ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་དོན་བདུན་ཅུའི་དཀའ་གནད་ལ་དཔྱད་པ་རྒྱ་བོད་མཁས་པའི་བཞེད་ཚུལ་ཕྱོགས་གཅིག་ཏུ་བསྡུས་པ་ལེགས་བཤད་འོ་མཚོ་བསྲུབས་པའི་ནོར་བུ།
རྩོམ་པ་པོ། གླང་ཡག་པདྨ་བདུད་འདུལ།
ཆོས་རབ་རྣམ་འབྱེད་ཀྱི་ཡེ་ཤེས་མཐར་ཐུག་པ་ལ་ཕྱག་འཚལ་ལོ། །
དམིགས་མེད་ཆོས་སྐུའི་རྒྱལ་སར་ཕྱིན་ནའང་། །
ལྷུན་འགྲུབ་སྟོང་བའི་ཀློང་ལས་བརྩེ་ཆེན་གྱིས། །
འགྲོ་རྣམས་མུན་པའི་དོང་དུ་མི་ལྟུང་བའི། །
སྟོན་པ་ཉི་མའི་གཉེན་ལ་ཕྱག་བགྱིའོ། །
ཆོས་དབྱིངས་ཞི་བའི་ནགས་ཀྱི་སྐྱེད་ཚལ་དཔག་བསམ་ལྗོན་པའི་འདབ་མ་དེ་དག་ཁྱེད་ཀྱིས་མི་མཇེད་གསེར་གྱི་ཞིང་ནས་ཐབས་ཤེས་འཕྲུལ་གྱི་བརྡ་ལ་དྲངས། །
སྣང་སྟོང་གེ་སར་ལྷུན་ཆགས་བཞད་པའི་སྟོང་དང་རྟེན་འབྱུང་རིག་པའི་ཚུལ་ཡང་ཁྱེད་ཀྱིས་སྐལ་ལྡན་ལས་འཕྲོ་ཅན་ལ་ཐར་བར་བགྲོད་པའི་རྟེན་དུ་ཕུལ། །
དོན་དང་དོན་མིན་རྣམ་པར་འབྱེད་པའི་རིན་བྲལ་གསུང་གི་མཛད་པ་དག་ཀྱང་ཁྱེད་ཀྱིས་མཁས་རྣམས་དགའ་བའི་རྟེན་དུ་བུམ་པ་གང་བྱོས་ཚུལ་དུ་བསྒྲགས། །
ཚུལ་འདི་ཐོས་ཤིང་མཐོང་བ་ཙམ་གྱིས་དད་པའི་བ་སྤུ་མི་གཡོ་མཁན་གྱི་བསམ་ཡོད་ཤེས་ལྡན་གཅིག་ཀྱང་མེད་པ་དངོས་སྟོབས་ཚད་མས་ལེགས་པར་གྲུབ། །
རྒྱལ་ཡུམ་མ་དྲོས་མཚོ་ཆེན་གཏིང་རིང་ཡང་། །
གང་གིས་ཧུབ་གཅིག་འཇལ་བའི་ཤེས་རབ་ཀྱིས། །
སྦས་དོན་ཉི་མའི་དཀྱིལ་འཁོར་གསལ་མཛད་པ། །
བྱམས་མགོན་ཆོས་ཀྱི་མགོན་དེས་ད་དུང་སྐྱོངས། །
ཡུམ་དོན་ཤིང་རྟའི་སྒོ་བརྒྱ་འབྱེད་མཁས་མ་ཕམ་མགོན་པོའི་ཐུགས་ཀློང་གི །
མན་ངག་གདུང་སེལ་བདུད་རྩིའི་རྒྱུན་འབབ་རྙོག་བྲལ་བློ་མཚོས་བཏུང་མཛད་པ། །
རྣམ་པར་གྲོལ་དང་སེང་གེའི་མཚན་སོགས་འཇིགས་མེད་རིགས་པའི་ཁྲི་འཛིན་པ། །
ཆོས་འདིའི་རྒྱུད་པ་གསེར་རིའི་ཕྲེང་བར་བྱང་ཆུབ་བར་དུ་ཕྱག་བགྱིའོ། །
བྱམས་པའི་ལུས་ཆེན་རྣམ་དཔྱོད་སྟོབས་རྒྱས་གསུང་རབ་ནགས་ན་ཐོགས་མེད་རྒྱུ། །
ཀླུ་སྒྲུབ་གཞུང་གི་ཡེ་ཤེས་སྤྱན་ཡངས་བློ་བཟང་རི་དྭགས་དུ་མའི་གཉེན། །
ལོག་སྨྲའི་བདུད་སྡེ་ཡལ་བར་མི་འདོར་གླང་པོའི་འཇིགས་གྲོལ་སེང་གེའི་མཚན། །
དངོས་སྟོབས་རིགས་པས་ས་གསུམ་འདར་བྱེད་གོ་རམས་མི་ཡི་ཉི་མ་རྒྱལ། །
སྔོན་བྱོན་དམ་པ་གོང་མ་དག་གིས་ངལ་བའི་རྩེ་ལ་རབ་དྲངས་ཤིང་། །
ཤིན་ཏུ་གཅེས་པའི་སྐུ་སྲོག་འབུམ་གྱིས་དེ་རིང་བར་དུ་བསྐྱངས་པ་ཡི། །
སྐྱེ་རྒུའི་འགྲོ་བའི་སྙིང་གི་རྒྱན་གཅིག་ཡང་དག་དམ་ཆོས་འདི་མཐོང་ཚེ། །
སྐུ་ཚེ་འདི་ཡི་ཆེད་དུ་བཏང་བའི་དམ་པ་དེ་དག་ཡང་ཡང་དྲན། །
འདི་ན་རང་བཟོས་རྣམ་རྟོག་སྨག་ཆེན་གྱིས། །
ཤེས་རབ་རིག་པའི་ཉི་མ་བསྒྲིབས་པ་ན། །
རྣམ་དཔྱོད་ལྕེ་བརྒྱ་སྩོལ་བའི་ཡོངས་འཛིན་དེས། །
བདག་བློ་མྱ་ངན་ཐང་དུ་མ་གཏོང་ཞིག །
འོན་ཀྱང་ལོ་ཟླའི་ཕྲེང་ལ་བརྒྱུས་པ་ཡི། །
འབད་དང་ཨུ་ཚུགས་ཟུང་གིས་རབ་བསྐུལ་བས། །
མཁས་རྣམས་དགྱེས་པའི་གཏམ་གྱི་མཛའ་བོ་དང་། །
མི་འབྲལ་འགྲོགས་པའི་རྩེ་དགའ་ལྷུར་བླངས་སོ། །
དེ་ཡང་བཅོམ་ལྡན་འདས་ཀྱིས་ཆེས་ཐོག་མར་ཤེར་ཕྱིན་གྱི་མདོ་གསུང་སྐབས། ཉིད་ཀྱིས་བླ་གོས་བཞི་ལྟབ་ཏུ་བྱས་ཏེ་གདན་སེང་གེའི་ཁྲི་བཤམ་པར་མཛད་ཅིང་། དེ་ནི་ཆོས་འདིའི་གདན་ཙམ་ཡང་གཞན་གྱིས་བཤམས་པར་མི་ནུས་ན་རྟོགས་པ་ལྟ་ཅི་སྨོས་ཞེས་ཤེས་པའི་ཆེད་ཡིན་པ་དང་། ཡང་ཁོང་ཉིད་དེ་ལྟ་བུའི་གདན་གྱི་སྟེང་དུ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་སྐུ་དྲང་པོར་བསྲངས་ཏེ་དགོངས་པ་མངོན་སུམ་དུ་མཛད་ནས་བཞུགས་པ་དང་། སྤྱོད་ལམ་དེ་ལྟ་བུ་བསྟན་པའི་དགོས་པ་ཡང་ཤེར་ཕྱིན་གྱི་མདོའི་དོན་ནི་མཉམ་པར་བཞག་པས་རྟོགས་དགོས་སོ་ཞེས་ཤེས་པའི་ཆེད་དུ་གསུངས་པ་སྟེ། དེ་ལྟར་ན་ཆོས་འདི་དང་འབྲེལ་ཡོད་ཀྱི་ཚིགས་སུ་བཅད་པ་གཅིག་ཙམ་བྲིས་ན་ཡང་གྲོང་ཚིག་དང་ཕལ་སྐད་ཀྱིས་བསླད་མི་འོས་པས། ཁོ་བོས་ཀྱང་འདིར་དོན་མེད་པའི་གྲོང་ཚིག་དང་ཕལ་སྐད་ཀྱིས་མཐའ་བརྒྱན་པ། མགོ་མཇུག་མེད་པའི་ཚིག་གི་ལྷུ་སྤུངས་པ་སོགས་འདོར་ཅི་ཐུབ་ཀྱིས། བོད་ཀྱི་མཁས་པ་སྔ་མས་བསྟན་བཅོས་ཇི་ལྟར་བརྩམས་པའི་ཤུལ་བཞག་གི་འགྲོས་གཙང་མ་དེའི་ནང་ནས་འགྲོ་ཨེ་ཐུབ་ལ་བརྩོན་རྒྱུ་ཡིན་ནོ། །
དེ་ཡང་མགོན་པོ་བྱམས་པའི་བསྟན་བཅོས་རིན་པོ་ཆེ་མངོན་པར་རྟོགས་པའི་རྒྱན་གྱི་བརྗོད་བྱ་ཧྲིལ་བོ་ནི་དངོས་བརྒྱད་དོན་བདུན་ཅུས་བསྡུས་ཤིང་། དེར་མ་འདུས་པའི་བརྗོད་བྱ་གཅིག་ནི་བསྟན་བཅོས་འདིར་ཕལ་ཆེར་ཡོད་ཚོད་མི་འདུག་པས། ཁོ་བོས་ཀྱང་གཞུང་ཟབ་མོ་འདི་ལ་བག་ཆགས་ཅུང་ཙམ་ཞིག་བཞག་པ་དེ་ཉིད་མི་བརྗེད་པའི་རྟེན་དུ་དམིགས་ཏེ། དོན་བདུན་ཅུའི་དཀའ་བའི་གནད་འགའ་ཞིག་ལ་མཐར་ཆགས་ཀྱིས་དཔྱད་པའི་ཁུལ་བྱེད་རྒྱུ་ཡིན་ནོ། ། ཁོ་བོས་དཔྱད་རྩོམ་འདིར་དྲངས་པའི་ལུང་ཕལ་ཆེ་བ་ནི་རང་གིས་དངོས་སུ་མཐོང་ཞིང་། རང་དང་བློ་ཡི་འཇུག་པ་ཡངས་པའི་མི་དག་ལ་ཡང་ཅུང་ཙམ་ཕན་དུ་རེ་བས་ཤོག་ངོས་ཀྱི་གྲངས་ཡང་བཀོད་ཡོད་མོད། ལུང་དེ་དག་གི་དགོངས་དོན་མ་དཔོག་པའི་དབང་གིས་འགའ་ཞིག་ནི་འབྲེལ་མེད་ལྟ་བུར་ལོག་མེད་པའི་ངེས་པ་ཡོད་མི་སྲིད་པས། དེ་འདྲ་མཆིས་ཚེ་ལུང་འདི་དག་གི་བྱེད་པོ་ཆོས་ཀྱི་སྤྱན་དང་ལྡན་པའི་བོད་ཀྱི་བསྟན་བཅོས་མཛད་པ་པོ་སྔ་མ་དག་ལ་སྙིང་ནས་མཐོལ་ཞིང་བཤགས་སོ། །
དཔྱད་པའི་མཐར་གྲུབ་པའི་གྲུབ་དོན་དག་ཀྱང་མགོན་པོ་བྱམས་པ་དང་དེའི་དགོངས་པ་འགྲེལ་བ་ལ་འགྲན་པའི་ཟླ་དང་བྲལ་བ་ཀུན་མཁྱེན་གོ་རམས་པ་གཉིས་ཀྱི་ཐུགས་ཀྱི་དགོངས་པ་ཡིན་པའི་ཚུལ་ཡང་ལུང་རིགས་ཀྱིས་བསྒྲུབས་ཡོད་མོད།དགོངས་གནད་མ་དཔོག་པའི་ཆ་དང་ནོར་འཁྲུལ་གྱི་རིགས་རྣམས་ལ་ནི་རིགས་པ་སྨྲ་བ་དག་གིས་ལུང་རིགས་ཀྱིས་སུན་དབྱུང་བར་མཛོད་ཅིག ། གཞན་ཁོ་བོས་དཔྱད་རྩོམ་འདིར་མཁས་པ་གཞན་དག་གིས་ཇི་ལྟར་བཞེད་པའི་ཚུལ་རྣམས་ལྷུག་པོར་བཀོད་པ་ལས་དེ་ལ་དགག་པའི་ཚིག་ནི་ཟུར་ཙམ་ཡང་བཏང་མེད་དེ། མཁས་པ་ཁོང་ཅག་གི་དགོངས་བཞེད་ནི་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པས། བློ་གྲོས་ཀྱི་རྩལ་མ་རྫོགས་པའི་ཁོ་བོ་དང་ཁོ་བོ་ལྟ་བུས་དེ་ལ་དགག་བཞག་གི་སྤྲོས་པ་བྱས་པ་ནི་རང་ཉིད་ཀྱི་བསོད་ནམས་ཆུད་ཟ་བའི་རྒྱུ་འབའ་ཞིག་ཏུ་འགྱུར་ངེས་པས་སོ། ། གཞན་ཡང་འདིར་ཡིག་ཚོགས་མང་དོགས་པའི་འཇིགས་པས་བསྡུ་ཅི་ཐུབ་བྱས་པ་ལས་དཔྱད་པ་རྒྱས་པ་ནི་བྱུང་མེད་པས་མཐའ་མ་ཆོད་པ་དང་འཐུས་སྒོ་མ་ཚང་བའི་རིགས་རྣམས་ནི་ཁོ་བོ་གཅིག་པུའི་སྐྱོན་ཡིན་ནོ། ། ད་ནི་སྐབས་དོན་དངོས་ལ་དཔྱད་ན། འདི་ལ་དོན་བརྒྱད་ལས། དང་པོ་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་ལ་བཅུ་ལས། དང་པོ་ཐེག་ཆེན་སེམས་བསྐྱེད་ལ། ཐེག་ཆེན་སེམས་བསྐྱེད་སྤྱིའི་རྣམ་གཞག་ལ་དཔྱད། དེ་ཉིད་སེམས་སེམས་བྱུང་གང་ཡིན་ལ་དཔྱད། སྨོན་འཇུག་གཉིས་འགལ་མི་འགལ་ལ་དཔྱད། སེམས་བསྐྱེད་ཉེར་གཉིས་ཀྱི་ས་མཚམས་ལ་དཔྱད་པ་དང་བཞི་ལས། དང་པོ་ལ། མཚན་ཉིད་ནི།རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བ་སྟེ། དེ་ཡང་འཇམ་མགོན་ས་པཎ་གྱི་སེམས་བསྐྱེད་ཆོ་ག་ཆེན་མོ༼༨༣༽དང་ཀུན་མཁྱེན་གོ་རམས་པའི་ཟབ་མོ་༼༥༨༽གཉིས་མཐུན་པར་སེམས་བསྐྱེད་ཀྱི་མཚན་ཉིད་ནི་འདི་བཞིན་བཞག་ཅིང་།རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ། ཡང་དག་རྫོགས་པའི་བྱང་ཆུབ་འདོད། ། ཅེས་པ་དེས་འཇམ་མགོན་ས་པཎ་གྱིས་ནི་བརྡ་ལས་བྱུང་བའི་སེམས་བསྐྱེད་ཀྱི་མཚན་ཉིད་སྟོན་པར་བཞེད་ཀྱི་སེམས་བསྐྱེད་སྤྱིའི་མཚན་ཉིད་སྟོན་པར་མི་བཞེད། ཀུན་མཁྱེན་༼༥༧༽གྱིས་ནི་ཐེག་ཆེན་སེམས་བསྐྱེད་སྤྱིའི་མཚན་ཉིད་སྟོན་པར་བཞེད་མོད། དོན་ལ་འགལ་བ་གང་ཡང་མེད་དེ། ཐེག་ཆེན་འཕགས་པའི་མཉམ་བཞག་ཏུ་གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་རྣམ་པ་ཅན་གྱི་བློ་མངོན་འགྱུར་བ་མེད་པ་ལ་དགོངས་ནས་འཇམ་མགོན་ས་པཎ་གྱིས་མཚན་ཉིད་དེས་དོན་དམ་སེམས་བསྐྱེད་ལ་མ་ཁྱབ་པར་གསུངས་ལ། ཀུན་མཁྱེན་གོ་རམས་པས་ནི་ཐེག་ཆེན་འཕགས་པས་མཉམ་པར་བཞག་པ་དེ་ཉིད་གཞན་དོན་དུ་རྫོགས་བྱང་ཐོབ་ཕྱིར་དུ་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་ཡིན་པས་དེས་སེམས་བསྐྱེད་སྤྱིའི་མཚན་ཉིད་བསྟན་པར་འདོད་དོ། ། དེས་ན་རྒྱན་གྱི་ཚིག་རྐང་གཉིས་པོ་དེས་སེམས་བསྐྱེད་སྤྱིའི་མཚན་ཉིད་སྟོན་པ་ལ་འགལ་བ་མེད་དེ། མཉམ་བཞག་ཏུ་གཞན་དོན་དང་རྫོགས་བྱང་ལ་དམིགས་པའི་འཛིན་སྟངས་ཅན་གྱི་མཁྱེན་པ་མངོན་འགྱུར་བ་མེད་ཀྱང་། ཐེག་ཆེན་འཕགས་པས་མཉམ་པར་བཞག་པ་ནི་གཞན་དོན་དུ་རྫོགས་བྱང་ཐོབ་ཕྱིར་དུ་སྟོང་ཉིད་ལ་མཉམ་པར་བཞག་པ་ཡིན་པས་མཉམ་བཞག་དེ་ཡང་གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་བློར་འཇོག་པའམ། ཡང་ན་དངོས་སུ་རྫོགས་བྱང་ཐོབ་འདོད་ཀྱི་བློ་མིན་ཡང་དེ་དང་མ་བྲལ་བའམ་དེས་བརྩིས་ཟིན་པའི་གཟུང་འཛིན་གཉིས་མེད་ཀྱི་བློ་ཡིན་པས་ན་སྐྱོན་མེད་དོ། ། འོ་ན་དེས་སངས་རྒྱས་ཀྱི་སའི་སེམས་བསྐྱེད་ལ་ཇི་ལྟར་ཁྱབ་བམ་སྙམ་ན། སངས་རྒྱས་ཀྱི་སེམས་བསྐྱེད་ཀྱིས་ཀྱང་གཞན་དོན་དུ་རྫོགས་བྱང་ལ་དམིགས་ཏེ། གཞན་དོན་དུ་གཞན་གྱི་རྫོགས་བྱང་ལ་དམིགས་པའི་ཕྱིར་རོ། ། དེ་ཙམ་གྱིས་འདོད་པའི་དོན་ཡང་ཚང་སྟེ་འདོད་པ་ལ་རང་ཉིད་རྫོགས་བྱང་ཐོབ་པར་འདོད་པ་ཡིན་མི་དགོས་པའི་ཕྱིར། འོ་ན་ལམ་མ་ཞུགས་ཀྱི་གང་ཟག་གི་རྒྱུད་ལ་ཡང་ཐེག་ཆེན་སེམས་བསྐྱེད་ཡོད་པར་འགྱུར་ཏེ།གཞན་དོན་དུ་རྫོགས་བྱང་ཐོབ་པར་འདོད་པའི་བློ་ཡོད་པའི་ཕྱིར་སྙམ་ན། རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བ་མེད་པས་སྐྱོན་མེད་དོ། ། ཚུལ་འདི་ནི་ཡུམ་དོན་རབ་གསལ་༼༨༤༽ལས་སངས་རྒྱས་ཀྱི་སར་མ་ཁྱབ་པ་ལ་བུ་སྟོན་གྱི་བཞེད་པ་ལྟར་གྱི་སྐྱོན་སྤོང་བྱེད་པའམ། ཡང་ན་གཞན་དོན་དུ་རང་གཞན་གང་རུང་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་འདུན་པ་དང་མཚུངས་ལྡན་དུ་བྱུང་བའི་གཙོ་བོའི་རྣམ་རིག་གོ ། ཞེས་པའི་དོན་ནོ། ། འདིར་འདོད་པ་གཞན་ཞིག་ལ་བོ་དོང་པཎ་ཆེན་༼༢༦༣༽གྱིས་སློབ་དཔོན་གྱི་ལུགས་ལ་སངས་རྒྱས་ཀྱི་སར་རྗེས་ཐོབ་རྟོག་པ་ཅན་མངའ་བས་འདོད་པའི་རྣམ་པ་ཅན་གྱི་སེམས་བསྐྱེད་ཡོད་པར་གསུངས་མོད། དེའི་རྟོག་པ་ནི་སྒྲ་དོན་འདྲེས་འཛིན་གྱི་རྟོག་པར་མི་འཇོག་པར་ངེས་པས་འགལ་བ་མེད་དོ། ། དབྱེ་བ་ལ་ངོ་བོའི་སྒོ་ནས་དོན་དམ་དང་ཀུན་རྫོབ་སེམས་བསྐྱེད་གཉིས། མཚན་ཉིད་རིམ་བཞིན། ཐེག་ཆེན་སེམས་བསྐྱེད་གང་ཞིག །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བསྡུས་པ་དང་མ་བསྡུས་པའོ། ། འདིར་འདོད་པ་གཞན་ཞིག་ལ་སེ་ར་རྗེ་བཙུན་༼༡༦༧༽གྱིས་མཐོང་ལམ་བར་ཆད་མེད་ལམ་ལ་གནས་པའི་བྱང་འཕགས་ཀྱི་རྒྱུད་ལ་ཀུན་རྫོབ་སེམས་བསྐྱེད་ཡོད་པར་གསུངས་སོ། ། གཉིས་པ་ནི། དེ་ཉིད་འགའ་ཞིག་གིས་གཙོ་སེམས་དང་འགའ་ཞིག་གིས་སེམས་བྱུང་དུ་བཞེད་པ་སོགས་མཁས་པའི་བཞེད་པ་ཅི་རིགས་པ་ཡོད་དེ། དེ་ཡང་ཀུན་མཁྱེན་གོ་རམས་པས་ཟབ་མོར་༼༥༣༽སེམས་བསྐྱེད་ལ་སེམས་སེམས་བྱུང་ཅི་རིགས་ཡོད་པས་གཅིག་ཏུ་ངོས་འཛིན་མེད་པར་གསུངས་ཤིང་། དེ་ཡང་པཎ་ཆེན་ངག་ཆོས་༼༤༤༽ཀྱིས་གསུངས་པ་ལྟར་སེམས་བྱུང་གཙོ་ཆེ་བ་ཡིན་ནོ། ། འདི་དང་ཡུམ་དོན་རབ་གསལ་༼༨༠༽གཉིས་ཆར་ལས་འཕགས་སེང་གཉིས་ཀྱི་ལུགས་ལ་ནི་གཙོ་སེམས་སུ་བཞེད་དགོས་པ་དང་སྐུ་མཆེད་གཉིས་ཀྱི་ལུགས་ལ་སེམས་བྱུང་དུ་བཞེད་དགོས་པར་གསུངས། འདི་དང་མཐུན་པར་རྗེ་བཙུན་རེད་མདའ་བས་༼༡༦༤༽ཀྱང་འཕགས་སེང་གཉིས་ཀྱི་ལུགས་ལ་གཙོ་སེམས་སུ་བཞེད་པར་གསུངས་ལ། ཀུན་མཁྱེན་རོང་སྟོན་༼༦༠༽གྱིས་ཀྱང་འཕགས་སེང་གཉིས་ཀྱི་ལུགས་ལ་གཙོ་སེམས་དང་སྐུ་མཆེད་གཉིས་ཀྱི་ལུགས་ལ་སེམས་བྱུང་དུ་བཞེད་པར་གསུངས་ཤིང་། རང་གི་ལུགས་ནི་དཀའ་འགྲེལ་༼༣༣༽ལས་སེམས་བྱུང་དུ་བཞེད་པར་གསུངས་ཏེ། དེ་ཡང་གཞུང་༼༣༨༽དེ་ལས་མང་པོས་བཞེད་པ་ལྟར་སངས་རྒྱས་ཀྱི་སར་སྨོན་འཇུག་གི་སེམས་བསྐྱེད་མེད་པར་གསུངས་སོ། ། པཎ་ཆེན་ཤཱཀ་མཆོག་༼༢༠༤༽གིས་ཀྱང་འཕགས་སེང་གཉིས་ཀྱི་ལུགས་ལ་གཙོ་སེམས་དང་སྐུ་མཆེད་གཉིས་ཀྱི་ལུགས་ལ་རྣམ་རིག་ཏུ་བཞེད་པར་གསུངས། སྐྱེད་ཚལ་མཁན་པོས་༼༡༡༨༽ཀྱང་འཕགས་སེང་དང་སྐུ་མཆེད་ཀྱི་ལུགས་ཀྱི་སེམས་བསྐྱེད་ཀྱི་ངོས་འཛིན་ནི་འདི་དག་དང་ཕལ་ཆེར་མཐུན་པར་གསུངས་ཤིང་རང་གི་ལུགས་ཀྱང་སློབ་དཔོན་གྱི་བཞེད་པ་ལྟར་བཞག་གོ ། གསེར་ཕྲེང་ལས་༼༡༥༢༽ཀྱང་། བྱང་ས་དང་དབྱིག་གཉེན་གྱི་གཞུང་ཚིག་དག་དྲངས་ནས། མཇུག་ཏུ་སྐུ་མཆེད་དགོངས་པ་གཅིག་ཏུ་འདུག་གམ་སྙམ་མོ་ཞེས་པའི་གསུང་དག་ལ་བལྟས་ན་རྗེ་རིན་པོ་ཆེའི་ལུགས་ནི་སྐུ་མཆེད་གཉིས་ཀྱི་ལུགས་ལ་སེམས་བསྐྱེད་སེམས་བྱུང་དུ་བཞེད་པའི་ལུགས་ཡིན་པ་འདྲའོ། ། འོན་ཀྱང་ཀུན་མཁྱེན་འཇམ་བཞེད་༼༢༣༩༽སོགས་ཀྱིས་ནི་སྐུ་མཆེད་གཉིས་ཀྱི་ལུགས་ལ་སེམས་བྱུང་དུ་བཞེད་པའི་ངེས་པ་མེད་ལ། འཕགས་སེང་གཉིས་ཀྱི་ལུགས་ལ་ཡང་གཙོ་སེམས་སུ་བཞེད་པའི་ངེས་པ་མེད་ཅེས་གསུངས། དེ་དག་ལས་འཕགས་སེང་དང་སྐུ་མཆེད་ཀྱི་དགོངས་པ་ནི་ཁོ་བོས་ཀུན་མཁྱེན་གོ་རམས་སོགས་ཀྱི་བཞེད་པའི་ཕྱོགས་ལྟར་བཟུང་བར་འདོད་དེ། ཉི་སྣང་༼༢༦༽ལས།ཡིད་ཀྱི་རྣམ་ཤེས་སུ་གསུངས་པ་དང་། དོན་གསལ་༼༩༽ལས། སེམས་བསྐྱེད་མིན་པར་ཐལ། སེམས་བྱུང་ཡིན་པའི་ཕྱིར་ཞེས་པའི་ཐལ་བར་བདེན་ལན་བཏབ་པའི་ཕྱིར་དང་། བྱང་སར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་མཆོག་ནི་སེམས་བསྐྱེད་པའོ། ། ཞེས་དང་། དབྱིག་གཉེན་གྱིས། ཡོན་ཏན་གཉིས་སམ་གསུམ་ལ་དམིགས་པའི་སེམས་པ་ནི་སེམས་བསྐྱེད་པའོ། ། ཞེས་གསུངས་པའི་ཕྱིར་རོ། ། གསུམ་པ་ནི། མཚན་ཉིད་རིམ་བཞིན། རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བ་གང་ཞིག ། འབྲས་བུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་དང་། དེའི་ཆེད་དུ་ལམ་སྒྲུབ་པར་འདོད་པའི་འདུན་པ་མཚུངས་ལྡན་དང་བཅས་པའོ། ། འདིའི་ཚིག་ཟུར་གྱི་དོགས་པ་གོང་དུ་བཤད་ཟིན་པས།འདིར་སྨོན་འཇུག་གཉིས་འགལ་མི་འགལ་སོགས་ལ་དཔྱད་ན། ཀུན་མཁྱེན་གོ་རམས་པས་ཟབ་མོར་༼༥༥༽སྨོན་འཇུག་གི་སེམས་གཉིས་རྒྱུད་ལ་སྐྱེས་ནས་ཇི་སྲིད་གནས་ཀྱི་བར་དུ་ངོ་བོ་གཅིག་ཏུ་ལྡན་པར་གསུངས་ཤིང་། འདི་དང་ཆ་མཐུན་པ་ཞིག་ལ་ཉ་དབོན་༼༢༡༣༽གྱིས་སྤྱིར་རྒྱ་གར་པའི་འཆད་ཚུལ་ལྟར་ན་ངོ་བོ་མི་གཅིག་པར་གསལ་ཞེས་དང་། དང་པོ་རིམ་ཅན་དུ་འཐོབ་ཅིང་ཕྱིས་འཇུག་པ་ལ་སྨོན་པའང་ངོ་བོ་གཅིག་ཅེས་རུང་སྙམ་མོ་ཞེས་གསུངས། རྒྱ་གར་མཁས་པ་ཆོས་བཤེས་༼༤༢༢༽ཀྱིས་འདི་གཉིས་ཀྱི་ཁྱད་པར་ཆོ་གས་བླང་བ་དང་མ་བླང་བའི་སྟེང་ནས་གསུངས། ཀུན་མཁྱེན་རོང་སྟོན་༼༦༡༽གྱིས་བསླབ་པས་ཟིན་མ་ཟིན་གྱི་སྟེང་ནས་འཇོག་ཅིང་དེ་ཡང་སྨོན་སེམས་ནི་ལམ་མ་ཞུགས་ན་གཙོ་བོར་ཡོད་པར་གསུངས་པས། རྗེ་འདིའི་ལུགས་ལ་ལམ་མ་ཞུགས་ན་ཡང་སེམས་བསྐྱེད་ཡོད་པར་འདོད། བོ་དོང་པཎ་ཆེན་༼༢༦༦༽གྱིས་ཀྱང་འདི་གཉིས་ཀྱི་ཁྱད་པར་སྡོམ་པའི་རྩ་བ་ཅན་ཡིན་མིན་གྱི་སྟེང་ནས་གསུངས་ཤིང་། ཁོང་གིས་སློབ་དཔོན་གྱི་ལུགས་ལ་སེམས་བསྐྱེད་ལ་འདི་གཉིས་སུ་ངེས་པར་གསུངས། འོན་ཀྱང་མཁས་པ་ཨར་༼༡༢༥༽གྱིས་སངས་རྒྱས་ཀྱི་སའི་སེམས་བསྐྱེད་དེ་འདི་གཉིས་གང་ཡིན་ཟེར་ན་གང་ཡང་མིན་ཏེ་འདི་གཉིས་ནི་སློབ་པའི་གནས་སྐབས་ཀྱི་དབྱེ་བ་ཙམ་དུ་ཟད་དོ་ཞེས་གསུངས་པ་ཉིད་ལེགས་སོ། ། རྗེ་བཙུན་རེད་མདའ་བས་༼༡༦༥༽༼༡༧༣༽འདི་གཉིས་ཀྱི་ཁྱད་པར་ནི་སྦྱིན་སོགས་སྒྲུབ་པའི་གྲོགས་ཀྱིས་ཟིན་མ་ཟིན་གྱི་སྟེང་ནས་གསུངས་ཤིང་། ཐེག་ཆེན་སེམས་བསྐྱེད་ལ་དེ་གཉིས་གང་རུང་གིས་ཁྱབ་པར་བསྒྲུབས་ནས་སངས་རྒྱས་ཀྱི་སར་སེམས་བསྐྱེད་མེད་པར་གསུངས། འདི་དང་བཞེད་པ་ཆ་མཐུན་པར་བོ་དོང་པཎ་ཆེན་༼༢༨༠༽གྱིས་སློབ་དཔོན་གྱི་ལུགས་ལ་སངས་རྒྱས་ཀྱི་སར་སེམས་བསྐྱེད་མེད་པར་བཞེད།མཁས་གྲུབ་གཡག་པས་༼༡༦༥༽༼༡༦༨༽སྨོན་སེམས་ལམ་མ་ཞུགས་ནས་ས་བདུན་པའི་བར་དང་། འཇུག་སེམས་ཚོགས་ལམ་ནས་ས་བཅུ་པའི་བར་ཡོད་པ་དང་། འདི་གཉིས་ལ་ཀུན་རྫོབ་སེམས་བསྐྱེད་ཀྱིས་ཁྱབ་པར་བཞེད། འདི་དང་ཆ་མཐུན་པར་འཇམ་བཞེད་༼༢༥༣༽ཀྱིས་སྨོན་སེམས་ཚོགས་ལམ་ཆུང་ངུ་ནས