རྩོམ་འབྲི་བ་གནམ་གསས་དར་རྒྱལ།

 

གུས་པས་ཉེ་ཆར་མཚུར་ལུགས་ལོ་ཐོ་ཞིག་བཙལ་འཚོལ་བྱས་པ་ཡིན། འོན་ཀྱང་ལག་ཏུ་སོན་མ་སོང་། ཁས་ཉིན་ཐུབ་ཕུན་གྱིས་རྩོམ་སྒྲིག་གནང་བའི་མཚུར་ལུགས་ལོ་ཐོའི་མཚན་གྱིས་བཏགས་པའི་ལོ་ཐོ་ཞིག་ལག་ཏུ་འབྱོར། དབུ་ནས་མར་མཇལ་དུས་ཡོངས་གྲགས་སུ་བསྟན་རྩིས་སུ་འབོད་པའི་མི་སྣ་གྲགས་ཆེ་བ་རྣམས་ཀྱི་འཁྲུངས་འདས་ཀྱི་ལོ་ཚིགས་གཙོ་བོར་གཟུང་བའི་ཚན་པ་དེ་ནི། ཕུག་མཚུར་གྱི་ལུགས་གང་ཞིག་ཡིན་ཡང་། རྩ་བའི་རྟེན་གཞི་ནི་དུས་འཁོར་ཡིན་པ་གཅིག་མཚུངས་ཡིན་གཤིས། སྟོན་པའི་འདས་ལོ་ནི་མེད་དུ་མི་རུང་བའི་དུས་ཀྱི་བརྩི་གཞི་ཞིག་ཏུ་ཆགས་བསྡད་ཡོད། དེ་ཡི་དབང་གིས་ལོ་ཐོ་ཕལ་ཆེར་གྱི་ལོ་ཚིགས་གོང་དེའི་དབུ་རུ་སྟོན་པའི་འཁྲུངས་འདས་ཀྱི་ལོ་ཚིགས་དང་འདས་ལོ་གང་ཞིག་ཡིན་པ་གསལ་བོར་འབྲི་སྲོལ་ཡོད་ཀྱང་། ཐུབ་ཕུན་གྱིས། དེ་ཡང་གངས་རིའི་ལྗོངས་འདི་ན། །མངའ་མཛད་དཔོན་རིགས་བྱུང་ཚུལ་དང་།  །ཆོས་དང་རིག་གནས་དར་ཚུལ་གྱི། །བསྟན་རྩིས་མདོར་བསྡུས་འགོད་པ་ལ། །ཞེས་བཤད་ནས་སྟོན་པ་འཁྲུངས་འདས་ཀྱི་ལོ་ཚིགས་དབུ་རུ་མ་བཀོད་ཅིང་། བསྟན་རྩིས་ཀྱི་ས་བཅད་གཉིས་སུ་བགོས་པ་འདི་ནི་སྟོན་པའི་རྣམ་ཐར་ལ་ཆ་རྒྱུས་མེད་པའི་མི་རྣམས་མགོ་འཁོར་བའི་སྐྱོན་ཡང་འབྱུང་བར་དོགས་ཏེ། གཅིག་ནས་དངོས་གཞི་ལ་གོ་རིམ་དེ་ལྟར་བསྒྲིག་མེད་ཅིང་གཉིས་ནས་སྟོན་པ་ཡང་ལྗོངས་འདིར་འཁྲུངས་བའི་དོགས་པའང་འབྱུང་སྲིད་པ་ཡིན། དེ་ལས་མགོ་འཁོར་བའི་སྐྱོན་གཞན་ཞིག་ནི། སྟོན་པའི་འཁྲུངས་ལོ་གནས་བརྟན་སྡེ་པའི་རྗེས་སུ་འབྲང་སྟེ། སྟོན་པ་སངས་རྒྱས་འཁྲུངས་ནས་ལོ། །༢༦༤༦ ཞེས་བཀོད་ཡོད།

