རྩོམ་པ་པོ། གནམ་གསས་དར་རྒྱལ།
རྩོམ་ཐུང་འདི་ཉིད་འབྲི་བའི་དགོས་པ་ནི། སྔོན་གྱི་བསྟན་བཅོས་རྣམས་སུ་མེད་པའི་བརྗོད་བྱ་གསར་པ་ཞིག་ངོ་སྤྲད་པའི་སླད་དུ་མ་ཡིན་པར། བསྟན་བཅོས་རྣམས་སུ་གསལ་རྒྱས་རྫོགས་གསུམ་གྱི་ཚུལ་དུ་བཞུགས་ན་ཡང་། དོན་གཉེར་དང་མོས་པ་མེད་ཅིང་། བསྟན་བཅོས་རྣམས་ལ་རང་འདོད་དང་མཐུན་པའི་ར་མགོ་ལུག་སྦྱར་གྱི་མཚན་རེ་སྦྱར་སྲོལ་འདུག་པ་དེ་དག་ལ་འཐད་པ་མ་ཡིན་པའི་རྒྱུན་མཚན་སྟོན་པའི་སྐུལ་མ་ཞིག་གི་ཆེད་དུ་ཡིན།
དེ་ལ་གུས་པས་ཤེར་མདོ་རྒྱས་པ་འབུམ་གྱི་ཐ་སྙད་འདི་ལ་དོན་སྣང་བྱས་པའི་བརྒྱུད་རིམ་ཁྲོད་ནས་གནད་དོན་གཉིས་མཐོང་བྱུང་སྟེ། འབུམ་ལ་དབྱེ་བ་ཡོད་པར་འདོད་ཀྱང་དབྱེ་ཆོས་འབྲེལ་མེད་དུ་བགྲང་པ་དང་། འབུམ་ལ་རྒྱས་བསྡུས་ཀྱི་དབྱེ་བ་འབྱེད་མི་རིགས་པའི་རྒྱུ་མཚན་ལྟར་སྣང་བཀོད་པའི་ལུགས་གཉིས་སུ་འདུག།།དེ་ཡང་དཔྱད་རིན་ཙམ་ཡང་མེད་པའི་གྲོང་མི་ཕལ་པ་འགའ་ཞིག་གི་ངག་ཏུ་གནས་པ་ཙམ་མ་ཡིན་པར། བསྟན་བཅོས་རྣམས་སུ་ཡང་འཁོད་བསྡད་ཡོད།
དཔེར་ན་དུས་དཀར་ཚིག་མཛོད་ནང་དུ་འབུམ་རྒྱས་འབྲིང་བསྡུས་གསུམ་ཞེས་པའི་ཐ་སྙད་བེད་སྤྱོད་མང་དུ་བྱས་ཡོད་ལ། བོད་རྒྱ་ཚིག་མཛོད་ཆེན་མོ་དང་སྨོན་ལམ་ཚིག་མཛོད་སོགས་ཀྱི་ནང་དུ་ཡང་།
འབུམ་རྒྱས་པ། ཆོས་བཀའ་འགྱུར་གྱི་ནང་གསེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་བསྡུས་མིང་། འབུམ་འབྲིང་བོ། ཆོས་བཀའ་འགྱུར་གྱི་ནང་གསེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་སྟེ་ཡོངས་གྲགས་སུ་ཉི་ཁྲི་ཞེས་ཟེར། འབུམ་བསྡུས་པ། ཆོས་བཀའ་འགྱུར་གྱི་ནང་གསེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་བསྡུས་མིང་། ཞེས་སོགས་བཀོད་བཞག་འདུག། ཡུམ་རྒྱས་འབྲིང་བསྡུས་གསུམ་ལ་འབུམ་རྒྱས་འབྲིང་བསྡུས་གསུམ་གྱི་ཐ་སྙད་སྦྱར་ཆོག་པའི་རྒྱབ་རྟེན་ནི་ཚིག་མཛོད་དེ་དག་ལ་མེད་པར་སེམས་ཏེ། དུང་དཀར་ཚིག་མཛོད་ལས། སྐུ་ཞང་མགོན་པོ་དཔལ། ཨ་མེས་ཆེན་པོ་སངས་རྒྱས་ཡེ་ཤེས་ལ་སྲས་གསུམ་བྱུང་བའི་འབྲིང་པོ་ཡིན། གཅེན་པོ་སྐུ་ཞང་རྔ་སྒྲའི་རྗེས་སུ་ཞྭ་ལུའི་ཁྲི་དཔོན་བྱས། གཙུག་ལག་ཁང་གི་གློ་འབུར་བྱང་མ་དང་། ཐུབ་དབང་གི་གསེར་སྐུ་ཁྲི་རྒྱབ་ཡོལ་དང་བཅས་པ། འབུམ་རྒྱས་འབྲིང་བསྡུས་གསུམ་བཅས་བཞེངས་ཚུལ་མྱང་ཆོས་འབྱུང་ལས་གསལ། ཞེས་འབུམ་རྒྱས་འབྲིང་བསྡུས་གསུམ་གྱི་ཐ་སྙད་མྱང་ཆོས་འབྱུང་ནང་དུ་ཡོད་པ་ལྟ་བུར་གསུངས་ཀྱང་། མྱང་ཆོས་འབྱུང་དུ། གསུང་རབ་རྒྱས་འབྲིང་བསྡུས་རྣམས་བཞེངས་སོ་ཞེས་གསུངས་པ་ལས་འབུམ་རྒྱས་འབྲིང་བསྡུས་གསུམ་གྱི་ཐ་སྙད་བེད་སྤྱོད་བྱས་མེད་སྟབས། ཡུམ་རྒྱས་འབྲིང་བསྡུས་གསུམ་ལ་འབུམ་རྒྱས་འབྲིང་བསྡུས་གསུམ་གྱི་ཐ་སྙད་སྦྱོར་བའི་བརྡ་འདོགས་མཁན་པོ་ཐོག་མ་ནི་ཚིག་མཛོད་མཁན་པོ་ཁོང་རྣམས་ཨི་ཡིན་ན་སྙམ་པ་ཞིག་རེད།
གང་ལྟར་ཀྱང་། ཤེར་མདོའི་དབང་དུ་བྱས་པའི་འབུམ་གྱི་ཐ་སྙད་འདི་ནི། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་སྐོར་གྱི་ནང་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་འཇུག་ཅིང་བཤད་པ་ཡོད་པ་ལས། གཞན་པའི་ཤེར་མདོ་གང་ལའང་སྒྲ་བཤད་འཇུག་གཉིས་ཀ་མི་རུང་བ་ཡིན་ཏེ། བསྟན་བཅོས་ལུས་ཀྱི་གཞུང་ཚད་རང་དང་སྦྱར་བའི་མཚན་ཞིག་ཡིན་པས་སོ། །སི་ཏུ་པཎ་ཆེན་གྱི་བཀའ་འགྱུར་དཀར་ཆགས་ལས། ཤོ་ལོ་ཀ་སྟོང་ཕྲག་བརྒྱ་སྟེ་འབུམ་ཕྲག་གཅིག་ཡོད་པས་མཚན་ཡང་དེ་ལྟར་སྨོས། ཞེས་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ལ་འབུམ་ཞེས་མཚན་གསོལ་བའི་རྒྱུ་མཚན་གསལ་པོར་གསུང་གཤིས། ཤེར་ཕྱོགས་ཀྱི་མདོ་གཞན་ལ་གང་འདོད་དུ་འབུམ་ཞེས་སྦྱར་མི་རུང་བའི་གསལ་བཤད་སྔ་མོ་ནས་བྱས་ཟིན་པ་ཡིན། །དེས་ན་འབུམ་ལ་རྒྱས་འབྲིང་བསྡུས་གསུམ་གྱི་དབྱེ་བ་ཡོད་ཀྱང་དབྱེ་ཆོས་ཡུམ་རྒྱས་འབྲིང་བསྡུས་གསུམ་དུ་བགྲང་བ་ནི་ནོར་བ་ཡིན་ནོ། །
