འཐབ་མོ་བ། ཡུལ་ཤུལ་རྫ་སྟོད།
མི་ཚེ་འདིར་ང་ལ་བློས་ཐུབ་ཏུ་གྱུར་བའི་གྲོགས་པོ་ཁ་ཤས་ཡོད་ལ་ངའི་གྲོགས་པོ་གནམ་ལྷ་རྒྱལ་ཡང་དེ་དག་ཁྲོད་ཀྱི་གཅིག་ཡིན། ངེད་གཉིས་མཐོ་གཅིག་སྐབས་སུ་ཐོག་མར་ངོ་ཤེས་པ་ཡིན་ལ་ང་རང་འཛིན་དཔོན་གྱི་བཀོད་སྒྲིག་ལྟར་གྲྭར་ཚན་ལྔ་བའི་ནང་དུ་སྡོད་དུས་ཁོ་རང་ངའི་རྒྱབ་ཕྱོགས་ཀྱི་སློབ་གྲོགས་གཉིས་ཀྱི་མཚམས་ན་བསྡད་འདུག དེ་དུས་ཕན་ཚུན་ལ་ཁ་བརྡ་མང་བ་མེད་ལ་ལམ་འགྲམ་ནས་ཐུག་ཀྱང་ཅི་མི་སྙམ་པར་བུད་འགྲོ་བ་ཞིག་ཡིན། དུས་ཚོད་ནི་མདུན་གྱི་གཙང་བོ་ལྟར་རྒྱང་ནས་རྒྱང་དུ་བཞུད་འགྲོ་བས། ད་ཆ་དབྱར་གནང་བྱིན་ཏེ་ཕྱིར་སློབ་སྐབས་གསར་བ་ཞིག་གིས་འགོ་ཚུགས་སོང་། འཛིན་གྲྭའི་ནང་གི་སློབ་མ་དག་ལ་ཡང་ཕན་ཚུན་ཡིད་འདྲེས་སུ་གྱུར་བའི་སྣང་ཚུལ་རེ་མངོན་པར་བྱེད་ཡོང་། ཁོ་ཚོ་དུས་ཚོད་མང་བོར་ཞིག་ལ་ངོ་མ་འཕྲད་པས་ལན་ཞིག་ཡིན་མིན་མི་ཤེས་ཡང་། ཚང་མས་ཕན་ཚུན་ལ་དྲན་རབས་ཀྱི་སྐད་ཆ་མང་བོར་ལབ་ཀྱིན་འདུག ང་ནི་མ་གཞི་ནས་ཁ་ཡག་ལ་གོམས་མེད་པ་ལ་དེས་ཁར་སྐད་ཆ་བཤད་པ་དེ་ཙམ་སྤྲོ་སྣང་མེད་པས་སུ་ལ་ཡང་དྲན་རབས་ཀྱི་སྐད་ཆ་བཤད་མྱོང་མེད།
དུས་ཚོད་ཀྱི་གོམས་འགྲོས་སྔོན་དུ་སོང་བ་བསྟུན་ད་ནི་མཐོ་གཅིག་གི་སློབ་སྐབས་རྗེས་མའི་ཕྱེད་ཀ་ཡང་འགྲོ་ཚར་འདུག ང་ཡང་རིམ་གྱིས་ཁོ་ལ་ཆ་རྒྱུས་ཅུང་ཙམ་ཡོད་པར་ཆགས་སོང་། ང་ཚོའི་འཛིན་གྲྭ་ནང་དུ་མི་དྲུག་བཅུ་ལྷག་ཞིག་ཡོད་མོད། ཁོ་ནི་དེ་དག་རེ་རེ་དང་མི་འདྲ་བར་བགས་ཆགས་དང་བརྟན་བརླིང་ཅན་གྱི་མི་ཞིག་ཡིན། ཁོའི་ཕ་ཡུལ་མཚོ་ལྷོ་ནས་ཡིན་ལ་ཕ་མ་བཟའ་འཐོར་བྱུང་ནས་ཁོ་རང་ཨ་ཕའི་འགྲམ་དུ་བསྡད་ཡོད་པའི་སྐད་ཆ་དེ་དག་ཐོས་རྗེས་ངའི་སེམས་ཡང་མག་མོག་རབ་རིབ་ཅན་ཞིག་ཏུ་གྱུར་སོང་། ད་དུང་ངས་སྐད་ཆ་དེས་སྐོར་ནས་དྲིས་པ་ཡང་འགྱོད་པ་ཡང་ཡང་སྐྱེས་མྱོང་།ཡིན་ཡང་། ཁོ་ནི་སྔར་བཞིན་ཕ་མ་གཉིས་ཀ་ལ་གུས་བཀུར་རང་བཞིན་ལྡན་པ་ཞིག་ཡིན་པ་ནི་ཅི་འདྲའི་ཡིད་སྨོན་འཆོར་ས་ཞིག་རེད་ཨང་།
