བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།

མདོ་ཡིས་ལོག་སྨྲའི་གཞུང་དག་རིག་པས་སྒྲུབ།།

སྔགས་ཀྱི་གཞུང་བསྟན་བློ་རྨོངས་མཐའ་དག་སེལ།།

མདོ་སྔགས་ཟུངས་སྦྲེལ་རྒྱལ་བསྟན་སྤེལ་མཛད་པའི།།

སྟོན་མཆོག་ཐུབ་པའི་དབང་པོ་གཙུག་ན་རྒྱལ།།

འཆད་ན་གསུང་རབས་དག་གི་གཏེར་སྒོ་ཕྱེ།།

རྩོད་ན་རྒོལ་བ་སྟོང་ལ་བློ་སྐྱེད་སྟེར།།

རྩོམ་ན་སྙན་པའི་ཚིག་གིས་རྒྱལ་རྔ་གདུང་།།

མཁན་ཆེན་མི་བསྐྱོད་དུང་ཟླའི་ཞབས་ལ་འདུད།།

ཚད་དང་ཚད་མིན་གཉིས་ཀྱི་མཐའ་དཔྱོད་ལ།།

རིགས་པའི་ཕྱོགས་གླང་ཡབ་སྲས་དགོངས་པ་བཞིན།།

གསེར་སྦྱང་བཙོ་མ་ལྟ་བུའི་རིགས་ལམ་དག།

མ་རྟོགས་ལོག་རྟོགས་ཆ་རྣམས་གསལ་བར་བྱ།།

ཞེས་མཆོད་པར་བརྗོད་དང་རྩོམ་པར་དམ་བཅའ་བ་གཉིས་ཀྱི་ལམ་ནས་གང་ཞིག་བསྟན་པར་བྱ་བའི་ཆོས་ཀྱི་སྒོ་མོ་ལེགས་པོ་ཕྱེས་ཏེ། དེའང་གང་ཞིག་གླེང་བར་བྱ་བ་ནི།འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ཡ་གྱལ་རིག་པའི་དཔའ་བོ་དཔལ་ཆོས་ཀྱི་གྲགས་པ་དེ་ཉིད་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་ལ་འགྲེལ་བར་བྱེད་པའི་སངས་རྒྱས་ཀརྨ་པ་བདུན་པ་ཀུན་མཁྱེན་རང་བྱུང་ཆོས་གྲགས་རྒྱ་མཚོས་རྩོམ་མཛད་པའི་ཚད་མ་བརྗོད་པར་བྱེད་པ་ཐམས་ཅད་ཀྱི་ཆུ་བོ་ཡོངས་སུ་འདུ་བ་རིགས་པའི་གཞུང་ལུགས་ཀྱི་རྒྱ་མཚོ་ལས། ཅི་སྟེ་ཡང་སྒྲ་མི་རྟག་པར་འཛིན་པའི་མངོན་སུམ་མམ་རྗེས་དཔག་གིས་དྲངས་ནས་སྐྱེས་པའི་སྒྲ་མི་རྟག་པར་ངེས་པའི་ཤེས་པ་ནི་བཅད་ཤེས་སོ་ཞེ་ན། དེ་ལྟ་བུ་ངེས་ཤེས་དེ་ལ་མིང་ཇི་སྐད་དུ་བཏགས་ཀྱང་རུང་ཚད་མ་ཉིད་ཡིན་ཏེ་ཞེས་པའི་སྐབས་ནས་བསྟན་པའི་ཚད་མ་དང་།  ཚད་མིན་གྱི་བློ་གཉིས་ཀྱི་རྣམ་བཞག་ཅུང་ཙམ་གླེང་ན།

      དེ་ལ་དགག་གཞག་སྤོང་གསུམ་ཡོད་པ་ལས།  

དང་པོ།  གཞན་ལུགས་དགག་པ་ནི།

ཁ་ཅིག་ན་རེ། ཡིད་དཔྱོད་ཡིན་ན་ཚད་མིན་གྱི་བློ་ཡིན་པས་ཁྱབ་ཟེར་ན། དཔྱད་ཤེས་ཆོས་ཅན། ཁྱོད་ཚད་མིན་གྱི་བློ་ཡིན་པ་ཐལ།ཁྱོད་ཡིད་དཔྱོད་ཡིན་པའི་ཕྱིར།ཁྱབ་པ་ཁས།དེ་ལ་རྟགས་མ་གྲུབ་ཟེར་ན། དཔྱད་ཤེས་ཆོས་ཅན།ཁྱོད་ཡིད་དཔྱོད་ཡིན་པ་ཐལ།ཁྱོད་རྟོག་བཅས་ཀྱི་ཤེས་པ་ཡིན་པའི་ཕྱིར། དེ་ལ་ཁྱབ་པ་མ་ངེས་ཟེར་ན། རྟོག་བཅས་ཀྱི་ཤེས་པ་ཡིན་ན་ཡིད་དཔྱོད་ཡིན་པས་ཁྱབ་པ་ཐལ།ཁྱོད་གཉིས་དོན་གཅིག་ཡིན་པའི་ཕྱིར། རྟགས་ཁྱབ་སླ།དེ་ལ་རྩ་བར་འདོད་ཟེར་ན།དཔྱད་ཤེས་ཆོས་ཅན། ཁྱོད་ཚད་མིན་གྱི་བློ་མ་ཡིན་པ་ཐལ། ཁྱོད་ཚད་མ་ཡིན་པའི་ཕྱིར། དེ་ལ་རྟགས་མ་གྲུབ་ཟེར་ན།དཔྱད་ཤེས་ཆོས་ཅན། ཁྱོད་ཚད་མ་ཡིན་པ་ཐལ། ཁྱོད་རྗེས་དཔག་ཡིན་པའི་ཕྱིར། དེ་ལ་རྟགས་མ་གྲུབ་ཟེར་ན། དཔྱད་ཤེས་ཆོས་ཅན། ཁྱོད་རྗེས་དཔག་ཡིན་པ་ཐལ། ཁྱོད་གཉིས་རྣམ་གྲངས་ཡིན་པའི་ཕྱིར། རྟགས་ཁྱབ་སླ།

ཁ་ཅིག་ན་རེ། ཡིད་དཔྱོད་ཡིན་ན་དཔྱད་ཤེས་མ་ཡིན་པས་ཁྱབ་ཟེར་ན། བུམ་པ་རྟོགས་རྗེས་དཔག་ཆོས་ཅན། ཁྱོད་དཔྱད་ཤེས་མ་ཡིན་པ་ཐལ། ཁྱོད་ཡིད་དཔྱོད་ཡིན་པའི་ཕྱིར། ཁྱབ་པ་ཁས། དེ་ལ་རྟགས་མ་གྲུབ་ཟེར་ན། བུམ་པ་རྟོགས་པའི་རྗེས་དཔག་ཆོས་ཅན། ཁྱོད་ཡིད་དཔྱོད་ཡིན་པ་ཐལ། ཁྱོད་རྟོག་བཅས་ཀྱི་ཤེས་པ་ཡིན་པའི་ཕྱིར། རྟགས་ཁྱབ་སླ། དེ་ལ་རྩ་བར་འདོད་ཟེར་ན། བུམ་པ་རྟོགས་པའི་རྗེས་དཔག་ཆོས་ཅན། ཁྱོད་དཔྱད་ཤེས་ཡིན་པ་ཐལ། ཁྱོད་རང་གི་བརྟེན་དུ་གྱུར་པའི་རྟགས་ཡང་དག་ལ་བརྟེན་ནས་བྱུང་བའི་རྟོག་བཅས་ཀྱི་ཚད་མ་ཡིན་པའི་ཕྱིར། དེ་ལ་རྟགས་མ་གྲུབ་ཟེར་ན། བུམ་པ་རྟོགས་པའི་རྗེས་དཔག་ཆོས་ཅན། ཁྱོད་རང་གི་བརྟེན་དུ་གྱུར་བའི་རྟགས་ཡང་དག་ལ་བརྟེན་ནས་བྱུང་བའི་རྟོག་བཅས་ཀྱི་ཚད་མ་ཡིན་པ་ཐལ། ཁྱོད་རང་གི་བརྟེན་དུ་གྱུར་བའི་རྟགས་ཡང་དག་ལ་བརྟེན་ནས་བྱུང་བའི་གསར་དུ་མི་བསླུ་བའི་ཞེན་རིག་ཡིན་པའི་ཕྱིར། དེ་ལ་རྟགས་མ་གྲུབ་ཟེར་ན། བུམ་པ་རྟོགས་པའི་རྗེས་དཔག་ཆོས་ཅན། ཁྱོད་རང་གི་བརྟེན་དུ་གྱུར་པའི་རྟགས་ཡང་དག་ལ་བརྟེན་ནས་བྱུང་བའི་གསར་དུ་མི་བསླུ་བའི་ཞེན་རིག་ཡིན་པ་ཐལ། ཁྱོད་དཔྱད་ཤེས་ཡིན་པའི་ཕྱིར། དེར་ཐལ། དེ་ཁྱོད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། རྟགས་ཁྱབ་སླ།