ཡུམ་རྒྱས་འབྲིང་བསྡུས་གསུམ་དང་འབུམ་རྒྱས་འབྲིང་བསྡུས་གསུམ་མི་གཅིག་པའི་རྒྱུ་མཚན་ཅུང་ཟད་བཤད་ན། དང་པོ་ཡུམ་རྒྱས་འབྲིང་བསྡུས་གསུམ་ནི་གང་། རྒྱས་འབྲིང་བསྡུས་གསུམ་གྱི་ཁྱད་པར་ཅི་འདྲ་ཞིག་ཡིན་ཞེ་ན། དེ་ལ་དང་པོ་རྒྱ་གར་འཕགས་པའི་ཡུལ་དུ་ལུགས་མི་འདྲ་བ་གཉིས་བྱུང་བར་མངོན་ཏེ།
ལོ་ཙཱ་བ་ཆོས་གྲགས་དཔལ་སོགས་ཀྱིས་བོད་དཔེ་བཞི་དང་རྒྱ་གར་ཡུལ་དབུས་ཀྱི་དཔེ་གཉིས་ལ་གཏུགས་ནས་བསྒྱུར་བཅོས་བྱས་པའི་ཡུམ་གསུམ་གནོད་འཇོམས་ཀྱི་འགྱུར་བྱང་ལས། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་དང་ཁྲི་བརྒྱད་སྟོང་བའི་ཡོངས་སུ་བཤད་པ་རྫོགས་པ་ཁྱད་པར་དུ་འཕགས་པ་དང་། ཉི་ཁྲི་ལྔ་སྟོང་པ་ཅུང་ཟད་བཤད་པ་འདི་ནི་མདོ་སྡེ་མཐའ་དག་གི་དེ་ཁོ་ན་ཉིད་རིག་ཅིང་འཕགས་པ་བྱམས་པ་མགོན་པོའི་ཞབས་རང་ཉིད་ཀྱིས་རྗེས་སུ་བཟུང་བའི་སློབ་དཔོན་དབྱིགས་གཉེན་ཞབས་ཀྱིས་མཛད་པ་རྫོགས་སོ། །ཞེས་གསུངས་པའི་དོན་འདིར་གཞིག་པ་ཡིན་ན། ཡུམ་གསུམ་གྱི་ཐ་སྙད་ནི་སྔ་མོ་ནས་བྱུང་ཞིང་། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་གྲངས་འདྲེན་ཡང། འབུམ་དང་། ཉི་ཁྲི། ཁྲི་བརྒྱད་གསུམ་ལ་བཞེད་པ་མིན་འགྲོ་སྙམ་པ་ཞིག་རེད་ལ། ཇོ་བོ་སྨྱྀ་ཏིས་མཛད་པར་གྲགས་པའི་ཡུམ་གསུམ་མཐུན་པར་དོན་བརྒྱད་ཀྱིས་བསྟན་པའི་ཊཱིཀྐའི་བཤད་བྱ་རྩ་བའི་ཡུམ་གསུམ་ཡང་། འབུམ་ཉི་ཁྲི་ཁྲི་བརྒྱད་སྟོང་པ་གསུམ་པོ་ཡིན།
དེ་ལ་འགའ་ཞིག་གིས་རྗེ་བཙུན་ངལ་གསོ་ལས། ལ་ལ་དག་སློབ་དཔོན་དབྱིག་གཉེན་གྱིས་ཡུམ་གསུམ་གནོད་འཇོམས་ནི་ཡུམ་གསུམ་ག་དང་སྦྱར་ཞེས་སྨྲ་ཡང་རྒྱས་འབྲིང་གཉིས་དང་། ཁྲི་བརྒྱད་སྟོང་པ་དང་སྦྱར་གྱི། འཕགས་པ་བརྒྱད་སྟོང་པ་དང་མ་སྦྱར་བས་འཐད་པ་མིན་ནོ། །ཞེས་གསུངས་པས་ཁྲི་བརྒྱད་སྟོང་པ་ལ་ཡུམ་བསྡུས་པའི་ཐ་སྙད་མི་འཇུག་པ་གསལ་ལོ། ཞེས་ཟེར་ན་དེ་ནི་མ་ཡིན་ཏེ། བརྒྱད་སྟོང་པ་བསྡུས་པ་བྱས་པའི་ཡུམ་གསུམ་དང་སྦྱར་བ་ཡིན་ཞེས་བཤད་པ་མི་འཐད་པའི་དོན་དུ། ཡུམ་གསུམ་གནོད་འཇོམས་ཀྱི་བཤད་གཞིའི་ཡུམ་གསུམ་གྱི་ནང་གི་བསྡུས་པ་དེ་འཕགས་པ་བརྒྱད་སྟོང་པ་མ་ཡིན་པར་ཁྲི་བརྒྱད་སྟོང་པ་ཡིན་ཞེས་གསུངས་པ་ཡིན་ཞིང་།
ཨར་ཆེན་པོ་དང་རོང་སྟོན་གྱི་འབུམ་ཊིཀ་ནང་དུ། ཡུམ་འབྲིང་པོ་སྐོར་གསུམ་གྱི་དབྱེ་ཆོས་སུ། རྒྱས་པ་ཉི་ཁྲི། འབྲིང་པོ་ཁྲི་བརྒྱད། བསྡུས་པ་ཤེས་རབ་ཁྲི་པ་གསུམ་དུ་ཕྱེས་ཏེ། ཁྲི་བརྒྱད་སྟོང་པ་ལ་འབྲིང་པོའི་ཐ་སྙད་སྦྱར་ཆོག་པ་ཡིན་ན། ཡུམ་རྒྱས་འབྲིང་གཉིས་ལ་ལྟོས་ཏེ་བསྡུས་པའི་ཐ་སྙད་སྦྱར་མི་རུང་བའི་རྒྱུ་མཚན་ཡང་མེད་དོ། །
གཞན་ཡང་། ཉི་ཁྲི་ཡུམ་འབྲིང་པོ་དང་ཁྲི་བརྒྱད་བསྡུས་པར་འཇོག་མི་རིགས་པ་ཡིན་ཏེ། སྡེ་དགེའི་བསྟན་འགྱུར་ལྟར་ན་ཁྲི་བརྒྱད་སྟོང་པ་ལ་ཀ་ནས་ང་བར་དུམ་པ་བཞི་ཡོད་ཅིང་། ཉི་ཁྲི་ལ་གླེགས་བམ་གསུམ་ལས་མེད་པས་སོ་སྙམ་ན། ཉི་ཁྲིའི་གླེགས་བམ་ཁྲི་བརྒྱད་ཀྱི་དུམ་པ་ལས་ལྡེབ་མ་བརྒྱད་ཅུ་ཙམ་གྱིས་མང་ཞིང་།
མདོ་སྡུད་པ་ཁྲི་བརྒྱད་སྟོང་པའི་ནང་ཚན་དུ་གསུངས་པ་ལོ་ཙཱ་བ་རྣམས་ཀྱིས་གླེགས་བམ་བོད་དུ་བསྒྱུར་བའི་ཚེ་བཀོད་པ་ལས། དོན་ལ་ཁྲི་བརྒྱད་སོགས་ཡུམ་ལྔ་གོང་དུ་གཅིག་ཅར་དུ་གསུངས་ཟིན་པའི་རྗེས་སུ། ཡུམ་དྲུག་པ་ཡོན་ཏན་རིན་པོ་ཆེ་སྡུད་པ་འདི་གཞི་ནས་གསུངས་པར་འདོད་པ་ཀུན་མཁྱེན་བུའི་དགོངས་པ་ལྟར་ན་དེ་ཡང་འཕྲི་ཆོག་ཅིང་། བོད་ཀྱི་ལོ་ཙཱ་བས་གཞུང་ཚད་རྟོགས་པའི་ཐབས་སུ་བསྣན་པའི་བམ་ཚད་ཀྱི་དབང་དུ་བྱས་ཀྱང་། བམ་པོ་བཅོ་བརྒྱད་ཀྱི་ཁྱད་པར་ཡོད་ལ། དཀར་ཆག་འཕང་ཐང་མ་ལྟར་ན། ཚིག་ལྷུག་ལ་ཚེག་བར་སུམ་ཅུ་སོ་གཉིས་ལ་ཤོ་ལོ་ཀ་གཅིག་དང་ཤོ་ལོ་ཀ་སུམ་བརྒྱ་ལ་བམ་པོ་གཅིག་ཏུ་བགྲང་སྟབས། ཤོ་ལོ་ཀ་ལྔ་སྟོང་བཞི་བརྒྱ་ཙམ་གྱིས་ཁྱད་པར་ཡོད་དོ། །
