རྩོམ་འབྲི་བ་གནམ་གསས་དར་རྒྱལ།
དེ་ཡང་རབ་རྒྱན་ཞེས་པའི་ཐ་སྙད་འདི་ནི་མིང་བརྡ་གཉིས་ཀྱིས་གྲུབ་པའི་མཚན་ཞིག་ཡིན་ལ། “རབ”ནི་རབ་བྱུང་སྟེ། ཤམ་བྷ་ལའི་རྒྱལ་རབས་བརྩི་ཚུལ་གྱི་དབང་དུ་བྱས་པའི་ལོ་ཚིགས་ལྟར་ན། མེ་མཁའ་རྒྱ་མཚོ་རྫོགས་པའི་གནམ་ལོ་གང་ཡིན་པ་དེ་ནི་རབ་བྱུང་དང་པོའི་དབུ་གཟུང་ས་ཡིན་པ་དུས་འཁོར་ལས་དངོས་སུ་གསུངས་ཤིང་། དེ་ཡང་མེ་ཡོས་ཀྱིས་དབུ་བཟུང་བ་ཡིན་སྟབས། མེ་ཡོས་ཀྱི་མིང་གཞན་ལ་བདེ་མཆོད་སྟོད་འགྲེལ་ལས་རབ་བྱུང་ཞེས་བྱུང་བའི་ཐ་སྙད་འདི་ཉིད། སྤྱོ་ལོ་༢༠༢༧ལོར་དངོས་སུ་བཀོལ་སྤྱོད་གནང་བའི་དབུ་ཚུགས་པ་ཡིན།
བོད་ཀ་གཡའ་དྲུག་གི་མཚན་ལས་མདོ་དབུས་ཁམས་གསུམ་སྤྱིའི་མིང་ལ་བོད་ཅེས་གྲགས་པ་ལྟར་དུ། རབ་བྱུང་ཞེས་པའི་ལོ་རྒན་དྲུག་ཅུའི་ནང་ཚན་མེ་ཡོས་ཀྱི་མཚན་འདི་ལོ་རྒན་དྲུག་ཅུའི་སྤྱི་མིང་ཡང་ཡིན། དེ་ལྟར་ལོ་རྒན་དྲུག་ཅུ་སྐོར་གཅིག་ལ་རབ་བྱུང་ཞེས་གྲགས་པ་འདི་ཉིད་བརྩི་གཞི་བྱས་ཏེ། རབ་རྒྱལ་དང་རབ་རྒྱན་ཞེས་གྲངས་ཀྱི་མངོན་བརྗོད་ཀྱི་དབུ་རུ་སྦྱར་བའི“རབ”ཅེས་པའི་མཚན་འདི་ནི། ལོ་རྒན་དྲུག་ཅུ་སྐོར་གཅིག་གི་མིང་དུ་བེད་སྤྱད་ཡོད་པའི་རབ་བྱུང་ཞེས་པའི་མིང་བསྡུས་པ་ཡིན།
“རྒྱན”ནི་གྲངས་ཀྱི་མངོན་བརྗོད་ཡིན་ཏེ། ང་ཚོས་ཤེས་གསལ་ལྟར། མེས་པོ་གོང་མ་དག་གིས་བརྗོད་པ་དང་སྟབས་བདེ་ཡོང་བའི་སླད་དུ། རབ་བྱུང་བཅུ་གཅིག་པ་ནས་བཟུང་སྟེ་གྲངས་ཀྱི་མངོན་བརྗོད་བེད་སྤྱད་དེ། ལོ་རྒན་དྲུག་ཅུ་སྐོར་གཅིག་གི་མཚན་རབ་བྱུང་དང་། གྲངས་བཅུ་གཅིག་གི་མངོན་བརྗོད་དྲག་པོ་ཞེས་པའི་ཐ་སྙད་གཉིས་ཀྱི་ཚིག་གྲོགས་གཞུག་མ་བྱུང་དང་པོ་གཉིས་ཕྲིས་ནས་རབ་དྲག་ཅེས་རབ་བྱུང་བཅུ་གཅིག་པའི་མཚན་འདིའི་འབྲི་སྲོལ་གཏོད་པ་ཡིན་ལ།
དེ་བཞིན་རབ་བྱུང་བཅུ་གཉིས་ནས་བཅུ་དྲུག་བར་དུ་རིམ་བཞིན། རབ་ཉི། རབ་འདོད། རབ་ཡིད། རབ་ཚེས། རབ་རྒྱལ། ཞེས་གྲངས་ཀྱི་མངོན་བརྗོད་སྦྱར་བའི་མཚན་འདི་རྣམས་གསོལ་ཡོད།
རེད་དེ། གྲངས་ཀྱི་མངོན་བརྗོད་ནང་དུ་བཅུ་བདུན་གྱི་མངོན་བརྗོད་མེད་སྟབས། སླར་ཡང་སྨན་རྩིས་ཁང་གིས་ལོ་ཐོའི་དབུ་རུ་རབ་བྱུང་བཅུ་བདུན་པ་ཞེས་སྨོས་དགོས་པ་བྱུང་བ་ཡིན།
ཨ་ལག་ཚེ་བརྟན་ཞབས་དྲུང་གིས། ཉན་ས་ལས་དད་ལྡན་གཡོ་མེད་ནད་ཉུང་སོགས་དགེ་སྦྱོང་གི་རྒྱན་བཅུ་བདུན་གསུངས་པ་དེ་ལས་བཅུ་བདུན་གྱི་གྲངས་ཀྱི་མངོན་བརྗོད“རྒྱན”ཞེས་པ་དེ་བླངས་ནས། རབ་བྱུང་བཅུ་བདུན་པའི་མཚན་ལ་གྲངས་ཀྱི་མངོན་བརྗོད་སྦྱར་བ་རབ་རྒྱན་ཞེས་པའི་མིང་འདི་གསར་གཏོད་མཛད་པ་ཡིན་ལ། ད་ལྟ་མདོ་སྨད་ཀྱི་ལོ་ཐོ་མང་པའི་མཚན་བྱང་ནང་དུ་རབ་རྒྱན་ཞེས་འབྲི་བ་ལས་རབ་བྱུང་བཅུ་བདུན་པ་ཞེས་མི་འབྲི་བའི་རྒྱུ་མཚན་ཡང་དེ་ལ་ཐུག་བསྡད་ཡོད།
དེ་ལས་མཚན་གཞན་པ་རབ་གནས་ཞེས་ཀྱང་འབྲི་སྲོལ་ཡོད་དེ། གཟུགས་ཁམས་ན་གནས་རིས་བཅུ་བདུན་ཡོད་པའི་དོན་ལ་ལྟོས་ཏེ། དམུ་དགེ་བསམ་གཏན་སོགས་ཀྱིས་བཅུ་བདུན་གྱི་གྲངས་ཀྱི་མངོན་བརྗོད་ལ་གནས་ཞེས་པའི་མིང་འདི་སྦྱར་ནས། རབ་བྱུང་བཅུ་བདུན་པའི་མིང་གཞན་ལ་རབ་གནས་ཞེས་འབྲི་བའི་སྲོལ་ཡང་བྱུང་བ་རེད།
ཆུ་ཕོ་སྟག་གི་ལོ་ཞེས་བརྗོད་པ་ནི་གཙོ་བོ་ནག་རྩིས་ཀྱི་དབང་དུ་བྱས་པ་སྟེ། ལོ་སྐོར་བཅུ་གཉིས་ལ་འབྱུང་བ་ལྔ་རེ་སྦྱར་ཏེ་ལོ་རྒན་དྲུག་ཅུ་གྲུབ་པ་ཡིན། དཔེར་ན་ལོ་སྐོར་བཅུ་གཉིས་ནང་གི་སྟག་ལྟ་བུ་གཅིག་ལ་ཆ་བཞག་པ་ཡིན་ན། ཤིང་སྟག། མེ་སྟག། ས་སྟག། ལྕགས་སྟག། ཆུ་སྟག་ཅེས་རྣམ་པ་ལྔ་རུ་བརྩི་རྒྱུ་ཡོད། དེ་ཡང་རབ་བྱུང་ཚང་མའི་མགོ་མེ་ཡོས་ཀྱིས་དྲངས་ཏེ་རིམ་བཞིན་ས་ལྕགས་ཆུ་ཤིང་དུ་འཁོར་བ་ཡིན། ཕོ་ནི་གནམ་ལོ་ཕོ་ལོ་སྟེ། སྟབས་བདེ་བར་བཤད་ན། ཡ་ནི་ཕོ་ལོ་དང་ཆ་ནི་མོ་ལོ་ཡིན། བརྩི་སའི་དབུ་སྟག་ནས་གཟུང་ཆོག་པ་རེད། སྟག་གི་ལོ་ནི་ད་ལོའི་གནམ་ལོ་གང་ཡིན་པ་དེ་ཡི་མཚན་ཡིན།
གོང་དུ་བཤད་པའི་དོན་སྤྱི་རགས་པ་འདི་དག་ཐུགས་ལ་བཞག་སྟེ་གཞི་ནས། “རབ་བྱུང་བཅུ་བདུན་པའི་རབ་རྒྱན་ཆུ་ཕོ་སྟག་གི་ལོའི་གནམ་ལོ་གསར་པའི་ཚེས་གཅིག”ཅེས་གསུངས་པའི་བརྗོད་པ་འདི་ཡི་སྐྱོན་ཆ་ལྷང་ལ་ཐད་ཀར་བུད་ཡོང་བ་ཡིན།
འདི་ནི་གང་ཟག་ཅིག་ལ་མ་དད་པའི་དབང་གིས་བྲིས་པ་མ་ཡིན་པར། འགན་ཁྲིའི་སེམས་པ་ཞིག་གི་འདུ་བྱེད་ཅིག་སྟེ།
ང་ཚོ་ལ་མེད་པ་གསར་གཏོད་ཀྱི་ཤེས་རབ་མེད་ཀྱང་།
ཡོད་པ་བརྫད་མི་རུང་བའི་འགན་ཁྲི་ཞིག་ཡོད་དགོས།
འདི་ནི་རང་ལ་གདམས་ཏེ་ཁྱེད་ཅག་ལ་སྐུལ་མ་ཞིག་ཏུ་སྨོན་པ་ཡིན།
༡༧/༣༦/༡-༢
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1733
དཔྱད་མཆན་སྤེལ།