ཁོ་རང་འབྲོག་ས་ནས་སྐྱེས་ཏེ་འབྲོག་ས་ནས་འཚར་ལོངས་བྱུང་བ་ཡིན་འདུག་པས་དེས་རྐྱེན་ཡིན་སྲིད་དེ། ང་རང་ཆེས་གོམས་སའམ་བློར་འབབ་ས་ནི་ཁོས་བརྟན་བརླིང་རང་བཞིན་ཅན་གྱི་མི་གཞི་དང་བྱ་སྤྱོད་རེད། མཐོ་གཉིས་སུ་སླེབས་དུས་ཁོ་རང་ངའི་འདུག་སའི་རྒྱབ་ཏུ་བསྡད་འདུག་ལ། སློབ་ཁྲིད་ལས་གཞན་པའི་དུས་ཚོད་རེ་ཡོད་དུས་ངེད་གཉིས་ཁ་བརྡ་རེ་ལབ་པ་ཡིན།དེ་ལྟར་རིམ་གྱིས་ངེད་གཉིས་ཆ་མེད་ནས་ཆ་ཡོད་རྒྱུས་ཡོད་ཀྱི་གྲོགས་པོ་ཞིག་ཏུ་ཆགས་སོང་། སྤྱིར་མི་ཟེར་བ་འདི་ནི་རང་ཉིད་དགའ་སའམ་མགུ་སའི་བྱ་དངོས་དེ་ལ་གོམས་སླ་བ་ཞིག་རེད་འདུག དེ་དུས་ངས་ཁོ་ལ་“ཁྱོད་རང་འདིར་མ་ཡོང་གི་སྔོན་ནས་བོད་ཡིག་སློབ་མྱོང་ངམ་”ཞེས་ཟུར་ཟའི་ཚུལ་དུ་དྲིས་མོད། ཁོས་“ངས་བོད་ཡིག་ཅུང་ཙམ་ཤེས་པ་འདི་ཡང་དགེ་རྒན་ཞིག་གིས་དཀའ་དྲིན་ཡིན་”ཞེས་བཤད་སོང་།
དེ་དུས་ངས་ངའི་ཕ་ཡུལ་གྱི་སློབ་མ་དེ་དག་ཡང་ཁོ་དང་འདྲ་བར་རང་ཚུགས་ཅན་ཞིག་ཡིན་ན་ཅི་མ་རུང་སྙམ་བྱུང་། ཁོ་རང་རྒྱ་ཡིག་གི་ཆུ་ཚད་ཅུང་བཟང་ལ་ཕལ་ཆེར་འཛིན་གྲྭ་ནང་གི་བཟང་གྲས་སུ་གཏོགས་མོད།ཡིན་ཡང་། ཁོ་ནི་གཞན་དག་ལྟར་བོད་སྐད་བཤད་པ་ལས་རྒྱ་སྐད་བཤད་ན་དགའ་བར་འདོད་མཁན་དང་།ཤེས་མདོག་མདོག་གི་བྱུང་རྒྱལ་དུ་རྒྱ་སྐད་སྨྲ་མཁན་ཞིག་གཏན་ནས་མ་རེད། མཐོ་གཉིས་སྐབས་སུ་ངེད་གཉིས་བར་ལ་མི་མཐུན་པའི་དོན་དག་ཅུང་བུད་སོང་ལ་ངས་དོན་དག་དེ་དང་བསྟུན་ནས་ངས་གཟའ་འཁོར་གཅིག་གཉིས་ཞིག་ལ་ཁོ་དང་ཁ་བརྡ་གཏན་ནས་ལབ་པ་མིན།མཐོང་ཡང་མ་མཐོང་ཚུལ་གྱིས་བུད་འགྲོ་བ་ཡིན། ཡིན་ཡང་། ཁོ་ནི་ང་དང་གཏན་ནས་མི་འདྲ་བར་ངའི་སྟེང་ལ་འཁོན་འཛིན་སོགས་གང་ཡང་མེད་པར་འགྲམ་དུ་ཡོང་ནས་སྐད་ཆ་འགའ་བཤད་ཡོང་། དོན་དངོས་མི་དང་མིའི་བར་གྱི་ཁྱད་པར་ནི་ནང་བསམ་པ་བཟང་ངན་གྱིས་འབྱེད་དགོས་པ་ཞིག་རེད་འདུག ཕྱིས་སུ་ངེད་གཉིས་མཐུན་པོ་ཆགས་སོང་ལ། ཁོས་ཞི་འཇམ་དང་བརྟན་བརླིང་གི་སྤྱོད་པ་དེ་དག་མཐོང་དུས་ང་ལ་དོགས་མི་བདེ་བའི་སྣང་བ་ཞིག་སྟེར་ཡོང་། དེ་ནི་ང་རང་ངའི་གྲོགས་པོ་གནམ་ལྷ་རྒྱལ་ལྟར་སྤྱོད་བཟང་ཅན་གྱི་མི་ཞིག་མ་ཡིན་པས་ཡིན་ངེས།
ལོ་ཟླ་ནི་གཙང་བོ་བཞིན་མདུན་དུ་བཞུར་འགྲོ་ལ། ང་རང་འདིར་ཡོང་ནས་མི་ལོ་ལྔ་ཙམ་འགོར་ལ་ཉེ་ལ་ངའི་གྲོགས་པོ་གནམ་ལྷ་རྒྱལ་དང་ངེད་གཉིས་ངོ་ཤེས་ནས་ཕལ་ཆེར་མི་ལོ་གསུམ་ལ་འགོར་འདུག ངས་ནམ་རྒྱུན་དོན་དག་ཅི་ཞིག་བསྒྲུབ་དགོས་པའི་འཆར་གཞི་ཡོད་ཀྱང་ཐོག་མར་ཁོ་ལ་བཤད་པ་ཡིན་ལ། ཁོས་ཡང་དེ་བཞིན་ང་ལ་མཛུབ་སྟོན་ཚུལ་དུ་སྐད་ཆ་འགའ་བཤད་ཡོང་།དཀའ་ཁགས་གང་ཞིག་འཕྲད་ཡང་མགོ་བོ་སྒུར་མི་ཉན་པའི་གནས་ལུགས་ཞིག་ཡང་ཡང་འགྲངས་ཡོང་།ནམ་རྒྱུན་ཁོས་བྱ་བ་ཅི་ཞིག་སྒྲུབ་ཡང་ཐོག་མར་ཁྱིམ་གྱི་མི་ལ་འཐད་མིན་འདྲི་བཞིན་འདུག་ལ་དེ་ནི་ཁོས་རྒྱུན་དུ་གོམས་ལོབ་ཏུ་གྱུར་བའི་གཤིས་ཀ་ཞིག་ལ་ཡང་ཆགས་ཡོད་པར་འདྲ། སྐྱོར་སྦྱོང་གི་སྐབས་ཞིག་ངེད་གཉིས་ཁ་བརྡ་བྱས་པ་ཡིན་ལ། ངས་ང་རང་འདི་ནས་མཐར་ཕྱིན་རྗེས་ལྷ་ས་རུ་མཇལ་སྐོར་རུ་འགྲོ་ན་འདོད་ཡོད།“ཁྱོད་རང་འགྲོ་འམ”་ཅེས་དྲིས་པ་ཡིན། ཁོས་“ང་རང་འགྲོ་ན་འདོད་ཀྱང་། ཐོག་མར་ཁྱིམ་ནང་འདྲི་དགོས”་ཞེས་བཤད་སོང་། ངས་དོན་དག་ཅི་ཞིག་བསྒྲུབ་ཡང་རང་གི་འདོད་བློ་ལྟར་བསྒྲུབས་པ་ཡིན་པས།ངའི་གྲོགས་པོ་གནམ་ལྷ་རྒྱལ་གྱི་སྐད་ཆ་དེ་ཐོས་འཕྲལ་ང་ལ་དོག་མི་བདེ་བའམ་བག་ཚ་བའི་ཚོར་བ་ཞིག་སྟེར་བྱུང་།
