ཤེས་རབ་རྒྱལ་མཚན།

གཅིག

དུས་རྒྱུན་ཁམས་མི་ཉག་དྲན་པ་ན་གནས་དེར་ཀྲོང་ངེར་འགྲེང་ཡོད་པའི་བཞག་བྲ་ལྷ་རིའི་བཀོད་པ་མ་ལུས་ཀུན་མིག་ལམ་ལ་ལྷང་ངེར་གསལ་ལ་དག་ཀེར་མཇལ་ཐུབ་ཡོང་བ་འདྲ། དྲན་པ་སོར་བཞག་བྱས་ན་དེ་ནི་གནའ་སྔ་མོ་ཞིག་ལ་ངག་རྒྱུན་འདི་འདྲ་ཞིག་འདུག་སྟེ། སྔོན་ཡུལ་ལུང་འདི་ལ་གཞི་བདག་ཅིག་བྱོན་པ་ན་རང་གི་བུ་ཡུལ་འདི་ནས་འཇོག་བྲོད་ལ་མི་བྲོད་པ་དང་བྲ་ལ་མི་བྲ་བས་བཞག་རྐྱེན། བཞག་བྲ་ཞེས་ཐོག་ཟེར་མོད། འདི་ནི་ཇི་བཞིན་ཁས་ལེན་དུ་རུང་བ་ཞིག་རེད་བསམ་གྱིན་མེད་ལ། དེ་ལས་ཀྱང་ལོ་རྒྱུས་ཀྱི་རྒྱབ་རྟེན་དང་དཔང་རྟགས་སུ་རློམ་གྱིན་མེད། དེ་ཡི་རྐྱེན་པས་འདིར་ཡང་ཞིབ་ཅིང་ཕྲ་བའི་སྒོ་ནས་ངག་རྒྱུན་དེ་ཉིད་བཤད་སྙིང་མི་བྲོད་དོ། ། ཡིན་ན་ཡང་ངས་བཞག་བྲ་ལྷ་རི་དྲན་པ་ནི་ལན་ཅིག་མིན་ལ། དེ་རིང་ཡང་གང་གི་མདུན་ཐད་ན་ལྷོད་ཀྱིས་འགྲེང་སྟེ། བསམ་གཞིག་གི་བྲང་ཁ་ན་ལུས་ཡོད། མིག་ཟུང་གི་དཀྱིལ་སྙིང་ངོས་སུ་རུམ་ནས་ཡོད་ཟེར་ནའང་ཆོག་གོ།

