རྩོམ་པ་པོ། ཉང་བློ་གྲོས་རབ་གསལ།

 

དེ་ཡང་ལོ་ཙཱ་བ་ཁོང་གི་མཚན་གྱི་རྣམ་གྲངས་ལ་ཀརྨ་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་དང་།  རིན་ཆེན་བཀྲ་ཤིས་བློ་གྲོས་ངོ་མཚར་བྱེ་བའི་གཏེར་མཛོད། ངག་དབང་རིན་ཆེན་བཀྲ་ཤིས། སྨོན་གྲུབ་ལོ་ཙཱ་བ་ཀརྨ་རིན་ཆེན་བཀྲ་ཤིས། རིན་ཆེན་བཀྲ་ཤིས། སྐྱོགས་སྟོན་རིན་ཆེན་བཀྲ་ཤིས། སྐྱོགས་ལོ་ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས།  སྨིན་དྲུག་ལོ་ཙཱ་སོགས་ཞུ་ཞིང་རྣམ་ཐར་མ་མཇལ་བས།  འཁྲུངས་འདས་ལོ་ཚིགས།  འཁྲུངས་ཡུལ། ཡབ་ཡུམ་གྱི་མིང་སོགས་གང་ཡང་མི་གསལ། བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ལས་“ལོ་ཆེན་ཆོས་སྐྱོང་བཟང་པོའི་བཀའ་དྲིན་ལས་ས་ལོ་འཇམ་དཔལ་རྡོ་རྗེ། དབོན་པད་དཀར་ཆོས་སྐྱོང་། སྐྱོགས་སྟོན་སྨོན་གྲུབ་ལོ་ཙཱ་བ། དཔལ་ཁང་ལོ་ཙཱ་བ་དབྱངས་ཅན་སྙེམས་པའི་ལྡེ་སོགས་སྐད་གཉིས་སྨྲ་བའི་ལོ་ཆེན་མང་དུ་བྱོན་ཞིང་།”ཞེས་གསུང་པ་ལྟར་ཁོང་གང་ལ་བསྟེན་པའི་བླ་མ་ནི་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་མཆོག་ཡིན་ལ་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་ནི་གཙང་ཞ་ལུ་གསེར་ཁང་གོང་མར་རབ་བྱུང་བདུན་པའི་ལྕགས་བྱ་ཕྱི་ལོ་ ༡༤༤༡ ལོར་སྐུ་འཁྲུངས་པ་དང་། དགུང་གྲངས་གྱ་བདུན་ལ་ཕེབས་པ་རབ་བྱུང་དགུ་པའི་མེ་ཕག་ཕྱི་ལོ་ ༡༥༢༧ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའོ། །དེས་ན་ཀརྨ་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ཀྱིས་ཁོང་གི་སློབ་མ་་ཡིན་པས་རབ་བྱུང་བརྒྱད་པའི་ནང་ནས་བྱོན་པ་ཡིན་པར་ཤེས་ཐུབ་སྙམ།  ཁོང་གི་བརྩམ་ཆོས་རྟགས་ཀྱི་འཇུག་པའི་འགྲེལ་པ་བཞུགས་སོ་ཞེས་པའི་མཛད་བྱང་དུ“ཞེས་པ་འདི་ཐམས་ཅད་མཁྱེན་པ་ཞ་ལུ་ལོ་ཙཱ་བ་དྷརྨ་པཱ་ལ་བྷ་དྲའི་ཞལ་སྔ་ནས་ཀྱི་སློབ་མ་སྐྱོགས་ཀྱི་དགེ་སློང་ངག་དབང་རིན་ཆེན་བཀྲ་ཤིས་དཔལ་བཟང་པོས་བྲིས་པའོ་”ཞེས་དང་ཚིག་རྒྱན་གྱི་བསྟན་བཅོས་སྙན་ངག་གི་མེ་ལོང་ཞེས་བྱ་བ་བཞུགས་སོ་ཞེས་པ་ལས་“འདི་ཡང་