྱུར་བའི་གཞུང་ཆེན་གང་མང་ཞིག་ད་ལྟ་ད་དུང་ཡང་འདུག་པ་དག་དགེ་ཆོས་རང་ཉིད་ལ་བློ་སྐྱེད་ཅིག་དང་སྙན་གྲགས་ཤིག་གི་ཆེད་དུ་མ་ཡིན་པར། ཕྱི་རབས་བོད་ཀྱི་ན་གཞོན་དག་ལ་ཤེས་རབ་འཕེལ་ནུས་པའི་ལམ་བུ་ཞིག་དང་། གཞོན་སྐྱེས་དག་གི་བསམ་བློའི་རང་དབང་ལ་ཁོད་ཡངས་བའི་ཞིང་ས་གཤིན་པོ་ཞིག་བསྐྲུན་པ་ཅི་ལ་མིན། དགེ་ཆོས་ཁོང་གིས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད། ངལ་བ་མཐའ་དག་དང་དུ་བླངས་ནས་རང་གི་འཚོ་ཐབས་ཙམ་ལའང་བསམ་བློ་མ་བཏང་བར། རྒྱ་གར་གྱི་གཙོས་ཡུལ་གྲུ་མང་པོ་ལ་ཕེབས་ནས་རྒྱལ་ཁམས་ཉུལ་དོན། ཡང་སྙིང་ཅི་ཞིག་འཚོལ་བའི་ཆེད་དུ། “རྙིང་པ་ཐམས་ཅད་ལྷ་ཡི་སྲོལ། གསར་པ་ཐམས་ཅད་བདུད་ཀྱི་འཕྲུལ་“དུ་རློམས་པའི་རྨོངས་འཐུག་གི་གཉིད་དུ་ཡུར་བའི་བོད་པ་ཚང་གི་མ་འོངས་པའི་ཆེད་དུ་མ་ཡིན་ནམ།
གསུམ།
འདི་ནས་ཡར་བརྩིས་པའི་མི་ལོ་བདུན་ཅུ་དོན་གཅིག་གི་ཡར་སྔོན་སྟེ། ཕྱི་ལོ་ ༡༩༥༡/ལོའི་ཧོར་ཟླ༨/པའི་ཚེས་༡༤/ཉིན་གྱི་དགོང་དྲོ་ཆུ་ཚོད་བཞི་པ་ཙམ་ན་བོད་གྲོང་ལྷ་སའི་བར་སྐོར་ནང་ཚན་ལྷོ་ཕྱོགས་དགའ་རུ་ཤག་གི་ཡང་སྟེང་དུ་འཛམ་གླིང་རིག་པའི་དཔའ་བོ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་འཇིག་རྟེན་མི་ཡུལ་དང་གཏན་དུ་ཞལ་གྱེས། དུས་དེ་ནས་བཟུང་བོད་ལ་ཤ་ཞེན་ཡོད་མཁན་ཞིག་དང་། ཡང་ན་བོད་ཀྱི་མ་འོངས་པ་ལ་འདང་རྒྱག་མཁན་ཞིག་ཡིན་ཚེ། ཏན་ཏན་ཆག་སྒོ་ཆེ་ཞིག་བྱུང་འདུག་པ་ནི་དྲན་ཡུལ་ཀྱི་ངོས་སུ་ནམ་ཡང་རྡོ་ལ་རི་མོ་བྲིས་པ་བཞིན་བསུབ་མི་ཐུབ་པ་ཞིག་ཏུ་ཆགས་པར་གདའ་འོ།། གལ་ཏེ་སྐབས་དེ་དུས་སུ་ཤེས་རབ་ལ་དགའ་ཞིང་སྙིང་རྗེ་ཆེ་མཁན་ཞིག་ཡོད་ན། རླབས་ཆེན་གྱི་མི་སྣ་ཁོང་ལ་སྲི་ཞུ་དང་བརྩི་བཀུར་བྱས་ཏེ། ཉམས་དམའ་བའི་མི་རིགས་ཤིག་གི་ལམ་ཁ་བྲན་གཡོག་གི་ལམ་ཁར་འབུད་ལ་ཡོད་པ་དང་། གཅེས་ཤིང་ཡིད་དུ་འོང་བའི་མིང་སྲིང་ཚོའི་མཛའ་བརྩེ་དང་བར་ཐག་གི་དར་སྐུད་ཟགས་ཧྲལ་དུ་འགྱུར་ལ་ཡོད་པ་སོགས་ལ་ཅིས་ཕྱིར་ཐུགས་བསམ་ཞིག་མ་བཞེས་པ་ལགས། སྐབས་དེ་དུས་ཡོད་པའི་དཔོན་རིགས་དང་མཁས་རློམ་མཁན་ཚོས་དངོས་གནས་དོན་རྐྱེན་གང་ཞིག་གི་དབང་གིས་བསམ་གཞིག་མ་བྱས་པ་རེད། ད་ལྟ་ཁ་ཕྱིར་འཁོར་ནས་ལོ་རྒྱུས་ཀྱི་ངོས་སུ་ཞིབ་བལྟ་ཞིག་མཛོད་དང་། གནོང་འགྱོད་དང་བཤགས་པ་སོགས་གང་གིས་ཀྱང་ཚབ་མཚོན་བྲལ་བ་ཞིག་ཡོད་པ་ནི་ཤེས་སམ། དེ་ནི་ལོ་རྒྱུས་ཀྱི་སྐྱོ་གར་དེ་ཡིན་ལ། ཕྱིར་རྟོག་བྱས་ཐེངས་རེ་ལ་ནམ་རྒྱུན་སྙིང་གཟེར་བ་ཞིག་ཡོད་པ་ནི་བོད་ཀྱི་ཐོད་པའི་ཁ་ཡིག་ངོས་སུ་ནོར་བུ་རྩ་ཆེན་ཞིག་མ་ཤོང་བ་དེ་རེད། གང་ལྟར་བོད་ལ་མཚོན་ན་དུས་རབས་ཤིག་གི་དཀྱོགས་མཚམས་ཀྱི་ཁ་ལོ་པ་མེད་སོང་བ་རེད།
བཞི།
ཁ་ཤས་ཤིག་གིས་འདི་ལྟར་ལབ་གྱིན་འདུག“དགེ་འདུན་ཆོས་འཕེལ་དེས་བོད་ཀྱི་ཚབ་མཚོན་མི་སྣ་བྱས་ཏེ། རྒྱལ་ཁབ་གཞན་ལ་འབྲེལ་བ་བཅས་ནས་བོད་བཙོང་བར་འདོད་པ་རེད“ཅེས་ལབ་པ་སོགས་འཆལ་གཏམ་གྲངས་ཀྱིས་མི་ལང་བ་ཞིག་གིས་རི་ལུང་གང་སར་བཀང་། གལ་ཏེ་དངོས་གནས་དགེ་ཆོས་ཀྱི་བོད་བཙོང་བར་འདོད་ཡོད་ན་དེ་འགྲིག་འདུག ནོར་མི་འདུག རྒྱུ་མཚན་བྲན་གཡོག་གི་རྒྱལ་ཁབ་ཅིག་རེད་མེད་ན་ལ་ཐེངས་ག་ལ་ཡོད། ད་དུང་དུས་འགྱུར་གྱི་འཚུབ་རླུང་གིས་ཀྱང་གཏོར་བརླགས་འདི་འདྲ་ཞིག་ཐེབས་ག་ལ་ཡོད། རླབས་ཆེན་གྱི་མི་སྣ་ཞིག་གིས་འཛམ་གླིང་ལ་ཆིབ་ཁ་བསྐྱོད་དེ་བསམ་གཞིག་བྱས་པ་དང་། ལ་ཤས་ཤིག་གི་ལུང་གྱོག་འགའ་རེའི་ནང་ནས་ཡར་འགྲོ་མར་འགྲོ་ཙམ་བྱས་ནས་བསམ་བློ་བཏང་བ་གཉིས་ག་ལ་འདྲ། མི་འདྲ་བའི་དབང་གིས་འཛམ་གླིང་ན་དཀོན་པའི་བཻཌཱུརྱའི་བུམ་པ་ཞིག་འདི་ལྟར་རྡོ་ལ་བརྡབས་ནས་བཅགས་ཏེ་བོད་ལ་ནང་བསམ་བློའི་ཆག་སྒོ་དང་ཕྱིས་ར་བ་གངས་ཅན་པའི་ལོ་རྒྱུས་ཀྱི་ཆག་སྒོ་སྟེ་རབ་དང་རིམ་པ་བྱུང་བ་རེད། འདི་ནི་དུས་དང་རྣམ་པ་ཀུན་དུ་བོད་ཀྱི་གྱོང་རྒུད་ནང་གི་གྱོང་རྒུད་ཅིག་ཡིན་པ་དང་། ཕྲག་དོག་གི་ར་བར་ལས་བཞུར་བའི་བོད་རང་གི་གྱོང་རྒུད་ཚབ་ཆེན་ཞིག་རེད། དགེ་ཆོས་མཆོག་གི་བོད་ལ་བཟུང་བའི་ལྷད་མེད་ཀྱི་མི་གཞི་དང་དྭངས་གཙང་གི་རིགས་ཞེན་སོགས་ལ་བོད་ཀྱིས་ཕྱིར་ལན་དུ་ཕུལ་བ་ནི་“ལྟ་ལོག་པ་“དང་ནང་རུལ་བ། ཐ་ན་མཚོ་སྣ་བ་སུར་པན་བཙོང་མཁན་ཞིག་གི་དོ་ཟླ་ལས་གཞན་གང་གི་ཡང་གདེང་འཇོག་མེད་ལ། འདི་ནི་བོད་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ལ་བྱིན་པའི་བཀའ་དྲིན་ཞུ་བའི་དཔང་ཡིག་ཡིན།
ལྔ།
ད་ལོའི་ཧོར་ཟླ་བརྒྱད་པའི་ཚེས་བཅུ་བཞི་ལ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་འདས་གྲོངས་སུ་ཕྱིན་ནས་ལོ་ཡི་ཁོལ་མོ་བདུན་ཅུ་དོན་གཅིག་ལོན་པའི་རྗེས་དྲན་དུ་རང་ཉིད་ཀྱི་ངོས་ཐད་ནས་སློབ་སྦྱོང་གི་བར་གསེང་དག་བེད་སྤྱད་དེ་མཁས་དབང་མཆོག་ལ་རྗེས་དྲན་གྱི་དོད་དུ་འདི་འདྲ་ཞིག་འབྲི་ཁུལ་བགྱིས་པ་ཡིན། དུས་ཡུན་གྱི་ངོས་ནས་ཐུང་དྲག་པ་དང་རང་ཉིད་ཀྱི་ཤེས་ཡོན་དབུལ་བ་སོགས་ཀྱིས་མཚོན་པ་ཙམ་ལས་གང་ཡང་འཁྱོང་མ་སོང་། ལྷག་ཏུ་ཕྱིའི་ཚིག་གི་ཤོམ་ར་དང་ནང་དོན་གྱི་སྤུ་རིས་སོགས་ལ་བསམ་བློ་ཞིག་བཏང་ན་ངུ་འོང་ལ་དགོད་བྲོ་བའི་གཏམ་རྒྱུད་ཅིག་ཏུ་གྱུར་མེད་པའི་ངེས་པའང་ག་ལ་ཡོད་དེ་མེད་དོ།།
ཞེས་པ་འདིའང་རང་སྤྱིལ་དྷཱི་ཡིག་ཤེས་རབ་ལྡིང་ཁང་ནས་སྦྱར་ཏོ།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1829
དཔྱད་མཆན་སྤེལ།