ཁ་ཅིག་ན་རེ། ཡིད་དཔྱོད་ཡིན་ན་དཔྱད་ཤེས་ཡིན་པས་ཁྱབ་ཟེར་ན། སྒྲ་རྟག་པར་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་དཔྱད་ཤེས་ཡིན་པ་ཐལ། ཁྱོད་ཡིད་དཔྱོད་ཡིན་པའི་ཕྱིར། ཁྱབ་པ་ཁས། དེ་ལ་རྟགས་མ་གྲུབ་ཟེར་ན། སྒྲ་རྟག་པར་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་ཡིད་དཔྱོད་ཡིན་པ་ཐལ། ཁྱོད་རྟོག་པ་ཡིན་པའི་ཕྱིར། རྟགས་ཁྱབ་སླ། དེ་ལ་རྩ་བར་འདོད་ཟེར་ན། སྒྲ་རྟག་པར་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་དཔྱད་ཤེས་མ་ཡིན་པ་ཐལ། ཁྱོད་ལོག་ཤེས་ཡིན་པའི་ཕྱིར། དེ་ལ་རྟགས་མ་གྲུབ་ཟེར་ན། སྒྲ་རྟག་པར་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་ལོག་ཤེས་ཡིན་པ་ཐལ། ཁྱོད་མཐའ་གཅིག་ཏུ་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་ཡིན་པའི་ཕྱིར། རྟགས་ཁྱབ་སླ།

གཉིས་པ། རང་ལུགས་བཞག་པ་ནི།

དཔྱད་ཤེས་ཀྱི་མཚན་ཉིད་འཇོག་རྒྱུ་ཡོད་དེ། རང་གི་བརྟེན་དུ་གྱུར་པའི་རྟགས་ཡང་དག་ལ་བརྟེན་ནས་བྱུང་བའི་གསར་དུ་མི་བསླུ་བའི་ཞེན་རིག་དེ་དེ་ཡིན་པའི་ཕྱིར།དོན་འདི་ལ་དགོངས་ནས་ཀུན་མཁྱེན་རང་བྱུང་ཆོས་གྲགས་རྒྱ་མཚོས་ཞལ་སྔ་ནས།ཅི་སྟེ་ཡང་སྒྲ་མི་རྟག་པར་འཛིན་པའི་མངོན་སུམ་མམ་རྗེས་དཔག་གིས་དྲངས་ནས་སྐྱེས་པའི་སྒྲ་མི་རྟག་པར་ངེས་པའི་ཤེས་པ་ནི་བཅད་ཤེས་སོ་ཞེ་ན།དེ་ལྟ་བུ་ངེས་ཤེས་དེ་ལ་མིང་ཇི་སྐད་དུ་བཏགས་ཀྱང་རུང་ཚད་མ་ཉིད་ཡིན་ཏེ། རྒྱུ་མཚན་ནམ་རྟགས་ལ་བརྟེན་ནས་རང་གི་གཞལ་བྱ་གསར་དུ་ངེས་པའི་ཕྱིར།གལ་ཏེ་རང་གི་ཉེར་ལེན་ཚད་མ་སྔ་མས་བཟུང་བའི་དོན་འཛིན་པ་མ་ཡིན་ནམ་ཞེ་ན། རང་གི་ཉེར་ལེན་ཚད་མ་སྔ་མའི་སྟོབས་ཀྱིས་སྒྲ་མི་རྟག་པ་ཙམ་ཞིག་ངེས་པ་ཡིན་གྱི། རང་གི་ཉེར་ལེན་དུ་གྱུར་པའི་ཚད་མའི་ཡུལ་ཡིན་མིན་གང་དུའང་མ་ངེས་པའི་ཕྱིར་རོ།། ཞེས་གསུངས་པའི་ཕྱིར།དེའི་མཚན་གཞི་འཇོག་རྒྱུ་ཡོད་དེ། བུམ་པ་རྟོགས་པའི་རྗེས་དཔག་དེ་དེ་ཡིན་པའི་ཕྱིར།དཔྱད་ཤེས་དང་རྗེས་དཔག་གཉིས་རྣམ་གྲངས་སོ།། རྗེས་དཔག་ཡིན་ན་ཡིད་དཔྱོད་ཡིན་པས་ཁྱབ་ཀྱང་། ཡིད་དཔྱོད་ཡིན་ན་རྗེས་དཔག་ཡིན་པས་མ་ཁྱབ་བོ།། ཡིད་དཔྱོད་དང་རྟོག་བཅས་ཀྱི་ཤེས་པ་གཉིས་དོན་གཅིག རྟོག་བཅས་ཀྱི་ཤེས་པའི་མཚན་ཉིད་འཇོག་རྒྱུ་ཡོད་དེ།སྒྲ་དོན་འདྲེས་འཛིན་གྱི་རིག་པ་དེ་དེ་ཡིན་པའི་ཕྱིར། དོན་འདི་ལ་དགོངས་ནས་འཛམ་གླིང་རིག་པའི་ཉི་མ་དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལས།

