གླེང་གཞི།
སྤྱིར་མི་ལ་རས་པ་ནི་བོད་གངས་ཅན་ལ་རྩོད་མེད་ཡོངས་གྲགས་ཀྱི་གྲུབ་པའི་སྐྱེས་ཆེན་ཞིག་ཡིན་ཕྱིར་ཁོང་གི་སྐུ་ཚེའི་རྣམ་ཐར་ཡང་འདྲ་མིན་བརྒྱ་ཕྲག་ཟིན་ལ་ཉེ་བ་ཡོད། འོན་ཀྱང་རྣམ་ཐར་དེ་དག་ཏུ་ཁོང་གི་སྐུ་ཚེར་སྒྲུབ་པ་ཉམས་ལེན་གཙོར་བརྗོད་པ་ལས་ཐོག་མར་བླ་མ་གང་ལ་བརྟེན་ཡོད་པ། དེ་དག་ལས་ཐོས་བསམ་གྱི་མཐའ་རྒྱ་ཇི་ལྟར་བསྐྱེད་ཡོད་ཚུལ་ཞར་ཞོར་ཙམ་ལས་རྩལ་དུ་བཏོན་ནས་བཤད་ཡོད་པ་ཕལ་ཆེར་དཀོན་པོ་ཞིག་ཡིན། དེ་བས་ཕྲན་རང་ཉིད་ཀྱིས་དུས་ཚོད་ཡུན་ཐུང་ཞིག་ལ་རྗེ་མི་ལའི་རྣམ་ཐར་འདྲ་མིན་ཁ་ཤས་ལ་དཔེ་ཀློག་བྱས་ཤིང་། རྣམ་ཐར་དེ་དག་ལས་སྐབས་བབ་ཀྱི་ལུང་ཚིག་དག་ཅུང་རྒྱས་པར་བཀོད་དེ་རྗེ་མི་ལིའི་ཐོས་བསམ་དང་འབྲེལ་བའི་ཟུར་ཁ་ཤས་ཞིག་གླེང་ན་འདོད་སོང་།
མི་ལ་རས་པ།
   དེ་ཡང་མི་ལ་རས་པ་ནི་གདུང་རིགས་ཁྱུང་པོ་བྱེ་བྲག་ཏུ་མི་ལ་ཡིན་ལ། ཡོངས་གྲགས་སུ་ལྕགས་འབྲུག་ལོ་སྟེ་ཕྱི་ལོ་(༡༠༤༠)ལོར་ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་ཡུམ་མྱང་ཚ་སྐར་རྒྱན་གཉིས་ཀྱི་སྲས་སུ་མང་ཡུལ་སྐྱ་ང་རྩ་རུ་སྐུ་འཁྲུངས། མཛོད་ནག་མ་ལས། ཕ་ན་རེ། ངའི་བུ་རྒྱུད་ཐམས་ཅད་མགོ་ཡག་པས་འདི་ལ་མགོ་ཡག་མིང་ཐོགས་ཟེར། མ་ན་རེ། ངའི་བུ་འདི་ཆོས་བྱེད་ཅིག་འོང་བས་ཆོས་བརྒྱུད་ཀྱི་མགོ་ཡག་པ་ཡིན་པས་འདི་ལ་མགོ་ཡག་ཟེར། ཞེས་གསུངས་པ་ལྟར་མཚན་ལ་མི་ལ་མགོ་ཡག་ཅེས་གསོལ། ཁོང་ཆུང་དུས་ནས་ཡབ་གཤེགས། ཡབ་ཀྱིས་ཁ་ཆེམས་འཇོག་ལུགས་ནོར་ཏེ་ནོར་རྫས་ཀུན་ཨ་ཁུ་དང་ཨ་ནེས་ཕྲོགས་ཤིང་། མས་ཞལ་བཀོད་ལྟར་ཡུལ་ལ་མཐུ་སེར་བཏང་། སླད་ནས་སྡིག་པར་འགྱོད་དེ་མར་པ་ལོ་ཙཱས་གཙོས་པའི་བླ་མ་མང་དུ་བརྟེན་ཏེ་ཐོས་བསམ་གྱི་མཐའ་རྒྱ་བསྐྱེད་པ་མ་ཟད། མདོ་རྒྱུད་ཀྱི་བསྟན་དོན་དགོངས་པའི་ཀློང་དུ་འཁྱིལ་ཞིང་། ཚེ་ཕྱེད་གཡའ་ཁྲོད་དང་གངས་ཁྲོད་འགྲིམས་ཤིང་གྲུབ་པའི་རྒྱལ་སར་བསྙེགས།  མཐར་སྣོད་ལྡན་གྱི་སློབ་བུ་མང་དུ་བསྐྱངས་ཏེ་མེ་ཡོས་ལོ་སྟེ་ཕྱི་ལོ་(༡༡༠༢)ལོར་སྐུ་གཤེགས་པ་ཞིག་ཡིན།
གླེང་བྱ་དངོས།
    ཞི་བྱེད་རི་ཁྲོད་པས་མཛད་པའི་རྣམ་ཐར་ཉི་ཟླའི་འོད་སྣང་ལས། “རྗེ་བཙུན་ལོ་བདུན་ལོན་པ་དང་། དགེ་བཤེས་༼ཙ་པའི་༽དྲུང་དུ་བཞག་ནས། རྗེ་བཙུན་ནི་དེ་དུས་ན་ཡང་ཐུགས་རུས་ཆེ་བས་ཀློག་བཟང་པོ་ཤེས་ཡོད་པར་འདུག་”ཅེས་གསུངས་པ་ལྟར། རྗེ་མི་ལ་དགུང་ལོ་བདུན་ཐོག་ཏུ་ཞང་པོ་ཞིག་གི་སར་བསྐྱལ་ཏེ་ཐོག་མར་ཀློག་བསླབས་ཤིང་དེ་སྐབས་ནས་རྗེ་མི་ལ་སློབ་སྦྱོང་ལ་ཐུགས་རུས་ཆེ་ཞིང་སྤྲོ་བ་ཆེན་པོ་ཡོད་སྟབས། སྦྱོར་ཀློག་ཚད་མེད་དུ་མཁྱེན་ཡོད་འདུག་ལ། ལྷོ་རོང་ཆོས་འབྱུང་ལས། “དགའ་མི་དང་། གྱིམ་སྟོན་ཞེས་པ་གཉིས་ལ། ལས་དང་པོ་པ་ཆོས་ལ་འཇུག་པའི་སྒོ ། ཡི་གེ་ཀློག་པ་དང་། སྐྱབས་འགྲོ་ཞལ་འདོན་གྱི་རིམ་པ་ལ་བྱིས་པའི་རྒུད་པ་མཐའ་དག་གིས་དབྱེ་བས་དཀའ་ཚེགས་མེད་པར་མཛད།”ཅེས་གསུངས་པ་འདི་ཡང་མི་ལ་དགུང་ལོ་བཅོ་ལྔའི་སྔོན་དུ་གསུངས་ཡོད་པས། ཁོང་དགུང་ལོ་བདུན་ནས་འབྲི་ཀློག་སྦྱངས་པ་མ་ཟད་སློབ་དཔོན་འགའ་ལ་བརྟེན་ཏེ། ཐོག་མར་དམ་པའི་ཆོས་ལ་འཇུག་པའི་སྒོ་སྔོན་འགྲོའི་ཁྲིད་རིམ་དང་། སྐྱབས་འགྲོ་སོགས་ཞལ་འདོན་གྱི་རིམ་པ་ཁ་ཚང་དཀའ་ཚེགས་མེད་པར་མཁྱེན་ཡོད་འདུག