འོན་ཀྱང་། རྒྱ་གར་སྐད་དུ། ཨཱརྱ་ཨཥྚ་ད་ཤ་སཱ་ཧ་སྲི་ཀཱ་པྲཛྙཱ་པཱ་ར་མི་ཏཱ་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཞེས་འགྱུར་གཞི་རྒྱ་དཔེ་ལ་ཤོ་ལོ་ཀ་ཁྲི་གཅིག་དང་སྟོང་ཕྲག་བརྒྱད་ཡོད་པའི་མཚན་ཙམ་ཞིག་མ་ཡིན་པར། བོད་འགྱུར་ཁྲི་བརྒྱད་རང་གི་ལུས་ལ་ཡང་མདོ་སྡུད་པ་མ་ཕྲིས་ན་ཤོ་ལོ་ཀའི་གྲངས་དེ་བཞིན་ལྡན་པ་ཡིན་ལ། བོད་འགྱུར་ཉི་ཁྲིའི་བམ་ཚད་རང་གི་ཐོག་ནས་གཞལ་བ་ཡིན་ན། ཤོ་ལོ་ཀ་ཉི་ཁྲི་སུམ་སྟོང་ལྷག་ཙམ་ལས་ཉི་ཁྲི་ལྔ་སྟོང་ནི་མེད་པས། ལོ་ཙཱ་བའི་འགྱུར་གྱི་ཐོག་ནས་ཀྱང་གཞུང་ཚད་ཀྱི་ཁྱད་པར་རྒྱ་དཔེ་དང་ཅུང་ཟད་མི་གཅིག་པའི་དོན་ཡང་མཁྱེན་པར་གནང་དགོས།
དེས་ན་རྗེ་བཙུན་ངལ་གསོ་དང་། ཀུན་མཁྱེན་བུའི་ཆོས་འབྱུང་། མདོ་ལུགས་མ། བོ་དོང་བའི་ཐུབ་པའི་བསྟན་རྩིས་རིན་ཆེན་སྒྲོན་མེ་ལ་སོགས་པའི་ལུགས་དང་སྦྱར་ན། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་ཐ་སྙད་དང་། རྒྱས་འབྲིང་བསྡུས་གསུམ་ཡང་འབུམ་དང་ཉི་ཁྲི་ཁྲི་བརྒྱད་གསུམ་དུ་བགྲང་བའི་ལུགས་དེ་སློབ་དཔོན་དབྱིག་གཉེན་ཞབས་ཀྱིས་སྲོལ་ཕྱེས་པ་ཡིན་ཞིང་། རྒྱ་གར་མ་ཟད་བོད་དུ་ནང་བསྟན་དར་བའི་གོ་རིམ་གྱི་དབང་དུ་བྱས་ན་ཡང་འདི་ཉིད་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་ལུགས་སྔ་མར་འཇོག་རིགས་པ་ཡིན་ཏེ། པཎ་ཆེན་གྱི་བཀའ་འགྱུར་དཀར་ཆག་ལས། འགྲེལ་པའི་སྐོར་ཡང་དཾ་ཥྚ་སེ་ནའི་འབུམ་ཊཱིཀ་དང་། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་གཞུང་འགྲེལ་ཡུམ་གསུམ་གནོད་འཇོམས་སུ་གྲགས་པ་དབྱིག་གཉེན་གྱིས་མཛད་པ་སོགས་བསྒྱུར། བཤད་པ་དང་ཉམས་ལེན་གཉི་གའི་རྒྱུན་ཡང་རྒྱ་ཆེར་བྱུང་མོད་ཀྱི་བར་སྐབས་སུ་དབུས་གཙང་དུ་ཉམས་པར་གྱུར། ཅེས་བསྟན་པ་སྔ་དར་གྱི་དུས་སུ་ཤེར་ཕྱོགས་ཀྱི་མདོ་ལ་འཆད་ཉན་བགྱིད་པའི་གཞུང་འགྲེལ་དུ་གསུངས་པ་འདིས་ཀྱང་གསལ་ལོ། །
ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་ལུགས་ཕྱི་མ་ནི། རང་གི་དཔྱད་གཞི་ཡིག་ཆ་ལྟར་ན་སློབ་དཔོན་སེང་གེ་བཟང་པོས་སྲོལ་ཕྱེས་འདུག་སྙམ་སྟེ། འགྲེལ་པ་དོན་གསལ་ལས། རྒྱལ་བའི་ཡུམ་རྣམ་པ་གསུམ་ཆར་ལས་ཀྱང་། ཞེས་སེམས་བསྐྱེད་ཀྱི་དམིགས་ཡུལ་རྫོགས་བྱང་དང་ཆེད་དུ་བྱ་བ་གཞན་དོན་གཉིས་པོ་རྒྱལ་བའི་ཡུམ་རྣམ་པ་གསུམ་ཆར་ལས་ཀྱང་བསྟན་པ་ཡིན་ནོ་ཞེས་ཡུམ་གསུམ་གྱི་མཚན་དངོས་སུ་སྨོས་ཤིང་།
དེ་བཞིན་དུ་མཁྱེན་གསུམ་གྱིས་འཕགས་བཞིིའི་མངོན་རྟོགས་མཐའ་དག་བསྡུས་པའི་ཤེས་བྱེད་དུ། འདི་ལྟར་རྒྱལ་བའི་ཡུམ་བར་མ་ལས། ཞེས་དང་། དེ་བཞིན་དུ་མདོར་བསྡུས་པ་ལས་ཀྱང་། ཞེས་དང་། རྒྱས་པ་ལས་ཀྱང་རྒྱ་ཆེར་གསུངས་སོ། །ཞེས་རྒྱལ་བའི་ཡུམ་བར་མ་ཉི་ཁྲི་ལྔ་སྟོང་པ་དང་། ཡུམ་གྱི་ཚིག་དོན་བསྡུས་པ་བརྒྱད་སྟོང་པ། རྒྱས་པ་འབུམ་དུ་བཞེད་དེ་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་དབྱེ་བ་ཕྱི་མའི་ལུགས་འདི་སྲོལ་ཕྱེས་པ་ཡིན།
དེ་ཡང་ངལ་གསོ་ལས། ཡུམ་གསུམ་གྱི་བརྗོད་བྱའི་དོན་ཐམས་ཅད་རྒྱན་གྱིས་བསྡུས་པས། ཡུམ་གསུམ་དང་རྒྱན་སྦྱར་བའི་རྗོད་བྱེད་ཀྱི་ཚིག་གི་འགྲེལ་པ་ནི་སློབ་དཔོན་སེང་གེ་བཟང་པོས་མཛད་པ་ལས་སྔོན་དུ་བྱུང་བ་གཞན་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པས་ཀྱང་གྲུབ་ལ། དངོས་པོའི་གནས་ལུགས་དང་མཐུན་ཞིང་ཚད་ལྡན་བསྟན་བཅོས་འདི་དག་གི་རྗེས་སུ་འབྲང་སྟེ། པཎ་ཆེན་གྱི་བཀའ་འགྱུར་དཀར་ཆག་ལས་ཀྱང་། ཤེར་ཕྱིན་འབུམ་པ་དང་། ཉི་ཁྲི། བརྒྱད་སྟོང་པ་གསུམ་ལ་ཡུམ་རྒྱས་འབྲིང་བསྡུས་གསུམ་རྣམ་གཞག་མཛད་དེ། གཞན་པའི་སྦྲུལ་ལ་རྐང་ལག་འབྲི་བའི་རྟོག་གེའི་རིགས་འགྲེ་སྦྱར་བའི་དབྱེ་བ་མ་མཛད་པ་ཡིན། འོན་ཀྱང་དེ་ཡི་དགོངས་པ་མ་མཁྱེན་པ་ཟེར་ན་མི་རུང་བས། པཎྜི་ཏས་ཐུགས་མཉམ་མ་བཞག་པ་ཞེས་པའི་ཐ་སྙད་དེ་སྦྱར་དགོས་པ་མིན་འགྲོ། གང་ལྟར་རྫོང་སར་མཁན་པོ་བསམ་འགྲུབ་ཀྱི་མཛད་པའི་འབུམ་གྱི་དཀར་ཆག་ཟབ་དོན་ནོར་བུའི་བང་མཛོད་ལས། སི་ཏུའི་བཀའ་འགྱུར་དཀར་ཆག་ཏུ། འབུམ། ཉི་ཁྲི། བརྒྱད་སྟོང་གསུམ་ལ་རིམ་པར་རྒྱས་འབྲིང་བསྡུས་གསུམ་ཞེས་པའི་ཐ་སྙད་ཀྱང་སྦྱར་ཡོད་ལ་དེ་ནི་བོད་དུ་འགྱུར་བའི་ཤེར་ཕྱིན་གྱི་མདོ་ཡི་དབང་དུ་བྱས་པ་ཡིན་ནོ། །ཞེས་གསུངས་པ་འདི་ནི་བར་སྐབས་བགད་མོ་སློང་བའི་ཚུལ་དུ་བཞག་གོ །