ལུགས་འདི་གཞིར་བཟུང་ནས་བརྩིས་པ་ཡིན་ན། སྟོན་པའི་འདས་ལོ་ནི་སྤྱི་ལོའི་སྔོན་གྱི་ལོ་༥༤༤པར་ཁེལ་ཡོད། དེས་ན། རབ་བྱུང་བཅུ་བདུན་པའི་ནང་ཚན་འཕར་བ་ཞེས་པ་ལྕགས་མོ་གླང་གི་ལོའི་ལོ་ཐོ་གནམ་སའི་གོ་ལའི་སྤྱིར་འགྲོས་སྣང་བྱེད་ལེགས་བཤད་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །ཞེས་མཚན་གྱི་རྔམ་བརྗིད་ཆེ་ན་ཡང། དོན་ལ་འབྱུར་འགྱུར་མ་འོངས་པའི་བགྲང་བྱ་སུམ་བརྒྱ་ལྷག་གི་རྗེས་སུ་འབྱུང་དུ་རུང་བའི་ལོ་ཐོ་ཞིག། ད་ལྟ་རབ་བྱུང་བཅུ་གཉིས་པའི་ནང་ཚན་དཀར་པོའམ་ས་མོ་སྦྲུལ་གྱི་ལོ་ཐོར་བེད་སྤྱོད་གནང་གི་ཡོད་པ་འདི་ནི་ངོ་གནོང་དགོས་པ་ཞིག་མ་ཡིན་ནམ།

ཅིའི་ཕྱིར་དེ་ལྟར་འགྱུར་བ་ཡིན་ནམ་ཞེ་ན། སྟོན་པའི་འདས་ལོ་བརྩི་གཞི་བྱས་པའི་ཤམ་བྷ་ལའི་རྒྱལ་རབས་ཀྱི་ལོ་ཚིགས་ལ་ལྟོས་ནས་རབ་བྱུང་གི་དབུ་གཟུང་དགོས་པ་ལས་རང་འདོད་ཀྱི་སྦྱར་ཆོག་པའི་རྣམ་པ་ཞིག་མ་ཡིན་ཏེ། དུས་འཁོར་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡིས་གསལ་བར་མི་བདག་གྲགས་པ་ཤམ་བྷ་ལ་ཞེས་བྱ་བར་འབྱུང་། །དེ་ནས་ཀླུ་ཡི་ལོ་བརྒྱ་རྣམས་ཀྱིས་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་དག་རབ་ཏུ་འཇུག །དེ་ཡི་དུས་སུ་འཛིན་མ་ལ་ནི་ཉུང་ངུའི་བྱེད་པ་གསལ་བར་མི་རྣམས་དག་གིས་རིག་པར་བྱ། །མཐའ་དག་ས་གཞི་ལ་ནི་གྲུབ་པའི་མཐའ་རྣམས་རྣམ་པར་ཉམས་པ་དུས་ཀྱི་སྦྱོར་བ་ལ་འབྱུང་འགྱུར། །མེ་མཁའ་རྒྱ་མཚོ་རྣམས་ལ་རབ་བྱུང་ལ་སོགས་འདས་པ་རྣམས་བསྲེས་ཀླ་ཀློའི་ལོར་ནི་རབ་ཏུ་གྲུབ།།

ཅེས་མེ་མཁའ་རྒྱ་མཚོའི་གཞུག་གི་ལོ་དེ་རབ་བྱུང་དང་པོའི་དབུ་གཟུང་སའི་ལོ་ཡིན་པ་གསལ་པོར་གསུངས་གཤིས། རིགས་ལྡན་གྱི་རྒྱལ་རབས་བཅུ་གཉིས་པ་ཉི་མའི་ཁྲི་ལོ་དང་པོ་ཡན་ལ་བགྲང་བྱ་༡༩༠༣སོང་བའི་ནང་ནས། སྟོན་པའི་འདས་ལོ་སྤྱི་ལོའི་སྔོན་གྱི་ལོ་༥༤༤མར་ཕྲིས་པ་ཡིན་ན་སྤྱི་ལོ་༡༣༥༩ ལ་ཁེལ་བསྡད་ཡོད། དེ་ནི་རབ་བྱུང་ཚུགས་པའི་ལོ་མགོར་འཇོག་འོས་པ་ཡིན།