དགུན་གནང་དང་དབྱར་གནང་དག་གིས་སྐབས་སུ་ཡང་ངས་ཁོ་ལ་འབྲེལ་བ་བྱེད་ཐེངས་རེར་ཁོས་ལས་ཀ་ཙིག་ཙིག་ལས་ཀྱིན་ཡོད་པ་དང་།ཡང་ན་ནོར་རྗེས་སུ་འགྲོ་བཞིན་ཡོད་ཅེས་བསྐུར་ཡོང་། སྐབས་དེ་དག་ཏུ་ངས་ཁོ་ནི་ངའི་ཨ་ཅེ་བཞིན་ཁྱིམ་ཚང་གི་ནང་ནས་ཕ་མ་གཉིས་ལ་རོགས་རམ་མང་བ་བྱ་མཁན་ཞིག་ཡིན་པ་ཡིད་ཚོད་བྱས་པ་ཡིན། ངས་ཡང་ཁོ་རང་བཞིན་ཁྱིམ་ནང་ནས་ལས་རེ་ལས་ཐུབ་ན་ཅི་མ་རུང་སྙམ། ངེད་གཉིས་ནམ་རྒྱུན་ཁ་སྐོར་རམ་རྩོད་པའི་སྐབས་སུ་མཉམ་དུ་རྩོད་པ་ཡིན་ལ་སྐབས་དེ་དག་ཏུ་ཁོས་སེམས་ཁུར་དང་འདྲེས་པའི་སྐད་ཆ་འགའ་ལབ་ཡོང་། དེ་ནི་ཁོས་ཨ་མ་ཅེས་ཁོས་འབོད་སའི་ཨ་ཕྱི་དེ་ལ་ན་ཚ་བྱུང་བཞིན་ཡོད་མེད་དང་། ཨ་ཕས་ལས་ཀ་ལས་ནས་དཀའ་ལས་མྱང་བཞིན་ཡོད་མེད་སོགས་ཀྱི་སྐོར་ནས་ཡིད་གདུང་གི་སྐད་ཆ་འགའ་བཤད་ཡོང་ལ་སྐབས་དེ་དག་ཏུ་ངའི་སེམས་ཡང་མུག་པར་གྱུར་འགྲོ། སློབ་སྐབས་འདི་མགོ་བརྩམ་རྗེས་ཁོས་ང་ལ་དུས་ཚོད་ཞིག་ཉོས་སོང་ལ། དེ་ནི་དེ་འདྲའི་གོང་ཆེན་ཞིག་མིན་ཟེར་མོད། ཡིན་ཡང་། ངས་དེ་ནི་གྲོགས་པོའི་བརྩེ་འདངས་མཚོན་བྱེད་ཀྱི་ལེགས་སྐྱེས་ཞིག་ཏུ་སྒོམ་ཡོད། དོན་དངོས་ཡང་དེ་འདྲ་ཞིག་ཡིན་སྲིད་དེ། ངས་དུས་ཚོད་མཐོང་ཐེངས་རེར་ངས་ངའི་གྲོགས་པོ་གནམ་ལྷ་རྒྱལ་དྲན་ཡོང་། ཁོས་བྱད་གཟུགས་དང་མངོན་ཆུང་གི་འཛུམ་པའི་ཞར་རས་སོགས་དྲན་ཡོང་། མ་གཞི་མིའི་བརྩེ་འདངས་ནི་དངོས་པོ་གཞན་ཞིག་གི་སྟེང་ནས་རྙེད་པར་ཁག་སྲིད་མོད།མཚམས་རེར་དེ་ཡང་ཕན་ཚུན་བརྩེ་འདངས་བརྟན་བྱེད་དུ་གྱུར་མི་འགྲོ་བའི་ངེས་པ་མེད་པ་འདྲ།