དེ་ནི་སྐུ་རྩེད་ཞུས་པ་ཡིན། འཁྲུལ་བ་མེད་པ་མཁས་པའི་ཁྱད་ཆོས་སུ་འཇོག་འོས་པ་ཡིན་ན། ཀུན་མཁྱེན་དང་མཁས་པའི་བར་ལག་ཅི་ཞིག་མཆིས། ནོར་བ་འཁྲུལ་བར་ཤེས་ཀྱང་ངོ་ཚས་དང་ལེན་མི་བཏུབ་པ་ནི་འཕྱུག་པ་སྟེ། དེ་ནི་བླུན་པོ་ལས་མཁས་པ་ལ་མི་སྲིད་པ་ཡིན་ནོ། །
གལ་ཏེ་བོད་དུ་འགྱུར་བའི་ཤེར་ཕྱིན་གྱི་མདོ་ཡི་དབང་དུ་བྱས་པའི་དབྱེ་བ་ཕྱེས་པའི་མཚན་གཞི་ཞིག་སྨོས་དགོས་པ་ཡིན་ན། ཀུན་མཁྱེན་ཁྲོ་ཕུ་བུ་སྟོན་གྱིས་བཞེད་པ་འདི་ཉིད་མཐུས་སྒོ་ཚང་ཤལས་སུ་སྣང་སྟེ། ཁོང་གིས། ཤེར་ཕྱིན་ལ་ཆོས་ཀྱི་བཤེས་གཉེན་ན་རེ་སྙིང་པོའི་དོན་སྟོན་པ་དང་མངོན་པར་རྟོགས་པའི་དོན་སྟོན་པ་ལ་གཉིས་སོ། །དང་པོ་དོན་དམ་སྟོང་ཉིད་དམ་རྣམ་ཐར་སྒོ་གསུམ་སྟོན་པ་སྟེ་ཤེར་སྙིང་ལ་སོགས་པའོ། །གཉིས་པ་ནི་རྒྱས་པ་སྟོང་ཕྲག་བརྒྱ་པ་དང་། འབྲིང་གི་རྒྱས་པ་ཉི་ཁྲི་ལྔ་སྟོང་པ་དང་། འབྲིང་གི་འབྲིང་ཁྲི་བརྒྱད་སྟོང་པ། འབྲིང་གི་བསྡུས་པ་ཤེས་རབ་འཁྲི་པ། བསྡུས་པའི་རྒྱས་པ་བརྒྱད་སྟོང་པ་དང་། བསྡུས་པའི་བསྡུས་པ་ཡོན་ཏན་རིན་པོ་ཆེ་སྡུད་པའོ། ། དེ་དག་གིས་མངོན་རྟོགས་བརྒྱད་སྟོན་པར་ཁྱད་མེད་ཚིག་རྒྱས་བསྡུས་ཀྱི་ཁྱད་ཁོ་ནར་ཟད་དོ་ཞེས། དེ་ལ་བསྡུས་སོགས་རབ་དབྱེ་བའི། །ཁྱད་པར་ཡོད་པ་ཁོ་ནར་ཟད། །ཅེས་གསུངས་པ་འདི་ཉིད་དཔྱད་གཞིར་འོས་སྙམ། འོན་ཀྱང་པཎ་ཆེན་ལྟར་ན། འདི་ཉིད་འཕགས་བོད་གཉི་གའི་ཐུན་མོང་གི་ལུགས་སུ་འདོད་པ་ལས་བོད་འགྱུར་ཤེར་ཕྱིན་གྱི་དབང་དུ་བྱས་ན་ཞེས་སྨོས་པ་ལ་དགོས་པ་མེད་པ་ཡིན་ཏེ། འཁོར་ལོ་བར་བ་ཤེར་ཕྱིན་སྐོར་ནི་འཕགས་ཡུལ་ན་བཞུགས་པའི་མདོ་ཐམས་ཅད་བོད་དུ་བྱོན་པ་ཡིན། ཞེས་གསུངས་པའི་ཕྱིར།
གོང་གི་ཡན་ལག་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་ཁྱད་པར་ཅི་འདྲ་ཡིན་པའི་དྲིས་ལན་གྱིས་ཁ་གསབ་པ་ཡིན་ན། དེ་ལ་ཡུམ་རྒྱས་པ་ནི་ཏིང་ངེ་འཛིན་བརྒྱ་དང་ཉེར་གཅིག། སྒོ་གསུམ་རྣམ་གྲངས་བཅུ་གཅིག། ཞུས་ལན་བརྒྱ་དང་ཉི་ཤུ་སོགས་བརྗོད་བྱ་དོན་གྱི་ཆ་ནས་རྒྱས་པ་ཙམ་དུ་མ་ཟད། འགྲེས་རིང་བརྒྱ་དང་ལྔ་བཅུ། འགྲེས་རྩ་བདུན་བརྒྱ་དང་བཅུ་གཅིག། འགྲེས་ཐུང་བསྣན་པའི་འགྲེས་རྩ་ཁྲི་དང་བཞི་བརྒྱ་ཉེར་དགུ་ཡོད་པར་བཤད་པའི་ཤོ་ལོ་ཀ་སྟོང་ཕྲག་བརྒྱ་ཡི་བདག་ཉིད་ཅན་དེ་ཡིན་ཞིང་། བོད་འགྱུར་སྡེ་བཀའ་ལྟར་ན་བྱམས་ཞུས་། ཆོས་འཕགས། རྟག་ངུ། ཡོངས་གཏད་ཀྱིས་ལེའུ་བཞི་ཡིས་ཁ་མ་བསྐངས་པའི་ཤེར་ཕྱིན་འབུམ་པ། ཤོ་ལོ་ཀ་དགུ་ཁྲི་སུམ་བརྒྱ་ཙམ་གྱི་ལུས་ཅན་གླེགས་བམ་བཅུ་གཉིས་ཅན་དེ་ཡིན།
ཤེར་ཕྱིན་གྱི་ཡུམ་འབྲིང་པོ་སྟོང་ཕྲག་ཉི་ཤུ་ལྔ་པ་ནི་དོན་རྒྱས་ཀྱང་འགྲེས་རྐང་སོགས་གསུང་རབ་ལུས་ཀྱི་ཆ་ནས་འབུམ་ལས་ཤོ་ལོ་ཀ་བདུན་ཁྲི་ལྔ་སྟོང་ཙམ་གྱིས་བསྡུས་པ་ནི་འབྲིང་པོ་ཡིན། སྡེ་བཀའ་གཞིར་བཞག་ན། འབུམ་དང་ཉི་ཁྲིའི་བར་དུ་ཤོ་ལོ་ཀ་དྲུག་ཁྲི་དྲུག་སྟོང་དགུ་བརྒྱ་ཙམ་གྱི་ཁྱད་པར་ལས་མེད་ཅིང་། གླེགས་བམ་ཡང་གསུམ་དུ་བཞུགས། བོད་རྒྱ་ཚིག་མཛོད་ཆེན་མོ་དང་སྨོན་ལམ་ཚིག་མཛོད་ནང་དུ། ཉི་ཁྲི། གྲངས་ཀ་ཁྲི་གཉིས་ཀྱི་མིང་། ཤློོོོཽ་ཀ་ཁྲི་གཉིས་ཡོད་པའི་ཤེར་ཕྱིན་པོ་ཏི། ཞེས་བཀོད་པ་ནི། གློ་གྲི་སྟེ་འུ་ཐུག་དུས་བློ་དྲི་ས་ཡིན་པས་ན་གློ་གྲིའོ་ཞེས་གླེན་པས་ངེས་ཚིག་འདྲེན་པའི་ཟླ་བོ་ཞིག་མིན་འགྲོ་སྙམ། གང་ལྟར། བཀའ་འགྱུར་ནང་གི་ཤེར་མདོ་ཉི་ཁྲི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་བསྡུས་མིང་སྟེ། རྒྱ་གར་སྐད་དུ། པཉྩ་བིང་ཤ་ཏི་སཱ་ཧ་སྲི་ཀཱ་པྲ་ཛྙཱ་པཱ་ར་མི་ཏཱ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། ཞེས་པའི་མཚན་དོན་ལས་ཀྱང་གསལ་པོར་རྟོགས་ནུས་སོ། །
ཤེར་ཕྱིན་གྱི་ཡུམ་བསྡུས་པ་བརྒྱད་སྟོང་པ་ནི་བརྗོད་བྱ་ཕུང་པོ་ལྔར་བསྡུས་ཤིང་རྗོད་བྱེད་ཀྱི་ཚིག་ཀྱང་བསྡུས་པ་སྟེ། རྒྱ་གར་སྐད་དུ། ཨཱརྱ་ཨཥྚ་སཱ་ཧ་སྲི་ཀཱ་པྲཛྙཱ་པཱ་ར་མི་ཏཱ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྒྱད་སྟོང་པ། ཞེས་མཚན་གྱི་དོན་དང་མཐུན་པ་གཞུང་ཚད་ཤོ་ལོ་ཀ་སྟོང་ཕྲག་བརྒྱད་ཀྱི་བདག་ཉིད་ཅན་དེ་ཡིན། སྡེ་བཀའ་ལྟར་ན། བརྒྱད་སྟོང་པའི་འགྱུར་རྒྱས་པ་བམ་པོ་ཉེར་བཞི་སྟེ། ཤོ་ལོ་ཀ་བདུན་སྟོང་ཉིས་བརྒྱ་ཅན་གྱི་དུམ་པ་གཅིག་ཏུ་བཞུགས་ཡོད།