གཉིས།

དེ་རིང་ཞོགས་པར་ང་ནི་མི་ཉག་ལྷ་སྒང་གི་ཡང་སྟེང་། མཆོད་རྟེན་དཀར་དཀར་དེ་ཉིད་ཀྱི་འགྲམ་ངོས་སུ་འགྲེང་ནས། རྡོ་ཡི་ར་སྐོར་ནང་གི་སློབ་གྲྭ། རྩིག་པ་དམར་དམར་ནང་གི་གསེར་གྱི་མཆོད་རྟེན་སོགས་ལ་རྒྱང་ལྟ་བྱ་བཞིན། ཤར་སྟོད་བཞག་བྲ་དཀར་པོའི་མདུན་གཞོལ་ནས་རྒྱང་ལ་ལྟ་བ་ནི་ཐེངས་དང་པོ་ཡིན་པའི་སྣང་ཚོར་འདུག དྲང་མོར་བཤད་ན་ནམ་རྒྱུན་མི་ཉག་ལྷ་སྒང་བརྒྱུད་ནས་འགྲོ་སྐབས། སེམས་ངོས་སུ་ལྷ་སྒང་དགོན་པའི་ལོ་རྒྱུས་རབ་རིབ་ཅིག་དུས་རྒྱུན་དྲན་པ་འདྲ། དེ་ནི་འདི་འདྲ་ཞིག་རེད། ད་ལྟའི་ལྷ་སྒང་དགོན་པ་གནས་ཡོད་ས་འདིར་སྔོན་མཚོ་ཆུང་ཆུང་ཞིག་ཆགས་ཡོད་པས། མིང་ལ་ཡང་མཚོ་ཆུང་ལུང་པ་དང་མཚོ་ལུང་ཞེས་འབོད་སྲོལ་ཡོད་ཟེར། ད་དུང་དེ་ཡི་དཀྱིལ་དུ་རང་བྱུང་གི་རྡོ་ཕ་བོང་གྲུ་བཞི་མ་ཞིག་ཀྱང་ཡོད་ཚུལ་བཤད། རྡོ་གྲུ་བཞི་མ་དེ་ནི་རྟགས་དང་མཚན་མ་མང་བ། ཡ་མཚན་རྨད་དུ་བྱུང་བ་ཞིག་ཀྱང་ཡིན་ཚུལ་ཡོད་དེ། སྐལ་ལྡན་རེ་ཟུང་གིས་མཇལ་སྐབས་མཐོང་ཐོས་མི་འདྲ་བ་དང་དེ་བཞིན་དུ་རང་རང་གི་མྱོང་སྣང་མི་འདྲ་བ་མང་དུ་བཤད་སྲོལ་ཡོད། དཔེར་ན་འཕགས་པ་སྤྱན་རས་གཟིགས་དང་ཕྱག་ན་རྡོ་རྗེ། རྗེ་བཙུན་འཇམ་དཔལ་དབྱངས་སོགས་དངོས་སུ་བྱོན་པའི་སྣང་བ་དང་། སྐུ་ལུས་དག་ལའང་འོད་དང་འོད་ཟེར་འཕྲོ་བ། འཇའ་ཚོན་སྣ་ལྔ་ཤར་བ། གསུང་འབྱོན་པ་ཨ་ར་པ་ཙ་དང་མ་ཎི་སྐྱབས་འགྲོ། སྒྲོལ་མ་སོགས་འདོན་པའི་སྐད་སྙན་ལ་རིང་བ་མང་དུ་ཐོས་པ་ནི་སྔོན་ཡུལ་ལུང་འདི་ག་ན་འཚོ་བའི་མི་དག་གི་དངོས་སུ་ཉམས་སྣང་ལ་འཆར་མྱོང་། རྗེས་ནས་གནས་དེར་དངོས་སུ་འཕགས་པ་སྤྱན་རས་གཟིགས་བྱོན་ནས། ཕྱག་ནས་གཏོར་བ་དང་གནས་དེར་བསྟན་པ་དར་བའི་གསོལ་བ་འདེབས་པ། དེ་བཞིན་དུ་ལུང་པ་དེ་ཉིད་ཀྱི་ཀླུའི་རྒྱལ་པོ་གཙོ་བྱས་པའི་མི་དང་ལྷ་དང་ལྷ་མ་ཡིན་སོགས་ལ་ཆོས་འཆད་པར་བྱས། དེ་ནས་མཚོ་ཆུང་ཆུང་དེ་ཉིད་རིམ་བཞིན་མར་མར་འགྲིབ་ནས་རྡོ་ཕ་བོང་གྲུ་བཞི་མ་ཕྱིར་བུད་དེ་སྐད་སྒྲ་སྙན་ལ་རིང་བའི་སྒོ་ནས་འཕགས་པ་སྤྱན་རས་གཟིགས་ལ་ལེགས་སོ་ཞེས་གུས་པ་དང་བཅས་ཞུ་བ་འབུལ་མྱོང་བར་བཤད། ཡང་དེའི་ཚེ་འཕགས་པ་སྤྱན་རས་གཟིགས་ཀྱིས་ཀླུའི་རྒྱལ་པོའི་རེ་བ་ལྟར། སངས་རྒྱས་ཆོས་ཀྱི་བདུད་རྩི་མྱོང་བའི་སྐལ་བ་ལྡན་པའི་ཆེད་དུ་གང་ཟག་སྤྱི་དང་ཁྱད་པར་དུ་ཡུལ་ལུང་འདི་གའི་སྐྱེ་བོ་ཀུན་ལ་ཕན་དུ་རེ་བའི་སྒོ་ནས། གནས་དབུས་སུ་བྱོན་ནས་མཚོ་ཁ་དེར་སྒེའུ་ཁུང་གི་ཆེ་ཆུང་ཙམ་ཞིག་བཞག་པར་བཤད། དེ་ནི་ད་ལྟ་ཀུན་གྱིས་གྲུབ་ཆུ་ཞེས་བརྗོད་པ་འདི་ཉིད་ཡིན་པར་གསལ།