   ཀརྨ་རང་བྱུང་རྡོ་རྗེའི་མཛོད་ནག་མ་ལས། “དེ་ནས་ཡུམ་གྱིས་རྩི་ཐོད་གད་པ་ཅན་དུ་མི་ལ་སློབ་གཉེར་ལ་བཏང་བས”ཞེས་དང་།  ལྷོ་རོང་ཆོས་འབྱུང་ལས།“དེ་ནས་རྩི་ཐོད་གད་པ་ཅན་དུ་སློབ་གཉེར་མཛད། ལེགས་སེའི་ཕ་མས་ན་བཟའ་དང་གསོལ་རྒྱགས་བསྐུར་”ཞེས་གསུངས་པ་ལྟར་རྗེ་མི་ལ་དགུང་ལོ་བཅོ་ལྔ་སོན་སྐབས་ཡབ་ཀྱི་ཞལ་ཆེམས་ལྟར་གཉེན་ཉེས་ནོར་རྫས་སླར་ཡང་སྤྲད་པའི་རེ་ཐག་ཆད་དེ་ལེགས་སེ་༼ཞེས་གསུངས་ཡོད་ཀྱང་མཛེས་སེ་མིན་ནམ་སྙམ།༽ཕ་མས་རྒྱགས་དང་ན་བཟའ་སོགས་བསྐུར་ཏེ་རྩི་ཐོད་གད་པ་ཅན་དུ་སློབ་གཉེར་མཛད་ཅིང་། སྐབས་ཀྱི་སློབ་དཔོན་གྱི་མཚན་ལ་གསལ་ཁ་དེ་ཙམ་མེད་ཀྱང་། ཀུན་མཁྱེན་པད་དཀར་ཀྱི་ཆོས་འབྱུང་ལས། “ལོ་ཙཱ་བ་གླན་ཆུང་ལ། སྐྲ་བཅད་། ཁོང་ལ་འབྲི་ཀློག་དང་ཕྱག་ན་རྡོ་རྗེ་ལས་ཀྱི་རྡོ་རྗེ་ལུགས་ཞིབ་མོ་ཕག་མོ་སོགས་གསན་”ཞེས་ཕྱག་ན་རྡོ་རྗེའི་གཏུམ་མོའི་ལོ་རྒྱུས་ཀྱི་ཤེས་བྱེད་དུ་དྲངས་ཡོད་པར་གཞིགས་ན།  ལོ་ཙཱ་བ་གླན་ཆུང་མདུན་དུ་སློབ་གཉེར་མཛད་ཡོད་དམ་སྙམ་སྟེ། སྐབས་དེ་ཤེད་ནས་མི་ལ་འབྲི་ཀློག་སོགས་ལ་བྱང་ཆུབ་སྟེ། རྩོམ་རིག་གི་སྡེབ་སྦྱོར་སོགས་ལ་ཧ་ཅང་མཁས་པར་གྱུར་པ་ཁོང་གི་ལོ་རྒྱུས་ཡིག་ཚང་ཁག་ཏུ་གསལ་བས། ཐ་སྙད་རིག་གནས་ལ་མཁས་པའི་སློབ་དཔོན་ཞིག་བརྟེན་ཡོད་པ་རྗེས་དཔག་བྱས་ན་ཧ་ལམ་ཤེས་ནུས་ཤིང་། གླན་ཆུང་ལས་གཞན་མཁས་པ་ཞིག་བརྟེན་པའི་ལོ་རྒྱུས་ད་དུང་མ་གསལ་པས་སོ། །
    གཞན་ཡང་གཏུམ་མོའི་ལོ་རྒྱུས་ནང་དུ་འདི་འདྲ་ཞིག་གསུངས་ཡོད་དེ། “དེ་དུས་ན་མི་ལ་རས་པ་གཞོན་གསར་ཞིག་གིས། རིག་གཏད་ཞུས་ནས་ཕྱག་ན་རྡོ་རྗེ་བསླབས།  ཕྱིས་ཕག་མོ་ཡང་བསླབས། དེར་སློབ་མ་བག་ཙམ་བྱུང་ངོ་། །དེ་ནས་གསེར་བག་ཙམ་ཁྱེར་ནས་བལ་ཡུལ་དུ་ཕྱིན། བླ་མ་བལ་པོ་ཕམ་མཐིང་པ་ལ་ཆོས་བག་ཙམ་མཉན། ཕར་ཕྱིན་ནས་བླ་མ་ཝ་ལ་ཙཎྜ་ལ་ཕྱག་ན་རྡོ་རྗེ་གཏུམ་པོ་དང་། བདུད་རྩི་འོད་ཀྱི་སྒྲུབ་ཐབས། ལུས་སྦྱོང་ཉི་ཤུ་རྩ་ལྔ་དང་། དུས་འཁོར་གྱི་རྩིས་བག་ཙམ་བསླབས། ཏི་ཕུ་པ་ལ་བདེ་མཆོག་གི་གདམས་ངག་དང་། རྫོགས་རིམ་དུམ་བུ་ཁྲིད་བསླབས། ལྷོ་ཕྱོགས་རྣལ་འབྱོར་མ་མི་ཕམ་ཞབས་བྱ་བ་ལ་རྟ་མགྲིན་གྱི་སྒྲུབ་ཐབས་དང་ནག་པོ་ཆེན་པོའི་མཁའ་སྤྱོད་ཀྱི་སྒྲུབ་ཐབས་ཞུས་ཏེ། ཚུར་བྱོན་ནས་མི་ལ་ལ་བཤད།”ཅེས་གླན་ཆུང་གིས་རྗེ་མི་ལ་ལ་དང་པོ་ཕྱག་ན་རྡོ་རྗེ་དང་ཕག་མོ་སོགས་གསན་ཏེ། དེ་ནས་བ་ཡུལ་ལ་ཕེབས་ཏེ་བལ་པོ་ཕམ་མཐིང་པ་དང་ཝ་ལ་ཙཎྜ་གཉིས་ལ་གཏུགས་ཤིང་། རྒྱ་གར་དུ་ཕེབས་ཏེ་ཏི་ཕུ་པ་སོགས་ལ་ཆོས་འདི་དག་ཞུས་ཤིང་ཚུར་བོད་ལ་ཕེབས་ནས་མི་ལ་ལ་གནང་ཡོད་པ་གསུང་བ་ལ་གཞིགས་ན། མི་ལས་མཐུ་སེར་བསླབས་ཟིན་ནས་ལོ་ཙཱ་བ་གླན་ཆུང་མདུན་ནས་ཆོས་ཞུས་པའི་ལོ་རྒྱུས་དེ་སྔོན་མི་གསལ་བས། མཐུ་སེར་མ་བསླབས་གོང་དུ་ཆོས་བཀའ་འདི་དག་སློབ་སྦྱོང་ཡུན་རིང་ཞིག་ལ་བཟོས་ཡོད་པ་ཧ་ལམ་བྱས་ན་ཤེས་འཐུབ་པར་སེམས་སོ།།
    རྩི་ཐོག་གད་པ་ཅན་དུ་སློབ་གཉེར་མཛད་པ་ནི་རྣམ་ཐར་ཁ་ཤས་སུ་ཀློག་བསླབས་ཞེས་གསུངས་ཡོད་ཀྱང་འབྲི་ཀློག་ཙམ་མ་ཡིན་པར་བརྡ་སྤྲོད་དང་སྙན་ངག་སོགས་ཐ་སྙད་རིག་གནས་ཀྱི་སྐོར་དང་། གཞན་ཕྱག་རྡོར་དང་ཕག་མོ་སོགས་ནང་ཆོས་ཀྱི་སྐོར་ལ་སློབ་གཉེར་མཛད་ཡོད་པ་གོང་གི་ལུང་དང་ཁོང་གི་བརྩམས་ཆོས་དག་ལས་གསལ་ལོ། །