དེ་ལྟས་ལོ་ཐོའི་དབུ་ཤོག་གི་མཚན་བྱང་གཡས་སུ་རབ་ལོ། ༩༩༥ ༣ ༡ ཞེས་སུ་བཀོད་པ་ནི་བགྲང་བྱ་སུམ་བརྒྱ་ལྷག་གི་རྗེས་ཀྱི་རབ་ལོ་ཡིན་པ་མཁྱེན་པར་གནང་དགོས། ཉིས་སྟོང་ཉེར་གཅིག་པའི་ལོ་འདིའི་ལོ་ཐོའི་ངོས་སུ་རབ་ལོ། ༦༦༢ ༣ ༡ ཞེས་འགོད་འོས་པ་མ་ཡིན་ནམ།

དེ་ལ་འགའ་ཞིག་གི་དེ་ལྟར་འགོད་འོས་པ་མ་ཡིན་ཏེ། ཀླ་ཀློའི་སྟོན་པ་དང་བསྟན་པ་འབྱུང་བའི་ལུང་བསྟན་སོགས་འཆོལ་བར་འགྱུར་བ་ཙམ་དུ་མ་ཟད། རབ་གནས་ལྕགས་གླང་ལོའི་ལོ་ཐོ་དང་ཉིས་སྟོང་ཉེར་གཅིག་པའི་ཉི་ཟླ་གཟའ་སྐར་གྱི་འཁོར་འགྲོས་དང་། དུས་བཞིའི་འགྱུར་བ་སོགས་ལ་ལྟོ་འབྱོར་བས་མི་ཐད་དོ་ཞེ་ན། ཁ་ཆེན་པཎ་ཆེན་གྱིས་བསྟན་རྩིས་གནང་བའི་སྟོན་པའི་འདས་ལོ་དང་གནས་བརྟན་སྡེ་པའི་སྟོན་པའི་འདས་ལོའི་བར་ལ་ཧེ་བག་ཆེན་པོ་མེད་པ་ཡིན་དུས། དེ་ལ་དམ་པ་གོང་མ་དག་གིས་ལོ་ཐོ་རིག་པའི་ཐོག་ནས་གནོད་བྱེད་ཀྱི་རིགས་པ་མ་བཏང་བའི་ལོ་རྒྱུས་ལ་གཞིག་པ་ཡིན་ན། དེ་ཉིད་ཧང་སང་དགོས་པའི་གནས་ལུགས་ཤིག་མིན་པ་ནི་གསལ་བོར་རེད།

 

དེ་བཞིན་དུ་རྩིས་མཁན་རྣམས་ཀྱིས་སྟོན་པའི་འདས་ལོ་ལོ་ཐོའི་རྒྱབ་ལྗོངས་གང་ཡིན་གྱི་ཐོག་ནས་འཆད་པ་ལས། ཁ་ཆེ་པཎ་ཆེན་སོགས་ཀྱི་རྗེས་སུ་མི་འབྲང་བའི་དོན་ཡང་། བུ་སྟོན་གྱིས། བསྟན་བཅོས་རྣམས་ནི་ཕན་ཚུན་ནང་འགལ་བ་མང་པོ་དང་ལྡན་ལ། ལུང་རྣམས་ནི་དགོངས་པ་ཅན་མང་བས་གང་འཆད་པའི་བསྟན་བཅོས་ཀྱི་དོན་བཞིན་ཁས་བླང་བར་བྱའོ། །ཞེས་གསུངས་པའི་དོན་བཞིན། གནོད་བྱེད་ཀྱི་རིགས་པ་མེད་པའི་རང་ལུགས་ཀྱི་བཤད་སྲོལ་གཙིགས་སུ་གཟུང་བ་ནི་རིགས་པ་སྨྲ་བའི་སྤྱི་འགྲོས་ཀྱི་རང་གཤིས་ཡིན་པས་གུས་བཀུར་བྱ་བར་འོས་ཀྱང་། ཐུབ་ཕུན་གྱིས་དེ་ཉིད་བརླགས་ནས་རང་གི་ལོ་ཐོ་ནི་དུས་ནམ་ཞིག་གི་ལོ་ཐོ་ཡིན་པ་ངོས་མི་ཟིན་པ་མཛད་ཡོད་པ་ཡིན།

 

རྒྱུ་མཚན་འདི་དག་ལ་བརྟེན་ནས། ང་རང་གིས་རྩོམ་ཡིག་ཐར་ཐོར་འགའ་རེའི་གཞུག་ཏུ་དུས་ཚིགས་འགོད་དུས། རབ་གནས་ལྕགས་གླང་ལོའི་ཟླ་བ་བཅུ་གཉིས་པའི་ལྷག་ཚེས་བརྒྱད་ཉིན་པའི་དུས་ཚིགས་འགོད་པའི་དོད་དུ། ལོ་ཐོའི་ལུགས་ལྟར། ༡༧/༣༥/༡༢༨ ཨང་གྲངས་འདི་ཉིད་བེད་སྤྱོད་བྱེད་ཀྱི་ཡོད། སྐབས་དེར་གནས་བརྟན་སྡེ་པའི་འདས་ལོ་༢༥༦༥སོགས་ཀྱི་ལོ་ཚིགས་བེད་སྤྱོད་བྱེད་ཀྱི་མེད། རྒྱུ་མཚན་ནི་སྟོན་པ་གཅིག་ལ་འཁྲུངས་འདས་ཀྱི་ལོ་ཚིགས་དུ་མ་མི་སྲིད་པའི་ཕྱིར་དང་། འགལ་བ་གཉིས་གཞི་གཅིག་ཏུ་འདུ་བའི་བཏང་སྙོམས་ནི་ངོ་ཚ་ལ་འཛེམ་བག་མེད་པའི་ཀུན་སྤྱོད་ཀྱི་འདུ་བྱེད་དུ་བཏགས་པའི་རྐྱེན་གྱིས་ཡིན།

གཞན་ཡང་ཐུབ་ཕུན་ནི་ལོ་རྒྱུས་དངོས་གཙོ་སྨྲ་བའི་མཁས་པ་ཞིག་ཡིན་པ་ཙམ་དུ་མ་ཟད། ཁོ་རང་ཡང་དངོས་གཙོ་སྨྲ་བའི་མི་ཞིག་ཡིན་པའི་དབང་གིས། གང་ཟག་གཅིག་ལ་འཁྲུངས་འདས་ཀྱི་དུས་ཚིགས་མི་འདྲ་བ་གཉིས་ཡོད་པ་ག་ལ་བཞེད་དེ། དེ་མི་སྲིད་པའི་དོན་དངོས་ཡིན་གཤིས། ཤཱཀ་ཐུབ་བསྟན་པ་ནི། །གནས་ཚད་ལྔ་སྟོང་ལྔ་བརྒྱ་དང་། །སྦྱར་ལ་འབྲས་བུའི་དུས་གསུམ་དང་། །སྒྲུབ་པའི་དུས་གསུམ་ལུང་གི་དུས། །གསུམ་དང་རྟགས་ཙམ་འཛིན་དུས་གཅིག །དུས་རེར་ལྔ་བརྒྱ་ཕྲག་རེའི་ཕྱིར། །སྒྲུབ་དུས་གསུམ་གྱི་ཐ་མའི་ནང་། །སུམ་བརྒྱ་དང་ནི་གོ་བརྒྱད་འདས། །༣༩༨ མ་འོངས་པ་ན་ཉིས་སྟོང་དང་། །གཅིག་བརྒྱ་གཉིས་ཀྱི་བར་དུ་ཡང་། །རྒྱལ་བའི་བསྟན་པ་གནས་འགྱུར་ཞིང་། །ལྔ་བརྒྱ་ཐ་མ་རྩོད་ལྡན་གྲགས། །ཞེས་འཁོད་པའི་ཚིག་འདི་ནི་ཡི་གེ་གཏག་ནོར་སོགས་ཤོར་ཡོང་བར་དོགས་ཏེ། བསྟན་པའི་གནས་ཚད་ཀྱི་རྩི་གཞི་ནི་འདས་ལོ་ནས་དབུ་གཟུང་དགོས་པ་ཡིན་དུས། འདས་ལོ་མ་བཤད་པར་བསྟན་པའི་གནས་ཚད་བཤད་པ་ཡིན་ན། ཁོང་གིས་རྒྱུན་པར་ཁ་རྡུང་གནང་སའི་དེང་གི་འདས་ལོག་འགའ་ཡི་སྐད་ཆའི་རྗེས་སུ་འབྲང་བ་ལས་གཞན་པ་ཅི་ཡང་མིན། 

ཁོང་ལྟ་བུ་ལ་འཁྲུལ་བ་དེ་འདྲ་འབྱུང་མི་སྲིད་པ་ཡིན་དུས། སྟོན་པ་སངས་རྒྱས་འཁྲུངས་ནས་ལོ། །༢༦༤༦ ཞེས་གསུངས་པ་འདི་ཉིད་གཙིགས་སུ་གཟུང་དགོས་པ་སྨོས་སུ་མེད་སྟབས། བསྟན་པའི་གནས་ཚད་ལྔ་བརྒྱ་ཕྲག་བཅུའི་ནང་ནས་གོང་གི་འདས་ལོ་ཕྲིས་པ་ཡིན་ན། སྒྲུབ་དུས་གསུམ་གྱི་ཐ་མའི་ནང་ནས་དྲུག་ཅུ་རེ་ལྔ་ལས་འདས་མེད་པས། ༥༠༠༠-༢༥༦༥=༢༤༣༥ བསྟན་པའི་གནས་ཚད་ཀྱི་ལྷག་གྲངས་༢༤༣༥ཡིན་པ་གསལ་པོར་ངེས་པས། ཡི་གེ་གཏག་ནོར་དང་རྩིས་ནོར་གང་ཡིན་ཆ་མ་འཚལ་ཡང་སྔ་ཕྱིའི་བཤད་པར་འགལ་འདུ་གནས་པ་ལ་ནི་སྙོམ་དུ་མེད་དོ།

 

དེ་བཞིན་དུ། རིགས་ལྡན་རྒྱལ་རབས་སོ་གཉིས་མཐར། །དྲག་པོ་ལྕགས་འཁོར་ཅན་བྱོན་ཞིང་། །ཀླ་ཀློ་བཅོམ་ཞིང་འཛམ་གླིང་འདིར། །རྫོགས་ལྡན་གསལ་པ་འཆར་ཞེས་ཟེར། །ད་ལྟ་རིགས་ལྡན་རྒྱལ་རབས་ལས། །སུམ་བཅུ་དམ་པ་དབང་ཕྱུག་ཅེས། །ཤམ་བྷ་ལ་ཡི་ཁྲིར་ཕེབས་ནས། །ལོ་འདིར་བགྲང་བྱ་གོ་བརྒྱད་བཞེས། །ཞེས་གསུངས་པ་འདི་ལ་གཞིག་དུས་ཀྱང་རྨོངས་དྲར་ཚུད་འགྲོ་བ་ཡིན་ཏེ། ཤམ་བྷ་ལའི་རྒྱལ་རབས་ལ་རིགས་ལྡན་རྒྱལ་རབས་ཞེས་མ་དག་རྒྱུན་འབྱམས་ཀྱི་ཐ་སྙད་བེད་སྤྱད་ཅིང་། རིགས་ལྡན་རྒྱལ་རབས་སོ་གཉིས་ཞེས་བཤད་པ་ནི་དེ་ལས་འཁྲུལ་ཚབས་ཆེ་བར་སེམས་ཏེ། ཆོས་རྒྱལ་བདུན་དང་རིགས་ལྡན་ཉེར་ལྔ་ཞེས་པའི་ཐ་སྙད་ཡོངས་གྲགས་ཡིན་ཞིང་། ལྷག་པར་དུ་རིགས་ལྡན་གྱི་རྒྱལ་པོའི་ཐོག་མ་འཇམ་དཔལ་གྲགས་པ་ཡིན་པ་ལ་ནི་རྩོད་པ་མེད་པས། ཁོང་གིས་རིགས་ལྡན་གྱི་རྒྱལ་པོ་བདུན་ཙམ་ཞིག་གསར་གཏོད་མཛད་ཡོད་པ་ཡིན་ན་ནི་དེར་ཟད་ལ། དེ་མིན་ཐ་སྙད་འདི་དག་ནི་སྨྱོན་པའི་ལབ་རྡོལ་ཙམ་དང་ཁྱད་ཆོས་མགོ་འཁོར་བའི་དོན་ལས་གཞན་ཅི།