དེ་གསུམ་ནི་རྒྱ་གར་དང་བོད་ཀྱི་མཁས་པ་སྤྱི་ལ་གྲགས་ཤིང་གྲུབ་པའི་ཡུམ་རྒྱས་འབྲིང་བསྡུས་གསུམ་ཡིན། དེ་མིན་ལྷ་མི་དྲི་ཟ་ཐུན་མོང་གི་དབང་དུ་བྱས་ཏེ། ཡུམ་རྒྱས་པའི་རྒྱས་པ། དྲི་ཟའི་ཡུལ་ན་བཞུགས་པའི་ཤེར་ཕྱིན་བྱེ་བ་ཕྲག་བརྒྱ་པའམ། ཤེར་ཕྱིན་བམ་པོ་ལྔ་བརྒྱ་བ་ཞེས་རྟོག་བཏགས་ཀྱིས་དབྱེ་བ། ཡུམ་རྒྱས་འབྲིང་བསྡུས་པ་སྐོར་དགུ་རུ་འབྱེད་པ་སོགས་ནི། བོད་ཀྱི་རང་བཟོའི་དབྱེ་བ་ཤིག་ཏུ་ལགས་སྟབས། གླིང་གི་རྟ་རྒྱུག་སྐབས་སུ་བགྲང་བའི་རྒྱལ་སྐུགས་ཀྱི་རིན་པོ་ཆེ་བཞིན་དུ་སྣང་བ་དང་དུས་རེ་གཉིས་བཀླག་ཀྱང་མི་རུང་བ་ནི་མེད་ཅིང་། གནས་ལུགས་དང་མཐུན་པའི་རྒྱུ་མཚན་དང་དགོས་པའི་རྒྱབ་ལྗོངས་བཤད་དུ་མེད་སྟབས། ཤེས་ཀྱང་ཆོག་ལ་མ་ཤེས་ཀྱང་སྐྱོན་དུ་འགྱུར་བའི་དོན་ནི་མེད་པར་སེམས།
དད་ལྡན་མང་ཚོགས་ཀྱི་དགོས་མཁོ་ལ་བསྟུན་པའི་དབྱེ་བ་འབྱེད་སྟངས་གཞན་ཞིག་ཡོད་པ་ནི། མོ་པ་དང་རྩིས་པས་འཇོན་འཁོས་ལ་བསྟུན་ཏེ་ཡུམ་རྒྱས་འབྲིང་བསྡུས་གསུམ་བཀླག་ཅེས་བབ་སྲོལ་ཡོད་པ་བཞིན་དུ། འཁོས་ཀས་ལྕོགས་ན་ཡུམ་གསུམ་གནོད་འཇོམས་ཀྱི་ལུགས་དང་སློབ་དཔོ་སེངྒེ་བཟང་པོའི་ལུགས་ཀྱི་ཡུམ་རྒྱས་འབྲིང་བསྡུས་གསུམ་གང་རུང་བཀླག་སྲོལ་ཡོད་ལ། དེ་ལས་བསྡུ་ན། ཉི་ཁྲི་དང་ཁྲི་བརྒྱད་ཤེས་རབ་ཁྲི་པ་གསུམ། དེ་ཡང་མ་ལྕོགས་ན། བརྒྱད་སྟོང་པ། མདོ་སྡུད་པ། ཤེར་རབ་སྙིང་པོ་གསུམ། ཤིན་ཏུ་བསྡུས་ན། མདོ་སྡུད་པ། ཤེར་སྙིང་། ཤེར་ཕྱིན་ཡི་གེ་གཅིག་མ་ཡིན།
མདོར་ན་མངོན་རྟོགས་བརྒྱད་ལུས་དང་། དོན་བདུན་ཅུ་ཡན་ལག་ཏུ་བྱས་པའི་ཤེེར་ཕྱིན་གྱི་ལུས་ཡོངས་སུ་རྫོགས་པ་འབུམ་དང་། ཉི་ཁྲི། ཁྲི་བརྒྱད། ཤེས་རབ་ཁྲི་པ། བརྒྱད་སྟོང་པ། མདོ་སྡུད་པ་སྟེ། ཡུམ་དྲུག་ཏུ་གྲགས་པ་ལས་རང་གི་འཇོན་འཁོས་ལ་བསྟུན་ནས་རྒྱས་འབྲིང་བསྡུས་གསུམ་དུ་བཀླག་པའམ། དེ་ཙམ་མི་ལྕོགས་ན་ཡུམ་རྒྱས་འབྲིང་གཉིས་སམ་རྒྱས་པའི་ཐ་སྙད་གདགས་སའི་གཞི་ཡུམ་དྲུག་ལས་གང་ཡང་རུང་བ་གཅིག་བདམས་ཏེ། བརྗོད་བྱ་མངོན་རྟོགས་བརྒྱད་ལས་ཕྱོགས་རེ་བ་ཙམ་སྟོན་པའི་ཤེར་མདོ། རབ་རྩལ་གནོན་རྣམ་གྱིས་ཞུས་པ། ཤེར་ཕྱིན་ལྔ་བརྒྱ་པ། རྡོ་རྗེ་གཅོད་པ། ཚུལ་བརྒྱ་ལྔ་བཅུ་པ། ལྔ་བཅུ་པ། ཀོའུ་ཤི་ཀས་ཞུས་པ། སྒོ་ཉེར་ཤུ་རྩ་ལྔ་པ། ཤེས་རབ་སྙིང་པོ། ཡི་གེ་ཉུང་ངུ། ཡི་གེ་གཅིག་མ། ཤེར་ཕྱིན་བདུན་བརྒྱ་པ་སྟེ་སྲས་བཅུ་གཅིག་ཏུ་གྲགས་པ་ལས་ཁ་བསྐང་བའམ། ཡང་ན་ཤེར་ཕྱིན་ཉི་མའི་སྙིང་པོ། ཟླ་བའི་སྙིང་པོ། ཀུན་ཏུ་བཟང་པོ། རྡོ་རྗེ་རྒྱལ་མཚན་གྱི་མདོ་སྡེ་གང་རུང་གིས་ཁ་བསྐངས་ཏེ་ཡུམ་རྒྱས་འབྲིང་བསྡུས་གསུ་གྱི་ཚུལ་དུ་བཀླག་ཆོག་པར་སེམས་སོ། །
དོན་ཚན་གཉིས་པའི་ཐོག་ནས་བཤད་པ་ཡིན་ན། འགའ་ཞིག་གིས་འབུམ་ལ་རྒྱས་འབྲིང་བསྡུས་གསུམ་གྱི་དབྱེ་བ་མེད་དེ། ཤེར་ཕྱིན་འབུམ་པ་ཡིན་ན་སྟོང་ཕྲག་བརྒྱ་པ་ཡིན་དགོས་པས། འཕགས་པ་བརྒྱད་སྟོང་པ་ལ་རྒྱས་འབྲིང་བསྡུས་གསུམ་གྱི་དབྱེ་བ་མེད་པ་བཞིན་ནོ་ཞེས་རྒྱུ་མཚན་ལྟར་སྣང་བཀོད་པར་བྱེད་དོ། །
དེ་ནི་མདུན་གྱི་གླེགས་བམ་བཅུ་གཉིས་པོ་མཚན་གཞིར་བཟུང་སྟེ། རྟོག་ལྡན་གྱི་ཐད་ཀར་བཀོད་པའི་གཏན་ཚིགས་ཙམ་ལས། འབུམ་གྱི་འགྱུར་ལ་ཕྱིར་བལྟས་བྱས་པའི་བསྡོམས་ཚིག་ཅིག་ནི་མ་ཡིན་པར་སེམས། པཎ་ཆེན་གྱི་དཀར་ཆག་ལྟར་ན། འབུམ་ལ་རྒྱས་འབྲིང་བསྡུས་གསུམ་གྱི་དབྱེ་བ་ཡོད་པར་བཞེད་ཅིང་། དེ་ཡང་གསུང་རབ་ཀྱི་ངོ་བོ་མི་གཅིག་པའི་ཐོག་ནས་དབྱེ་ཆོས་སོ་སོར་འདྲེན་རྒྱུ་ཡོད་པ་མ་ཡིན་པར། དབྱེ་གཞི་ཡུམ་འབུམ་པ་རང་གི་ཐོག་ནས་འགྱུར་མི་འདྲ་བའི་ལོ་ཙཱའི་བརྒྱུད་རིམ་ཆེན་པོ་གསུམ་ལ་ལྟོས་ཏེ་ཕྱེས་པ་ཡིན།