གསུམ།

ད་ལྟ་ང་ཡོད་སའི་ལྷ་སྒང་གི་སྒང་ཁ་འདི་ལ་རླུང་བུ་དལ་དལ་ཞིག་རྒྱུ་བཞིན་འདུག རླུང་བུ་འདི་ཕྱོགས་ངེས་མེད་ལ་འགྲོ་ནུས་པའི་ཡུལ་འཁྱར་བ་ཞིག་དང་ཀུན་ནས་མཚུངས། ང་ནི་རླུང་བུ་འདི་ལ་འགྲོགས་ཏེ་ཐག་རིང་ཞིག་ལ་འགྲོ་སྙིང་བྲོད། ཡིན་ན་ཡང་ངས་ད་དུང་སྒང་ཁ་འདི་ནས་མར་བལྟས་ན་ལྷ་སྒང་དགོན་པ་དང་། ཡར་བལྟས་ན་རྫ་རིའི་དབུ་རྩེ་ལ་སྤྲིན་པ་དང་ཁ་བའི་ཞྭ་མོ་གཉིས་ཀ་ནབ་པའི་རི་བོ་རྔམ་བརྗིད་ལྡན་པ་འདི་ལ་ཡང་ཡང་ལྟ་བཞིན་ཡང་ཡང་ཉན་བཞིན། ཡང་ན་ཡང་ཡང་བསམ་བཞིན། བཞག་བྲའི་ཉེ་ཞོལ་འདི་ནས་སེམས་ངོས་སུ་རབ་རིབ་ཅིག་གསལ་བ་འདི་དག་ལ་དངོས་གནས་ད་དུང་ཡང་ཕྱི་དྲན་ཞིག་བྱ་སྙིང་བྲོད། འདི་དག་ང་ལ་སུས་བཤད་པ་དང་གང་ཞིག་ནས་ཤེས་ཡོང་བ་ནི་རང་ཉིད་ལའང་དངོས་གནས་མི་གསལ་མོད། ཡིན་ཡང་འདི་ལྟར་དྲན་པ་ནི་ཐེངས་གཅིག་མིན་པས་ཡང་ཡང་དྲན་པའི་མཚོ་མོའི་རླབས་གཉེར་ངོས་སུ་གཅིག་རྗེས་གཉིས་མཐུད་དུ་ཤར་བས། འདིར་ཡང་ཆད་ལྷག་དང་ནོར་འཆུག་མང་བ་ཞིག་འབྲི་སྙིང་ཆེ། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ། བོད་རྒྱལ་སུམ་ཅུ་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་གནས་འདིར་ལྷ་ཁང་ཞིག་བཞེངས་ཡོད་པར་གསལ། ཆོས་རྒྱལ་སྲུང་བཙན་སྒམ་པོའི་རིང་ལ་ལྷ་སར་ཕོ་བྲང་བརྩིགས། བོད་ཡིག་གི་སྲོལ་དར་བར་བྱས། སངས་རྒྱས་ཀྱི་ཆོས་ཐོག་མར་བོད་ཡིག་དུ་བསྒྱུར། རྒྱལ་ཕྲན་མང་པོ་དབང་སྒྱུར་བྱས་ནས་བོད་ཡུལ་གཅིག་གྱུར་དུ་བཏང་། རྒྱ་བལ་གཉེན་དུ་བསུས་ནས་ཕྱི་འབྲེལ་མཛའ་མཐུན་བྱུང་། ལྷག་པར་དུ་རྒྱ་ནག་རྒྱལ་པོ་ཐང་ཐེའེ་ཙུང་དང་མཛའ་མཐུན་ཕྱི་འབྲེལ་བཞག་ནས་རྒྱ་བཟའ་ཀོང་ཇོ་བག་མར་བསུས་ཏེ་བོད་ཡུལ་ལ་ཕེབས་། རྒྱ་བཟའ་ཀོང་ཇོས་བོད་ཡུལ་གྱི་ས་ཁམས་ཆགས་ཚུལ་ནི་སྲིན་མོ་གན་རྐྱལ་དུ་འགྱེལ་འདྲའི་དབྱིབས་སུ་སྣང་བས། སྲིན་མོའི་མགོ་ལག་རྐང་གསུམ་དང་དོན་ལྔ་སྣོད་དྲུག་གི་ཐོག་ཏུ་ལྷ་ཁང་བརྒྱ་དང་བརྒྱད་བཞེངས་དགོས་ཚུལ་བསྟན། མི་ཉག་ལྷ་སྒང་དགོན་པ་འདི་ནི་ལྷ་ཁང་དག་ལས་ལྷ་ཁང་བརྒྱ་དང་བརྒྱད་པ་ཡིན་ངེས་ཏེ། སྔོན་དུས་སུ་དགོན་པ་འདི་མིང་ལ་ཡོངས་རྫོགས་རབ་དགའི་ལྷ་ཁང་ཞེས་གསོལ་ཡོད་པར་གྲགས། འདི་ལྟར་འདོད་དགོས་པའང་དོན་དུ་མི་གནས་པ་ཞིག་ཀྱང་མ་ཡིན་ཏེ། ། ལྷ་ཁང་བརྒྱ་དང་བརྒྱད་པོ་ཡོངས་སུ་རྫོགས་པ་བཞེངས་ཟིན་པས་བོད་རྒྱལ་བཙན་པོ་དང་འབངས་མི་མ་ལུས་པ་རབ་ཏུ་དགའ་བའི་རྒྱུ་མཚན་གྱིས་དེ་ལྟར་ཐོག་པ་ཡིན།