                      ཤེས་གང་གང་ལ་སྒྲ་དོན་འཛིན།།

                      དེ་ནི་དེ་ལ་རྟོག་པ་ཡིན།།

ཞེས་གསུངས་པའི་ཕྱིར་དང་། ཀུན་མཁྱེན་རང་བྱུང་ཆོས་གྲགས་རྒྱ་མཚོས་ཞལ་སྔ་ནས། རྟོག་པ་ཐམས་ཅད་འཁྲུལ་བ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཡང་ཀུན་གཟིགས་བླ་མ་གར་དབང་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་ཚད་མ་མདོ་དང་རྣམ་འགྲེལ་གྱི་སྤྱི་དོན་འཇམ་དབྱངས་བཞད་པ་ལས། ཤེས་བྱ་འདིར་ཆོས་ཅན། རྟོག་པ་ཐམས་ཅད་རྟོག་མེད་དུ་ཐལ་བའི་སྐྱོན་མེད་དེ།ཤེས་པ་གང་ཡུལ་གང་ལ་སྒྲ་དོན་འདྲེས་རུང་དུ་འཛིན་པ་དེ་ནི་རྟོག་པ་ཡིན་ལ། ཞེས་གསུངས་བའི་ཕྱིར་རོ།།

  

གསུམ་པ། རྩོད་པ་སྤོང་བ་ནི།

ཁོ་ན་རེ། བུམ་པ་རྟོགས་པའི་རྗེས་དཔག་ཆོས་ཅན། ཁྱོད་ཚད་མ་མ་ཡིན་པ་ཐལ།ཁྱོད་དཔྱད་ཤེས་ཡིན་པའི་ཕྱིར།དེ་ལ་ཁྱབ་པ་མ་ངེས། བུམ་པ་རྟོགས་པའི་རྗེས་དཔག་ཆོས་ཅན། ཁྱོད་ཚད་མ་མ་ཡིན་པ་ཐལ། ཁྱོད་ཡིད་དཔྱོད་ཡིན་པའི་ཕྱིར།དེ་ལའང་ཁྱབ་པ་མ་ངེས་སོ།།

ཁོ་ན་རེ། ཡིད་དཔྱོད་ཆོས་ཅན། ཁྱོད་དཔྱད་ཤེས་ཡིན་པ་ཐལ། ཁྱོད་གཉིས་དོན་གཅིག་ཡིན་པའི་ཕྱིར།དེ་ལ་རྟགས་མ་གྲུབ།