དེ་ལ་དང་པོ་འབུམ་བསྡུས་པ་ནི། བསྟན་པ་སྔ་དར་གྱི་དུས་སུ་རླངས་ཁམས་པ་གོ་ཆས་འཕགས་ཡུལ་དུ་བྱོན་ཏེ་ཤེས་ཕྱིན་འབུམ་པ་ཐུགས་ལ་བཟུང་ནས་བོད་དུ་བསྒྱུར་བའི་བླ་འབུམ་ཐུགས་འགྱུར་མ་སྟེ། མཚན་གཞན་ལ་རེག་ཟིག་དམར་པོ(ར་གཟིགས་དམར་པོ་ཞེས་བྲིས་པ་ཡང་མཐོང་། འབྲི་སྤྱད་སྣག་ཚའི་རྒྱུ་ཆའི་ངོས་ནས་མཚན་གསོལ་བའི་རྗེས་གྲུབ་ཀྱི་མཚན་ཡིན་པའི་དབང་དུ་བཏང་ན། ར་གཟིགས་དམར་སྔོན་ཞེས་སྦྱོར་བ་ཡིན་ན་ཅུང་ཟད་འབྱོར་ཉེ་བར་སེམས།)ཡང་ཞུ། དེ་ཡང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཐེག་ཆེན་གྱི་ཆོས་ལ་གུས་པ་ཆེན་པོས་ཉིད་ཀྱི་མཚལ་ཁྲག་དང་ར་དཀར་མོའི་འོ་མ་སྦྱར་ནས་བྲིས་པས་དུམ་པ་བཞི་བྱུང་བ་རེག་ཟེག་དམར་པོར་གྲགས་ཞེས་གསུངས་པ་ལྟར་རོ། །
འགྱུར་དེའི་ཕྲིན་ལས་དབུ་ཕྱོགས་སུ་རྒྱས་པར་བཤད་ཅིང་། མ་ཕྱི་ལྷ་ས་གོང་གི་སོ་ཕག་གི་མཆོད་རྟེན་གྱི་ནང་དུ་བཞུགས་ཡོད་པར་བཤད་ཅེས་སྔོན་བྱུང་ལོ་རྒྱུས་ཀྱིས་ཁ་འཕངས་ཡོད། ཡང་དབས་མཉྫུ་ཤྲཱི། ཉང་ཨིནྡྲ་ཝ་རོ་གཉིས་ཀྱིས་རྒྱ་གར་ནས་རྒྱ་དཔེ་བླངས་ཏེ་བསྒྱུར་བའི་རེ་ཟེག་སྔོན་པོ་སྟེ། བཙན་པོའི་དབུ་སྐྲ་གཞོབ་རམས་དང་ར་དཀར་མོའི་འོ་མ་ལ་སྦྱར་ནས་བྲིས་པ་རེ་ཟེག་སྔོན་པོར་གྲགས་པ་པོད་བཞི་མ་ཞིག་ཀྱང་བྱུང་བར་གྲགས་ཞེས་གསུངས། བསྟན་བཅོས་གཞན་ལས། སྐུ་རགས་མི་འཆིང་བར་ལྕགས་ཀྱི་ཐུར་མ་ལ་བརྒྱུས་པས་ལྕགས་ཐུར་ཅན་དུ་གྲགས། དེ་ཡང་འགྱུར་མི་རྒྱས་པས་ཕྱིས་རྒྱལ་བུ་མུ་ཏིག་བཙན་པོའི་ཐུགས་དམ་དུ་བརྫངས་སྐད་དོ། །ཞེས་བཤད་པས་མཚན་གྱི་རྣམ་གྲངས་གཞན་ལ་ལྕགས་ཐུར་ཅན་ཞེས་འབོད་པ་ཡང་གསལ།
གཉིས་པ་འབུམ་འབྲིང་པོ་ནི། དེ་ལྟར་རེ་ཟིག་སྔོན་དམར་གཉིས་པོ་ནི་འགྲེས་རྐང་ཐམས་ཅད་མི་རྒྱས་པས། པ་གོར་བཻ་རོ་ཙ་ནས་སླར་ཡང་ཞུ་ཆེན་མཛད་དེ་འགྲེས་རྐང་ཆད་པ་སོགས་བསབས། ཚིག་སྣ་བསྲིངས་ཏེ་བརྗོད་བདེ་བར་བསྒྱུར། འདི་དུས་ལོ་ཙཱ་ཆེན་པོ་ཉིད་ཀྱིས་ཕྱག་བྲིས་མཛད་དེ་བཞུགས་སྣོད་ལས་འབུམ་ཤ་སྒྲོ་ཅན་དུ་གྲགས་པ་ད་ལྟའང་མཆིམས་ཕུ་ན་བཞུགས་ཞེས་གསུངས་པ་ལྟར་རོ། གླེགས་ཤིང་ལས་མཚན་གསོལ་བ་རྒྱལ་པོའི་ཐུགས་དམ་པར་ཁབ་ཅན་དང་། བཞུགས་སའི་འཁྲིས་སུ་བྱ་ཕ་ཝང་གིས་ཚང་བཅས་པའི་རྒྱུ་མཚན་ལ་བརྟེན་ནས་ཕ་ཝང་ཅན་ཞེས་མཚན་གྱི་རྣམ་གྲངས་དུ་མ་ཡོད་པར་གྲགས།
གསུམ་པ་འབུམ་རྒྱས་པའི་སྐོར་ལ་བཞེད་ཚུལ་ཅུང་ཟད་མི་གཅིག་པ་ཡོད་དེ། རོང་སྟོན་ལྟར་ན་བླ་འབུམ་ཆེན་མོ་ནི་གཙོ་བོ་སྐ་ཅོག་མ་སྟེ། སྐ་ཅོག་གཉིས་ཀྱིས་སཾ་སྐྲྀ་ཏའི་སྐད་དང་ཞིབ་དུ་སྦྱར་ཏེ་སྐད་བཅད་ཀྱིས་གཏན་ལ་ཕབ་ནས་ཞུ་ཆེན་མཛད་པའི་འགྱུར་དེ་ཡིན་པར་བཞེད་ཅིང་། དུས་ཕྱིས་རྔོག་ལོ་ཙཱ་བས་བསམ་ཡས་ཀྱི་སྐ་ཅོག་གིས་སྤྱན་དྲངས་པའི་རྒྱ་དཔེ་ལ་བརྟེན་ནས་འགྱུར་བཅོས་བྱས། ཡ་བཏགས་ཚན་གཅིག་རྒྱ་དཔེ་ལ་ཡོད་ཀྱང་བོད་ཀྱི་མི་འགྱུར་བས་དོན་འདྲ་གསུངས་ནས་ཡ་བཏགས་སོགས་མེད་པར་བྱས་ཤིང་། ཞུས་དག་ཆེ་ལོང་ཙམ་མཛད་ཀྱང་བོགས་ཐོན་པ་མེད་གསུངས་པས་པཎ་ཆེན་གྱི་དགོངས་ཚུལ་དང་ཅུང་ཟད་མི་མཐུན།
འོན་ཀྱང་པཎ་ཆེན་གྱིས་འབུམ་རྒྱས་པ་འཐུས་སྒོ་ཚང་ཤོས་དེ་རྔོག་འགྱུར་ཡིན་པར་བཞེད་པ་ལས། དེ་ཡི་གོང་དུ་བླ་འབུམ་ཆེན་མོ་མ་བྱུང་བར་འདོད་པ་ནི་མ་ཡིན་ཏེ། ཤེར་ཕྱིན་འབུམ་ལ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་རེག་ཟེག་སྔོན་དམར་སོགས་འབུམ་ཚར་དྲུག་ཙམ་ཡོད་པར་གྲགས་ཤིང་། དེ་ལས་མཆེད་པའི་ཁྲི་སྡེ་སྲོང་བཙན་གྱི་དུས་སུ་བཞེངས་པའི་བླ་འབུམ་ཆེན་མོ། ཞེས་གསུངས་པ་འདི་ཡིས་བླ་འབུམ་ཆེན་མོ་ནི་ཁྲི་སྡེ་སྲོང་བཙན་གྱི་སྐུ་དུས་ནས་བྱུང་ཟིན་པར་བཞེད་འདུག་སྙམ། རེད་དེ། བླ་འབུམ་མོ་དེ་ནི་སྐག་ཅོག་གི་འགྱུར་དུ་འདོད་མིན་ནི་ཆ་མ་འཚལ་ཏེ། བུ་སྟོན་ཆོས་འབྱུང་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་བམ་པོ་སུམ་བརྒྱ་སྟེ་ཉང་ཁམས་པ་གོ་ཆ། བཻ་རོ་ཙ་ན། ལྕེ་ཁྱི་འབྲུག། ཞང་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར་བྱང་དྲུག་ཡོད་པར་གྲགས་སོ། །ཞེས་གསུངས་པས་ལོ་ཙཱ་བའི་ཐད་ནས་བཞེད་ཚུལ་མི་འདྲ་བ་འགའ་ཞིག་ཡོད་པར་གསལ་ལ། པཎ་ཆེན་གྱིས། ལོ་ཙཱ་ཆེན་པོ་ཉིད་ཀྱི་ཕྱག་བྲིས་མཛད་དེ་བཞུགས་སྣོད་ལས་འབུམ་ཤ་སྒྲོ་ཅན་དུ་གྲགས་པ་ད་ལྟའང་མཆིམས་ཕུ་ན་བཞུགས། གཞན་ཡང་འགྱུར་མི་འདྲ་བ་འགའ་ཞིག་བྱུང་བར་གྲགས་ཤིང་ཉི་ཁྲི་དང་བརྒྱད་སྟོང་པ་སོགས་ཀྱང་བསྒྱུར། ཞེས་གསུངས་པ་ལས་ཞིབ་པར་སྨོས་མེད་སྟབས་བླ་འབུམ་ཆེན་མོའི་ལོ་ཙཱ་བ་གང་དུ་འདོད་པ་དཔྱད་གཞིར་ལུས་ཡོད།