དུས་ཚོད་བཞུར་རྒྱུན་མདུན་དུ་བསྐྱད་ནས་ད་ཆ་མཐར་ཕྱིན་སྐབས་ཀྱི་དགུན་གནང་ལ་ཐུག་སོང་། ང་རང་ཕ་ཡུལ་ལོགས་ནས་བྱ་བ་གང་ཡང་སྒྲུབ་མ་ཐུབ། ངས་ཁོ་ལ་འབྲེལ་བ་བྱེད་ཐེངས་རེར་ཁོ་ནི་བྱ་བ་ཙག་ཙིག་གིས་ཁོམ་གྱིན་མི་འདུག སྐབས་རེར་ཁོས་ལན་འབྱིན་པ་ལ་ཉིན་གཅིག་གཉིས་འགོར་འགྲོ དེ་དུས་ངས་ཁོས་ང་ལ་སྐད་ཆ་བཤད་མ་འདོད་པ་རེད་བསམས་མོད། ཁ་རྩང་ཁོས་ཁོ་རང་འབྲོག་ས་ན་ཡོད་པ་དང་བརྡ་རྟགས་མེད་ཚུལ་སོགས་བཤད་སོང་།ངས་ད་གཟོད་གཞི་ནས་ཁོ་རང་ང་ལྟ་བུ་ཁོམ་ནས་བསྡད་པ་ཞིག་མིན་པར་ཤེས་སོང་། སྐད་ཆ་དེ་དག་ཐོས་དུས་ངས་ཁོ་ལ་འབྲེལ་བ་བཟོ་བ་ཡང་ངོ་གནོང་དགོས་པ་འདྲ།ནམ་རྒྱུན་ཁྱིམ་དུ་ཡོད་སྐབས་ངས་ཕ་མ་ལ་ཇ་དྲོན་མོ་ཞིག་ལག་ཏུ་འཇོག་མ་མྱོང་ལ། ཁྱིམ་ནང་གི་ལས་ཀ་ཡང་ཕྲན་བུ་ཙམ་ཡང་སྒྲུབ་མྱོང་མེད་པས་ངས་ཁོས་སྐད་ཆ་དེ་དག་ཐོས་དུས་ང་རང་རང་ཉིད་ལ་ཅིས་ཀྱང་ཡིད་མུག་དང་འཕངས་སེམས་ཞིག་སྐྱེས་སོང་། དངོས་གནས་ཁོ་ནི་ཁྱིམ་ལས་ལ་བྲེལ་བའི་མི་ཡ་རབས་ཞིག་རེད་འདུག ད་ཆ་ང་ལ་སྐད་ཆ་ལྷག་མ་ཅི་ཡང་བཤད་རྒྱུ་མེད་པ་འདྲ། ངས་ད་རེས་ཀྱི་མི་ཚེ་འདིར་ཁོ་དང་འདྲ་བའི་གྲོགས་པོ་ཞིག་དང་འཕྲད་པ་ཡང་བསོད་ནམས་ཞིག་ཏུ་སྒོམ་ན་ཆོག་པར་འདོད་ཡོད། ད་དུང་ཁོ་དང་མཉམ་དུ་མཐར་ཕྱིན་ཅེས་པའི་མིང་ཡིག་ཞིག་ཁུར་ཐུབ་སོང་བ་ཡང་བསོད་ནམས་ཞིག་ཅི་ལ་མིན།
ངའི་སྙིང་ཉེ་བའི་གྲོགས་པོ་གནམ་ལྷ་རྒྱལ། དུས་ཚོད་ཀྱི་རྗེས་མ་ཆོད་པའི་ལོ་ཟླ་དག་འདས་ནས་མཚམས་འདིར་ཐོན་དུས། ངེད་གཉིས་ངོ་ཤེས་ནས་གྲོགས་པོ་རུ་གྱུར་བའི་ལོ་ཟླ་དེ་དག་ནང་ཁྱོད་ཀྱི་ང་ལ་བསྩལ་བ་ཉུང་ཉུང་མིན་པས་དངོས་གནས་དཀའ་དྲིན་ཞུ་འོས། མི་ཚེ་འདིར་ང་ལ་ཁྱོད་གྲོགས་པོ་ཞིག་དངོས་གནས་དགའ་བས་ཚིམས་ཡོད།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1813
དཔྱད་མཆན་སྤེལ།