གཞན་ཡང་རིགས་ལྡན་གྱི་རྒྱལ་པོ་ཉེར་གསུམ་པ་དབང་ཕྱུག་ཆེན་པོ་ཤམ་བྷ་ལའི་ཁྲིར་ཕེབས་ནས་ཁྲི་ལོ་གོ་བརྒྱད་བཞེས་པར་བཤད་པ་འདི་ལ་ཡང་སེམས་དགོས་པ་ཞིག་ཡོད་དེ། མེ་མཁའ་བརྒྱ་མཚོ་ཞེས་བགྲང་བྱའི་མཚན་ལོགས་སུ་སྨོས་པའི་དགོས་པ་བཤད་དུས། ཀླ་ཀློའི་སྟོན་པ་མ་ཁར་ཡུལ་དུ་ཞུགས་ནས་མུ་སྟེགས་བྱེད་རྩིས་དང་བསྟན་སྤེལ་བ་སོགས་ཀླ་ཀློའི་བསྟན་པའི་གནས་ཚད་ཤེས་པའི་དགོས་པ་དང་། བྱེ་བྲག་ཏུ་རིགས་ལྡན་གྱི་རྒྱལ་པོ་རྒྱ་མཚོ་རྣམ་རྒྱལ་དང་རྒྱལ་དཀའ་གཉིས་ཀྱི་ཁྲི་ལོ་ཤེས་པའི་ཆེད་དུ་ཡིན་ཞེས་བཤད་པ་ལྟར་ན། རིགས་ལྡན་གྱི་རྒྱལ་པོ་གཞན་པའི་ཁྲི་ལོ་བརྒྱ་རེ་ཡིན་དགོས་པའི་དབང་དུ་བཏང་ནས་བརྩི་དུས། ཤམ་བྷ་ལའི་རྒྱལ་རབས་ཀྱི་དབུ་ཚུགས་ནས་བགྲང་བྱ་༣༡༠༡སོང་ཡོད་པ་ཡིན། དེས་ན་སྟོན་པས་ཆོས་འཁོར་མ་བསྐོར་བའི་སྔོན་གྱི་བགྲང་བྱ་ལྔ་བརྒྱ་ལྷག་གི་གོང་དུ་ཆོས་རྒྱལ་ཟླ་བ་བཟང་པོས་སྟོན་པའི་མདུན་ནས་དུས་འཁོར་གསན་པ་ཐལ་བའང་། ཡང་ན་ཁོང་གིས་རང་རེའི་སྐྱ་སེར་ཀུན་པོ་དུས་རབས་བཅུ་བརྒྱད་དགུའི་མི་རེད་ཅེས་ཁོང་ཉིད་དུས་རབས་མང་པོའི་སྔོན་དུ་ཐོན་ཚར་བའི་བཤད་པའི་ཀློང་ལ་འབྱམས་ནས། དུས་རབས་ཉེར་ལྔ་བའི་དཀྱིལ་ནས་རྩིས་བརྒྱག་པ་ཞིག་མིན་འགྲོ་སྙམ།