བསམ་འགྲུབ་ཀྱིས། ན་བཟའ་ལས་མཚན་ཐོགས་པ་ཤ་སྒྲོ་ཅན་དུ་གྲགས་སོ་ཞེས་བླ་འབུམ་སྐ་ཅོག་མའི་མཚན་དུ་ཤ་སྒྲོ་ཅན་འདི་གསར་དུ་བྱུང་བ་འདྲ་ཞིག་དང་། ན་བཟའ་ལས་ཤ་སྒྲོ་ཅན་དུ་ཐོགས་ཚུལ་གསུངས་པ་འདི་ཉིད་དཔྱད་དགོས་པར་སེམས་ཏེ།
དུང་དཀར་ཚིག་མཛོད་ལས། དུས་རབས་བརྒྱད་པའི་དཀྱིལ་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་དབང་བཟུང་སྐབས་རྒྱལ་པོས་རྒྱུན་དུ་བལྟ་ཀློག་བྱེད་རྒྱུའི་དཔེ་ཆའི་གྲས་འབུམ་རྒྱས་འབྲིང་བསྡུས་གསུམ་དང་གལ་ཆེའི་སྨན་གཞུང་འགའ་ཞིག་ཤ་བའི་པགས་པ་ལས་བཟོས་པའི་སྒམ་གྱི་ནང་དུ་འཇོག་པའི་དབང་གིས་མིང་ལ་ཡང་རྒྱལ་པོའི་བླ་ཡིག་ཤ་སྒྲོ་ཅན་ཞེས་འབོད་པའི་གནས་ཚུལ་སྐོར་བཀའ་འགྱུར་དཀར་ཆག་མང་པོའི་ནང་འཁོད་ཡོད། ཅེས་བཤད་པ་འདི་ནི་དེ་ཡི་ལྡོག་ཟླར་ལངས་བསྡད་ཡོད།
པཎ་ཆེན་གྱི་རང་ལུགས་ལྟར་ན་འབུམ་རྒྱས་པ་ནི། བཀའ་འགྱུར་དཀར་ཆག་ལས། ཡུམ་རྒྱས་པ་འབུམ་ནི་སྔོན་གྱི་གོང་དུ་སྨོས་ཟིན་པ་ལྟར་འགྱུར་རྙིང་གཞིར་བཞག་ནས་ཕྱིས་རྔོག་ལོ་ཆེན་པོས་བལ་པོ་ཕམ་ཐིང་གི་གཙུག་ལག་ཁང་གི་འབུམ་ལ་གཏུགས་ནས། ཤེས་རབ་སྒྲོན་མ། སྣང་བ་གསལ་བ། ཟླ་བའི་སྒྲོན་སྟེ་ཏིང་ངེ་འཛིན་གསུམ་གྱི་མིང་གསར་དུ་བཅུག་པ་སོགས་དག་པར་མཛད་པ་ནས། ཏིང་ངེ་འཛིན་བརྒྱ་ཉེར་གཅིག སྒོ་གསུམ་རྣམ་གྲངས་བཅུ་གཅིག ཞུས་ལན་བརྒྱ་དང་ཉི་ཤུ། འགྲེས་རིང་བརྒྱ་ལྔ་བཅུ། ཕྱོགས་སྐོར་བདུན་ཅུ་རྩ་བཞི། མཚོན་བྱེད་ཀྱི་ཆོས་བདུན་ཅུ། འགྲེས་རྩ་བདུན་བརྒྱ་དང་བཅུ་གཅིག འགྲེས་ཐུང་བསྣན་པའི་འགྲེས་རྩ་ཁྲི་དང་བཞི་བརྒྱ་ཉེར་དགུ་ཞེས་དཔྱོད་ལྡན་རྣམས་ལ་ཡོངས་སུ་གྲགས་པ། ཤླཽ་ཀ་སྟོང་ཕྲག་བརྒྱ་སྟེ་འབུམ་ཕྲག་གཅིག་ཡོད་པས་མཚན་ཡང་དེ་ལྟར་སྨོས་པ་སྟེ། ཀླུ་སྒྲུབ་ཀྱིས་ཀླུའི་གནས་ནས་སྤྱན་དྲངས་པའི་ཚེ་བྱམས་ཞུས། ཆོས་འཕགས། རྟག་ངུ་། ཡོངས་གཏད་དེ་ལེའུ་བཞི་ཀླུས་མ་བསྐུར་བས་མ་ཚང་བ། ཕྱིས་ཉི་ཁྲི་དང་བརྒྱད་སྟོང་ནས་ཁ་བསྐང་བའི་ལུགས་ཀྱང་ཡོད་དེ། འདིར་ཁ་མ་བསྐངས་པའི་ལུགས་ཀྱིས་བམ་པོ་སུམ་བརྒྱ་དང་གཅིག་ལེའུ་དོན་གཉིས་སུ་ཡོད་པ། ཞེས་རྔོག་འགྱུར་ཏེ་ད་ལྟ་སྡེ་དགེའི་བཀའ་འགྱུར་ནང་དུ་བཞུགས་པའི་འབུམ་དུམ་པ་བཅུ་གཉིས་ཅན་འདིའི་པར་གཞིའི་མ་ཕྱི་དེ་བླ་འབུམ་རྒྱས་པ་མཐུས་སྒོ་ཚང་ཤོས་ཡིན་པར་བཞེད། དེ་ལྟར་གཙོ་བོ་འགྱུར་མི་འདྲ་བ་བཞི་ཡི་ཐོག་ནས་རེ་ཟིག་སྔོན་དམར་འབུམ་བསྡུས་པ་དང་བཻ་རོའི་འགྱུར་ཤ་སྒྲོ་ཅན་འབྲིང་པོ་རྔོག་འགྱུར་རྒྱས་པ་ཡིན་པའི་རྒྱུ་མཚན་དང་བཅས་པ་འཁོད་ཡོད།
རོང་སྟོན་གྱིས་འགྱུར་མི་འདྲ་བ་ལྔ་ཡོད་པར་བཞེད་ཅིང་དེ་དག་ཁྱད་པ་ཡང་། འདི་རྣམས་ཀྱི་ཁྱད་པར་གང་གིས་འབྱེད་པ་ནི། རྒྱ་གར་གྱི་སྐད་ལ་སྲི་ཀ་མེད་པ་ནི་ར་གཟིགས་དམར་པོ་སྟེ་ཐུགས་འགྱུར་རོ། སྲི་ཀ་ཡོད་པ་ནི་ར་གཟིགས་སྔོན་པོའོ། །ལེའུ་ཐམས་ཅད་ཀྱི་དབུ་ལ། རྒྱ་གར་གྱི་སྐད་ལ་ཨཱརྱ་ཡོད་པ་དང་། བོད་ཀྱི་སྐད་ལ་འཕགས་པ་ཡོད་པ་ནི། བཻ་རོ་ཙ་ནའི་འགྱུར་རོ། །མཚན་གྱི་འོག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་འབྱུང་བ་ནི་སྐ་ཅོག་མའོ། །མ་ལ་ཡ་བཏགས་དང་ད་དྲག་མེད་པ་ནི་རྔོག་འགྱུར་རོ། །ཞེས་མཛུབ་མོ་རིན་སྟོན་གྱི་དཔེ་དང་མཚུངས་པའི་རགས་བཤད་སྟབས་བདེ་ཞིག་མཛད་ཡོད།
མཁན་པོ་བསམ་འགྲུབ་ཀྱིས། མ་ལ་ཡ་བཏགས་དང་ད་དྲག་མེད་པ་དེ་རྔོག་འགྱུར་དུ་གསུངས་ཤིང་ད་ལྟའི་སྡེ་དཔར་དུ་མ་ལ་ཡ་བཏགས་སྦྱར་ཡོད་པ་དང་། ད་དྲག་མང་པོ་ཡོད་པ་དག་ལས་རྩ་བའི་པར་གཞི་དངོས་དེ་གང་ཡིན་ད་དུང་དཔྱད་དགོས་པ་ལྟ་བུར་འདུག་ཀྱང་། དཔྱད་གཞི་མ་དཔེ་རྙིང་པ་རྣམས་མ་རྙེད་པས་རེ་ཞིག་བྱ་ཐབས་བྲལ། ཞེས་གསུངས་པ་ནི་རྔོག་ལོས་ཡི་གེ་ཟོར་ཡང་བའི་ཆེད་དུ་མ་མྱ་ད་དྲག་དོར་བའི་རྒྱུན་མཚན་ལ་གཞི་བཅོལ་ཏེ་པར་གཞི་ལ་དོགས་སློང་བྱས་པ་ཙམ་ལས་རྒྱུ་མཚན་གཞན་པ་ཆེན་པོ་བཤད་དུ་མེད།