   དམིགས་བསལ་དུ་ཁོང་ཆུང་ནས་གླུ་དང་སྡེབ་སྦྱོར་སོགས་ལ་ཐུགས་ཞེན་ཧ་ཅང་ཆེ་སྟབས། སྐབས་དེར་ཁོང་གིས་གནའ་བོའི་བོད་རང་གི་སྲོལ་རྒྱུན་སྙན་ངག་སྟེ། མགུར་གླུ་དང་སྒྲུང་གཏམ་རྒྱུད་སོགས་ལ་སློབ་སྦྱོང་དཔྱིས་ཕྱིན་པ་མཛད་ཡོད་དེ། མཛོད་ནག་མ་ལས། “དེའི་དུས་སུ། ང་ཡི་ལག་ཏུ་ཐོགས་པའི་འུར་རྡོ་འདི། །སྒོམ་ཐག་ཁྲ་མོ་ཞིག་ཡིན་ན་དགའ་བ་ལ། །ཡང་དག་འགྱུར་མེད་གཅིག་ཡིན་ན་སྐྱིད་པ་ལ། །ང་ཡི་རྒྱབ་ཏུ་གྱོན་པའི་གོ་ཅོག་འདི། །རས་གོས་རྐྱང་པ་གཅིག་ཡིན་ན་སྐྱིད་པ་ལ། །ཡང་དག་འགྱུར་མེད་གཅིག་ཡིན་ན་སྐྱིད་པ་ལ། །ཞེས་པ་ལ་སོགས་པའི་སྒྲུབ་པ་ལ་ཡིད་སྨོན་པའི་གླུ་མཆིད་དཔག་ཏུ་མེད་པ་ལེན་ཅིང་། གླུའི་སྡེབ་སྦྱོར་དང་གཏམ་རྒྱུད་སོགས་ཤིན་ཏུ་ནས་མཁས་ལ། སྒྲུང་མང་པོ་ཤེས་པ་ཡང་ཉང་བྲང་དང་འཕང་ར་ཐམས་ཅད་དུ་བྱེད་པས་ཀུན་དགའ་ནས། མི་ལ་ཐོས་པ་དགར་མིང་དུ་བཏགས།”ཞེས་དང་།  མི་ལས་ཐོག་མར་མར་པ་ལོ་ཙཱ་བ་མཇལ་སྐབས། ལྟོ་གོས་ཆོས་གསུམ་ཞུས་ཀྱང་མ་གནང་བར་རྒྱགས་འཚོལ་དུ་གཏོང་དུས། “ལྷོ་བྲག་ཕུ་མདའ་ནས་གླུ་བླངས་ཤིང་བསོད་སྙོམས་མཛད། ཉིན་ཞིག་བུད་མེད་གཅིག་ན་རེ། ཁྱོད་ཀྱི་གླུ་སྐད་དེ་འདྲ་ཅི་ཙམ་ཤེས་ཟེར་བ་ལ། ཅི་ཙམ་དགོས་པ་ཤེས། ང་མི་ལ་ཐོས་པ་དགའ་བྱ་བ་དེ་ཚེ་སྟོད་ལ་མི་ཚེ་གླུ་ལ་བསྐྱལ་བས་གླུ་ལ་མཁས་པ་སྙན་པ་དང་གྲེ་འགྱུར་བདེ་བ་ལ་ང་འདྲ་བ་མེད། ངའི་གླུ་སྐད་ཐོས་པས་ཕོ་མོ་རྒན་གཞོན་ཐམས་ཅད་ཡིད་དགའ་སིང་སིང་འོང་བས། ཐོས་པ་དགའ་ཟེར་བའི་རྒྱུ་མཚན་ཡང་དེ་ཡིན་བྱས་པས། འོ་ན་དེ་རིང་ཁྱོད་ཀྱིས་ཉིན་ཧྲིལ་གྱི་གླུ་ལོང་ཞིག། ངས་ང་རང་གི་ཞིང་སྐལ་སྟོན་ཐོག་སུམ་ཆ་སྟེར་ཟེར་བས། ཉིན་གཅིག་ལ་གླུ་བརྒྱ་བླངས་པས།”ཞེས་ཐ་ན་རྫི་བོར་འགྲོ་ཞོར་དུའང་སྒྲུབ་པ་ལ་ཡིད་སྨོན་པའི་གླུ་འདི་འདྲ་ལེན་བཞིན་ཡོད་ལ། ནམ་རྒྱུན་ཚིག་གི་སྡེབ་སྦྱོར་དང་དབྱངས་ཀྱི་འགྱུར་ཁུག་ཐུགས་ལ་བཏགས་ཏེ་གླུ་དཔག་ཏུ་མེད་པ་བླངས་ཤིང་། ཁོང་གཅིག་ནས་སྐད་ངག་སྙན་པ་དང་གཉིས་ནས་སྡེབ་སྦྱོར་ལ་མཁས་པ། གསུམ་ནས་འཚོ་བ་དངོས་དག་སྙན་ངག་གི་སྒྱུ་སྩལ་གྱི་ལམ་ནས་ལམ་སང་ཐོགས་མེད་དུ་སྟོན་ཐུབ་པ་སོགས་མདོར་ན་དེང་སང་གི་བཤད་སྟངས་ལྟར་ན། རྩོམ་རིག་གི་སྒྱུ་རྩལ་ལ་རང་དབང་ཐོབ་སྟེ་གླུ་དང་སྡེབ་སྦྱོར་གྱིས་སྐྱེ་བོ་ཀུན་ཡིད་འགུལ་ཐེབས་ཏེ་ཁོང་གི་མཚན་ལའང་མི་ལ་ཐོས་པ་དགའ་ཞེས་གསོལ་ཡོད་འདུག
   སྤྱིར་རྣམ་ཐར་ཕལ་མོ་ཆེར་མི་ལས་སློབ་དཔོན་ཞིག་ལ་གླུ་བསླབས་པའི་གསལ་ཁ་མེད་ཀྱང་། བཀའ་བརྒྱུད་བླ་མའི་གསང་རྣམ་ལས། “རྗེ་བཙུན་གྱིས་གླུ་མཁན་གཅིག་ལ་གླུ་བསླབས་ནས།”ཞེས་ཁོང་གིས་ཆེད་དུ་གླུ་མཁན་ཞིག་གི་དྲུང་དུ་གླུ་སློབ་སྦྱོང་ཡང་བཟོས་ཡོད་ཚུལ་གསུངས་ཡོད་ལ་དོན་ལའང་དེ་ལྟར་གནས་པར་སེམས་སོ། །  འོན་ཀྱང་ཡིད་ཕངས་པ་ཞིག་ལ་མི་ལས་སྐབས་འདི་དག་ཏུ་བླངས་པའི་མགུར་ཚིག་ཤློ་ཀ་རེ་གཉིས་ཙམ་ལས་མཇལ་རྒྱུ་མེད་པ་རེད། གལ་ཏེ་སྐབས་འདིར་བརྩམས་པའི་མགུར་རྩོམ་དག་ད་བར་ཡིག་ཐོག་ཏུ་ཡོད་ན་འཇིག་རྟེན་མི་ཆོས་ཀྱི་འཚོ་བ་དངོས་དང་འབྲེལ་བའི་གསོན་ཉམས་ལྡན་པའི་སྙན་དེབ་ཅིག་ཡིན་ངེས་ལ། མཐའ་ན་ཉིན་གཅིག་ལ་བླངས་པའི་གླུ་སྣ་བརྒྱ་དེ་ད་ལྟའི་ཡིག་ཐོག་ཏུ་ཡོད་ན་ཕུན་སུམ་ཚོགས་པའི་ཚབ་མཚོན་གྱི་སྙན་མགུར་ཞིག་ཡིན་པ་སྨོས་མ་དགོས་སོ།  །རྗེས་སུ་རྗེ་མི་ལ་མར་པ་ལོ་ཙཱའི་མདུན་ནས་ཕྱིར་ཕ་ཡུལ་དུ་ལོག་གྲབས་བྱས་པ་ནས་བཟུང་མགུར་ཕལ་མོ་ཆེ་ཡིག་ཐོག་ཏུ་འཁོད་ཡོད་པ་ནི། ད་སྐབས་༼མགུར་འབུམ་མཛོད་ནག་མ།༽ ༼རྗེ་མི་ལའི་རྣམ་མགུར།༽དག་ཡིན་ལ། འདི་དག་ནི་ཡོངས་གྲགས་སུ་བོད་ལ་སྙན་ངག་གི་གཞུང་ལུགས་མ་དར་སྔོན་ནས་ཡིག་ཐོག་གི་སྙན་དེབ་ཐོག་མ་དེ་ངོས་འཛིན་ཅིང་ཡོད་དོ། །
   འགའ་ཞིག་གིས་མི་ལའི་རྣམ་མགུར་ནི། གཙང་སྨྱོན་གྱིས་མཛད་པ་ཡིན་གྱི་མི་ལ་དེ་ཙམ་སྙན་མགུར་མཁས་པ་མེད་ཅེས་ལབ་པ་ནི། མི་ལའི་རྣམ་ཐར་ལ་ཆ་རྒྱུས་ཆུང་བ་ལས་གཙང་སྨྱོན་གྱིས་ཚིག་ཟུར་འགའ་སྐད་གསར་བཅད་ཀྱི་སྤྱི་འགྲོས་དང་མཐུན་པར་བཅོས་ཤིང་མགུར་རྩོམ་དག་ཕྱོགས་གཅིག་ཏུ་བསྒྲིགས་པ་ཙམ་ལས་དོན་གྱི་མི་ལའི་གསུང་དངོས་ཡིན་པར་གཙང་སྨྱོན་གྱི་རྣམ་མགུར་གོང་དུ་ཡོད་པ། རྗེ་མི་ལའི་དངོས་སློབ་ངམ་རྫོང་སྟོན་པས་གཙོས་པའི་རས་པ་བཅུ་ཡིས་བསྒྲིགས་པའི་རྣམ་ཐར་ཟབ་མོ་དང་མཛོད་ནག་མ་སོགས་ལ་བལྟས་ན་ཕལ་ཆེར་མགུར་ཚིག་དག་གཅིག་ཏུ་ཡོད་པས་ཤེས་ནུས་སོ། །
  དེ་ནས་མི་ལ་དགུང་ལོ་བཅོ་བརྒྱད་ཐོག་ཏུ་ཡུམ་གྱི་ཞལ་བཀོད་ལྟར་མཐུ་སེར་སློབ་ཏུ་དབུས་ཡར་ལུང་དུ་ཆས་ཏེ།   གཉག་གཡུང་སྟོན་ཁྲོ་རྒྱལ་གྱི་མདུན་དུ་ལོ་གཅིག་ལ་མཐུ་བསླབས། གཡུང་སྟོན་གྱིས་གཙང་ལྷ་རྗེ་བོན་པོ་གནུབས་ཆུང་གི་མདུན་དུ་བཏང་ནས་དྲག་སྔགས་གཟའ་གདུང་དམར་ནག་སོག་ཞུས་ཤིང་། སླར་ཡང་གཡུང་སྟོན་གྱི་མདུན་ནས་སེར་བ་ཞུས་ཏེ། མཐུ་སེར་ལ་འགྲན་ཟླ་མེད་པར་གྱུར་ནས་དགྲ་བོ་ཚར་བཅད། དེ་ནས་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་དེ་བླ་མ་མང་པོའི་མདུན་དུ་ཐེག་པ་ཐུན་མོང་དང་ཐུན་མིན་གྱི་ཆོས་ལ་ཐོས་བསམ་སྒོམ་པའི་ལས་ལ་ཞུགས་ཡོད་དེ། རྗེ་མི་ལའི་རྣམ་ཐར་ཟབ་མོ་ལས།
“ལྟེ་བ་གོང་ཐང་སྨད་ནས་བཅད། །
སློབ་གཉེར་དབུས་གཙང་གཉིས་སུ་བྱས། །
ཕ་གྱེར་སྟོན་དང་ངབ་མེར་དབུ་མཛད་པའི། །
རོང་སྟོན་ལྷ་དགའ་ཡན་ཆད་ཀྱི། །
དྲིན་ཅན་བླ་མ་བཅུ་ཙམ་ཡོད། །
ཆོས་ནི་རྒྱུད་སེམས་སྔགས་འགྱུར་མཉན། །
ཁོང་ལྟ་དགོངས་ཕུག་ན་མཁྱེན་པ་མཐོང་། །
ཁྱད་པར་ལྷ་རྗེ་གནུབས་ཆུང་ལ། །
དྲག་སྔགས་གཟའ་གདུང་དམར་ནག་ཞུས། །”ཞེས་གྱེར་སྟོན་དབང་ཕྱུག་རྒྱལ་མཚན་དང་ངབ་མི་བྱང་ཆུབ་རྒྱལ་པོ་ནས་རོང་སྟོན་ལྷ་དགའ་བར་གྱི་དྲིན་ཆེ་བའི་བླ་མ་བཅུ་ཙམ་ལ་བརྟེན་ཏེ་མདོ་སྒྱུ་སེམས་སོགས་སྔགས་རྙིང་མའི་ཆོས་ལ་སློབ་གཉེར་ཡུན་རིང་དུ་བཟོས་ཡོད་འདུག་ལ། བླ་མ་འདི་དག་རེ་རེ་བཞིན་གྱི་མཚན་དང་དེ་དག་གི་མདུན་དུ་གདམས་ངག་ཅི་ཞུས་ཡོད་པ་གསལ་ཁ་མེད་ཀྱང་། འགའ་ཞིག་ཡོད་པ་ནི། རྣམ་ཐར་ཉི་ཟླའི་འོད་སྣང་ལས། “རོང་ཁུ་ལོང་ན་རྗེ་ཡེ་ཤེས་བཟུང་དེའི་དྲུང་ནས་གཤིན་རྗེ་སྐོར་དང་དྲག་སྔགས་གཟའ་གདོང་དམར་ནག་ལ་སོགས་གདམས་ངག་མང་བར་ཞུས། ཉང་སྟོད་ཁོ་རེ་ན་ངབ་མི་བྱང་ཆུབ་རྒྱལ་པོའི་དྲུང་དུ་སྒྱུ་འཕྲུལ་ཞུས། ཉང་སྟོད་རྒྱན་མཁར་ན་གྱེར་སྟོན་དབང་ཕྱུག་རྒྱལ་མཚན་གྱི་དྲུང་ནས་རྗོགས་ཆེན་སྔ་འགྱུར་ཞུས། ཡར་འབྲོག་གླང་བུ་དོ་རུ་མར་པ་འབྱུང་གནས་ཡེ་ཤེས་དྲུང་དུ་མདོ་སེམས་སོགས་དང་མདོ་སྒྱུ་འཕྲུལ་ཞུས།”ཞེས་པ་ལྟར་རོ། ། འབྲུག་པའི་ཆོས་འབྱུང་ལས། “དེ་ཡན་དུ་བླ་མ་རེའི་རྩར་ལོ་གཅིག་ཙམ་བཞུགས། ཡོངས་དྲིལ་ལོ་བཅོ་ལྔ་ཙམ། རང་རང་གི་ཆོས་ལ་སློབ་གཉེར་སློབ་དཔོན་དང་མཉམ་ཟེར་སྦྱངས་པ་ཆེ། བསྐྱེད་རིམ་ལ་ནུས་པ་ཐོན་ཀྱང་ཐུགས་མ་ཚིམ། ”ཞེས་གསུངས་པ་ལྟར་ཁོང་གིས་བླ་མ་བཅུ་པོ་དེ་དག་རེ་རེའི་མདུན་དུ་ལོ་རེ་ཙམ་བརྟེན་ཡོད་འདུག་ལ་ཡོངས་སུ་དྲིལ་ན་ལོ་བཅོ་ལྔ་ཙམ་ལ་སློབ་གཉེར་བཟོས་ཏེ་བླ་མ་དེ་དག་གིས་གང་གནང་བའི་ཆོས་ལ་ཐོས་རྒྱ་སློབ་དཔོན་དང་མཉམ་པར་གྱུར་ཡོད་འདུག་ལ། སྒོམ་པའི་ཉམས་ལེན་གྱི་སྐབས་སུ་བསྐྱེད་རིམ་ལ་ནུས་པ་ཐོན་པ་བྱུང་ཡོད་འདུག  རྣམ་ཐར་ཕལ་མོ་ཆེར་མི་ལས་མཐུ་སེར་བསླབས་ཟིན་པ་ནས་ཅུང་མ་འགོར་བར་རོང་སྟོན་ལྷ་དགའི་མདུན་ནས་རྫོགས་ཆེན་ཞུ་སར་ཕེབས་ཏེ། དེ་ནས་ཡང་ལམ་སང་མར་པའི་དྲུང་དུ་ཕེབས་པར་བཤད་པ་ནི། རགས་བཤད་ཙམ་ལས་བླ་མ་འདི་དག་ལ་བརྟེན་ཡོད་པ་གོང་གི་མགུར་ཚིག་ལས་ཤེས་སོ། །
   གཞན་མི་ལས་མཐུ་སེར་བསླབས་ཟིན་ནས་མར་པ་ལོ་ཙཱའི་དྲུང་དུ་མ་ཕེབས་བར་དུ་ཡུན་ནི། འབྲུག་པ་པད་དཀར་གྱིས་ཡོངས་དྲིལ་ལོ་བཅོ་ལྔར་གསུངས་པ་དང་། ཞི་བྱེད་རི་ཁྲོད་པས་དོན་ལ་ལོ་དགུ་ཡན་མན་འདོད་ལ། ལྷོ་རོང་ཆོས་འབྱུང་དང་དེབ་ཐེར་སྔོན་པོ་”རུ་མཐུ་སེར་བསླབ་ཏུ་ཆས་སྐབས་ཀྱི་མི་ལ་དགུང་ལོ་དུ་ཡིན་མི་གསལ་ཡང་། མར་པའི་མདུན་ནས་ཕྱིར་ཡུལ་ལ་ལོག་སྐབས་ཁོང་དགུང་གྲངས་ཞེ་ལྔར་ལོན་པར་གསུངས་ཡོད་པས། མི་ལ་དགུང་ལོ་བཅོ་བརྒྱད་དུ་མཐུ་སེར་བསླབ་ཏུ་བྱོན་པའི་དབང་དུ་བཏང་ན། ལོ་བཅུ་དྲུག་ཡས་མན་ལ་སློབ་གཉེར་བཟོས་ཡོད་པ་སོགས། མདོར་ན་གོང་གི་གསུང་ཚུལ་དེ་དག་ལ་དཔགས་ན། སྐབས་འདིར་མི་ལས་ལོ་དུ་མ་ལ་སློབ་གཉེར་བཟོས་ཡོད་པ་ཤེས་ནུས་སོ། །འོན་ཀྱང་ཡོངས་གྲགས་སུ་ལོ་དུ་མཛད་ཡོད་པ་གཏན་མི་ཁེལ་བས་གཟུར་གནས་དག་གིས་རྗེས་སུ་དཔྱད་པར་འཚལ།
   “ཁོང་ཕྲིན་ལས་སྒྲུབ་པ་བཞེད་ལགས་ཀྱང་། །
ང་ད་རུང་སྤྲོས་པ་ཅུང་མ་ཆོད། །
རྗེ་ནཱ་རོ་དང་མཻ་ཏྲཱིའི་བྱིན་རླབས་ཞུགས། །
སེམས་ཆོས་ཉིད་མ་དང་ངོ་སྤྲོད་བྱས། །
ལུས་རྟེན་འབྲེལ་གནད་དུ་བསྣུན་པ་ཞིག། །
ལྷོ་གྲོ་བོ་ལུང་ན་བཞུགས་སོ་སྐད། །
ཕ་ལོ་ཙཱའི་སྙན་པ་རྒྱང་ནས་གྲགས། །
མཚན་ཐོས་པ་ཙམ་གྱིས་བ་སྤུ་གཡོས། །
ལས་དཀའ་བ་སྤྱད་དེ་སྤྱན་སྔར་མཆིས། །”
ཞེས་པ་ལྟར་མི་ལས་བླ་མ་འདི་དག་ལ་ཡུན་རིང་དུ་བརྟེན་ཀྱང་ལྟ་བའི་སྤྲོས་པ་དེ་ཙམ་མ་ཆོད་པས། རྗེ་མར་པའི་སྤྱན་སྔར་ཕེབས་ཡོད་ལ། རྗེ་མར་པས་མི་ལའི་སྡིག་སྒྲིབ་སྦྱོང་ཞིང་མདོ་སྔགས་ཀྱི་ཆོས་ལ་བྱང་ཆུབ་ཕྱིར། ཐོག་མར་མན་ངག་ཁ་ཚང་མ་གནང་བར་ལུས་ཀྱི་དཀའ་སྤྱད་འདྲ་མིན་དང་ཞོར་དུ་ཐེག་པ་ཐུན་མོང་གི་ཆོས་དང་རྒྱུད་བརྟག་གཉིས་སོགས་ལ་སློབ་སྦྱོང་གནང་བཅུག་ཡོད།  དེ་ཡང་ཉི་ཟླའི་འོད་སྣང་ལས། “དེ་མན་ཆད་རྒྱུད་བཤད་ཚད་ཉན་དུ་བཅུག་གོ །ཞེས་དང་། སྐབས་གཅིག་དཔལ་ལྡན་དགྱེས་པ་རྡོ་རྗེའི་དབང་བསྐུར་ནས། རྒྱུད་བརྟག་པ་གཉིས་པ་ཚར་བཅུ་དྲུག་ཉན་གསུང་། མན་ངག་ནི་མ་གནང་། དེ་དུས་ན་བདག་མེད་མ་ལྷ་མོ་བཅོ་ལྔའི་དབང་གནང་ནས་བརྟག་པ་གཉིས་པའི་རྒྱུད་གསུང་།”ཞེས་དང་། མཛོད་ནག་མ་ལས། “དེར་བླ་མའི་ཕྱག་ཏུ་གཡུ་ཕུལ་ནས། ད་རེས་དབང་བསྐུར་བྱས་ནས་མཚོ་སྐྱེས་ཀྱི་མན་ངག་ཐོ་རེ་བ་ཞིག་གནང་། འདི་ངོ་མཚར་ཅན་གྱི་མན་ངག་ཡིན་གསུང་། དེ་ཕྱིན་ཆད་རྒྱུད་བཤད་པ་ཐམས་ཅད་ཀྱི་རྩར་བཞག་ནས་བྲེལ་བའི་དུས་ཀྱང་རྒྱུད་ཀྱི་བཤད་པ་ཐམས་ཅད་ཉན་དུ་བཅུག”ཅེས་རྗེ་མི་ལ་དགུང་ལོ་སོ་དགུ་སྟེ་ཡུམ་བདག་མེད་མས་ཡབ་མེས་ཀྱི་གཡུ་ཕུལ་བ་ནས་བཟུང་ཁོང་ལ་མན་ངག་ཁ་ཚང་མ་གནང་ཡང་། རྗེ་མར་པས་ཉམས་ལེན་གྱི་སྔོན་དུ་མདོ་སྔགས་ཀྱི་ཆོས་ཚུལ་ལ་བྱང་ཆུབ་པའི་ཕྱིར་དགྱེས་པ་རྡོ་རྗེའི་དབང་ལུང་གནང་སྟེ་རྗེ་མར་པའི་མདུན་ནས་རྒྱུད་བརྟག་གཉིས་སོགས་ལ་ཐོས་བསམ་གནང་ཞིང་། ཁོང་ལོ་མང་པོ་ཞིག་ལ་ཐ་ན་ཧ་ཅང་བྲེལ་བའི་དུས་ཀྱང་རྒྱུད་གསན་དུ་བཅུག་སྟེ་རྒྱུད་བརྟག་པ་གཉིས་པ་ཚར་བཅུ་དྲུག་གསན་ཡོད་འདུག་ལ། གཞན་བླ་མ་རྔོག་གི་མདུན་ནས་རྒྱུད་ཚར་གཅིག་གསན་འདུག་པས་བརྟག་གཉིས་ཚར་བདུན་ཙམ་གསན་ཡོད་པ་འདྲ།
 རྣམ་ཐར་ཁ་ཤས་སུ་རྗེ་མི་ལ་མར་པའི་མདུན་ན་ལོ་གསུམ་གྱི་ཡུན་དུ་ཆོས་མ་གནང་བར་བཤད་པ་ནི། ཐུན་མོང་མ་ཡིན་སྙན་བརྒྱུད་ཀྱི་མན་ངག་ཁ་ཚང་མ་གནང་བ་ལ་གོ་དགོས་ཀྱི། གཞན་དུ་ཐུན་མོང་གི་ཆོས་དང་རྒྱུད་ཀྱི་དབང་ལུང་དང་བཤད་པ་སོགས་གནང་ཡོད་པ་ནི་གོང་གི་ལུང་དང་རྣམ་ཐར་འདི་གཉིས་ལ་བལྟས་ན་ཤེས་སོ། །
   མཛོད་ནག་མ་ལས། རྡོ་ཁུར་རེ་བསྐྱལ་ཅིང་བླ་མས་ཐེག་པ་ཐུན་མོང་གི་ཆོས་ཐུན་རེ་གནང་། ཞེས་གསུངས་པ་ལྟར། སྤྱིར་ཁོང་གིས་རྒྱུད་ཀྱི་དབང་ལུང་མ་གནང་གོང་ལ་དགེ་བསྙེན་གྱི་སྡོམ་པ་གནང་ནས་དང་པོ་ཐེག་པ་ཐུན་མོང་གི་ཆོས་ལ་གལ་ཆེ་བར་དགོངས་ཏེ། མདོ་ལུགས་ཀྱི་ཆོས་ལ་གསན་བསམ་གནང་ཡོད་འདུག་ལ། རྗེས་སུ་རྗེ་མར་པས་དང་པོ་མན་ངག་གི་ཆོས་མཐའ་དག་གནང་ཞིང་སྟག་ཉའི་ཕུག་ཏུ་སྒོམ་དུ་བཅུག་སྟེ། བླ་མ་ལ་རྟོགས་པ་འབུལ་སྐབས་རྟེན་འབྲེལ་བཅུ་གཉིས་ལས་དང་པོ་མ་རིག་པ་ནས་རིམ་བཞིན་ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས། ཐར་པའི་ཕན་ཡོན། འཆི་བ་མི་རྟག་བཅས་བློ་ལྡོག་རྣམ་བཞི་དང་རྟེན་སོ་ཐར་གྱི་སྡོམ་པ་སེམས་བསྐྱེད་སྙིང་རྗེ་དང་ལྟ་བ་སྟོང་ཉིད་སོགས་ཐེག་པ་ཐུན་མོང་གི་ལམ་རིམ་བྱང་ཆུབ་པར་ཕུལ་ཡོད་པས་རྗེ་མར་པས་ཁོང་ལ་མདོ་ལུགས་ལ་གཙིགས་ཆེན་གནང་བཅུག་ཡོད་པ་ཟུར་གཅིག་ཤེས་ནུས། གང་ལྟར་རྗེ་མི་ལས་མདོ་ལུགས་ལ་སློབ་སྦྱོང་གང་དང་གང་བཟོས་ཡོད་མིན་རྣམ་ཐར་ཁག་ཏུ་དེ་ཙམ་མི་གསལ་ཡང་། ངམ་རྫོང་སྟོན་པ་དང་རས་པ་ཞི་བ་འོད་གཉིས་ཀྱིས་བསྒྲིགས་པའི་ཚེ་རིང་མའི་ཞུས་ལན་གྱི་རིམ་པར་ཐེག་པ་ཐུན་མོང་གི་གདམས་པ་གནང་སྐབས། “ལྷུག་པར་བཀྲོལ་ནས་དྲིས་ལན་གླུ་ཡི་སྙན་ངག་ལེགས་བཤད་མགུར་དུ་བཞེས་ཏེ་གདམས་པ།”ཞེས་པ་དང་། “གནས་ལུགས་ངེས་དོན་འབའ་ཞིག་ཏུ་གདམས་པ་འདི་རྣམས་ཡིན་”ཞེས་པའི་མགུར་ཚན་གཉིས་ལ་གཟིགས་ན་རྗེ་མི་ལས་སྐབས་འདིར་མདོ་ཕྱོགས་ཀྱི་ཆོས་ལ་སློབ་སྦྱོང་བཟོས་ཡོད་མེད་དང་མཁྱེན་རྒྱ་ཇི་ལྟར་ཡོད་མེད་གསལ་བོར་ཤེས་ནུས་སོ།།
