ཚེ་དབང་དཔལ་འབྱོར།

 

 

རྣམ་ཐར་འདི་ནི་དགེ་སློང་ཞི་བྱེད་རི་ཁྲོད་པས་མཛད་པ་ཡིན་ལ། དགེ་སློང་ཁོང་ནི་ཀརྨ་རང་བྱུང་བ་ཞལ་མཇལ་མྱོང་ཞིང་།  བཞི་བ་རོལ་པའི་རྡོ་རྗེའི་སློབ་མའང་ཡིན།  དུས་རབས་བཅུ་གསུམ་པའི་ནང་དུ་བྱོན་པའི་བོད་ཀྱི་མཁས་པ་ཞིག་ཡིན་ལ། དུས་རབས་བཅུ་གསུམ་པའི་ཤིང་སྤྲེལ་1284ལ་འཁྲུངས་ཤིང་བཅུ་བཞི་པའི་ཤིང་སྦྲུལ་ལ་ཞི་བར་གཤེགས། ཨ་ལགས་དུང་དཀར་ཚང་གིས་གཙང་སྨྱོན་གྱིས་རྗེ་བཙུན་རྣམ་ཐར་སྤྱི་ལོ་1488ལོར་བརྩམས་པ་བཞེད་པ་ལྟར་ན་ཞི་བྱེད་རི་ཁྲོད་པ་འདི་མི་ལོ་༡༢༣གྱིས་སྔ་བར་འདུག་ཅིང་། དགེ་སློང་འདི་བས་མིད་ལ་རས་པ་ལ་ཆ་རྒྱུས་ཆེ་བ་རྒྱ་བོད་གཉིས་ལ་ང་ལས་ལྷག་པ་མེད་ཅེས་ཐུགས་ཁེངས་མཛད་ཅིང་།  ཁོང་གིས་མིད་ལའི་རྣམ་ཐར་བརྒྱ་དང་ཉེར་བདུན་ཙམ་མཐོང་ཞེས་གསུང་པ་དང་། རྣམ་ཐར་ཉི་ཟླའི་འོད་ཟེར་སྒྲོན་མ་རང་ལ་བལྟས་ནའང་དངོས་ཡོད་ལ་གཞོལ་ཞིང་། ཚིག་ཉུང་ཞིང་གནས་འདུས་པ་ཁྱད་ཆོས་ཅན་ཞིག་ཏུ་མཐོང་།

གཙང་སྨྱོན་གྱི་མགུར་འབུམ་དང་རྣམ་ཐར་འདི་གཉིས་མི་འདྲ་བའི་ཆའམ་ཞིབ་ཆ་མ་ཐོན་ས་གང་ཡོད་གཤིབ་བསྡུར་གྱིས་གཤམ་དུ་བཀོད་རྒྱུ་ཡིན་ལ།  འདིར་གཙང་སྨྱོན་གྱི་མགུམ་འབུམ་ལ་ཀ་དང་རྣམ་ཐར་ཉི་ཟླའི་འོད་ཟེར་སྒྲོན་མ་ལ་ཁ་ཞེས་ཚབ་མིང་བཀོལ་ནས་འབྲི་རྒྱུ་ཡིན་པས་ངེས་པར་མཛད་རོགས།

 

༡ རྣམ་ཐར་ཀ་བའི་ནང་དུ་རྗེ་བཙུན་རུས་ཁྱུང་ཡིན་པ་ལས་བེ་རི་ཡིན་པ་མི་གསལ།

༢རྣམ་ཐར་ཁ་བའི་ནང་དུ་གདུང་རུས་ཆེན་པོ་བཅོ་རྒྱད་ཀྱི་ནང་ཚན་བི་རི་དང་དེའི་ནང་ཚན་ཁྱུང་ཚ་ཡིན་པའི་གསལ་ཁ་ཞིག་འདུག །

 

༡རྣམ་ཐར་ཀ་བའི་ནང་མིད་ལ་ཐོས་པ་དགའ་བྱ་བའི་མིང་ཡབ་ཀྱིས་བཏགས་པ་དང་། རྒྱུ་མཚན་ཡང་བུ་སྐྱེས་པ་ཐོས་པའི་གཏམ་ལ་དགའ་བ་བྱུང་བའི་རྒྱུ་མཚན་གྱིས་ཐོས་པ་དགའ་བཏགས་པར་བཤད་ལ།