པཎ་ཆེན་གྱིས་རྔོག་འགྱུར་གྱི་ཁྱད་ཆོས་བྱུང་བ་དང་ཁ་སྐོང་གཞུང་ཚད་སོགས་ཞིབ་འཇུག་གི་ལམ་ནས་བཤད་པའི་དོན་ཚན་ཚང་མ་ད་ལྟའི་སྡེ་པར་རང་དུ་ཇི་བཞིན་གནས་སྟབས། དེ་ག་རང་གིས་རྔོག་འགྱུར་སྡེ་པར་གྱི་མ་ཕྱིའི་པར་གཞི་རང་དུ་འཇོག་ཆོག་པ་ལས། རྔོག་ལོ་ཙཱ་བ་རང་གི་འགྱུར་གཙོ་བོར་གྱུར་པའི་འགྱུར་བཅོས་རྣམས་སུ་ཡི་གེ་ཟོར་ཡང་བའི་ཆེད་དུ་མ་མྱ་ད་དྲག་དོར་བར་བཞེད་པ་ཙམ་གྱིས་རྔོག་ལོའི་ཕྱག་འོག་ཏུ་ཆུད་ཚད་ཚང་མ་དེ་བཞིན་མ་མྱ་ད་དྲག་ཚང་མ་མེད་དགོས་པར་འདོད་པ་ནི་བློ་གྲོས་རྩིང་པོས་བགམ་ཚུལ་ཙམ་སྟེ།
དཔེར་ན་པཎ་ཆེན་གྱི་བཀའ་འགྱུར་དཀར་ཆག་ལས། ནང་གསེས་སུ་སྡེབ་སྦྱོར་ཅུང་མི་འདྲ་བ་ཕྱོགས་གང་བྱས་ཀྱང་སྐྱོན་དུ་མི་འགྱུར་སྙམ་པ་རྣམས་འདྲ་མིན་དེ་ཀ་སོར་བཞག་ལས། གཅིག་འགྲོས་ཁོ་ན་མ་བྱས་ཤིང་། མ་མྱ་དང་ས་སྩོགས་དང་རལ་གྲི་ལ་རལ་གྱི་སོགས། ཡུལ་སྐད་ལ་ཤོར་བར་གྲགས་པ་རྣམས་མཁས་པ་དག་གིས་ཀྱང་མི་བཞེད་པས་དོར། ད་དྲག་ནི་སུམ་རྟགས་ཀྱི་དགོངས་པར་འབྱོར་མོད་ཕྱིས་བློ་ལྡན་ཤེས་རབ་སོགས་ཀྱིས་ཡི་གེ་ཟོར་ཡང་བའི་ཆེད་དུ་བསྡུས་པ་བཞིན་དུ་བྱས་ཏེ། དབུའི་རྒྱ་སྐད་རྣམས་ལེགས་སྦྱར་ཁོ་ན་ལྟར་བཅོས་པ་དང་། གཞི་ཟུར་ཆག་ཅན་འགའ་ཞིག་རང་མལ་དུ་བཞག། ཅེས་གསུངས་པ་འདི་ཉིད་དཔྱད་གཞིར་བཟུང་སྟེ། ད་ལྟ་ང་ཚོའི་འདྲེན་བྱེད་ཀྱི་ལམ་དུ་བཞུགས་པའི་སྡེ་པར་འདི་ཉིད། སི་ཏུ་པཎ་ཆེན་གྱི་སྐུ་དུས་སུ་ལེགས་གྲུབ་བྱུང་བའི་པར་ཤིང་དེ་ཡིན་མིན་དཔྱད་དགོས་ཏེ། “ད་ལྟའི་སྡེ་དཔར་དུ་མ་ལ་ཡ་བཏགས་སྦྱར་ཡོད་པ་དང་། ད་དྲག་མང་པོ་ཡོད་པ་དག་ལས་རྩ་བའི་པར་གཞི་དངོས་དེ་གང་ཡིན་ད་དུང་དཔྱད་དགོས”ཞེས་མཁན་པོའི་གསུང་འདི་གཏན་ཚིགས་ལ་སྦྱར་བ་ཡིན་ན། དོགས་སློང་དོན་དུ་འབྱོར་མིན་གསལ་པོར་མཁྱེན་ཡོང་བ་ཡིན།
མདོར་ན་ཡི་གེ་ཟོར་ཡང་བའི་ཆེད་དུ་མ་མྱ་ད་དྲག་འདོར་བའི་ལུགས་སྲོལ་འདི་ནི། སྔར་བསྒྱུར་བ་ཐམས་ཅད་དག་པར་བྱས་ཤིང་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་གནའི་བརྡ་གོ་དཀའ་བ་རྣམས་དོར་ནས་ཡུལ་དུས་དང་མཐུན་པའི་གོ་སླ་ཞིང་འདོན་བདེ་བར་བྱས། ཡི་གེ་ཟོར་ཡང་བའི་ཆེད་དུ་མ་མྱ་དང་ད་དྲག་འ་མཐའ་སོགས་དོར་ཏེ། གཞུང་ཚད་རྣམས་ཀྱང་བམ་པོར་གྲངས་ངེས་པར་དཀར་ཆག་ཏུ་བསྣན་པ་སོགས་སྐད་གསར་བཅད་གཉིས་པའི་སྐབས་སུ་མཛད་རྗེས་ཅན་གྱི་ལོ་པཎ་ཏེ། བོད་ཀྱི་ཡིག་སྒྱུར་གྱི་རིགས་པའི་གཞུང་ལུགས་ཐོག་མ་དང་། སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་ཐོག་མ། བརྡ་ཆད་ཀྱི་ཚིག་མཛོད་ཐོག་མར་གྲགས་པའི་སྒྲ་སྦྱོར་བམ་གཉིས་རྩོམ་སྒྲིག་གནང་བའི་དྲིན་ཅན་གྱི་ལོ་པཎ་གསུམ་ཞེས་གྲགས་པའི་བསྟན་པ་སྔ་དར་གྱི་པཎྜི་ཏ། ཛི་ན་མི་ཏྲ་རྒྱལ་བའི་བཤེས་གཉེན། དཱ་ན་ཤཱི་ལ་སྦྱིན་པའི་ངང་ཚུལ་གྱི་དུས་བྱུང་བ་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ལས་བཞེད་ཅིང་། རྔོག་ལོ་དང་པཎ་ཆེན་གཉིས་ཀྱིས་ཀྱང་དགོངས་གཞི་རྒྱ་ཆེན་པོ་གནང་ནས་ཕྱག་ལེན་དུ་བཏབ་ཡོད་པ་གསལ་ཡང་། ཚང་མ་ནོར་བ་རྐྱང་དུ་བཞེད་དེ་ཕྱག་འོག་ཏུ་ཆུད་པར་གྲགས་པ་ཀུན་ལ་དེ་བཞིན་གནང་ཡོད་པའི་བདེན་དཔང་ནི་ཅི་ཡང་མེད་ཅིང་། མེད་པའི་བདེན་དཔང་དང་བཅས་པ་གསལ་པོར་མཐོང་བཏུབ་པ་འདི་དག་ལགས་ཤིང་།
གོང་དུ་པཎ་ཆེན་གྱི་བཞེད་པ་ནང་བཞིན། ད་དྲག་ནི་སུམ་རྟགས་ཀྱི་དགོངས་པ་དང་འབྱོར་ཞིང་། མ་མྱ་ནི་གནའ་ཡིག་གི་འགྲོས་ཤིག་ཡིན་ཡང་། ཡི་གེ་ཟོར་ཡང་བའི་ཆེད་དུ་དོར་ཞེས་བཤད་པ་ལས། དེ་ལ་ནོར་བཅོས་ཀྱི་ཐ་སྙད་མ་སྦྱར་བ་རང་གིས་ཀྱང་གསལ་བཤད་མང་པོ་ཞིག་མཛད་བཞག་ཡོད་པ་མཁྱེན་པར་གནང་དགོས།
རབ་གནས་ཆུ་སྟག་ལོའི་ལོ་གསར་ལེགས་སྐྱེས་སུ་གནམ་གསས་དར་རྒྱལ་གྱིས་ཕུལ།
༡༧/༣༦/༡-༡
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1730
དཔྱད་མཆན་སྤེལ།