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པའི་སློབ་དཔོན་ཆེན་པོ་དཔལ་ཞ་ལུ་ལོ་ཙཱ་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་་བཤེས་གཉེན་རིན་ཆེན་ཆོས་སྐྱོང་བཟང་པོའི་ཞལ་སྔ་ནས་ཀྱི་ཕྱག་དཔེ་ལས། རྗེ་དེ་ཉིད་ཀྱི་བཀའ་དྲིན་ལ་བརྟེན་པ་ཤཱཀྱའི་བཙུན་པ་དཔལ་རིན་ཆེན་བཀྲ་ཤིས་ཞེས་བྱ་བས་རང་གི་ལག་གིས་བྲིས་པའོ། །”ཞེས་འབྱུང་བ་དང་།  རྗེ་བཙུན་ཞལ་ལུ་ལོ་ཙཱ་བའི་རྣམ་པར་ཐར་པ་བརྗེད་བྱང་ནོར་བུའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ་ཞེས་པའི་མཛད་བྱང་དུ“ཞེས་བྱ་བ་འདི་ནི། རྗེ་བཙུན་འདི་ཉིད་ཀྱི་ཞབས་འབྲིང་ཡུན་རིང་དུ་བསྟེན་པ་སྐྱོགས་ཀྱི་བཙུན་པ་རྒྱལ་ཁམས་པ་དཔལ་ལྡན་རིན་ཆེན་བཀྲ་ཤིས་བློ་གྲོས་ངོ་མཚར་བྱེད་པའི་གཏེར་ཞེས་དྲུང་གི་མཆོད་གཡོག་པ་བླ་མ་དྷརྨ་ཙཀྲ་བས་གསུང་ངར་མས་ཡང་ཡང་དུ་བསྐུལ་བ་དང་། བདག་ཉིད་ཀྱི་ཡིད་ལ་ཡོད་པ་རིང་དུ་གནས་པར་བྱ་བའི་ཕྱིར་དབང་ཕྱུག་ཅེས་པ་མེ་མོ་གླང་གི་དབོའི་དམར་ཆའི་དགའ་བ་དང་པོའི་འགྲུབ་སྦྱོར་བཟང་པོ་དང་ལྡན་པ་ལ། དཔལ་གྲྭ་ཐང་གི་གཙུག་ལག་ཁང་དུ་སྦྱར་བ་རེ་ཞིག་རྫོགས་སོ། །”ཞེས་གསུང་པ་ལྟར་ཁོང་ཞ་ལུ་ཆོས་སྐྱོང་བཟང་པོའི་ཞབས་འབྲིང་དུ་ཡུན་རིང་པོར་བསྟེན་ཡོད་པར་མངོན།  དེ་ལྟར་ཁོང་གིས་བླ་མ་གཞན་དག་ལ་བསྟེན་པ་མི་གསལ་ནའང་མཁས་ཤིང་གྲུབ་པའི་ས་མཐོན་པོར་གཤེགས་ཡོད་པ་ནི་ཤེས་ཐུབ་སྟེ་དཔལ་ཁང་ལོ་ཙཱ་བས་མཛད་པའི་སྐྱོགས་སྟོན་ཀརྨ་ལོ་ཙཱ་ལ་ཕུལ་བ་ཞེས་པའི་ཆབ་ཤོག་ལས་“ལུང་དང་རིགས་པའི་ལུས་སྟོབས་རབ་རྒྱས་ཐུབ་བསྟན་ཁུར་ཆེན་འདེགས་པར་ནུས། །བསླབ་གསུམ་དག་པའི་མྱོས་བུམ་མཐོ་ལྡན་ལྷག་བསམ་ཁ་བ་དངུལ་གྱི་མདོག །སྒྲ་ཚད་རལ་གྲིའི་འཁོར་བསྐོར་མཁས་དབང་སྤོབས་པའི་སྣ་ཞགས་རིང་པོ་རྐྱོང་། །སྐད་གཉིས་གསུང་བ་འཇིག་རྟེན་མིག་གྱུར་མཁས་པ་ལག་ལྡན་དབང་པོའི་དྲུང་། །”ཞེས་དང་ཡང་དེ་ལས་“དེང་དུས་ས་གསུམ་མཁས་པའི་ཐིག་ལེ་ཁྱོད། །ཆབས་འབངས་ཕན་བདེས་སྐྱོང་མཛད་སའི་དབང་མོ། །སྲས་བཅས་དགྱེས་དགུར་སྤྱོད་པའི་གཞལ་མེད་ཁང་། །ནོར་བུའི་བ་གམ་བརྩེགས་པའི་ཕོ་བྲང་ནས། །མི་མཐུན་ཉེར་འཚེས་མི་བསྐྱོད་བདེ་བའི་ངང་། །ལེགས་སྙན་གསུང་གིས་ལེགས་བཤད་འཆད་བཞིན་དུ། །མཁས་པའི་ཚོགས་ནང་མཁས་པའི་མཛད་པ་ལ། །ཉིན་མཚན་གཡེལ་མེད་ཉིན་བཞིན་སྤྱོད་ཅེས་ཐོས། །ལྷག་པར་དགེ་ལེགས་གདེངས་ཅན་གྱིས་སྤྲུལ་ས་གསུམ་འདོད་འཇོའི་རིན་ཆེན་གཅིག་པུ་ཕུན་ཚོགས་སྟོང་གི་གཟི་འབར་བ། །འཁོར་ལོ་བསྒྱུར་རྒྱལ་རིགས་ཀྱི་མྱུ་གུ་ལྷ་སྲས་གཞོན་ནུ་གཙུག་ལག་ཀུན་ལ་མཁྱེན་སྤྱན་མཁའ་ལྟར་ཡངས་པ་དེ། །ཁྱེད་ཀྱི་བློ་གྲོས་སྐྱེད་ཚལ་ལས་འཁྲུངས་ལེགས་བཤད་པདྨ་དཀར་པོའི་འཕྲེང་བ་དབྱངས་ཅན་གཏམ་གྱི་དྲི་བསུང་ཅན། །སྔོན་མེད་དཔྱིད་ཀྱི་དགའ་སྟོན་རྨད་བྱུང་ཆོས་ཀྱི་སྐྱེས་བཟང་སྦྲང་རྩིའི་རོ་ལ་ཀུན་ཏུ་དགྱེས་པར་སྤྱོད་ཅེས་ཐོས། །དཔལ་ལྡན་སྐྱོགས་སྟོན་སྐད་གཉིས་གསུང་བའི་མཁྱེན་རབ་རིན་ཆེན་བང་མཛོད་ཆེ་ལས་གང་ལ་ཅི་དགའི་ལེགས་བཤད་ཀྱི། །དགའ་སྟོན་འབྱུང་བ་ཟླ་རྒྱས་ལས་ནི་བདུད་རྩི་འཛག་དང་རྫོགས་ལྡན་སྤྲིན་ལས་འདོད་དགུའི་ཆར་བཞིན་ངོ་མཚར་ཅི། །དེ་བས་རྣམ་དཔྱོད་དྲི་མ་མེད་པས་ཡིད་བཞིན་ནོར་བུའི་མཚན་ཉིད་ཤེས་ནས་དད་པའི་རྒྱལ་མཚན་རྩེར་འདེགས་པའི། །ལྷ་སྲས་དེད་དཔོན་མཁས་པ་དེ་ཡི་རྣམ་ཐར་འབའ་ཞིག་ས་གསུམ་ངོ་མཚར་ཀུན་གྱི་སྙིང་པོར་བདག་གིས་མཐོང་། །”ཞེས་ཁོང་གི་མཛད་པ་ལ་ཆེ་བ་བརྗོད་པ་དང་ཁོང་སློབ་དཔོན་དུ་བསྐུར་བའི་སློབ་བུ་དེའི་མཛད་པ་ལའང་ངོ་མཚར་བར་བསྟོད་པ་སོགས་ཀྱིས་ཁོང་ནི་མཁས་པ་ག་འདྲ་ཞིག་ཡིན་པ་ཤེས་འོང་། དེ་ཡང་མཁས་པ་ཁོང་ལ་་སློབ་བུ་མང་དུ་བཞུགས་པ་ཡིན་ངེས་མོད་རྣམ་ཐར་མི་གསལ་བས་གསལ་པོར་མ་ངེས་ཀྱང་རྗེ་ཀརྨ་པ་བརྒྱད་པ་ཀུན་མཁྱེན་མི་བསྐྱོད་རྗེའི་བླ་མར་བསྟེན་མྱོང་ལ་ “རྒྱལ་བ་སྤྱན་རས་གཟིགས་དབང་བརྒྱད་པའི་རྣམ་ཐར་ལེགས་སྤྱད་མའི་དོན་འགྲེལ་བླང་དོར་གསལ་བའི་སྒྲོན་མེ་ལས“གཞན་ཡང་སྨིན་དྲུག་ལོ་ཙཱ་བ་སོགས་ལ་སྒྲ་རིག་པའི་བསྟན་བཅོས་ཀ་ཙན་དང་སྙན་ངག་སྡེབ་སྦྱོར་རྒྱ་བོད་ཀྱི་ཡིག་ཀློག་སོགས་ལེགས་པར་སྦྱངས།”ཞེས་གསུང་པས་སོ།  །གཞན་དཔལ་ཁང་ལོ་ཙཱ་བ་ཀརྨ་འཕྲིན་ལས་གཉིས་པས་ཁོང་ཉིན་བསྟེན་མྱོང་སྟེ་དཔལ་ཁང་ལོ་ཙཱ་བས་མཛད་པའི་སྐྱོགས་སྟོན་ཀརྨ་ལོ་ཙཱ་ལ་ཕུལ་བ་ཞེས་པའི་ཆབ་ཤོག་ལས་“བདག་ཀྱང་མཁས་པ་ཁྱོད་ཀྱི་ཞབས། །བསྟེན་ན་ལེགས་བཤད་བདུད་རྩི་ཡི། །ཐིགས་པ་ཅུང་ཟད་འཛིན་སྙམ་པའི། །རེ་བའི་ཤིང་རྟ་ལ་ཞོན་ནས། ལེགས་བཤད་གྲིབ་བསིལ་ཆེར་འབབ་པའི། །ཁྱོད་དྲུང་མཁས་པའི་བསྟི་གནས་དེར། །གུས་པར་དོང་ཞིང་འདུག་པ་ལ། །འདུན་གྲོས་གཅིག་ཏུ་དྲིལ་ལེགས་ཀྱང་། །དུས་ཀྱི་འཕྱུར་བའི་ཟི་ལོང་ལས། །འགལ་རྐྱེན་གཡེང་བའི་རླུང་ཤུགས་ཀྱིས། །སྐད་ཅིག་རྣལ་དུ་མི་གནས་པར། །སེམས་ཀྱི་མར་མེ་མངོན་པར་གཡོ། །”ཞེས་པར་གསལ་བ་ལྟར་དཔལ་ཁང་བས་ཁོང་ཉིད་བསྟེན་མྱོང་ཡོད་ཡོད་པ་ཤེས་ཐུབ་པ་དང་།  ཡང་ཟུར་མཁར་བ་བློ་གྲོས་རྒྱལ་པོ་ཡང་ཁོང་གི་སློབ་མ་ཡིན་ཏེ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་སྨན་གྱི་ཁོག་དབུབ་ལས་ཟུར་མཁར་བློ་གྲོས་རྒྱལ་པོའི་སྐོར་གླེང་སྐབས“སྙན་ངག་སྨོན་གྲུབ་ལོ་ཙཱ་བའམ་སྐྱོ་ལོ་རིན་ཆེན་བཀྲ་ཤིས་སུ་གྲགས་པར་གསན་འདུག”ཅེས་གསུང་པས་སོ། །

རྗེ་བཙུན་ཞལ་ལུ་ལོ་ཙཱ་བའི་རྣམ་པར་ཐར་པ་བརྗེད་བྱང་ནོར་བུའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ་ཞེས་པའི་མཛད་བྱང་དུ“ཞེས་བྱ་བ་འདི་ནི། རྗེ་བཙུན་འདི་ཉིད་ཀྱི་ཞབས་འབྲིང་ཡུན་རིང་དུ་བསྟེན་པ་སྐྱོགས་ཀྱི་བཙུན་པ་རྒྱལ་ཁམས་པ་དཔལ་ལྡན་རིན་ཆེན་བཀྲ་ཤིས་བློ་གྲོས་ངོ་མཚར་བྱེད་པའི་གཏེར་ཞེས་དྲུང་གི་མཆོད་གཡོག་པ་བླ་མ་དྷརྨ་ཙཀྲ་བས་གསུང་ངར་མས་ཡང་ཡང་དུ་བསྐུལ་བ་དང་། བདག་ཉིད་ཀྱི་ཡིད་ལ་ཡོད་པ་རིང་དུ་གནས་པར་བྱ་བའི་ཕྱིར་དབང་ཕྱུག་ཅེས་པ་མེ་མོ་གླང་གི་དབོའི་དམར་ཆའི་དགའ་བ་དང་པོའི་འགྲུབ་སྦྱོར་བཟང་པོ་དང་ལྡན་པ་ལ། དཔལ་གྲྭ་ཐང་གི་གཙུག་ལག་ཁང་དུ་སྦྱར་བ་རེ་ཞིག་རྫོགས་སོ། །”ཞེས་གསུང་པ་ལྟར་མེ་གླང་ནི་ཞ་ལུ་ལོ་ཆེན་དེ་ཉིད་སྐུ་མ་འདས་པའི་སྔ་རོལ་ཙམ་དུ་ཡིན་པ་རྣམ་ཐར་རང་ལ་བལྟས་པས་ཤེས་ལ་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་ནི་གཙང་ཞ་ལུ་གསེར་ཁང་གོང་མར་རབ་བྱུང་བདུན་པའི་ལྕགས་བྱ་ཕྱི་ལོ་ ༡༤༤༡ ལོར་སྐུ་འཁྲུངས་པ་དང་། དགུང་གྲངས་གྱ་བདུན་ལ་ཕེབས་པ་རབ་བྱུང་དགུ་པའི་མེ་ཕག་ཕྱི་ལོ་༡༥༢༧ལོར་སྐུ་གཤེགས་པས་མེ་གླང་ལོ་འདི་རབ་བྱུང་དགུ་པའི་མེ་གླང་ལོ་སྟེ་༡༥༡༧ལོ་དེར་ཡིན་པར་གསལ།  སྐབས་འདི་ཙམ་ནས་ཁོང་གིས་ཞ་ལུ་ཆོས་སྐྱོང་བཟང་པོས་ཞབས་འབྲིང་ཡུན་རིང་བྱས་ཞེས་གསུང་པ་ལྟར་ན་ཁོང་ཉིད་རབ་བྱུང་བརྒྱད་པའི་སྨད་ནས་འཁྲུངས་པར་གཏན་ཁེལ་ཐུབ། ཡང་ཁོང་གིས་མཛད་པའི་བོད་ཀྱི་སྐད་ལས་གསར་རྙིང་གི་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པ་ལི་ཤིའི་གུར་ཁང་ནི་མཛད་བྱང་ལས་“ཅེས་བྱ་བ་འདི་ཡང་གདོང་ངན་ཞེས་བྱ་བའི་ལོ་དགེ་བའི་བཤེས་གཉེན་འགའ་ཞིག་གིས་ཞལ་ཏ་ཕེབས་པ་དང༌། ཤྲི་མནྨ་ཎི་ཀས་འཕྲལ་དུ་བསྐུལ་ཞིང་ཡི་གེའི་རྐྱེན་སྦྱར་བ་ལ་བརྟེན་ནས། སྐྱོགས་སྟོན་གྱིས་རེག་ཟིག་ཏུ་བཀོད་པའོ། །”ཞེས་འབྱུང་བས་ན་“གདོང་ངན་གསེར་འཕྱང་མེ་སྤྲེལ་བྱ”ཞེས་པ་ལྟར་གདོང་ངན་ནི་མེ་སྤྲེལ་ཡིན་ལ་དེ་ཡིན་རབ་བྱུང་དགུ་པའི་མེ་ཕོ་སྤྲེལ་ལོ་༡༥༣༦ལོར་མཛད་པར་གསལ།

སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་སམ་ཀརྨའི་ལོ་ཙཱ་རིན་ཆེན་བཀྲ་ཤིས་ཀྱི་བརྩམས་ཆོས་ད་ལྟ་མཇལ་དུ་ཡོད་པ་ལ་རྟགས་ཀྱི་འཇུག་པའི་འགྲེལ་བ། སྙན་ཚིག་ངོ་མཚར་གྲངས་མེད་འཆར་བར་བྱེད་པའི་རྣམ་དཔྱོད་རྒྱན་གྱི་མེ་ཏོག །བོད་ཀྱི་སྐད་ལས་གསར་རྙིང་བརྡའི་ཁྱད་པར་སྟོན་པ་ལི་ཤིའི་གུར་ཁང་། རྗེ་བཙུན་ཞལ་ལུ་ལོ་ཙཱ་བའི་རྣམ་པར་ཐར་པ་བརྗེད་བྱང་ནོར་བུའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ། །བསྒྱུར་རྩོམ་སྙན་ངག་མེ་ལོང་མ་སྐད་གཉིས་ཤན་སྦྱར་སོགས་དང་་གཞན་ཁོང་ལ་མངོན་བརྗོད་ཉེར་མཁོ་བསྡུས་པ་ཟེར་བ་དང་བསྒྱུར་རྩོནཙནྡྲ་པའི་ཡི་གེའི་འགྲེལ་པ་སྐྱོག་ལོ་ངག་དབང་རིན་ཆེན་བཀྲ་ཤིས་ཀྱིས་གྲ་ཐང་དུ་བསྒྱུར་བ་ཞེས་པ་ཡོད་ཟེར་ཡང་ཁོ་བོས་མ་མཇལ།

དེ་ལྟར་ཀརྨའི་ལོ་ཙཱ་རིན་ཆེན་བཀྲ་ཤིས་ཀྱི་རྣམ་ཐར་མ་མཇལ་བས་དཔེ་ཀློག་གི་ཐོ་ཙམ་དུ་ཁོང་གི་བརྩམ་ཆོས་ཁག་ལས་བཏུས་ནས་ཀརྨ་བློ་གྲོས་རབ་གསལ་གྱིས་བྲིས་པའོ། །

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1739