རྣམ་གྲངས་ཀྱི་རྨོངས་བྲང་གཞན་ཞིག་ནི། ཚེས་ཁོངས་ནང་དུ། ཚེས་གྲངས་དང་། གཟའ་སྐར་འཕྲོད་གསུམ་དང་དེའི་གྲངས་གནས་མ་གཏོགས། ཚེས་དེའི་ནང་དུ་རེས་འགྲོགས་ཟླ་སྐར་གྱི་འགྱུར་བ་ཡོད་མེད་དང་། ཡོད་ན་དེའི་འགྱུར་བའི་དུས་དུས་ཚོད་ནམ་ཞིག་ཡིན་པ་བལྟ་སའི་གསལ་བཤད་ཀྱི་ཡི་གེ་མེད་པ་ནི། ལོ་ཐོ་བེད་སྤྱོད་གནང་བའི་རྒྱ་ཆེའི་མི་མང་ལ་ལྟོས་ནས་བཤད་པ་ཡིན་ན་ཆད་པའི་སྐྱོན་ཡོད་པ་ཡིན།

ཟླ་སྐར་གྱི་གྲངས་གནས་འོག་ཏུ་ཆུ་སྲང་སོགས་ཀྱི་ཨང་གྲངས་ཡོད་པས་སྐྱོན་མེད་དོ་ཞེ་ན། ཅུང་ཟད་བཞག་རྒྱུ་ལས་གཞན་པའི་ལན་མེད་དོ། །

འདི་ནི་གནད་དོན་ཆུང་ཆུང་ཞིག་མ་ཡིན་ཏེ། ལོ་ཐོ་འདི་རུ་བཀོད་པ་ནང་བཞིན། ང་ཚོས་གཟའ་སྐར་འཕྲོད་གསུམ་ལ་གཙོ་བོ་འཛིན་ཅིང་། ལྷག་པར་དུ་འཕྲོད་ཆུང་གལ་ཆེན་དུ་གཟུང་གཤིས། ཚེ་ཁོངས་དེ་རུ་འཁོད་པའི་འབྱུང་འཕྲོདས་ཆུའཕྲད་པ་ལྟ་བུ་ལ་ཆ་བཞག་ནས་འབྱུང་འཕྲོད་བཟང་བར་བརྩིས་པ་ཡིན་ན། དེ་ལ་ནོར་འཁྲུལ་འདི་འདྲ་ཞིག་འབྱུང་སྲིད་པ་ཡིན་ཏེ། ཚེས་དེའི་ཉི་ཤར་འབྲུག་གི་གཉིས་ནས་འབྱུང་འཕྲོདས་མེའཕྲད་བསྡད་ཡོད་ན། མི་དེས་ཉི་དྲོས་སྦྲུལ་ནས་བརྟག་བྱའི་སྐར་མ་ལ་ལྟོས་པའི་བྱ་བ་དེ་ཉིད་མགོ་བརྩམ་པ་ཡིན་ན་མི་བཟང་བ་ཡིན་སྟབས། དེ་དག་ལ་བརྩི་འཇོག་མ་བྱས་པའི་རྣམ་པ་ཡང་དོད་པ་ཡིན། ད་ལྟའི་ཁ་པར་ནང་གི་ལོ་ཐོ་ལ་ཡང་སྐྱོན་ཆ་དེ་ཉིད་ལྡན་ཞིང་། གཞན་གྱིས་སྐར་མ་བལྟ་རོགས་ཞེས་རེ་སྐུལ་ཞུ་དུས་དེ་ཉིད་ཀྱི་འབྱུང་འཕྲོད་ཙམ་གྱིས་མཐུས་པར་བྱས་པ་དག་ནི། ཕ་མགོ་བུ་གཡོགས་བུ་མགོ་དགྲ་གཡོགས་ཀྱི་དཔེ་ལས་མ་འདས་སོ་སྙམ།