༢རྣམ་ཐར་ཁ་བར་མིད་ལ་སྐྱེས་པ་ན་དགེ་བཤེས་ཙ་པ་བསོད་གྲགས་པས་ཀླུ་སྒྲུབ་མགོན་པོ་བཏགས་ཤིང་།  གླུ་སྒྲུང་བྱེད་མཁན་ལ་དགའ་ཞིང་ཁོ་རང་ཡང་གླུ་སྒྲུང་བྱེད་པ་ཞིག་བྱུང་བས་མིང་ཐོས་པ་དགའ་རུ་གྲགས་པར་བཤད།

 

༡རྣམ་ཐར་ཁ་བའི་ནང་དུ་རྗེ་བཙུན་ཀློག་གི་སློབ་དཔོན་དང་ཞང་པོ་གཉིས་ཁ་ཁར་བྱས་པར་སྣང་ལ།

༢རྣམ་ཐར་ཁ་བར་ཀློག་གི་སློབ་དཔོན་དགེབཤེས་ཙ་པ་ནི་རྗེ་བཙུན་གྱི་ཞང་པོ་དང་སློབ་དཔོན་གཉིས་ཀ་རུ་འདུག  །

རྣམ་ཐར་ཁ་བ་ལས་མྱང་ཚ་དཀར་རྒྱན་ལ་དཀར་ལེགས་ཞེས་བྲིས་འདུག  །

 

༡རྣམ་ཐར་ཀ་པར་པེ་ཏ་ཞེས་པ་གཅེས་མིང་ཡིན་པར་བཤད་ལ།

༢རྣམ་ཐར་ཁ་བར་བུ་མོ་གླེན་ཞེད་ཅན་ཡོད་པ་ན་པེ་ཏ་ཞེས་བཏགས་པར་བཤད།

 

༡རྣམ་ཐར་ཀ་པར་རྗེ་བཙུན་གྱིས་མར་རྔོག་དང་མཐུའི་སློབ་དཔོན་ཕུད་པའི་བླ་མ་དུ་བསྟེན་གསལ་ཁ་མེད་པ་གདམས་ངག་གང་ཞུས་དེ་བས་གསལ་ཁ་མེད།

༢རྣམ་ཐར་ཁ་བར་རྗེ་ཡེ་ཤེས་གཟུངས་ལས་གཤིན་རྗེའི་སྐོར་དང་དྲག་སྔགས་གཟའ་གདོང་དམར་ནག་ཞུས།  བ་མི་བྱང་ཆུབ་རྒྱལཔོའི་དྲུང་ནས་སྒྱུ་འཕྲུལ་ཞུས། གྱེར་སྟོན་དབང་ཕྱུག་རྒྱལ་མཚན་གྱི་དྲུང་ནས་རྫོགས་ཆེན་སྔ་འགྱུར་ཞུས། མར་པ་ཡེ་ཤེས་འབྱུང་གནས་ལས་མདོ་སེམས་ཕྱོགས་དང་མདོ་སྒྱུ་འཕྲུལ་ཞུས།

འདྲེ་སྟོན་ལྷ་དགའི་དྲུང་ནས་རྫོགས་ཆེན་ཞུས། གཡུང་སྟོན་དང་གཙང་གཡས་རུ་རྟ་ནག་བོན་པོ་བཅས་བླ་མ་བདུན་དང་། མར་རྔོག་བསྟེན་ཚུལ་ཕལ་ཆེར་སྤྱི་དང་འདྲ་བས་བླ་མ་དགུ་བསྟེན་པའི་ལོ་རྒྱུས་དང་། ཡང་བ་རི་ལོ་ཙཱ་བ་ལས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞུས་པས་དེ་བསྣན་ན་རྗེ་བཙུན་གྱི་བླ་མ་བཅུ་དང་། རྗེ་མིད་ལས། ཇོ་མོས་ཕྱག་རྒྱ་ཆེན་པོ་ལྷན་སྐྱེས་ཅིག་གནང་བས་ཨན་ཙམ་ཉམས་ལ་ཕན་པར་བྱུང་། གསུངས་པས་བདག་མེད་མའང་བླ་མ་རུ་བསྟེན་པས་རྗེ་མིད་ལ་བླ་མ་བཅུ་གཅིག་ཡོད། རྗེ་མིད་ལས་དབུ་ཚད་ནི་དགེ་བཤེས་ཙ་པ་གྲགས་པ་བསོད་ནམས་ལས་ཞུས་པས་དེ་བསྣན་ན་བཅུ་གཉིས་སུ་སོང་།