 རྣམ་ཐར་ཟབ་མོ་ལས། “དེ་ནས་མེས་སྟོན་ཚོན་པོ་དང་། མཚུར་སྟོན་དབང་ངེ་དང་། གཞུང་གི་རྔོག་སྟོན་ཆོས་རྡོར་དང་། གུང་ཐང་གི་མི་ལ་རས་པ་བཞི་བུ་ཆེ་བ་བཞི་ཡིན་པ་ལ། གཞན་དང་མི་འདྲ་བའི་གདམས་ངག་དང་། དབང་བསྐུར་ཟབ་མོ་མཛད་དེ། ནམ་སྟོད་ལ་དབང་མཛད། ནམ་སྨད་ལ་སྒོམ་མཛད། སྔ་དྲོ་ཆོས་བཤད། དགོང་མོ་སྒོམ་མཛད་བཞིན་བཞུགས་པ་ལ།”ཞེས་རྗེ་མར་པས་མན་ངག་གནང་བ་ནས་མགོ་བརྩམས་ཏེ། མི་ལོ་བཞི་མ་ཟིན་ཙམ་ལ་རྒྱུད་སྡེ་གཙོས་པའི་ནང་ཆོས་ལ་ཐོས་སྒོམ་ཟུང་འབྲེལ་གནང་ཡོད་འདུག་ལ། སྐབས་འདིར་མར་ལུགས་ཀྱི་རྒྱུད་སྡེ་གཙོས་པའི་ཐབས་གྲོལ་གྱི་གདམས་པའི་དབང་ལུང་མན་ངག་ཆ་ཚང་གནང་བ་མ་ཟད། མར་ལུགས་ཀྱི་རྒྱུད་སྡེ་ཡོངས་རྫོགས་ཀྱི་བཤད་པ་ཡང་གནང་ཡོད། འགའ་ཞིག་གིས་མར་ལུགས་རྒྱུད་སྡེ་དག་ལས་བདེ་མཆོག་ལས་བཤད་པ་མ་གནང་བར་ཤོད་སྲོལ་ཡོད་ཀྱང་། དེ་དག་ནི་མི་ལའི་རྣམ་ཐར་ལ་ཆ་རྒྱུས་ཆུང་བ་ལས་དོན་དངོས་མ་ཡིན་ཏེ། རྗེ་མི་ལས་མར་པའི་དྲུང་ནས་བརྟག་གཉིས་གཅིག་པུར་ཚར་བཅུ་དྲུག་གསན་ཡོད་པ་གོང་གི་ལུང་དག་གིས་གྲུབ་ལ། མར་ལུགས་ཀྱི་རྒྱུད་གཞན་གྱི་བཤད་རྒྱུད་མ་ལུས་པར་གནང་ཡོད་པ།  ལྷོ་རུང་ཆོས་འབྱུང་ལས། “དེ་ནས་ཆོས་བཀའ་ཐམས་ཅད་ལྷག་མ་མེད་པར་བུམ་པ་གང་བྱོའི་ཚུལ་དུ་གནང་། ཁྱོད་ལ་བྱིན་དང་གཞན་ལ་བྱིན། །གལ་ཏེ་སྲང་ལ་བཅལ་ཡོད་ན། །སུམ་འགྱུར་བས་ཀྱང་མི་ལྷག་སྟེ། །ཞེས་པའི་དབུ་བསྙུང་བཞེས། ”ཞེས་གསུངས་སོ། །
   གཞན་ཡང་སྐབས་འདིར་མི་ལས་རྗེ་མར་པའི་དྲུང་ནས་མདོ་སྔགས་ཀྱི་གདམས་པ་དག་གསན་པ་ཙམ་མ་ཡིན་པར། བུ་སློབ་དག་ལྷན་དུ་ལུང་རིགས་ཀྱི་སྒོ་ནས་དཀའ་བའི་གནད་ལ་ཐོས་པའི་སྒྲོ་འདོགས་གཅོད་བཞིན་གསན་ཡོད་དེ། རྗེ་མི་ལ་བྲག་དམར་ཆོང་ལུང་དུ་བླ་མ་དྲན་པའི་མགུར་ལས། “དབུས་གཙང་གི་གྲོགས་པོ་དད་འདུས་དེ། །དུས་ད་ལྟ་འཚོགས་ན་སྐྱིད་པ་ལ། །བགྲོ་གླེང་གོ་བསྡུར་བྱེད་སྙིང་འདོད། །ཉམས་བསྡུར་བླ་བོ་བྱེད་པ་གཅིག་ལགས་ཏེ། །”ཞེས་སོགས་སྐབས་དེར་ཐོས་བསམ་ཅི་འདྲ་མཛད་པ་གསལ་བོར་གསུངས་ཡོད་ལ། བཀའ་བརྒྱུད་བླ་མའི་གསུང་རྣམ་ལས། “རྔོག་དང་གྲུབ་མཐའ་ཆོས་ལ་ལྟ་བསྡུར་བྱས་པ་དང་མི་ལ་མི་ལྷག་རྒྱུ་མ་བྱུང་། གདམས་ངག་གི་ཆོས་ལ་ཟབ་བསྡུར་བྱས་པས་ཀྱང་འཕོ་བའི་གནས་སྐབས་ན་རྔོག་བག་ཙམ་ཟབ་ཏུ་རུང་བ་གཅིག་འདུག དེ་མིན་མི་ལ་མི་ལྷག་རྒྱུ་མ་བྱུང་། སྒོམ་པའི་ཉམས་ལ་ཉམས་བསྡུར་བྱས་པ་དང་། མི་ལ་མི་ལྷག་རྒྱུ་མ་བྱུང་ནས་དེར་མི་ལའི་ཐུགས་དགོངས་ལ། རྔོག་ཆོས་ཀྱི་རྡོ་རྗེ་འདི་ཉིད་རྗེ་མར་པའི་བུ་ཆེན་རྣམས་ཀྱི་མཆོག་ཏུ་གྱུར་པ་གདམས་ངག་ཐམས་ཅད་མ་ཐོབ་པ་མེད་པ་ཡིན་པ་ལ། དོན་ལ་འདི་ཉིད་པས་ཀྱང་ང་མི་ལྷག་རྒྱུ་མི་འདུག་པའི་ཆོས་ཤིག་གནང་འདུག་སྙམ་ནས། ”ཞེས་སོགས་གསུངས་པ་ལ་བལྟས་ན།  སྤྱིར་རྔོག་སྟོན་ནི་མདོ་སྔགས་ཀྱི་ཆོས་ལ་མཁྱེན་རྒྱ་ཆེ་ཞིང་རྗེ་མར་པའི་བཤད་པ་མ་ལུས་པ་གནང་སའི་བུ་ཆེན་ཞིག་ཡིན་པ་ཡོངས་སུ་གྲགས་ལ། ཁོང་ལ་བཤད་པ་འགྲན་ཚེ་མི་ལ་མི་ལྷག་རྒྱུ་མ་བྱུང་བ་ནི་རྗེ་མི་ལས་ནང་ཆོས་ལ་ཐོས་བསམ་ཚད་ལྡན་ཞིག་བཟོས་ཡོད་མེད་གསལ་བོར་ཤེས་ལ། རྗེ་མར་པས་རྒྱུད་སོགས་ཀྱི་བཤད་པ་མཐའ་དག་གནང་ཡོད་པའང་བསྟན་ཡོད། དེ་མིན་སྐབས་དེར་རྗེ་མི་ལས་ཐབས་གྲོལ་གྱི་གདམས་པ་ཐོས་ལོ་ཙམ་མ་ཡིན་པར་ལུང་རིགས་ཀྱི་སྒོ་ནས་གཏན་ཕབ་ཡོད་པར་གསལ་བོར་ཡང་ཤེས་ཐུབ་པར་སེམས་སོ། །