བཞི།

ངས་ཡུལ་ལུང་འདི་ལ་ཞིབ་ལྟ་བྱེད་ཐེངས་རེ་ལ། དངོས་གནས་འཇིག་རྟེན་གྱི་ཁམས་འདི་ལ་འགྲེལ་བཤད་བྱ་ཐུབ་མཁན་ཞིག་ལར་ནས་མི་འདུག་པ་ནི་གཞི་ཤེས་ལ་རྨང་ནས་རྟོགས། དལ་ལྷོད་ལྷོད་ཀྱིས་ཞིབ་འདང་རེ་རྒྱབ་ན་ཡུལ་ལུང་བྱེ་བྲག་པ་ལྷ་སྒང་འདི་ལ་མཚོན་ནའང་། མིང་གི་བྱུང་རྐྱེན་ལ་ཡང་རྒྱུ་མཚན་མང་ཙམ་པ་ཞིག་འདུག་སྟེ། སྔོན་ཡུལ་འདི་ན་མཚོ་ཆུང་ཆུང་ཞིག་འདུག་པས་མཚོ་ཆུང་ལུང་པ་དང་མཚོ་ལུང་ཞེས་བཏགས་པ་གོང་ནས་རྟོགས་སླ། རྗེས་ནས་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་འདྲ་ཇོ་བོ་མི་འགྲོ་གསུངས་བྱོན་གནས་འདིའི་རྒྱན་དུ་བཞུགས་པ་རྒྱུ་མཚན་དུ་བྱས་ནས་མཚོ་ཆུང་ལུང་པ་འམ་མཚོ་ལུང་ལྷ་ལུང་ཞེས་པའི་མིང་དུ་འགྱུར། ཡང་རྗེས་ནས་བསྟན་པ་ཕྱི་དར་གྱིས་དུས་ཤིག་ཡིན་པ་འདྲ། ཡུལ་ལུང་འདི་ལ་བླ་མ་ཞིག་བྱོན་ནས་ལྷ་ཁང་དང་དགོན་པ་སྐུ་རྟེན་ཉམས་གསོ་དང་གསར་བཞེངས་བྱས། ཁྱད་པར་དུ་བློན་མགར་སྟོང་བཙན་དང་རྒྱ་བཟའ་ཀོང་ཇོའི་སྐུ་གཟི་བྱིན་ཆེ་ཆེར་འབར་བ་འགའ་ཡང་གསར་བཞེངས་བྱས། སྐབས་དེ་ཙམ་ན་བླ་མ་གང་གི་ཡུལ་ལུང་འདི་ནི་ནོར་བུ་དགའ་འཁྱིལ་གྱི་དབྱིབས་སུ་སྣང་བས་དངོས་གནས་རྟེན་འབྲེལ་གྱི་གནས་མཆོག་ཅིག་རེད་ཅེས་བསྔགས་བརྗོད་འཐོར་བ་ནས། ལྷ་ལུང་དང་ནོར་བུ་དགའ་འཁྱིལ་གྱི་མིང་གཉིས་བསྡུས་ཏེ་ལྷ་དགའ་ཞེས་ཐོགས། བགྲེས་པོ་ལ་ལས་དེ་ནི་ལྷ་དགའ་བའི་གནས་ཡིན་པས་ན་ལྷ་དགའ་ཞེས་ཐོག་པ་རེད་ཟེར་མཁན་ཡང་སྔོན་ཆད་རེ་ཟུང་ཡུལ་ལུང་འདི་ན་འདུག་ཅེས་ཚོར་མྱོང་། དེའི་རྗེས་ནས་ལྷ་དགའ་ཞེས་པའི་མིང་འདི་ལྷ་སྒང་ལ་འགྱུར་སོང་བ་རེད། དེ་ནི་འདི་ལྟར་ཨེ་ཡིན་བསམ་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་མི་ཉག་རབ་སྒང་གི་ལྟེ་བ་ཡིན་པའི་རྒྱུ་མཚན་གྱིས། ལྷ་དང་སྒང་གཉིས་བསྡུས་ཏེ་ལྷ་སྒང་ཞེས་བཏགས་པར་སེམས། དོན་དུ་མིང་རྐྱང་ཚིག་འབྲུ་གཉིས་ལའང་འགྲེལ་བཤད་མི་ཕོད་པ་ཞིག་རེད།