 

༡རྣམ་ཐར་ཀ་པར་རྗེ་བཙུན་མར་པའི་མདུན་ཕེབས་ཁར་དགུང་གྲངས་དུ་ཡིན་སོགས་དགུང་ཚིགས་དེ་ཙམ་མི་གསལ།

༢རྣམ་ཐར་ཁ་བར་རྗེ་བཙུན་དགུང་གྲངས་གསུམ་དང་ཟླ་བཞི་པ་ན་ཡབ་འདས། ལྔ་བ་ན་ཀློག་བསླབས།  བཅོ་བརྒྱད་པ་ན་མཐུ་བསླབས། ཉེར་བརྒྱད་པ་ན་མར་པ་དང་མཇལ།  སོ་དགུ་པ་ན་མར་པ་དང་ཞལ་གྱེས།   ང་གསུམ་པ་ན་གྲུབ་པ་ཐོབ་པར་གསུང་།  བརྒྱད་ཅུ་རྩ་བཞི་པར་སྐུ་གཤེགས།

 

༡རྣམ་ཐར་ཀ་པ་ན་རྗེ་བཙུན་ལོ་དྲུག་ཟླ་བདུན་ལ་མར་པའི་སྐུ་མདུན་བཞུགས་པར་གསུང་།

༢རྣམ་ཐར་ཁ་བར་ལོ་དགུ་ལྷག་བཞུགས་པར་གསུང་།

 

༡རྣམ་ཐར་ཀ་པར་མིད་ལ་མར་པ་དང་ཞལ་གྱེས་པ་ནས་ཕྱིས་ལྷོ་བྲག་ཏུ་བྱོན་པའི་གཏམ་མེད་ལ།

༢རྣམ་ཐར་ཁ་བར་མིད་ལ་རས་པ་མར་པ་འདས་རྗེས་ལྷོ་བྲག་ཏུ་སྔ་ཕྱི་ཐེངས་བཅོ་ལྔར་བྱོན་པར་གསུངས་ཤིང་།

ད་དུང་གཡུང་སྟོན་ཁྲོ་རྒྱལ་གཙང་གི་བོན་པོ་དང་བླ་མ་བྱང་ཆུབ་རྒྱལ་པོ། མར་པ་འབྱུང་གནས་ཡེ་ཤེས། འདྲེ་སྟོན་ལྷ་དགའ། རྔོག་གི་གདན་ས་སོགས་སུ་བྱོན་པའི་ལོ་རྒྱུས་གསལ།

 

༡རྣམ་ཐར་ཀ་པར་མིད་ལས་དབུ་ཚད་སྐོར་གསན་ས་མེད་ལ། སྔ་འགྱུར་གསན་ས་ཞིབ་ཆ་མེད།

༢རྣམ་ཐར་ཁ་བར་མིད་ལས་སྔ་འགྱུར་དང་དབུ་ཚད་གསན་སའི་བླ་མ་དང་དེའི་རྒྱུད་རིམ་བཅས་ཞིབ་པར་ཡོད་ལ་རྒྱུད་པའི་ལོ་རྒྱུས་ཞིབ་པར་རྣམ་ཐར་རང་ལ་གཟིགས་པར་ཞུ།

 

༡རྣམ་ཐར་ཀ་པར་མིད་ལ་ཏི་སེར་ཕེབས་པར་མར་པའི་ལུང་བསྟན་ལས་རྒྱུ་མཚན་གཞན་མི་སྣང་།

༢རྣམ་ཐར་ཁ་བར་མངའ་བདག་རྩེ་ལྡེས་གདན་དྲངས་པར་བཤད།

 

༡རྣམ་ཐར་ཀ་པར་རྗེ་བཙུན་དགུང་གྲངས་ཅི་ཙམ་ན་གྲུབ་པ་ཐོབ་པ་མི་གསལ་ཡང་།

༢རྣམ་ཐར་ཁ་བར་དགུང་གྲངས་ང་གསུམ་པར་དཔལ་གྱི་ཆུ་དབར་དུ་བཞུགས་སྐབས་གྲུབ་པ་ཐོབ་པར་བཤད།

 

ད་དུང་མི་འདྲ་ས་ཁ་ཤས་མཆིས་ཀྱང་གནས་སྐབས་དེ་ཙམ་གྱིས་མཇུག་བསྡུ་བར་བྱའོ༎

2022/8/12ཉིན་གྲུབ་པར་བྱས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1818