 ལྷོ་རོང་ཆོས་འབྱུང་ལས། “བླ་མའི་ཞབས་དྲུང་དུ་ལོ་ཧྲིལ་པོ་དྲུག་དང་ཟླ་བ་བརྒྱད།
རྔོག་གི་སར་ལོ་ཧྲིལ་པོ་གཅིག་དང་ཟླ་བ་ཁ་ཡར”ཞེས་གསུངས་པ་ལྟར་མར་རྔོག་གཉིས་ཀྱི་དྲུང་ནས་ལོ་དགུ་དང་གྲོ་བོ་ལོང་དུ་མ་ཕེབས་གོང་མ་མཐར་ལོ་བཅོ་ལྔ་ལ་ཐོས་བསམ་གནང་ཞིང་། ཕ་ཡུལ་དུ་ལོ་མང་པོ་ཞིག་ཐོས་བསམ་བྱས་ཡོད་པས་ཡོངས་དྲིལ་མི་ལོ་ཉི་ཤུ་རྩ་ལྔ་ཡན་ལ་ཐོས་བསམ་གནང་སྟེ། ངེས་པ་དོན་གྱི་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པར་གྱུར་ཏེ། མདོ་རྒྱུད་ཀྱི་བསྟན་དོན་མཐའ་དག་དགོངས་པའི་ཀློང་ནས་འཁྱིལ་ཏེ། ཐོལ་བྱུང་དུ་སྙན་འཇེབས་གླུ་ཡི་ལམ་ནས་སྟོན་ནུས་པ་སོགས་བྱུང་བ་ཡིན་ནོ། །
རྗེ་མི་ལའི་བརྩམས་ཆོས་ཁག་ནི།
རྗེ་མི་ལའི་མགུར་འབུམ།
སྟེང་སྒོ་རྣམ་གྲོལ་གྱི་ཆོས་དྲུག
མཁའ་འགྲོ་བརྟག་འབུམ།
འོད་ཀྱི་རིག་མའི་གདམས་པ།
ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་རྩ་བ།
ཕྱག་ཆེན་ཡེ་ཤེས་གསལ་བྱེད།
ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ཀྱི་ངོ་སྤྲོད།
བར་དོ་བློ་ཆོད་ཀྱི་གདམས་པ།
དབུ་མ་ཡང་དག་པར་བརྗོད་པ།
དཔལ་བདེ་མཆོག་སྙན་བརྒྱུད་ལས་བུམ་དབང་དང་འབྲེལ་བའི་ཉམས་ལེན་ཐུན་མོང་ཡིད་བཞིན་ནོར་བུ།
ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་གདམས་པ།
བདེ་མཆོག་སྙན་བརྒྱུད་ལས་འོག་སྒོ་བདེ་བ་ཆེན་པོ་གཞན་ལུས་ཕྱག་རྒྱ་མ་ལ་བརྟེན་པའི་གདམས་པ་ཡེ་ཤེས་གསལ་བྱེད་སྒྲོན་མེ།
སྙན་བརྒྱུད་གསལ་བ་སྐོར་གསུམ་དག་ཡིན་ནོ། །
                      བསྟན་པའི་དབང་ཕྱུག་གིས་༢༠༢༢/༣/༤ཉིན་གྲུབ།
སྐབས་འདིར་ལྟ་ཀློག་བྱས་པའི་དཔེ་ཆ་གཙོ་བོ་དག་ནི།
༡༽རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པ་རྡོ་རྗེའི་གསུང་མགུར་མཛོད་ནག་མ།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
༢༽རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པའི་རྣམ་མགུར་།
གོ་ཆེ་དྷརྨ་ཀ་རའི་ཆོས་རིག་དཔེ་ཚོགས་ཀྱི་རྩོམ་བསྒྲིགས་ཁང་།
༣༽རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ཉི་ཟླའི་འོད་སྣང་།
དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས།
ཀྲུང་གོ་བོད་རིགས་པའི་དཔེ་སྐྲུན་ཁང་།
༤༽འབྲུག་པའི་ཆོས་འབྱུང་།
བོད་ལྗོང་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
༥༽ལྷོ་རོང་ཆོས་འབྱུང་།
སེར་གཙུགས་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྒྲིགས།
༦༽དེབ་ཐར་སྔོན་པོ།
སེར་གཙུགས་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྒྲིགས།
༧༽རྗེ་བཙུན་ཆེན་པོ་མིད་ལ་རས་པའི་རྣམ་ཐར་ཟབ་མོ།
དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས།
ཀྲུང་གོ་བོད་རིགས་པའི་དཔེ་སྐྲུན་ཁང་།
༨༽བཀའ་བརྒྱུད་བླ་མའི་ཐུན་མོང་མ་ཡིན་པའི་གསུང་རྣམ།
སེར་གཙུགས་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྒྲིགས།
༩༽གཏུམ་མོའི་ཕྱག་རྡོར་ལོ་རྒྱུས།
དཔལ་བརྩེགས་ཚང་གིས་བསྒྲིགས་པའི་རས་ཆུང་སྙན་བརྒྱུད་ནང་ལས་བཏུས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1727