ལྔ།

ད་ནི་སྒང་ཁ་འདི་ནས་དུས་ཡུན་རིང་པོར་ཙོག་ན་མི་འདོད་ལ། གལ་ཏེ་ད་རུང་དུས་ཚོད་སྐར་མ་འགའ་ལ་སྡོད་པ་ཡིན་ན། ཇོ་བོ་ཤཱཀྱ་མུ་ནེའི་སྐུ་རྟེན་ཇོ་བོ་མི་འགྲོ་གསུངས་བྱོན་མའི་སྐོར་ཡང་མང་ཙམ་ཞིག་དྲན་གྱིན་འདུག ད་ནི་མི་ཉག་ལྷ་སྒང་གྲོང་རྡལ་གྱི་གོ་རོ་མ་སྡེ་བའི་གསེར་རྒྱ་སྒོའི་མ་ཎི་རྡོ་མཁར་མཇལ་དུ་འགྲོ། དེ་ནི་ཕྱི་ལོ་༡༩༨༠་ལོར་མཚན་ལ་ཤར་རོང་བླ་མ་ཚེ་འཕེལ་དུ་འབོད་པ་ཞིག་གིས་གསར་བཞེངས་བྱས་པ་ཞིག་རེད་འདུག ད་ལྟ་རི་སྒང་ཆུང་ཆུང་ཙམ་ཞིག་ཡོད་འདུག ཧ་ཅང་ཡིད་དབང་འཕྲོག་པ་ཞིག་ཡིན། དེར་སོང་ན་མི་ཉག་བཞག་བྲ་ལྷ་རི་ཡང་ཡག་པོ་ཞིག་མཇལ་ཐུབ་པ་འདྲ། དེ་ནི་བར་ཐག་ཉེ་བས་ཡིན། བརྗིད་ཉམས་སུ་ཤར་འདུག་པ་གན་རེད། རྟག་བརྟན་ཀྲོང་ངེར་འདུག་པ་གན་རེད། ང་ཚོ་མྱུར་དུ་འགྲོ། ད་དུང་རིག་གནས་ཀྱི་ཤུལ་བཞག་མང་ཙམ་ཞིག་ཡུལ་ལུང་འདི་ན་མཇལ་རྒྱུ་ཡོད་པ་ནི་གདོན་མི་ཟ། ཞེས་བཤད་རྗེས་རླབས་འཁོར་ལ་བུད་ནས་ཕྱོགས་དེར་འཁྱར་སོང་།

བདག་གི་ཡུལ་འཁྱར་ཟིན་བྲིས་ཁག་བདུན་ལས་བཤུས།

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1794