ཁོ་ན་རེ། སྒྲ་རྟག་པར་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་དཔྱད་ཤེས་ཡིན་པ་ཐལ། ཁྱོད་ཡིད་དཔྱོད་ཡིན་པའི་ཕྱིར། དེ་ལ་ཁྱབ་པ་མ་ངེས།

ཁོ་ན་རེ། ཡིད་དཔྱོད་ཆོས་ཅན། ཁྱོད་དཔྱད་ཤེས་ཡིན་པ་ཐལ། ཁྱོད་རྗེས་དཔག་ཡིན་པའི་ཕྱིར་ཟེར་ན། དེ་ལ་རྟགས་གསལ་རེ་རེ་ནས་རང་ལྡོག་ཞེས་པའི་ལན་འདེབས་དགོས་སོ།།

སླར་སྨྲས་པ།

ཚད་མའི་གཞུང་དོན་ལྟར་དུ་དཔྱད་པ་ལ།།

རིགས་པ་དྲི་མ་མེད་པ་ཁོ་ཐག་ཡིན།།

དཔྱད་པ་འདི་ནི་ནམ་མཁའི་ཉི་མ་ལྟར།།

གཞན་ལ་ཕན་པར་སྙམ་ནས་བྲིས་པའོ།།

འདི་ནི་ཤེས་འདོགས་རྐྱེན་གྱི་ཚིག་ཚོགས་མིན།།

འདི་ནི་ལུང་དང་རིགས་པར་འགལ་བ་མིན།།

འདི་ནི་རྗེས་དཔག་ཚད་མ་ལས་འཕྲོས་བའི།།

འཇིག་རྟེན་གྲགས་པར་མཐུན་པའི་དཔྱད་པ་ཙམ།།

ཅེས་2022/1/1ཉིན་བྲིས་པའི་དཔྱད་རྩོམ་འདི་ནི་མཁས་བཙུན་བཟང་གསུམ་གྱི་རྣམ་པར་བརྒྱན་པའི་ངེས་བ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་བཀའ་དྲིན་མཚུངས་ཟླ་དང་བྲལ་བའི་བླ་མ་དམ་པ་མཁན་ཆེན་ཚུལ་ཁྲིམས་བསམ་མཆོག་གི་བཀའ་དྲིན་ལ་བསྟན་ནས། འཛམ་གླིང་རིག་པའི་དཔའ་བོ་ཕྱོགས་གླང་ཡབ་སྲས། ཀུན་མཁྱེན་རང་བྱུང་ཆོས་གྲགས་རྒྱ་མཚོ་རྣམས་པའི་དགོངས་པ་དང་མཐུན་ཞིང་ལུང་རིག་དང་མི་འགལ་བའི་སྒོ་ནས་གཞན་ལ་ཕན་པར་སྙམ་ནས་བྲིས་པ་ཡིན་ལ།  རྩོམ་མཁན་རང་གིས་ཀྱང་ནོར་བུ་རང་ལ་ཡོད་དུས་ནོར་བའི་ནོར་ཉམས་ཆོད་དགོས་པ་ལྟར་།  རང་གི་ཤེས་རབ་ཡོད་དགུ་བཙལ་ནས་རིག་པ་སྨྲ་བ་དག་གི་བློ་དང་རིག་པའི་ལོག་རྟོག་རྣམས་བསལ་བར་བྱ་བའི་ཕྱིར་དུ་མདོ་སྔགས་ཀྱི་རིག་གཞུང་ཆེན་མོ་དག་ཐོས་བསམ་སྒོམ་གསུམ་དང་མི་ཉམས་འཛིན་སྐྱོང་གནང་ས་༧དཔལ་མ་བཀྲམ་བཀའ་འབུམ་དགོན་ལྗོངས་མེ་ཏོག་རྒྱས་པའི་ཆོས་སྒར་ཆེན་མོའི་གྲལ་མཐར་གནས་པའི་རིག་པ་སྨྲ་མཁན་བསྟན་པའི་ཉི་མའམ་རྫ་ཚངས་དབྱངས་ཀྱིས་རང་ཤག་དཔེ་མང་བརྩེགས་པའི་ལྡིང་ཁང་ནས་བསམ་ཞིང་ཅུང་ཙམ་དཔྱད་པའོ།།    སརྦ་མངྒ་ལམ། 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1810