མཇུག་ཏུ་གསལ་བཤད་ཞུ་རྒྱུ་ཞིག་ལ། གོང་དུ་བཤད་པའི་གཏམ་དག་ནི་ལོག་བཤད་ཀྱི་འཁྲུལ་བ་སེལ་བའི་དགག་པ་ཞིག་ཏུ་སེམས་ནས་བྲིས་པ་མ་ཡིན་པར། རང་ཉིད་ཐོས་རྒྱ་དང་ཤེས་ཚད་ཞན་པའི་སྟབས་ཀྱིས། ཐེ་ཚོམ་གྱི་འཆིང་རྒྱ་དེ་དག་ལས་བརྒལ་བའི་ཐབས་ཤིག་འཚོལ་བའི་ཆེད་དུ་བྲིས་པ་ཡིན། དཔེར་ན་རྨོངས་བྲང་ནང་དུ་ཞུགས་དུས་བརྒལ་རྒྱུ་ཡོད་པ་ཡིན་ཡང་བརྒལ་དཀའ་བའི་རྣམ་པ་ཡོད་པའི་དཔེ་དང་སྦྱར་ནས། གསལ་བཤད་མེད་ན་མཐུས་སྒོ་ཚང་བ་ཞིག་མ་རེད་སྙམ་ནས་བྲིས་པ་ཡིན། མགོ་བླ་སྤྲུལ་མཁན་གསུམ། མཇུག་སྤྲང་མོ་མ་བུ་ཡན་ཆད་ལ་ཁ་འཛིང་གཏུག་ཁོམ་ཡོད་པའི་དུས་ཚོད་དེ་ཉིད་བེད་སྤྱད་དེ།  བརྡ་འཕྲིན་གྱི་འཕྲུལ་ལ་བརྟེན་ནས་ལོ་ཐོའི་རྒྱབ་ཏུ་གོ་སླ་ལ་ཉན་བདེ་ཞིང་། དགོས་མཁོ་ཡོད་པའི་ལོ་ཐོ་བལྟ་ཐབས་ཀྱི་འཆད་ཁྲིད་ཅིག་སྤེལ་བ་ཡིན་ན། ལོ་ཐོ་ལ་མཚན་བརྫིག་པོ་ཞིག་བཏགས་ནས་གཏང་བཞག་པ་ལས་ནུས་པ་དང་ཕན་འབྲས་སྟོང་འགྱུར་གྱིས་ལྷག་པར་སེམས་སོ། །

ལོ་ཐོ་ནི་ཕུན་སུམ་ཚོགས་པའི་རིག་པ་ཞིག་ཡིན་ཞེས་བཤད་པར་དཀའ་ན་ཡང་། ང་ཚོ་ལ་དབང་བའི་ཐུན་མིན་གྱི་རིག་པ་ཞིག་ཡིན་པ་ལ་ནི་རྩོད་པ་མེད། ཕྱོགས་གཞན་ཞིག་ནས་བཤད་པ་ཡིན་ན་བོད་མགོ་ནག་རྟེན་འབྲེལ་བ་དབང་བ་ཡིན་ཞེས་བཤད་པ་དེ་ནི། མི་རིགས་གཞན་ལས་ཁྱད་པར་འབྱེད་ཆོས་ཀྱི་བསྡོམས་ཚིག་གཅིག་ཏུ་གྲུབ་པ་ཡིན། དེ་ཡང་ང་ཚོ་དང་རང་བྱུང་ཁམས་གཉིས་བར་དུ་འབྲལ་ཐབས་མེད་པའི་འབྲེལ་བ་ཞིག་ཡོད་པར་འདོད་ཅིང་། ནང་གི་རྩ་རླུང་གི་འགྱུར་བ་ཁྱད་པར་ཅན་ལ་བརྟེན་ནས་ཉི་ཟླ་གཟའ་འཛིན་གྱི་རྣམ་པ་ཚུན་ཆད་འབྱུང་གི་ཡོད་པ་དང་། ཕྱིའི་འབྱུང་བཞིའི་འཕྲོད་སྦྱོར་གྱི་འགྱུར་བ་སོགས་ལ་བརྟེན་ནས་མི་ཕྱུགས་ལ་བཟང་ངན་གྱི་བདེ་སྡུག་སྣ་ཚོགས་ཤིག་འབྱུང་བར་འདོད་པ་ཡིན། དེ་ཡི་རྒྱབ་ལྗོངས་དཔངས་མཐུག་ཤོས་ནི་ལོ་ཐོ་རིག་པ་འདི་ཉིད་ཡིན་པ་ནི་སྨོས་སུ་མེད་དོ། །

                                               ༡༧/༣༥/༡༢-༩

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1736