་ས་བདུན་པའི་བར་ཡོད་པར་བཞེད། རྗེ་ཙོང་ཁ་པས་༼༡༥༦༽ནི་འདི་གཉིས་ཀྱི་ཁྱད་པར་བྱང་ཆུབ་སྒྲུབ་པའི་བྱ་བས་ཟིན་མ་ཟིན་གྱི་སྟེང་ནས་འཇོག་པར་གསུངས། འདི་དང་མཐུན་པར་རྒྱལ་ཚབ་རྗེས་༼༡༡༦༽ཀྱང་སྤྱོད་པ་ཉམས་སུ་ལེན་པའི་བྱ་བས་དངོས་སུ་ཟིན་མ་ཟིན་གྱི་སྟེང་ནས་གསུངས་ཤིང་འཇུག་སེམས་ནི་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་པར་གསུངས། སེ་ར་རྗེ་བཙུན་༼༡༧༧༽གྱིས་ཀྱང་འདི་གཉིས་ཀྱི་ཁྱད་པར་རྒྱལ་ཚབ་ལྟར་བཞེད་དོ། ། དེ་ལྟར་མཁས་པ་ཕལ་མོ་ཆེའི་བཞེད་པ་ནི་སྨོན་འཇུག་འགལ་བའི་ལུགས་ཡིན་ཞིང་། རང་ལུགས་ནི་རྗེ་བཙུན་གོང་མ་རྣམས་ཀྱི་བཞེད་པའི་རྗེས་སུ་འབྲངས་ནས་ངོ་བོ་གཅིག་ཏུ་བཞེད་དེ། དེ་གཉིས་དུས་མཉམ་དུ་སྐྱེས་པའི་ཚེ་སྨོན་འཇུག་གི་སེམས་ཙམ་ནི་སེམས་བྱུང་འདུན་པ་དང་སྨོན་འཇུག་གི་སེམས་བསྐྱེད་ཀྱི་གཙོ་བོ་ནི། མི་མཐུན་ཕྱོགས་སྤོང་བའི་སེམས་པའི་སྟེང་ནས་འཇོག་པ་ཡིན་པས། སེམས་པ་དེ་སྨོན་པ་སེམས་བསྐྱེད་དང་། འཇུག་པ་སེམས་བསྐྱེད་དུ་ནམ་ཞིག་སོང་བའི་ཚེ་དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་ཐམས་ཅད་སེམས་བསྐྱེད་གཉིས་སུ་འགྱུར་བའི་ཕྱིར་རོ། ། བཞི་པ་ནི། རྒྱན་ལས། སེམས་བསྐྱེད་ཉེར་གཉིས་ཀྱི་ས་མཚམས་ལ་འདི་ནས་འཇོག་དགོས་ཞེས་གསལ་ཁ་མི་སྣང་ཡང་། རྒྱན་སྣང་༼༤༡༽དང་འགྲེལ་ཆུང་༼༡༢༽གཉིས་ཆར་ལས་སེམས་བསྐྱེད་པའི་རབ་ཏུ་དབྱེ་བ་ནི་ལས་དང་པོ་པའི་ས་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་པར་གསུངས་ལ། ཨར་༼༡༣༢༽གྱིས་ཀྱང་དེ་བཞིན་དུ་གསུངས། ཀུན་མཁྱེན་གོ་རམས་པས།༼༥༦༽འགྲེལ་བ་དོན་གསལ་ལས་གསུངས་པའི་སེམས་བསྐྱེད་ཐ་མ་གསུམ་པོ་སངས་རྒྱས་ཀྱི་སར་བཞག་དགོས་པར་གསུངས་ཤིང་། དེ་ཡང་རྒྱན་གྱི་དངོས་བསྟན་གྱི་ཐ་མ་གསུམ་ལ་གོ་དགོས་པར་སྙམ། འདི་དང་ཆ་མཐུན་པར་སེ་ར་༼༡༨༤༽དང་འཇམ་བཞེད་༼༢༥༦༽གཉིས་ཀྱིས་ཀྱང་འགྲེལ་བ་དོན་གསལ་གྱི་དངོས་བསྟན་གྱི་སེམས་བསྐྱེད་ཐ་མ་གསུམ་པོ་སངས་རྒྱས་ཀྱི་སར་ཡོད་པར་གསུངས། འོ་ན་ཀུན་མཁྱེན་གོ་རམས་པའི་དགོངས་པ་ལ་ཤེར་མདོ་དང་མདོ་སྡེ་རྒྱན་གྱི་དངོས་བསྟན་གྱི་སེམས་བསྐྱེད་ཐ་མ་གསུམ་པོ་ཡང་སངས་རྒྱས་ཀྱི་ས་ལ་འཇོག་དགོས་པར་འགྱུར་ལ། དེ་ཡང་འདོད་ན། མདོ་སྡེ་རྒྱན་ལས།རྒྱལ་སྲས་རྣམས་ཀྱི་སེམས་བསྐྱེད་པ། ། སྤྲིན་དང་འདྲ་བར་བསྟན་པ་སྟེ། ། ཞེས་རྟེན་གྱི་གང་ཟག་ལ་བྱང་ཆུབ་སེམས་དཔའ་སྨོས་པ་དང་འགལ་ལོ་སྙམ་ན། པཎ་ཆེན་ངག་ཆོས་༼༤༢༽ཀྱིས་གསུངས་པ་ལྟར་སྤྱིར་ཀུན་མཁྱེན་གྱི་དགོངས་པ་ལ་ཤེར་མདོ་དང་རྒྱན་གཉིས་ནས་བསྟན་པའི་སེམས་བསྐྱེད་ཉེར་གཉིས་པོ་དོན་གཅིག་ཏུ་བཞེད་མོད། དེ་གསུམ་གྱི་དངོས་བསྟན་གྱི་སེམས་བསྐྱེད་ཐ་མ་གསུམ་པོ་ནི་སངས་རྒྱས་ཀྱི་ས་ལ་ཡོད་མེད་ཀྱི་ཁྱད་པར་ཡོད་དེ། མདོ་དང་མདོ་རྒྱན་གྱི་དངོས་བསྟན་གྱི་སེམས་བསྐྱེད་ཐ་མ་གསུམ་པོ་ནི་ས་བཅུ་པ་དང་། མངོན་རྟོགས་རྒྱན་གྱི་དངོས་བསྟན་གྱི་ཐ་མ་གསུམ་པོ་ནི་སངས་རྒྱས་ཀྱི་སར་འཇོག་དགོས་པའི་ཕྱིར་རོ། ། རྒྱ་གར་གྱི་མཁས་པ་གསེར་གླིང་པ་༼༡༦༡༽དང་ཆོས་བཤེས་༼༤༢༦༽གཉིས་ཀྱིས་ཐ་མ་གསུམ་སངས་རྒྱས་ཀྱི་ས་ཁོ་ནས་བསྡུས་པར་གསུངས། ཆོས་རྗེ་བླ་མ་དམ་པས་༼༡༠༤༽འདིའི་ཐ་མ་གསུམ་པོ་བྱང་སེམས་ལ་འཇོག་པ་དེ་ཉིད་འཐད་ཕྱོགས་སུ་གསུངས། ཀུན་མཁྱེན་གཡག་པས་༼༡༦༠༽གཞན་རྣམས་ལ་གཙོ་ཆེར་ཞེས་པའི་གསུང་གི་ཁྱད་པར་སྦྱར་ཏེ། དང་པོ་གཙོ་ཆེར་ཚོགས་ལམ་ཆུང་ངུས་བསྡུས་པ་ནས་གཞན་ལ་ཡང་དེ་བཞིན་དུ་སྦྱར་ཞིང་ཐ་མ་གསུམ་པོ་ནི་སངས་རྒྱས་ཀྱི་ས་མཚན་ཉིད་པས་བསྡུས་པར་གསུངས། པཎ་ཆེན་ཤཱཀ་མཆོག་༼༢༣༣༽གིས་ཀྱང་སེམས་བསྐྱེད་ཐ་མ་གསུམ་པོ་སངས་རྒྱས་ཀྱི་སས་བསྡུས་པར་གསུངས་ཤིང་། བཅོམ་ལྡན་རིགས་རལ།༼༡༡༥༽ཉ་དབོན་ཀུན་དགའ་དཔལ། ༼༢༢༨༽ རྗེ་བཙུན་ཙོང་ཁ་པ། ༼༡༨༣༽རྒྱལ་ཚབ་རྗེ་༼༡༣༨༽རྣམས་ཀྱིས་ཀྱང་འདི་བཞིན་གསུངས། རྗེ་རེད་མདའ་བས་༼༡༧༩༽ནི་ཐ་མ་གསུམ་པོ་འདི་ལ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཅེས་པའི་ཐ་སྙད་སྦྱར་ནས་དེ་ཡང་སངས་རྒྱས་ཀྱི་སར་ཡོད་པ་སྟེ། སེམས་བསྐྱེད་མཚན་ཉིད་པ་མིན་པར་བཞེད་དོ། །འདི་དང་མཐུན་པར་བོ་དོང་པཎ་ཆེན་༼༢༨༠༽གྱིས་ཀྱང་སློབ་དཔོན་གྱི་ལུགས་ལ་སེམས་བསྐྱེད་ལ་སྨོན་འཇུག་གཉིས་སུ་ངེས་པས་སངས་རྒྱས་ཀྱི་ས་ལ་སེམས་བསྐྱེད་མཚན་ཉིད་པ་མེད་ཀྱང་། སེམས་བསྐྱེད་ཐ་མ་གསུམ་པོ་འདི་ནི་སངས་རྒྱས་ཀྱི་སར་ཡོད་པ་སྟེ། དེ་ཡང་སེམས་བསྐྱེད་མཚན་ཉིད་པ་མིན་པར་གསུངས། ཀུན་མཁྱེན་རོང་སྟོན་༼༧༥༽གྱིས་སེམས་བསྐྱེད་ཉེར་གཉིས་ཕལ་ཆེར་གྱི་ས་མཚམས་ནི་འགྲེལ་བ་དོན་གསལ་གྱི་ཚིག་ཟིན་ལྟར་ལགས་ལ། ཚིག་དོན་རབ་གསལ་ལས་གསུངས་པའི་ས་མཚམས་དེ་ཡང་། ཡུམ་དོན་རབ་གསལ་༼༩༢༽ལས་ཕྱྭ་པ་ཆོས་སེང་ལ་དགག་པ་གཏོང་སྐབས་འོ་ན་སྦྱོར་བ་དང་ལྡན་པའི་སེམས་བསྐྱེད་བྱང་སེམས་ཀྱི་སྦྱོར་ལམ་ཁོ་ནར་འཇོག་པ་མི་འཐད་པར་ཐལ། ཞེས་པའི་ཁོ་ནའི་ཚིག་ཟིན་ལ་བལྟས་ན་སྒྲ་ཇི་བཞིན་པ་ཁས་ལེན་དགོས་པ་འདྲའོ། ། དེ་ལྟར་མཁས་པ་རྣམས་ཀྱིས་སེམས་བསྐྱེད་ཉེར་གཉིས་ཀྱི་ས་མཚམས་ཕལ་ཆེ་བ་འཇོག་ཚུལ་འདྲ་ལ། མི་འདྲ་ས་གཙོ་བོ་ནི་ཐ་མ་གསུམ་པོ་ཡིན་ཞིང་། དེ་ཡང་ཁོ་བོས་སློབ་དཔོན་གྱི་དགོངས་པ་ནི་ཀུན་མཁྱེན་གོ་རམས་པའི་ལུགས་ལྟར་བཟུང་སྟེ། རྒྱན་སྣང་༼༤༢༽དང་། དོན་གསལ་༼༡༢༽གཉིས་ཆར་ལས། འདི་ནི་སོ་སོའི་སྐྱེ་བོ་ནས་སངས་རྒྱས་ཀྱི་བར་གྱི་རྒྱུ་དང་འབྲས་བུའི་དབྱེ་བ་ཡིན་པར་ཤེས་པར་བྱའོ་ཞེས་གསུངས་ཤིང་། འབྲས་བུ་སེམས་བསྐྱེད་ནི་འདི་གསུམ་ལས་ལོགས་སུ་འཇོག་ཏུ་མེད་པའི་ཕྱིར་རོ། ། གཉིས་པ་གདམས་ངག་ལ། གདམས་ངག་སྤྱིའི་ཆིངས་བཞག ། གདམས་ངག་ལ་ངག་གིས་ཁྱབ་མིན་དཔྱད། གདམས་ངག་ཉན་པའི་ས་མཚམས་ལ་དཔྱད། གདམས་པ་དང་རྗེས་བསྟན་གྱི་ཁྱད་པར་ལ་དཔྱད་པ་དང་བཞི་ལས། དང་པོ་ལ། མཚན་ཉིད་ནི། འབྲས་བུ་བདེ་བླག་ཏུ་ཐོབ་པའི་ཐབས་སྟོན་པར་བྱེད་པའི་ངག ། འདིར་བསྟན་གདམས་ངག་གི་མཚན་ཉིད་ནི། གདུལ་བྱ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་གང་ཟག་ལ་རྣམ་མཁྱེན་བསྒྲུབ་པའི་ཆེད་དུ་ཡུལ་བཅུ་པོ་གང་རུང་ཉམས་སུ་ལེན་ཚུལ་སྟོན་པར་བྱེད་པའི་ཤེར་ཕྱིན་གྱི་མདོ་ཚིག ། དབྱེ་ན་བཅུའོ། ། གཉིས་པ་ནི། འདིར་མཁས་པའི་བཞེད་ཚུལ་མི་འདྲ་སྟེ། དེ་ཡང་ཀུན་མཁྱེན་རོང་སྟོན་༼༧༧༽གྱིས་གདམས་ངག་ལ་ངག་ཁོ་ནས་ཁྱབ་པར་གསུངས་ཤིང་། དེའི་རྗེས་སུ་འབྲངས་ནས་ཀུན་མཁྱེན་གོ་རམས་པས་རབ་གསལ་༼༩༤༽༼༢༤ ༽རྣམ་གཉིས་ལས་ཀྱང་གདམས་ངག་ལ་ངག་གིས་ཁྱབ་པར་གསུངས། བོ་དོང་པཎ་ཆེན་༼༣༣༩༽དང་། སྐྱེད་ཚལ་མཁན་པོ་༼༡༤༡༽རྣམ་གཉིས་ཀྱིས་ཀྱང་གདམས་ངག་ལ་ངག་གིས་ཁྱབ་པར་གསུངས་ཤིང་། རྗེ་ཙོང་ཁ་པས་༼༡༨༦༽ཀྱང་ཆེན་པོ་རྣམས་ཞལ་འཆམ་པར་འབྱུང་བའི་ཕྱིར་གདམས་ངག་ནི་རྗོད་བྱེད་མཚན་ཉིད་པ་ཡིན་ལ་ཞེས་གསུངས་པས་གདམས་ངག་ལ་ངག་གིས་ཁྱབ་པ་བཞེད་པར་སྙམ་མོ། ། པཎ་ཆེན་ཤཱཀ་མཆོག་༼༢༣༥༽གིས་གདམས་ངག་ལ་ངག་གིས་ཁྱབ་ཀྱང་རྗོད་བྱེད་ཀྱི་སྒྲ་ཡིན་པས་ངེས་པ་ནི་མེད་དེ། མིང་ཚིག་ཡི་གེ་དང་། བཀའ་དང་བསྟན་བཅོས། ལུང་གི་ཆོས་འཁོར་སོགས་ཀྱི་རྣམ་པར་བཞག་པ་ཐམས་ཅད་ཀྱང་དེ་དང་དེར་སྣང་བའི་རྣམ་རིག་ལ་འཆད་པ་ཡིན་གྱི། ཕྱི་རོལ་གྱི་དོན་ལ་འཆད་པ་མ་ཡིན་པའི་ཕྱིར་ཞེས་གསུངས་སོ། ། འདི་དག་དང་བཞེད་ཚུལ་མི་མཐུན་པ། སེ་ར་རྗེ་བཙུན་༼༡༨༩༽གྱིས་གདམས་ངག་ལ་ངག་གིས་མ་ཁྱབ་སྟེ། སངས་རྒྱས་ཀྱི་ཐུགས་རྗེའི་དབང་གིས་ལྗོན་ཤིང་རླུང་གིས་བསྐུལ་བ་ལ་བརྟེན་ནས་བྱུང་བའི་འདུས་བྱས་མི་རྟག་ཅེས་པའི་སྒྲ་ཆོས་ཅན་ཞེས་གསུངས། འཇམ་དབྱངས་བཞེད་པས་༼༢༦༢༽ཀྱང་གདམས་ངག་ལ་ངག་གིས་མ་ཁྱབ་སྟེ། ཇོ་བོ་རྗེའི། ངོ་བོ་ངག་གི་འཁོར་ལོར་བཞེད། ། ཅེས་པའི་ལུང་དེས་འདིར་བསྟན་གྱི་གདམས་ངག་ལ་ངག་གིས་ཁྱབ་པར་བསྟན་གྱི། སྤྱིར་མ་བསྟན་ཞེས་གསུངས། དེ་ལྟར་མཁས་པའི་བཞེད་པ་སྣ་ཚོགས་པ་ལས་ཁོ་བོ་ནི་ལུགས་སྔ་མའི་རྗེས་སུ་འབྲངས་ཏེ། དོན་གསལ་༼༡༣༽ལས། ལུང་འབོགས་པ་དཀོན་མཆོག་གསུམ་ལ་འདོམས་པ་དང་། ཞེས་དང་།ཇོ་བོ་རྗེས། གདམས་ངག་རྣམ་པ་བཅུ་ཡིན་ཏེ། ། ངོ་བོ་ངག་གི་འཁོར་ལོར་བཞེད། ། ཅེས་དང་། མཁས་པ་ཨར་༼༡༣༩༽གྱིས་ཀྱང་ངོ་བོ་ནི་འདོམས་པ་སྟེ། ཞེས་སོགས་སྔོན་གྱི་མཁས་པ་རྣམས་ཀྱིས་གདམས་ངག་ལ་ངག་གིས་ཁྱབ་པ་ཁོ་ན་གསུངས་པའི་ཕྱིར་རོ། ། གསུམ་པ་ནི། ཀུན་མཁྱེན་རོང་སྟོན་༼༧༦༽གྱིས་ཚིག་དོན་རབ་གསལ་ལས་ལམ་མ་ཞུགས་ན་ཡང་གདམས་ངག་ཉན་པ་ཡོད་པར་གསུངས་ཤིང་། དཀའ་འགྲེལ་༼༣༩༽ལས་འདིར་བསྟན་གྱི་གདམས་ངག་ཀྱང་ལམ་མ་ཞུགས་ནས་ཉན་པར་གསུངས། དེའི་རྗེས་སུ་འབྲངས་ནས་ཀུན་མཁྱེན་གྱིས་ཡུམ་དོན་རབ་གསལ་༼༩༦༽ལས་ཀྱང་སྤྱིར་གདམས་ངག་དང་གདམས་ངག་ཁྱད་པར་ཅན་གཉིས་ཀ་ཡང་ལམ་མ་ཞུགས་ནས་རྒྱུན་མཐའི་བར་དུ་ཉན་པ་ཡོད་པར་གསུངས་ལ། སྲིད་པ་ཐ་མ་པའི་བྱང་སེམས་ཀྱང་གདམས་ངག་ཉན་པའི་སྣོད་དུ་གསུངས། སྐྱེད་ཚལ་མཁན་པོས་༼༡༣༨༽ནི་རྒྱུན་མཐའི་བྱང་སེམས་ཀྱིས་གདམས་ངག་ལ་ལྟོས་མེད་དུ་རྣམ་མཁྱེན་མངོན་དུ་བྱེད་ནུས་པས་ན་གདམས་ངག་ཉན་པའི་སྣོད་མིན་པར་གསུངས་ཤིང་། ཉན་པའི་ས་མཚམས་ནི་ལམ་མ་ཞུགས་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་གསུངས། རྒྱལ་ཚབ་རྗེས་༼༡༣༩༽ཀྱང་གདམས་ངག་དང་དེ་ཁྱད་པར་ཅན་གཉིས་ཀ་ལམ་མ་ཞུགས་ནས་ཉན་པ་ཡོད་པར་གསུངས། ཀུན་མཁྱེན་གཡག་པས་༼༡༧༧༽གདམས་ངག་ཙམ་ལམ་མ་ཞུགས་ན་ཉན་པ་ཡོད་ཀྱང་། ཁྱད་པར་ཅན་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་ནས་སངས་རྒྱས་པའི་བར་ན་ཡོད་པར་གསུངས། འདི་དང་ཆ་མཐུན་པ་སེ་ར་རྗེ་བཙུན་༼༡༨༧༽གྱིས་ཀྱང་སངས་རྒྱས་ཀྱི་སར་གདམས་ངག་ཉན་པ་མེད་ན། གདམས་ངག་ཉན་པའི་ཉན་ཤེས་མེད་པར་ཐལ་བས་གདམས་ངག་ཉན་པ་ཡོད་པར་གསུངས། རྗེ་བཙུན་རེད་མདའ་བས་༼༡༨༠༽ཕལ་བ་ཚོགས་ལམ་ཆུང་ངུ་དང་ཁྱད་པར་ཅན་ཆེན་པོ་ནས་ཉན་པར་གསུངས་ཤིང་། འདི་དང་བཞེད་པ་ཆ་མཐུན་པ་བོ་དོང་པཎ་ཆེན་༼༣༤༣༽གྱིས་གདམས་ངག་ཕལ་བ་ཚོགས་ལམ་ཆུང་ངུ་ནས་དང་། ཁྱད་པར་ཅན་ཚོགས་ལམ་ཆེན་པོ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་ཉན་པར་གསུངས། དེ་སོགས་མཁས་པའི་བཞེད་ཚུལ་མཐའ་ཡས་པ་ལས། ཁོ་བོ་ནི་ཀུན་མཁྱེན་དམ་པའི་རྗེས་སུ་འབྲངས་ཏེ། ལམ་མ་ཞུགས་ན་ལམ་ཤེས་ཀྱི་མདོ་ཉན་པ་ཡོད་པས་གདམས་ངག་དང་འདིར་བསྟན་གྱི་གདམས་ངག་གཉིས་ཀ་ཉན་པ་ཡོད་པར་གྲུབ་ལ། རྒྱུན་མཐར་འོད་ཟེར་ཆེན་པོའི་དབང་བསྐུར་བ་ཡོད་པས་གདམས་ངག་ཉན་པ་ཡོད་པར་གྲུབ་ཅིང་། སངས་རྒྱས་ཀྱིས་གདམས་ངག་ཉན་པའི་དགོས་དོན་རྫོགས་པས་གདམས་ངག་ཉན་པའི་སྣོད་མིན་པར་གྲུབ་པ་སྟེ།རིགས་པ་འདི་གསུམ་གྱིས་གདམས་ངག་ཉན་པའི་ས་མཚམས་ལམ་མ་ཞུགས་ནས་རྒྱུན་མཐའི་བར་ཡིན་པ་གྲུབ་བོ། ། འདིར་རང་ལུགས་ལ་སངས་རྒྱས་ཀྱིས་གདམས་ངག་ཉན་པ་ཡོད་ཀྱང་གདམས་ངག་ཉན་པའི་སྣོད་མིན་པའི་ཞིབ་ཆ་ཕྱེ་དགོས་སོ། ། བཞི་པ་ནི། མཁས་པ་ཨར་གྱིས་༼༡༣༩༽འདི་གཉིས་ཀྱི་ཁྱད་པར་རིམ་བཞིན། ཡོན་ཏན་ཐོབ་པ་མི་ཉམས་ཤིང་འཕེལ་བར་བྱེད་པ་དང་། ཡོན་ཏན་མ་ཐོབ་པ་ཐོབ་པར་བྱེད་པའི་སྟེང་ནས་གསུངས་ཤིང་། རྗེ་བཙུན་རེད་མདའ་བས་༼༡༨༡༽ཀྱང་འདི་ལྟར་གསུངས། བཅོམ་ལྡན་རིགས་རལ་༼༡༣༢༽གྱིས་ཀྱང་འཕགས་པ་གྲོལ་སྡེའི་རྗེས་སུ་འབྲངས་ནས་འདི་ལྟར་འཆད་ཅིང་། ཉ་དབོན་༼༢༣༡༽ཡང་འདི་བཞིན་བཞེད། ཀུན་མཁྱེན་གོ་རམས་པས་ཟབ་མོར་༼༦༠༽ཡང་ཐོབ་ཟིན་པའི་ཡོན་ཏན་ཡོངས་སུ་སྐྱོང་བའི་དོན་གྱིས་མི་ཉམས་པར་བྱེད་པ་ནི་གདམས་པ་དང་། མ་ཐོབ་པའི་ཡོན་ཏན་ཐོབ་པར་བྱེད་པ་ནི་རྗེས་བསྟན་ཞེས་གསུངས། ཡུམ་དོན་རབ་གསལ་༼༩༥༽ལས་ཀྱང་ཉི་སྣང་དང་རྒྱན་སྣང་གི་རྗེས་སུ་འབྲངས་ཏེ་འདི་བཞིན་གསུངས་ཤིང་། པཎ་ཆེན་ཤཱཀ་མཆོག་༼༢༣༥༽གིས་ཀྱང་འགྲེལ་བ་གསུམ་ཆར་གྱི་ལུགས་འདི་བཞིན་འཆད་དགོས་པར་གསུངས། འཇམ་དབྱངས་བཞེད་པས་༼༢༦༤༽ཀྱང་འདི་བཞིན་གསུངས་སོ། ། འདི་དག་དང་བཞེད་པ་མི་མཐུན་པ་ལ། ཀུན་མཁྱེན་རོང་སྟོན་༼༧༨༽གྱིས་འགྲེལ་ཆེན་གྱི་དགོངས་པ་དེ་ལྟར་ཡིན་མོད། འགྲེལ་ཆུང་གི་དགོངས་པ་ལ་ནི་དེ་ལས་ཟློག་སྟེ་གོ་དགོས་པར་གསུངས་ཤིང་། སྐྱེད་ཚལ་མཁན་པོས་༼༡༤༢༽ཀྱང་འགྲེལ་ཆེན་གྱི་དགོངས་པ་ལ་གོང་ལྟར་དང་། འགྲེལ་ཆུང་གི་དགོངས་པ་ནི་དེ་ལས་ཟློག་དགོས་པར་གསུངས། བོ་དོང་པཎ་ཆེན་༼༣༤༠༽གྱིས་ཀྱང་འགྲེལ་ཆེན་གྱི་དགོངས་པ་ནི་དེ་ལྟར་ཡིན་ཀྱང་། འགྲེལ་ཆུང་གི་ལུགས་ལ་ཡོན་ཏན་མ་གྲུབ་པ་གྲུབ་པར་བྱེད་པ་གདམས་པ་དང་། ཐོབ་པ་ཡོངས་སུ་སྲུང་བ་རྗེས་བསྟན་ཞེས་གསུངས། དེ་དག་ལས་ཀྱང་ཁོ་བོ་ནི་སྔ་མའི་རྗེས་སུ་འབྲང་བར་བྱ་སྟེ། ཉི་སྣང་༼༢༦༽ལས། ཐོབ་ཟིན་པའི་ཡོན་ཏན་ཡོངས་སུ་སྐྱོང་བའི་དོན་གྱིས་མི་ཉམས་པར་བྱེད་པ་ནི་གདམས་ངག་ཡིན་ལ། དེའི་འོག་ཏུ་མ་ཐོབ་པའི་ཡོན་ཏན་ཐོབ་པར་བྱེད་པའི་ཕྱིར་ན་རྗེས་སུ་བསྟན་པ་ཡིན་ནོ། ། ཞེས་དང་། རྒྱན་སྣང་༼༤༧༽ལས། དང་པོ་ཐོབ་པའི་ཡོན་ཏན་ཡོངས་སུ་བསྲུང་བའི་དོན་གྱིས་ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་བསླབ་པས་གདམས་པར་བགྱི་ཞིང་། དེ་ནས་ཕྱིས་མ་ཐོབ་པའི་ཡོན་ཏན་ཐོབ་པར་བྱ་བའི་ཕྱིར་རྗེས་སུ་བསྟན་པར་བགྱི་སྟེ། ཞེས་གསུངས་པའི་ཕྱིར། འོ་ན་དོན་གསལ་༼༡༢༽ལས། བྱང་ཆུབ་སེམས་དཔའ་དུས་ཇི་ལྟ་བ་བཞིན་དུ་དོན་དུ་གཉེར་བར་བྱེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། དེས་འཕངས་པའི་ཆོས་འགྲུབ་པར་བྱ་བའི་ཕྱིར་ཡོན་ཏན་ཐོབ་པ་ཡོངས་སུ་བསྲུང་བའི་དོན་གྱིས་མངོན་པར་འཕེལ་བར་བྱ་བའི་ཕྱིར་འདོམས་པ་ནི་གདམས་ངག་སྟེ། ཞེས་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་མཁས་པ་བུ་སྟོན་གྱིས་གསུངས་པ་ལྟར་གོ་ཟློག་སྟེ་དང་པོས་རྗེས་བསྟན་དང་ཕྱི་མས་གདམས་ངག་བསྟན་པ་ཡིན་ནོ། ། གསུམ་པ་ཐེག་ཆེན་སྦྱོར་ལམ་ལ། སྦྱོར་ལམ་བློ་རིགས་གང་ཡིན་དཔྱད། སྦྱོར་ལམ་གྱི་ཁྱད་པར་གྱི་ཆོས་ལ་དཔྱད། སྦྱོར་ལམ་ལ་རྟོག་པ་ལྡན་ཚུལ་དཔྱད། གཟུང་རྟོག་དང་འཛིན་རྟོག་གཉིས་མུ་གསུམ་མུ་བཞི་གང་ཡིན་དཔྱད་པ་དང་བཞི་ལས། དང་པོ་ལ། པཎ་ཆེན་ཤཱཀ་མཆོག་གིས་གསུངས་པ་བཞིན།བྱང་སེམས་ཀྱི་སྦྱོར་ལམ་མཉམ་བཞག་དེ་བློ་རིགས་གང་ཡིན་དཔྱད་དགོས་པ་ལས། སྦྱོར་ལམ་གང་ཡིན་ཡིན་གྱི་བློ་རིགས་དཔྱད་དགོས་པ་མིན་ནོ། ། འོ་ན་དེ་བློ་རིགས་གང་དུ་འདོད་ཅེ་ན། ཀུན་མཁྱེན་གོ་རམས་པས་ཟབ་མོ་༼༧༧༽དང་ཡུམ་དོན་རབ་གསལ་༼༡༢༥༽གཉིས་ཆར་ལས། འདི་ནི་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་སྟེ། གཅིག་དུ་བྲལ་གྱི་རྟགས་ལས་སྣང་བ་བདེན་མེད་དུ་རྟོགས་པའི་རིགས་རྒྱུན་སྒོམ་པར་བྱེད་པའི་བློ་ཞིག་ལ་བཞེད། འདི་དང་མཐུན་པར་མཁས་པ་ཕལ་ཆེ་བས་བཞེད་དེ། ཀུན་མཁྱེན་རོང་སྟོན་གྱིས་ཚིག་དོན་རབ་གསལ་༼༡༢༣༽ལས། གཅིག་དུ་བྲལ་ལ་སོགས་པའི་གཏན་ཚིགས་ལ་བརྟེན་པའི་ཚད་མས་རྟོགས་པའི་མི་བརྗེད་པར་འཛིན་པའི་འཇུག་པའི་བློ་ཞིག་ལ་གསུངས་ཤིང་། དཀའ་འགྲེལ་༼༥༣༽ལས་རྗེས་དཔག་ཚད་མར་གསུངས་མོད། འགལ་བ་མེད་དེ་དངོས་སྨྲ་བའི་ལུགས་ཀྱི་རྗེས་དཔག་ཚད་མ་ལྟ་བུར་མི་བཞེད་པའི་ཕྱིར་རོ། ། བོ་དོང་པཎ་ཆེན་༼༤༨༢༽གྱིས་རྗེས་དཔག་གིས་གཏན་ལ་ཕབ་ཟིན་པའི་དོན་ལ་འཇུག་པའི་དྲན་ཤེས་དང་། བཅོམ་ལྡན་རིགས་རལ་༼༡༨༢༽གྱིས་རྟོག་པ་སྟེ་དེ་ཡང་མི་བརྗེད་པར་འཛིན་པའི་དྲན་པ་དང་། རྗེ་བཙུན་རེད་མདའ་བ་༼༢༥༩༽དང་སྐྱེད་ཚལ་མཁན་པོ༼༡༩༧༽གཉིས་ཀྱིས་ཀྱང་འདི་ལྟར་བཞེད་པ་སོགས་མཁས་པ་ཕལ་ཆེ་བས་ཞལ་མཐུན་པར་གསུངས་སོ། ། འདིར་བཞེད་པ་དམིགས་བསལ་བ་ཞིག་ལ། ཉ་དབོན་༼༣༡༥༽གྱིས་རྣལ་འབྱོར་མངོན་སུམ་དང་། པཎ་ཆེན་ཤཱཀ་མཆོག་༼༤༠༩༽གིས་ཐེག་ཆེན་སྦྱོར་ལམ་མཉམ་བཞག་དེ་རང་ལྡོག་ནས་མངོན་སུམ་དང་། དེའི་ནང་ནས་ཀྱང་རང་རིག་མངོན་སུམ་ཡིན་ཀྱང་། ཆོས་ཉིད་ལ་བློ་རིགས་གང་ཡང་མ་ཡིན་ཞེས་གསུངས། རྒྱལ་ཚབ་རྗེས་༼༡༨༩༽ཡིད་དཔྱོད་ལ་བཞེད་དོ། ། དེ་དག་ལས་ཁོ་བོས་ནི་སྔ་མའི་ཕྱོགས་བཟུང་སྟེ།དབུས་མཐར། རྗེས་སུ་མཐུན་ལ་ཕྱིན་ཅི་ལོག ། རྗེས་སུ་འབྲེལ་བཅས་བཟློག་པ་དང་། ། ཕྱིན་ཅི་མ་ལོག་ཕྱིན་ཅི་ལོག ། རྗེས་སུ་འབྲེལ་མེད་སྒོམ་པའོ། ། ཞེས་གསུངས་པའི་ཕྱིར། རྟོག་པའི་ནང་ནས་ཀྱང་བཅད་ཤེས་ལ་འདོད་དོ། ། འོ་ན་བཅད་ཤེས་ཡིན་ན། རྒྱན་ལས། རྣམ་པ་མངོན་ཞེན་ལ་སོགས་འགོག ། ཅེས་དང་། ཏིང་འཛིན་རྣམ་པར་མི་རྟོག་པ། ། ཞེས་སོགས་དང་འགལ་ཏེ་མངོན་ཞེན་ཅན་གྱི་བློ་ཡིན་པའི་ཕྱིར་སྙམ་ན། རྒྱན་ལས་མངོན་ཞེན་བཀག་པར་གསུངས་པ་ནི་ལྡོག་ཆ་ལ་དགོངས་པ་ཡིན་ཏེ། ཐེག་ཆེན་སྦྱོར་ལམ་པའི་རྒྱུད་ཀྱི་བློ་གཅིག་གིས་ཀུན་ནས་ཉོན་མོངས་ཀྱི་གཟུང་བ་རང་བཞིན་གྱིས་གྲུབ་པ་ལ་མངོན་ཞེན་བཀག་པའི་ཚེ་མངོན་ཞེན་བཀག་པའི་ཆ་ནས་ནི་སྦྱོར་ལམ་དང་རང་བཞིན་གྱིས་མ་གྲུབ་པར་མངོན་པར་ཞེན་པའི་ཆ་ནས་ནི་འདིར་བསྟན་གྱི་རྟོག་པར་བཞག་པ་སྟེ། དེ་གཉིས་བློ་གཅིག་གི་ངོ་བོར་གནས་པ་ཡིན་ནོ། ། སྦྱོར་ལམ་རྟོག་པ་ཡིན་ན་སེལ་འཇུག་ཏུ་ཁས་ལེན་དགོས་པས་རྟོགས་རིགས་གསུམ་ཆར་ཚང་བར་འཇོག་དཀའ་སྟེ། གང་ཟག་གི་བདག་མེད་ཀྱི་རྣམ་པ་ཅན་དུ་སྐྱེས་པའི་ཚེ་ཆོས་ཀྱི་བདག་མེད་ཀྱི་རྣམ་པ་ཅན་དུ་སྐྱེས་པ་མ་ཡིན་པའི་ཕྱིར་སྙམ་ན། འགལ་བ་མེད་དེ། རྟོགས་རིགས་གསུམ་ཆར་ཚང་ཞེས་པའི་དོན་ནི་སྐབས་དང་པོའི་དངོས་བསྟན་གྱི་སྦྱོར་ལམ་དྲོད་གཅིག་ཉིད་ལ། ཀུན་ནས་ཉོན་མོངས་ཀྱི་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་ཐོབ་པའི་སྦྱོར་ལམ་དང་། རྣམ་བྱང་གི་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་ཐོབ་པའི་སྦྱོར་ལམ་དང་། གང་ཟག་རྫས་ཡོད་འཛིན་པ་རང་བཞིན་མེད་པ་ལ་གསལ་སྣང་ཐོབ་པའི་སྦྱོར་ལམ་དང་། གང་ཟག་བཏགས་ཡོད་ཀྱི་འཛིན་པ་རང་བཞིན་མེད་པ་ལ་གསལ་སྣང་ཐོབ་པའི་སྦྱོར་ལམ་སོགས་ཡོད་པས་རྟོགས་རིགས་གསུམ་ཆར་ཚང་བའམ་འདུས་པའི་དོན་ཡིན་གྱི། སྦྱོར་ལམ་སྐད་ཅིག་མ་གཅིག་གིས་རྟོགས་བྱ་གསུམ་ཆར་རྟོགས་པའི་དོན་ནི་ག་ལ་ཡིན་ཏེ། དེ་ལྟར་ཡིན་ན་སྦྱོར་ལམ་གྱི་གནས་སྐབས་སུ་རྟོགས་རིགས་གསུམ་པོ་ངོ་བོ་གཅིག་ཏུ་ལྡན་པར་ཐལ་བ་ལ་ལྡོག་ཏུ་མེད་དོ། ། གཉིས་པ་ནི། ཀུན་མཁྱེན་གོ་རམས་པས་ཟབ་མོར།༼༧༣༽རྒྱན་རྩ་བ་ལས། ཡོངས་འཛིན་ཡན་ཆད་ལ་ཡིས་ཞེས་པའི་བྱེད་ཚིག་སྦྱར་བས་ན་རྟོག་པ་ཁྱད་ཆོས་ཀྱི་ཁོངས་སུ་མི་བགྲང་བར་ཁྱད་གཞིའི་ཁོངས་སུ་བགྲང་དགོས་པར་གསུངས། བོ་དོང་པཎ་ཆེན་༼༤༨༩༽གྱིས་ཀྱང་སློབ་དཔོན་གྱི་ལུགས་བཀག་ནས་ཁྱད་པར་བཞིས་འཕགས་པར་གསུངས། འོ་ན་སྦས་དོན་རབ་གསལ་༼༤༧༽ལས་མཚན་ཉིད་འཇོག་སྐབས་ལྔས་ཁྱད་པར་འཕགས་པར་གསུངས་པའི་ཕྱིར་སྙམ་ན། དེ་ནི་ཀུན་མཁྱེན་རོང་སྟོན་གྱི་དགོངས་པའོ། ། དེས་ན་ཀུན་མཁྱེན་རོང་སྟོན་༼༡༢༥༽གྱིས་རྟོག་པ་ཁྱད་ཆོས་ཀྱི་ཁོངས་སུ་བགྲང་ནས་ལྔས་ཁྱད་པར་འཕགས་པར་འདོད། འཇམ་བཞེད་༼༣༦༡༽ཀྱིས་རབ་དབྱེ་བསྣན་ནས་དྲུག་གིས་ཁྱད་པར་འཕགས་པར་བཞེད། དེ་དག་ལས་ཁོ་བོས་ནི་སྔ་མའི་ཕྱོགས་བཟུང་སྟེ། རྒྱན་རྩ་བ་ལས། དམིགས་པ་དང་ནི་རྣམ་པ་དང་། ། རྒྱུ་དང་ཡོངས་སུ་འཛིན་པ་ཡིས། ། ཞེས་བྱེད་ཚིག་སྨོས་པ་དང་། ཉི་སྣང་༼༥༥༽ལས། ཉན་ཐོས་ལ་སོགས་པ་ལས་ཁྱད་པར་རྣམ་པ་བཞི་བརྗོད་པར་བྱ་བ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ། ། འོ་ན། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། ། ཞེས་པའི་སྐབས་སུ་ཉི་སྣང་༼༣༨༦༽ལས། ཁྱད་པར་རྣམ་པ་དྲུག་གིས་འཕགས་པར་གསུངས་པའི་ཕྱིར་སྙམ་ན། དེ་ནི་ཀུན་མཁྱེན་གྱིས་གསུངས་པ་བཞིན་སྐབས་གོང་འོག་གི་སྦྱོར་ལམ་རྣམས་ཀྱི་ལྡོག་པ་མི་འདྲ་བའི་ཁྱད་པར་བསྟན་པའི་སྐབས་ཡིན་པས་ན། སྐབས་དང་པོར་བསྟན་པའི་སྦྱོར་ལམ་དེ་སྐབས་འོག་མ་རྣམས་ཀྱི་སྦྱོར་ལམ་ལས་ཁྱད་པར་དྲུག་གིས་བསྟན་ཞེས་པའི་དོན་ཡིན་ནོ། ། གསུམ་པ་ནི། ཀུན་མཁྱེན་གྱིས་ཟབ་མོར༼༧༩༽རྒྱན་གྱི་དངོས་བསྟན་གྱི་སྒྲུབ་རྟོག་བཞི་བོ་སྦྱོར་ལམ་རྗེས་ཐོབ་དང་ངོ་བོ་གཅིག་པ་དང་། ཤུགས་བསྟན་གྱི་དགག་རྟོག་བཞི་བོ་མཉམ་བཞག་དང་ངོ་བོ་གཅིག་པར་གསུངས།འདི་དང་མཐུན་པར་ཉ་དབོན་གྱིས་༼༣༥༨༽དེ་ལྟ་བུའི་རྣམ་པར་རྟོག་པ་དགག་རྟོག་བཞི་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་མཉམ་བཞག་བཞི་བོ་གྲངས་བཞིན་དུ་མཚུངས་པར་ལྡན་པ་ཡིན་ཏེ་ཞེས་གསུངས། འདི་དང་ཆ་འདྲ་བ་ཞིག་ལ། མཁས་པ་ཨར་༼༢༢༢༽གྱིས་རྗེས་ཐོབ་ལ་དགག་པ་དང་སྒྲུབ་པའི་རྟོག་པ་ཅི་རིགས་ལྡན་པ་དང་། མཉམ་བཞག་ལ་ནི་དགག་རྟོག་ངོ་བོར་ལྡན་པར་གསུངས། འོན་ཀྱང་དགོངས་པ་གཅིག་ཏུ་འཁྲུལ་བར་མི་བྱ་སྟེ། ཨར་གྱིས་ངོ་བོར་ལྡན་ཞེས་པའི་དོན་ནི་འདིར་བསྟན་གྱི་རྟོག་པ་སྦྱོར་ལམ་ཡིན་པ་དང་སྦྱོར་ལམ་འདིར་བསྟན་གྱི་རྟོག་པ་ཡིན་པའི་དོན་ཡིན་པ་ནི་བོ་དོང་པཎ་ཆེན་༼༥༢༠༽གྱིས་ཨར་དགག་ཚུལ་ལས་ཤེས་སོ། ། ཆོས་རྗེ་བླ་མ་དམ་པས་༼༡༧༧༽རྟོག་པ་འདི་དག་སྦྱོར་ལམ་གྱི་ངོ་བོར་གནས་པ་མ་འོངས་པ་མཐོང་སྒོམ་གྱི་སྤང་བྱར་འགྱུར་ཞེས་གསུངས་པ་ཡང་ཨར་གྱི་བཞེད་པ་དང་མཚུངས་སམ་སྙམ་མོ། ། རྗེ་བཙུན་རེད་མདའ་བས་ནི་ལྡན་པའི་དོན་སྤང་བྱར་ལྡན་པའི་དོན་དུ་གསུངས་ཤིང་།རོང་སྟོན་༼༡༢༥༽གྱིས་ཀྱང་འདིར་ལྡན་ཚུལ་ནི་སྤང་བྱར་ལྡན་པའི་དོན་དུ་གསུངས་པ་སྟེ། མཁས་པ་ཕལ་མོ་ཆེས་དེ་ལྟར་བཞེད། དེ་ལས་ཁོ་བོ་ནི་སྔ་མའི་རྗེས་སུ་འབྲང་བར་འདོད་དེ། ཉི་སྣང་༼༧༢༽ལས། དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་དང་གཉིས་པ་དག་ནི་གོ་རིམས་བཞིན་དུ་གཟུང་བའི་རྣམ་པར་རྟོག་པ་གཉིས་སུ་གྱུར་པ་ཡིན་ལ། གསུམ་དང་བཞི་པ་དག་ཀྱང་འཛིན་པའི་རྣམ་པར་རྟོག་པ་གཉིས་ཡིན་ནོ། ། ཞེས་དང་། ཡང་ཉི་སྣང་༼༣༨༦༽ལས།མཚུངས་པར་ལྡན་པའི་ཁྱད་པར་གྱིས་ནི་རྣམ་པར་རྟོག་པ་རྣམ་པ་བཞི་དང་མཚུངས་པར་ལྡན་པའི་ཕྱིར་རོ། ། ཞེས་དང་། གསེར་གླིང་པས། དེ་ལྟ་བུའི་རྣམ་པར་རྟོག་པ་དགག་རྟོག་བཞི་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་མཉམ་གཞག་བཞི་བོ་གྲངས་བཞིན་དུ་མཚུངས་པར་ལྡན་པ་ཡིན་ནོ། ། ཞེས་གསུངས་པའི་ཕྱིར་རོ། །
བཞི་པ་ནི། ཉི་སྣང་༼༣༡༠༽ལས། གཟུང་བའི་རྣམ་པར་རྟོག་པ་ཡིན་ལ་འཛིན་པའི་རྣམ་པར་རྟོག་པ་ནི་མ་ཡིན་ནོ་ཞེས་བྱ་བ་མུ་བཞི་སྟེ། མུ་དང་པོ་ནི་གཟུགས་ལ་སོགས་པའི་ཡུལ་དྲུག་ལ་འཇུག་གོ། །གཉིས་པ་ནི་སྐད་ཅིག་གཅིག་དང་ལྡན་པའི་རྣམ་པར་རིག་པའོ། །གསུམ་པ་ནི་སྐད་ཅིག་མ་གཞན་གྱི་དེ་ཉིད་དོ། །བཞི་པ་ནི་རྣམ་པ་དེ་དག་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། ཞེས་དང་། རྒྱན་སྣང་༼༦༠༤༽ལས། གཟུང་བའི་རྣམ་པར་རྟོག་པ་མ་ཡིན་པ་ཞེས་པའི་མུ་བཞི་སྟེ། དེ་ལ་མུ་དང་པོ་ནི་ཡུལ་དྲུག་ཏུ་སྣང་བའི་གཟུང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པའོ། །གཉིས་པ་ནི་སྐད་ཅིག་མ་གཅིག་པའི་འཛིན་པའི་རྣམ་པ་ཅན་ནོ། །གསུམ་པ་ནི་དེ་ཉིད་ཀྱི་སྐད་ཅིག་གཞན་དུའོ། །བཞི་པ་ནི་རྣམ་པ་དེ་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། ཞེས་གསུངས་པའི་དགོངས་པ་གང་ཡིན་ཞེ་ན། རང་ལུགས་ཀྱི་གཞུང་དག་ཏུ་འདི་ལ་འགྲེལ་བ་ཡོད་པ་ནི་རྗེ་བཙུན་རེད་མདའ་བ་ལས་མ་མཇལ་ལ། རྗེ་བཙུན་རེད་མདའ་བས་༼༢༨༤༽འདིའི་དོན་ནི་ཡུལ་ལ་སྦྱར་ནས་གསུངས། རྗེས་གསེར་ཕྲེང་༼༣༣༡༽ལས་ཀྱང་། འདི་ནི་གཟུང་འཛིན་གྱི་རྟོག་པ་བཤད་པའི་ཞར་ལ་སྤྱི་སྐད་ལ་གྲགས་ཚོད་ཀྱི་གཟུང་འཛིན་བཤད་ནས་དེ་ལ་མུ་རྩིས་པ་ཡིན་ཏེ། ཞེས་གསུངས། འཇམ་བཞེད་༼༣༩༡༽ཀྱིས་ནི་འདི་སྒྲ་ཇི་བཞིན་པར་མུ་བཞིར་གྲུབ་པ་བཞེད། དེ་ལས་རང་ལུགས་ནི་ལུང་དེའི་དགོངས་པ་རྗེ་བཙུན་རེད་མདའ་བའི་བཞེད་པ་ལྟར་ཏེ། དམིགས་ཡུལ་ལ་ལྟོས་ནས་བཞིར་ཕྱེ་བའི་ཕྱིར་རོ། ། འོན་ཀྱང་དམིགས་ཡུལ་གྱི་སྒོ་ནས་མུ་བཞིར་གྲུབ་ན་མུ་བཞིར་གྲུབ་པས་མ་ཁྱབ་སྟེ། འདིར་ནི་འཛིན་ཚུལ་གྱི་སྒོ་ནས་འཇོག་པ་སྐབས་སུ་བབས་པའི་ཕྱིར་རོ། ། བཞི་པ་སྒྲུབ་པའི་རྟེན་རིགས་ལ། ཐེག་ཆེན་སྒྲུབ་པའི་རྟེན་རིགས་ལ་དཔྱད། སྒྲུབ་པ་བཅུ་གསུམ་གྱི་ས་མཚམས་ལ་དཔྱད། རང་བཞིན་གནས་རིགས་ལ་ཆོས་དབྱིངས་ཀྱིས་ཁྱབ་མིན་དཔྱད། རིགས་ཀྱི་རྩོད་སྤོང་ལ་དཔྱད་པ། བེམ་པོའི་ཆོས་དབྱིངས་རང་བཞིན་གནས་རིགས་ཡིན་མིན་ལ་དཔྱད་པ་དང་ལྔ་ལས། དང་པོ་ལ། མཚན་ཉིད་ནི། དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་དབྱིངས་གང་ཞིག ། བྱང་སེམས་ཀྱི་སྒྲུབ་པའི་རྟེན་གཞི་བྱེད་པའོ། ། འོ་ན་མངོན་རྟོགས་རྒྱན་ལས། རྟོགས་པ་ཡི་ནི་ཆོས་དྲུག་དང་། ། ཞེས་དྲོད་ཡན་ཆད་ནས་འཇོག་པའི་རྒྱུ་མཚན་གང་ཡིན་སྙམ་ན། དེ་ནི་ཉི་སྣང་༼༨༧༽ལས་གསུངས་པ་བཞིན། བར་ཆད་བཞི་དང་བྲལ་མ་བྲལ་གྱི་དབང་གིས་འཇོག་པའམ། ཡང་ན། མཁས་པ་ཨར་༼༢༣༢༽གྱིས། དེ་ནི་ཚོགས་ཀྱི་ལམ་ན་ཡང་ཡོད་པ་མ་ཡིན་ནམ་དེས་ཇི་ལྟར་དབྱེ་བར་མི་བྱེད་ཟེར་ན།བདེན་མོད་ཀྱི་དེ་ནི་ཐོས་པ་དང་བསམ་པའི་རང་བཞིན་ཡིན་ལ། རིགས་དེ་ཡང་ཨུཏྟ་ར་ལས་རྟོགས་པའི་དོན་རྡོ་རྗེ་ལྟ་བུ་ཞེས་དེ་དག་གིས་མི་ཕིགས་པར་བཤད་པས་རྟེན་དང་བརྟེན་པ་ངོ་མ་ཕྲད་པས་རྟེན་པའི་སྒོ་ནས་དབྱེ་བ་མ་བྱས་པར་ཟད་དོ། ། ཞེས་གསུངས་པ་ལྟར་རམ། ཡང་ན་ཀུན་མཁྱེན་གོ་རམས་པས་༼༤༩༽གསུངས་པ་བཞིན། ཐེག་པ་གཞན་དུ་འགྱུར་མི་སྲིད་པའི་སྒྲུབ་པའི་དབང་དུ་བྱས་པའམ། ཡང་ན་པཎ་ཆེན་ཤཱཀ་མཆོག་༼༤༩༧༽གིས་གསུངས་པ་བཞིན།ཚོགས་པའི་སྒྲུབ་པའི་རྟེན་མི་འཆད་པ་ནི། དེ་ན་སྒྲུབ་པ་མེད་པ་མ་ཡིན་གྱི། དེར་བདེན་པའི་རྣམ་པ་ཅན་གྱི་སྒོམ་བྱུང་གཙོ་བོར་གྱུར་བའི་སྒྲུབ་པ་མེད་པའི་རྒྱུ་མཚན་གྱིས་དང་། དེར་རིགས་ངེས་པའི་ཁྱབ་པ་མེད་པའི་རྒྱུ་མཚན་གྱིས་ཡིན་ཞེས་གསུངས་པ་ལྟར་རམ། ཡང་ན། གསེར་ཕྲེང་༼༣༦༥༽ལས། སྐབས་འདིའི་རིགས་ལ་གཉིས་ལས་ཁྱད་པར་ཅན་ནི་རིགས་ངེས་པ་ཡིན་ལ། དེ་ཡང་དྲོད་ནས་ཕྱིར་མི་ལྡོག་ཏུ་བཤད་པས་དེ་དང་བསྟུན་པ་ཡིན། ཞེས་དང་། ཡང་ན་རྒྱལ་ཚབ་རྗེས་༼༢༤༨༽རིགས་ཀྱི་ཉེས་དམིགས་བཞི་དང་བྲལ་བ་དང་། རང་བཞིན་དུ་གནས་པའི་རིགས་ལ་སྒོམ་བྱུང་གི་ཤེས་རབ་ཀྱིས་དམིགས་ནས་གོམས་པས་འཕགས་པའི་ཆོས་ཐོབ་པ་བདག་པོར་འགྱུར་བས། སྦྱོར་ལམ་ནས་རྣམ་པར་བཞག་གོ ། ཞེས་གསུངས་པ་ལྟར་ཁས་བླངས་པས་ཆོག་སྟེ། དབྱངས་མི་གཅིག་པ་མ་གཏོགས་མཁས་པ་དེ་རྣམས་ཀྱི་དོན་གྱི་དགོངས་པ་ནི་གཅིག་ཏུ་འདུག་གོ ། དེས་ན་སྦས་དོན་རབ་གསལ་༼༥༤༽ལས་གསལ་བ་ལྟར། འདིར་དངོས་བསྟན་གྱི་སྒྲུབ་པའི་རྟེན་རིགས་ཀྱི་མཚན་ཉིད་ལ་ནི་དྲོད་ཡན་ཆད་ཀྱི་སྒྲུབ་པའི་རྟེན་གཞི་བྱེད་པ་ཞེས་པའི་ཚིག་སྦྱར་དགོས་སོ། ། དབྱེ་ན་བཅུ་གསུམ་མོ། ། གཉིས་པ་ནི། འདིར་ཀུན་མཁྱེན་གོ་རམས་པས་ཟབ་མོར༼༨༧༽སྒྲུབ་པ་འདི་དག་གི་ས་མཚམས་ལ་བུདྡྷ་ཤྲཱིའི་ལུགས་དང་། ཆོས་བཤེས་ཀྱི་ལུགས་གཉིས་བརྗོད་ནས་རང་ལུགས་ལ་འདི་ཁས་ལེན་དགོས་ཞེས་གསལ་ཁ་མ་གསུངས་ལ། སྦས་དོན་ཟབ་མོའི་རིགས་ཀྱི་རྣམ་བཞག་བཤད་པའི་མགོ་མཇུག་ཀུན་ཏུ་ཡང་རང་ལུགས་ལ་སྒྲུབ་པ་འདི་དག་མ་མཐའ་དྲོད་ནས་འཇོག་དགོས་པ་ཙམ་ཞིག་གསལ་གྱི། ལམ་གང་དང་གང་ནས་འཇོག་དགོས་པ་མི་གསལ་ན་ཡང་། གཞི་རྩའི་ས་མཚམས་ནི་སྦས་དོན་རབ་གསལ་༼༥༤༽ལྟར་ཁས་བླངས་ནས་རབ་གསལ་དུ་ཁ་གསལ་མེད་པའི་སྤོང་གཉེན་གཉིས་ནི་ངག་དོན་༼༣༣༢༽ལས་གསུངས་པ་ལྟར་ས་བརྒྱད་པའི་བར་ཆད་མེད་ལམ་ལ་ལྡོག་པས་སྒོ་ནས་བཞག་པའོ། ། ཀུན་མཁྱེན་གཡག་པས་ནི་༼༡༠༧༽དང་པོ་བཞི་སྦྱོར་ལམ། ལྔ་པ་མཐོང་ལམ། དྲུག་པ་ས་དང་པོའི་སྐད་ཅིག་གཉིས་པ་ནས་ས་བཅུ་གཅིག་བར། བདུན་པ་བརྒྱད་པ་དགུ་པ་གསུམ་རིམ་པ་བཞིན་ས་བཅུའི་བར་ཆད་མེད་ལམ། སྤངས་པ་དང་། རྣམ་གྲོལ་ལམ་ན། བཅུ་པ་བཅུ་གཅིག་བཅུ་གཉིས་པ་གསུམ་ས་བཅུ་ན། བཅུ་གསུམ་པ་ས་བརྒྱད་པ་ནས་འཇོག་པར་གསུངས་སོ། ། གསུམ་པ་ནི། མཁས་གྲུབ་གཡག་པས༼༥༤༩༽དེས་ན་སྒྲུབ་པའི་གཞིར་གྱུར་པའི་ཆོས་དབྱིངས་ཁོ་ན་སྒྲུབ་པའི་རྟེན་རང་བཞིན་དུ་གནས་པའི་རིགས་ཞེས་བསྟན་པས་སེམས་ཙམ་པ་དང་མདོ་སྡེ་པ་དང་། བྱེ་བྲག་ཏུ་སྨྲ་བ་འདོད་པའི་རིགས་རྣམས་རང་བཞིན་དུ་གནས་པའི་རིགས་ཡིན་པ་བསལ་ལོ། ། ཞེས་དང་། བླ་མ་དམ་པས་༼༡༨༨༽འདིར་དེ་ལ་རང་བཞིན་དུ་གནས་པ་ནི་འདུས་མ་བྱས་ཀྱི་དགེ་བ་གང་ཆོས་ཉིད་ཀྱི་འགྱུར་བ། ཞེས་དང་། རྗེ་བཙུན་རེད་མདའ་བས་༼༢༩༢༽སྐྱེ་མཆེད་དྲུག་གི་ཆོས་ཉིད་ཆོས་ཅན་དང་ཡ་མ་བྲལ་བར་དེ་ཉིད་སྒྲུབ་པའི་རྟེན་ཡིན་ཏེ། ཞེས་དང་། ཉ་དབོན་༼༣༧༩༽གྱིས་སེམས་ཀྱི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དེ་ཆོས་ཅན། ཁྱོད་ཁོ་ན་ལ་སྒྲུབ་པའི་རྟེན་རང་བཞིན་གྱི་རིགས་ཞེས་བསྟན་པ་འཐད་དེ། ཞེས་དང་། ཀུན་མཁྱེན་གོ་རམས་པས་ཟབ་མོར༼༨༦༽འདིར་ཆོས་དབྱིངས་དང་རིགས་གཉིས་པོ་དོན་གཅིག་གོ ། ཞེས་དང་། འཇམ་དབྱངས་བཞེད་པས་༼༤༡༤༽ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཁོ་ན་རིགས་ཞེས་བསྟན་ཏོ། ། ཞེས་སོགས་མཁས་པ་ཕལ་མོ་ཆེས་རང་བཞིན་གནས་རིགས་ལ་ཆོས་དབྱིངས་ཁོ་ནས་ཁྱབ་པར་བཞེད་དོ། ། འོ་ན་ཀུན་མཁྱེན་གོ་རམས་པས་རབ་གསལ་༼༡༥༧༽༼༥༣༽རྣམ་གཉིས་སུ་རང་བཞིན་གནས་རིགས་ལ་ཆོས་ཅན་དང་ཆོས་ཉིད་གཉིས་ཡོད་པར་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་ཚིག་དོན་རབ་གསལ་གྱི་ཚིག་ཟིན་གྱི་དགོངས་པའོ། ། དེ་དག་ལས་གཞན་དུ་བཞེད་པ་དམིགས་བསལ་བ་ནི། ཀུན་མཁྱེན་རོང་སྟོན་གྱིས་༼༡༥༠༽ཆོས་ཉིད་ཁོ་ན་རིགས་སུ་འདོད་པའང་མི་རིགས་ཏེ། དྲི་བཅས་ཀྱི་སེམས་འོད་གསལ་བའི་བདག་ཉིད་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཉེར་ལེན་ཡིན་པས་རིགས་སུ་འདོད་པར་བྱ་བ་ཡིན་པའི་ཕྱིར། ཞེས་དང་། བཅོམ་ལྡན་རིགས་རལ་གྱིས་༼༢༡༦༽དེས་ན་རང་བཞིན་དུ་གནས་པའི་རིགས་ནི་སེམས་ཀྱི་རང་བཞིན་གྱིས་འོད་གསལ་བ་ཡིན་ལ། དེས་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པ་ཡིན་ནོ། ། ཞེས་དང་། སྐྱེད་ཚལ་མཁན་པོས་༼༢༠༨༽ཀྱང་དེས་ན་སེམས་གསལ་རིགས་ལ་རང་བཞིན་དུ་གནས་པའི་དོན་ཚང་སྟེ། ཞེས་རང་བཞིན་གནས་རིགས་ལ་ཆོས་ཉིད་ཀྱིས་མ་ཁྱབ་པར་གསུངས། འོན་ཀྱང་ཀུན་མཁྱེན་གོ་རམས་པས་༼༩༦༽ཚིག་དོན་རབ་གསལ་ལས་གསུངས་པ་དེ་ནི། ཆོས་ཅན་གསལ་བའི་སྟེང་གི་བདེན་པ་བཀག་ཙམ་གྱི་སྟོང་ཉིད་ཁོ་ན་རང་བཞིན་གནས་རིགས་སུ་འདོད་པ་བཀག་ནས་དེ་རང་བཞིན་གནས་རིགས་ཡིན་ན། ཆོས་ཅན་གསལ་བ་ཡང་རང་བཞིན་གནས་རིགས་སུ་འདོད་དགོས་ཏེ། ཁྱད་པར་མེད་པའི་ཕྱིར་ཞེས་པའི་དོན་ཡིན་གྱི། རོང་སྟོན་དམ་པའི་དགོངས་པ་མིན་པར་གསུངས་སོ། ། དེ་དག་ལས་ཁོ་བོས་ནི་སྔ་མའི་ཕྱོགས་བཟུང་སྟེ། དཀོན་བརྩེགས་ལས། གང་ལ་འདུ་བྱེད་ཅུང་ཟད་ཀྱང་མེད་པ་དེ་ནི་འདུས་མ་བྱས་པ་ཡིན་ལ། འདུས་མ་བྱས་པ་གང་ཡིན་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་ཡིན་ཏེ། རིགས་དེ་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་ཁྱད་པར་མེད་པའོ། ། ཞེས་དང་། ཕལ་ཆེན་ལས་ཀྱང༌། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་རིགས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལྷུར་ལེན་པ་ནམ་མཁའ་ལྟར་ཡངས་པ་རང་བཞིན་གྱིས་འོད་གསལ་བ་སྟེ། ཞེས་དང་། ཉི་སྣང་༼༨༨༽ལས། དེའི་ཕྱིར་འཕགས་པའི་གང་ཟག་ཐམས་ཅད་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་བརྗོད་དོ། ། ཞེས་དང་།རྒྱན་སྣང་༼༩༢༽ལས། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཁོ་ན་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་གཞིར་གྱུར་པ་བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གསུམ་ལ་ནི་རིགས་ཞེས་བྱ་བར་བཤད་དོ། ། ཞེས་དང་། དོན་གསལ་༼༢༤༽ལས། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཁོ་ན་ལ་རིགས་ཞེས་བསྟན་ཏོ། ། ཞེས་མདོ་དང་རྒྱ་འགྲེལ་དག་ལས་རང་བཞིན་གནས་རིགས་ལ་ཆོས་དབྱིངས་ཁོ་ནས་ཁྱབ་པར་གསུངས་པའི་ཕྱིར་རོ། ། བཞི་པ་ནི། ཀུན་མཁྱེན་གོ་རམས་པས་༼༨༩༽ནི་འདིའི་རྩོད་པ་དང་རྩོད་ལན་ནི། རིགས་ལ་བཅུ་གསུམ་དུ་དབྱེ་བ་ལས་བྱུང་བར་བཞེད་ལ། བཅོམ་ལྡན་རིགས་རལ་༼༢༢༩༽གྱིས་ཀྱང་དོན་འདི་ལ་བོད་ཀྱི་སློབ་དཔོན་ཁ་ཅིག ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། ། རིགས་ནི་ཐ་དད་བཅུ་གསུམ་རུང་བ་མ་ཡིན་ཞེས་རྩོད་པ་བཀོད་ནས་བརྟེན་པའི་ཆོས་རྟོགས་པའི་ཆོས་དྲུག་ལ་སོགས་པའི་བྱེ་བྲག་ཐ་དད་པས་རྟེན་རིགས་དེའི་དབྱེ་བ་ཡོངས་སུ་བརྗོད་ཅེས་ལན་ལྡོན་པ་དེ་ནི་རྩ་བའི་དགོངས་པ་ཡིན་ནོ། ། ཞེས་དང་། ཉ་དབོན་གྱིས་༼༣༨༠༽གྱིས་ཀྱང་འདི་བཞིན་བཞེད་དོ། ། འོན་ཀྱང་འདི་ལས་གཞན་དུ་བཞེད་པ་ནི། བླ་མ་དམ་པས༼༡༩༨༽ཐེག་པ་གསུམ་གྱི་རིགས་ཐ་དད་དུ་དབྱེར་རུང་མི་རུང་གི་སྟེང་ནས་རྩོད་པར་གསུངས་པ་དང་། རྗེ་ཙོང་ཁ་པས་༼༣༦༩༽ཀྱང་དེ་ཇི་བཞིན་དུ་གསུངས་པ་དང་། རྒྱལ་ཚབ་རྗེས་༼༢༦༣༽ཀྱང་འདིར་བསྟན་གྱི་རྩོད་པ་དེ་རིགས་བཅུ་གསུམ་གྱི་དབྱེ་བ་མི་རུང་ངོ་ཞེས་རྩོད་པར་འདོད་པའི་ལུགས་བཀག་ནས་ཐེག་པ་གསུམ་གྱི་རིགས་ཐ་དད་དུ་དབྱེར་རུང་མི་རུང་ལ་རྩོད་པར་འདོད་དོ། ། དེ་དག་ལས་ཁོ་བོས་ནི་སྔ་མའི་ལུགས་བཟུང་སྟེ། རྒྱན་ལས། རིགས་བཅུ་གསུམ་བསྟན་མ་ཐག་ཏུ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། ། རིགས་ནི་ཐ་དད་རུང་མ་ཡིན། ། ཞེས་པའི་རྩོད་པ་དེ་བྱུང་བས་སྔ་མ་ལས་འོས་མེད་པའི་ཕྱིར་དང་། དོན་གསལ་༼༢༤༽ལས་ཀྱང་འདིའི་རྩོད་པ་ནི་རིགས་བཅུ་གསུམ་གྱི་དབྱེ་བའི་རྩོད་པར་གསུངས་པའི་ཕྱིར་རོ། ། ལྔ་པ་ནི། འོ་ན་རང་ལུགས་ལ་བེམ་པོའི་ཆོས་དབྱིངས་དེ་རང་བཞིན་གནས་རིགས་སུ་ཁས་ལེན་ནམ་མི་ལེན། མི་ལེན་ན། སྡོམ་གསུམ་རབ་དབྱེ་༼༢༡༽ལས། གལ་ཏེ་བེམ་པོའི་ཆོས་ཀྱི་དབྱིངས། ། བདེ་གཤེགས་སྙིང་པོ་མ་ཡིན་ཡང་། ། སེམས་ཅན་རྣམས་ཀྱི་ཆོས་ཀྱི་དབྱིངས། ། བདེ་གཤེགས་སྙིང་པོ་ཡིན་སྙམ་ན། ། མ་ཡིན་ཆོས་ཀྱི་དབྱིངས་ལ་ནི། ། དབྱེ་བ་མེད་པར་རྒྱལ་བས་གསུངས། ། ཞེས་པ་དང་འགལ་ཏེ། ཆོས་དབྱིངས་ལ་དབྱེ་བ་མེད་པས་བེམ་པོ་དང་སེམས་ཀྱི་ཆོས་དབྱིངས་གཉིས་ཆར་བདེ་གཤེགས་སྙིང་པོ་ཡིན་དགོས་ན། ཆོས་དབྱིངས་ལ་དབྱེ་བ་མེད་པས་བེམ་པོའི་ཆོས་དབྱིངས་དང་སེམས་ཀྱི་ཆོས་དབྱིངས་གཉིས་ཆར་ཡང་རང་བཞིན་གནས་རིགས་སུ་ཁས་ལེན་དགོས་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར་སྙམ་ན། འདི་ནི་ཡུམ་དོན་རབ་གསལ་༼༡༥༩༽ལས། འདི་དག་ནི་ཀུན་མཁྱེན་ཆོས་རྗེའི་ལེགས་བཤད་གཞིར་བཞག་ནས་ལུང་རིགས་ཀྱིས་དཔྱད་པ་ཅུང་ཟད་རྒྱས་པ་དང་བཅས་པ་ཡིན་ལ། ཟབ་མོའི་དོན་འདི་ལ་ཁོ་བོའི་འདོད་པ་ནི་སྡོམ་གསུམ་རབ་དབྱེའི་རྣམ་བཤད་གསུང་རབ་དགོངས་གསལ་ན་ཡོད་པས་དེར་བལྟ་བར་བྱའོ། ། ཞེས་གསུངས་ཤིང་། གསུང་རབ་དགོངས་གསལ་༼༦༨༽ལས། བེམ་པོའི་ཆོས་དབྱིངས་བསྔོ་རྒྱུའི་དགེ་བར་གྱུར་པའི་བདེ་གཤེགས་སྙིང་པོ་མ་ཡིན་ཡང་སེམས་ཅན་གྱི་ཆོས་དབྱིངས་བསྔོ་རྒྱུའི་དགེ་བར་གྱུར་པའི་བདེ་གཤེགས་སྙིང་པོ་ཡིན་སྙམ་ན་མ་ཡིན་ཏེ། ཆོས་དབྱིངས་ལ་སྙིང་པོ་ཡིན་མིན་གྱི་དབྱེ་བ་ཡོད་ན་ངོ་བོ་མི་འདྲ་བའི་དབྱེ་བ་ཡོད་དགོས་པ་ལས། དེ་མེད་པར་རྒྱལ་བས་གསུངས་ཤིང་རིགས་པས་ཀྱང་འགྲུབ་པའི་ཕྱིར། ཞེས་གསུངས་པའི་རིགས་པ་འདིས་བེམ་པོའི་ཆོས་དབྱིངས་རང་བཞིན་གནས་རིགས་སུ་གསལ་བར་གྲུབ་བོ། ། ལྔ་པ་ཐེག་ཆེན་སྒྲུབ་པའི་དམིགས་པ་ལ། ཐེག་ཆེན་སྒྲུབ་པའི་དམིགས་པའི་ངོ་བོ་དང་དེ་ཡིན་ན་གཞི་གྲུབ་པས་ཁྱབ་མ་ཁྱབ་ལ་དཔྱད། ས་མཚམས་ལ་དཔྱད། དེ་ལས་འཕྲོས་ཏེ་ཉི་སྣང་གི་ལུང་དོན་ལ་དཔྱད་པའོ། ། དང་པོ་ནི། ཐེག་ཆེན་སྒྲུབ་པའི་དམིགས་པའི་ངོ་བོ་ངོས་བཟུང་བའི་ཚེ་ན། བོད་ཀྱི་མཁས་པ་ཀུན་གྱིས་མགྲིན་གཅིག་ཏུ་དེའི་དམིགས་པ་ལ་གཞི་གྲུབ་པས་ཁྱབ་པ་སྨྲ་བས། དེས་ན་འདིར་ཡང་། བོ་དོང་པཎ་ཆེན་༼༥༩༥༽དང་ཀུན་མཁྱེན་གོ་རམས། ༼༥༦༽སྐྱེད་ཚལ་མཁན་པོ་༼༢༢༢༽རྣམས་ཀྱི་གཞུང་དུ་སྒྲ་ཇི་བཞིན་པ་གསལ་བ་ལྟར། ཐེག་ཆེན་སྒྲུབ་པའི་སྒྲོ་འདོགས་གཅད་པར་བྱ་བའི་གཞིར་གྱུར་བ། དབྱེ་ན་བཅུ་གཅིག་གོ ། ཅིའི་ཕྱིར་ཐེག་ཆེན་སྒྲུབ་པའི་དམིགས་པ་ལ་ཆོས་ཀྱིས་ཁྱབ་བམ་སྙམ་ན། འདིར་ལུང་དང་རིགས་པ་གཉིས་ལས། ལུང་ནི། ཉི་ཁྲི་ལས། རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི་དགེ་བ་དང་། མྱི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མྱེད་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཐུན་མོང་དང་། ཐུན་མོང་མ་ཡིན་པ་དག་སྟེ། ཞེས་དང་། རྒྱན་ལས། དམིགས་པ་ཆོས་རྣམས་ཐམས་ཅད་དེ། ། ཞེས་སོ། ། རིགས་པ་ནི། ཁྱོད་སྒྲོ་འདོགས་གཅོད་པའི་གཞིར་བཟུང་ནས་ཁྱོད་ཀྱི་སྟེང་དུ་གཏན་ལ་ཕབ་པའི་སྟོང་ཉིད་དེ་དོན་དམ་བདེན་པ་མཚན་ཉིད་པ་ཡིན་དགོས་པའི་ཕྱིར་རོ། ། གཉིས་པ་ནི། མཁས་པ་ཕལ་མོ་ཆེས་ས་མཚམས་ལ་འདི་ནས་འཇོག་དགོས་ཞེས་གསལ་ཁ་གསུངས་པ་མི་སྣང་ན་ཡང་། ཤེར་འབྱུང་བློ་གྲོས་དང་ཇོ་བོ་རྗེ་ལྟར་ན། ཚོགས་ལམ་དུ་དགེ་མི་དགེ་ལུང་མ་བསྟན་གསུམ་ལ་དམིགས། སྦྱོར་ལམ་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྟོགས་པ་གཉིས་ལ་དམིགས། མཐོང་ལམ་དུ་ཟག་བཅས་ཟག་མེད་གཉིས་ལ་དམིགས། སྒོམ་ལམ་དུ་འདུས་བྱས་དང་འདུས་མ་བྱས་གཉིས་ལ་དམིགས། མི་སློབ་ལམ་དུ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་གཉིས་ལ་དམིགས་ཞེས་གསུངས་ཏེ། ཇོ་བོ་རྗེས། བསྡུས་དོན་སྒྲོན་མེ་ལས། དང་པོ་གསུམ་ནི་ཚོགས་ལམ་དང་། ། སྦྱོར་དང་མཐོང་སྒོམ་མི་སློབ་ལམ། ། བཞི་ལ་རིམ་བཞིན་གཉིས་གཉིས་སུ། ། དཔྱད་པས་དེ་ལྟར་འདྲ་བར་སྣང་། ། ཞེས་གསུངས་པའི་ཕྱིར་རོ། ། རང་ལུགས་ལ་ནི་གཡག་སྟོན་སངས་རྒྱས་དཔལ་༼༥༦༤༽གྱིས་གསུངས་པ་ལྟར་། སྤྱིར་ཐེག་ཆེན་སྒྲུབ་པའི་དམིགས་པ་ཙམ་གྱི་ས་མཚམས་ནི་འཁོར་འདས་ཀུན་ན་ཡོད་པ་གསལ་ལ། པཎ་ཆེན་ངག་ཆོས་༼༨༧༽ཀྱིས་ཀྱང་། གང་དག་ཐུབ་པའི་ཐུན་མོང་མིན། ། ཞེས་པའི་ཚིག་རྐང་ཕྱི་མ་འདིས་འབྲས་བུ་སངས་རྒྱས་སའི་ཆོས་རྣམས་ཀྱང་སྒྲུབ་པའི་དམིགས་པ་ཡིན་པར་བསྟན་ནོ། ། ཞེས་གསུངས་སོ། ། དེས་ན་སྤྱིར་དམིགས་པ་ནི་འཁོར་འདས་ཀུན་ན་ཡོད་པ་དང་། གཙོ་བོ་ནི་ཀུན་མཁྱེན་གོ་རམས་པས་གསུངས་པ་ལྟར། ཚོགས་ལམ་དུ་ཐོས་བསམ་གྱིས་གཏན་ལ་ཕབ། སྦྱོར་ལམ་དུ་འཇིག་རྟེན་པའི་སྒོམ་བྱུང་གིས་བསྒོམ་པའི་དམིགས་པ་ཡིན་ནོ། ། འོ་ན་ཟབ་མོར༼༡༠༡༽མི་སློབ་ལམ་ན་སྒྲུབ་པ་མེད་པས་དེའི་དམིགས་པ་འཇོག་པ་ཡང་མི་འཐད་དོ། ། ཞེས་པ་དང་འགལ་ལོ་སྙམ་ན། དེའི་དོན་ནི་དམིགས་པ་དེ་མི་སློབ་རང་ཉིད་ཀྱིས་སྒྲོ་འདོགས་གཅོད་པའི་གཞིར་མི་བཟུང་བའི་དོན་ཡིན་གྱི། མི་སློབ་ལམ་ན་ཐེག་ཆེན་སྒྲུབ་པའི་དམིགས་པ་མེད་པའི་དོན་མིན་ཏེ། ཆོས་ཡིན་ན་ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་པས་ཁྱབ་པའི་ཕྱིར་རོ། ། གསུམ་པ་ནི། ཉི་སྣང་༼༩༡༽ལས། གང་དག་ཆོས་ཀྱི་དབྱིངས་ཉིད་དམིགས་པ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གིས་དམིགས་པའི་དག་པ་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བ་ཇི་ལྟར་ཡིན་ཞེས་བྱ་བ་བརྗོད་དགོས་སོ། ། ཞེས་པ་ནས། རང་བཞིན་དང་རྗེས་སུ་འབྲེལ་པའི་རྣམ་འགྱུར་ནི་དམིགས་པ་ཡིན་གྱི་རྣམ་པར་འགྱུར་བ་ཙམ་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། ། ཞེས་དང་། སེང་གེ་བཟང་པོས་རྒྱན་སྣང་༼༩༦༽ལས་ཀྱང་། ཚིག་ཕལ་ཆེར་འདི་བཞིན་དུ་གསུངས་སོ། ། དེའི་དོན་ཀུན་མཁྱེན་གོ་རམས་པས་ནི་སྦས་དོན་ཟབ་མོ་༼༡༠༣༽ལས། དེ་དག་གི་དོན་རོང་སྟོན་དམ་པའི་ཊཱི་ཀ་ལས་ཞིབ་ཏུ་བཀོད་པ་བཞིན་ཤེས་པར་བྱ་སྟེ། འདིར་ནི་མ་སྤྲོས་སོ། ། ཞེས་ཚིག་དོན་རབ་གསལ་ལ་ཁ་འཕངས་ལ། ཚིག་དོན་རབ་གསལ་༼༡༦༡༽ ལས། དོན་བསྡུས་ན་འདི་གསུངས་ཏེ། སེམས་ཙམ་པ་དག་སྒྲུབ་པའི་དམིགས་པ་ལ་ཟག་བཅས་ཟག་མེད་སྣ་ཚོགས་སུ་མི་འཐད་དེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཉིད་ཡོངས་གྲུབ། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཁོ་ན་ལ་དམིགས་པའི་ཕྱིར་རོ་ཞེས་ཟེར་རོ། ། འདིར་དམིགས་པ་ལ་མངོན་པར་ཞེན་པ་སྐྱེ་བ་དེ་སྲིད་དུ་དམིགས་པ་མ་དག་པ་ཡིན་ལ། ཡུལ་ཅན་ལ་ཞེན་པ་དག་པ་ན་དམིགས་པ་དག་པར་འཇོག་པ་ཡིན་པ་ལས། ཆོས་དབྱིངས་ཁོ་ན་དམིགས་པར་འདོད་པ་ལྟར་ན། ཆོས་ཀྱི་དབྱིངས་ལ་རིགས་མི་འདྲ་བའི་དབྱེ་བ་མེད་པས། སྒྲོ་འདོགས་ཅིག་ཅར་ཆོད་པའི་ཕྱིར། སྒྲོ་འདོགས་རིམ་གྱིས་གཅོད་པའི་རིམ་པས་དམིགས་པ་དག་པ་གོང་ནས་གོང་དུ་ཁྱད་པར་དུ་འགྲོར་མེད་པར་འགྱུར་རོ། ། ཞེས་པའི་དོན་དུ་གསུངས་ཏེ། རྒྱས་པར་ནི་གཞུང་ཉིད་ལས་ཤེས་པར་བྱ། ཡུམ་དོན་རབ་གསལ་༼༡༧༠༽ལས་ཀྱང་། སེམས་ཙམ་པ་ན་རེ། ཐེག་ཆེན་སྒྲུབ་པས་ཟག་བཅས་ཟག་མེད་ཀྱི་ཆོས་སྣ་ཚོགས་ལ་དམིགས་པ་མེད་དེ། ཆོས་ཉིད་ཡོངས་གྲུབ་གཟུང་འཛིན་གཉིས་མེད་ཀྱི་དེ་བཞིན་ཉིད་ཁོ་ན་ལ་དམིགས་པའི་ཕྱིར་ཟེར་རོ། ། འོ་ན། སྒྲོ་འདོགས་གཅིག་ཆོད་ན་སྒྲོ་འདོགས་ཐམས་ཅད་ཅིག་ཅར་དུ་ཆོད་པས་ཁྱབ་པར་ཐལ། ཐེག་ཆེན་སྒྲུབ་པས་ཆོས་ཉིད་ཁོ་ན་ལ་དམིགས་པ་གང་ཞིག ། ཆོས་ཉིད་ལ་རིགས་མི་འདྲ་བའི་དབྱེ་བ་མེད་པའི་ཕྱིར། འདོད་ན། སྒྲོ་འདོགས་རིམ་གྱིས་གཅད་པའི་སྒོ་ནས་དམིགས་པ་དག་པ་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བ་མེད་པར་ཐལ། འདོད་པ་དེའི་ཕྱིར། ཞེས་རོང་སྟོན་གྱི་དགོངས་པ་དང་མཐུན་པར་གསུངས་ཡོད། གཡག་སྟོན་སངས་རྒྱས་དཔལ་༼༥༨༢༽གྱིས་ཀྱང་། སེམས་ཙམ་པ་རྣམས་ཀྱིས།རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ཆོས་ཅན་གཞན་དབང་ལ་དམིགས། མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་དབྱིངས་ཡོངས་གྲུབ་རྣམ་པར་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་ལ་དམིགས་པ་ཡིན་ནོ་ཞེས་འདོད་པ་ལ། ས་བཅུའི་མཉམ་གཞག་དག་ཏུ་གློ་བུར་གྱི་དྲི་མ་དང་བྲལ་བའི་སྒོ་ནས། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་དམིགས་པ་དག་པ་གོང་ནས་གོང་དུ་ཁྱད་པར་དུ་འགྲོར་མེད་པར་ཐལ། ཆོས་དབྱིངས་ཁོ་ན་དམིགས་པའི་ཕྱིར་ཞེས་པའི་སྐྱོན་བརྗོད་པ་ཡིན་ཞེས་གསུངས་ཏེ། གཡག་རོང་གཉིས་དགོངས་པ་གཅིག་ཏུ་འདུག་གམ་སྙམ་མོ། ། པཎ་ཆེན་ཤཱཀ་མཆོག་༼༥༠༧༽གིས་ནི། ལུང་འདི་འཕགས་སེང་གཉིས་ཀྱི་ལུགས་ལ་མཉམ་བཞག་སྣང་བཅས་སུ་འདོད་པའི་སྒྲུབ་བྱེད་འདྲེན།རྒྱལ་ཚབ་རྗེས།༼༢༧༠༽ སེམས་ཙམ་པས་གཞན་དབང་དང་འགྱུར་མེད་ཡོངས་གྲུབ་བདེན་པར་གྲུབ་པ་ཁས་བླངས་པ་ལ། དབུ་མ་པས་དམིགས་པ་དག་པ་གོང་ནས་གོང་དུ་འགྲོ་བ་མེད་པའི་སྐྱོན་བརྗོད་པ་ཡིན་ཞེས་གསུངས་སོ། ། དེ་དག་ལས་ཁོ་བོས་ནི་གཡག་རོང་གཉིས་ཀྱི་དགོངས་པའི་ཕྱོགས་བཟུང་སྟེ། འདིའི་དམིགས་པ་ནི་སྒྲོ་འདོགས་གཅོད་པའི་གཞི་ཙམ་ཡིན་པས་དེས་མཉམ་བཞག་སྣང་བཅས་སུ་སྒྲུབ་མི་ཐུབ་པའི་ཕྱིར་དང་། སེམས་ཙམ་པས་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་ཆོས་དབྱིངས་ཁོ་ནར་དམིགས་པ་ཁས་བླངས་པར་སྐྱོན་འདི་བཏང་བའི་ཕྱིར་རོ། ། དྲུག་པ་ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་ལ། ཆེད་དུ་བྱ་བ་ཆེན་པོ་གསུམ་གྱི་ངོ་བོ་ལ་དཔྱད། དེའི་གྲངས་ངེས་ལ་དཔྱད། ཆེད་དུ་བྱ་བ་དང་ཆེད་དུ་བྱ་བ་ཆེན་པོ་གཉིས་ལ་ཁྱད་པར་ཡོད་མེད་དཔྱད་པའོ། ། དང་པོ་ནི། ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོའི་ནང་དུ་ཚིག་གིས་ཟིན་པའི་སྒོ་ནས་ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བའི་མཚན་ཉིད་འདི་ཞེས་གསལ་བོར་མ་གསུང་ན་ཡང་། ཡུམ་དོན་རབ་གསལ་༼༡༧༤༽དང་སྦས་དོན་རབ་གསལ་༼༥༧༽གཉིས་ཆར་ལས། ཆེད་དུ་བྱ་བའི་མཚན་ཉིད་ལ། གང་གི་དབང་དུ་བྱས་ནས་ཐེག་ཆེན་གྱི་སྒྲུབ་པ་བྱེད་པར་འགྱུར་བའི་མཐར་ཐུག་གི་སྤངས་རྟོགས་གང་རུང་གིས་བསྡུས་པ། ཞེས་པ་དེ་འདིར་ཡང་ཁས་ལེན་རུང་ངོ་། ། རོང་སྟོན་ཆེན་པོས་ཀྱང་འདི་བཞིན་བཞེད་པར་སྙམ་ལ། འོ་ན་ཚིག་དོན་རབ་གསལ་ལས། འདིར་གང་བཟུང་ཞེ་ན། ཆེད་དུ་བྱ་བའི་སྒྲ་གནས་སྐབས་ཀྱི་ཆེད་དུ་བྱ་བ་དང་།མཐར་ཐུག་གི་ཆེད་དུ་བྱ་བ་གཉིས་ལ་འཇུག་པ་ལས་གཙོ་བོར་ཕྱི་མ་ལ་འདོད་དོ། ། ཞེས་པ་དང་འགལ་ལོ་སྙམ་ན། སྒྲ་བཤད་ཙམ་ལ་མ་ཁྱབ་པས་སྐྱོན་མེད་དོ། ། སྐྱེད་ཚལ་མཁན་པོས་༼༢༢༨༽ཀྱང་ཆེད་དུ་བྱ་བ་ལ་མཐར་ཐུག་གིས་ཁྱབ་པར་གསུངས། བོ་དོང་པཎ་ཆེན་༼༩༩༽གྱིས་ཀྱང་འཕགས་པའི་ལུགས་ལ་མ་ཁྱབ་པ་དང་སློབ་དཔོན་གྱི་ལུགས་ལ་ཁྱབ་ཅེས་གསུངས་ཤིང་ཁོ་བོ་སློབ་དཔོན་གྱི་རྗེས་སུ་འབྲང་ཞེས་གསུངས། སེ་ར་༼༣༦༡༽དང་འཇམ་དབྱངས་བཞེད་པ་༼༤༥༧༽གཉིས་ཞལ་མཐུན་པར། ཆེད་དུ་བྱ་བའི་མཚན་ཉིད་ལ། བྱང་སེམས་གང་གི་ཆེད་དུ་སྒྲུབ་པ་ཉམས་ལེན་ལ་འཇུག་པའི་ཐོབ་བྱ་མཐར་ཐུག ། ཅེས་དང་། ས་མཚམས་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་ཅེས་གསུངས། འོན་ཀྱང་། པཎ་ཆེན་ངག་ཆོས་༼༨༨༽ཀྱིས་ཆེད་དུ་བྱ་བ་ལ་མཐར་ཐུག་གི་ཆེད་དུ་བྱ་བས་མ་ཁྱབ་པར་བཞེད་དོ། ། དེ་དག་ལས། ཁོ་བོས་ནི་སྔ་མའི་ཕྱོགས་བཟུང་སྟེ། རྒྱན་ལས། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། ། སྤོང་དང་རྟོགས་དང་གསུམ་པོ་ལ། ། ཆེན་པོ་གསུམ་གྱི་རང་འབྱུང་གི ། ཆེད་དུ་བྱ་བ་འདི་ཞེས་བྱ། ། ཞེས་དང་། ཉི་སྣང་༼༩༧༽ལས། དམིགས་པ་དང་ཆེད་དུ་བྱ་བ་ལ་ཁྱད་པར་ཅི་ཡོད་ཅེ་ན། དམིགས་པ་ནི་དེའི་ཆེ་བ་ཡིན་ལ། ཆེད་དུ་བྱ་བ་ནི་མ་འོངས་པ་སྐལ་བ་ཡིན་ཏེ། མདའ་ལྟོང་སྦྱོར་བ་དང་འབེན་ལ་ཕོག་པ་དང་ཆོས་མཚུངས་སོ། ། ཞེས་དང་། རྒྱན་སྣང་༼༡༠༠༽ལས། དམིགས་པ་དང་ཆེད་དུ་བྱ་བ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། འཕགས་པ་རྣམ་པར་གྲོལ་བའི་སྡེས་མདའ་ལྟོང་སྦྱོར་བ་དང་འབེན་ལ་ཕོག་པ་དང་འདྲ་བར་དེའི་ཚེ་ཉེ་བ་ན་གནས་པ་ན་དམིགས་པ་ཡིན་ལ། ཕྱིས་ཀྱི་ཐག་རིང་བ་ནི་ཕྱེད་དུ་བྱ་བ་ཡིན་ནོ་ཞེས་བཤད་དོ། ། ཞེས་དམིགས་པ་ནི་ད་ལྟ་ཡོད་པ་དང་ཆེད་དུ་བྱ་བ་ནི་མ་འོངས་པ་ཐོབ་དགོས་པར་གསུངས་པས་སོ། ། གཉིས་པ་ནི། ཀུན་མཁྱེན་རོང་སྟོན་༼༡༦༥༽གྱིས་ཆེད་དུ་བྱ་བ་ལ་གསུམ་དུ་ངེས་ཏེ། གསུམ་པོས་རང་གཞན་མཐའ་དག་གིས་དོན་བསྡུས་པའི་ཕྱིར་ཞེས་གསུངས། ཀུན་མཁྱེན་གོ་རམས་པས་ཡུམ་དོན་རབ་གསལ་༼༡༧༣༽ལས།ཁ་ཅིག ། ཐེག་ཆེན་སྒྲུབ་པའི་ཐོབ་བྱ་མཐར་ཐུག་ཅེ་ན། ལོངས་སྐུ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་ཁྱབ་ཁས་བླངས། འདོད་ན། དེ་མིན་པར་ཐལ། ཆེན་པོ་གསུམ་གང་རུང་མིན་པའི་ཕྱིར། ཞེས་ཆེད་དུ་བྱ་བ་ལ་ཆེན་པོ་གསུམ་དུ་གྲངས་ངེས་པར་བཞེད་དོ། ། སྐྱེད་ཚལ་མཁན་པོས་༼༢༢༩༽ནི་གཞན་དོན་གཟུགས་སྐུ་དེ་ཡང་ཆེད་དུ་བྱ་བ་ཡིན་པས་ཆེད་དུ་བྱ་བ་ལ་ཆེན་པོ་གསུམ་དུ་གྲངས་མ་ངེས་པར་གསུངས། དེ་དག་ལས་ཁོ་བོས་ནི་སྔ་མའི་ལུགས་བཟུང་སྟེ། རྒྱན་ལས། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། ། སྤོང་དང་རྟོགས་དང་གསུམ་པོ་ལ། ། ཆེན་པོ་གསུམ་གྱི་རང་འབྱུང་གི ། ཆེད་དུ་བྱ་བ་འདི་ཞེས་བྱ། ། ཞེས་དང་། ཉི་སྣང་༼༩༢༽ལས། དེ་ལ་སྒྲུབ་པའི་ཆེད་དུ་བྱ་བ་འདི་ནི་རྣམ་པ་གསུམ་སྟེ། འདི་ལྟ་སྟེ། མཆོག་ཉིད་ཆེན་པོ་ཉིད་དང་། སྤོང་བ་ཆེན་པོ་ཉིད་དང་། རྟོགས་པ་ཆེན་པོ་ཉིད་དོ། ། ཞེས་དང་། རྒྱན་སྣང་༼༡༠༠༽ལས། དེས་ན་དེ་ལྟར་རྒྱལ་བ་མ་ཕམ་པའི་ཆེད་དུ་བྱ་བ་དང་ཆོས་མཐུན་པར་བྱང་ཆུབ་སེམས་དཔའི་སྒྲུབ་པའི་ཆེད་དུ་བྱ་བ་རྣམ་པ་གསུམ་བསྟན་པ་ཡིན་པར་ཤེས་པར་བྱའོ། ། ཞེས་དང་། དོན་གསལ་༼༢༥༽ལས། སེམས་ཆེན་པོ་ཉིད་དང་། སྤོང་བ་ཆེན་པོ་ཉིད་དང་། རྟོགས་པ་ཆེན་པོ་ཉིད་ཀྱི་དབང་དུ་བྱས་ཏེ། དེ་ལྟར་སྒྲུབ་པ་ལ་འཇུག་པ་དེའི་ཕྱིར་ཆེན་པོ་ཉིད་གསུམ་དང་ལྡན་པས་ཆེད་དུ་བྱ་བ་གསུམ་དུ་ཤེས་པར་བྱའོ། ། ཞེས་མགོན་པོ་བྱམས་པ་དང་འཕགས་སེང་གཉིས་ཆར་གྱིས་འདི་ཁོ་ན་བཞེད་པའི་ཕྱིར་རོ། ། གསུམ་པ་ནི། མཁས་པ་ཕལ་མོ་ཆེས་ཆེད་དུ་བྱ་བ་དང་ཆེན་པོ་གསུམ་ལ་ཁྱད་པར་ཕྱེས་པ་མི་སྣང་ལ། བོ་དོང་པཎ་ཆེན་༼༦༠༠༽གྱིས། ཁོ་བོ་ནི། སེམས་ཅན་ཀུན་གྱི་མཆོག་ཉིད་ནི་ཆེད་དུ་བྱ་བ་ཡིན་ལ། སེམས་ཆེན་དང་སྤོང་ཆེན་རྟོགས་ཆེན་གསུམ་ནི་ཆེད་དུ་བྱེད་པ་ཡིན་པར་འདོད་དེ། ཞེས་དང་། པཎ་ཆེན་ཤཱཀྱ་མཆོག་ལྡན་༼༥༡༨༽གྱིས་ཀྱང་། ཆེད་དུ་བྱ་བ་དང་ཆེན་པོ་གསུམ་ནི་དོན་མི་གཅིག་སྟེ། ཆེད་དུ་བྱ་བ་ནི་བསྒྲུབ་བྱ་ཡིན་པས་སངས་རྒྱས་ཀྱི་ས་ཁོ་ནར་འཇོག་ལ། ཆེན་པོ་གསུམ་ནི་བསྒྲུབ་བྱ་དེའི་སྒྲུབ་བྱེད་ཡིན་ཅིང་། སྒྲུབ་བྱེད་དེ་དང་ལྡན་པའི་རྒྱུ་མཚན་གྱིས་བྱང་སེམས་ཆེན་པོར་འཇོག་པར་བྱེད་པས་སོ། ། ཞེས་གསུངས་སོ། དེ་དག་ལས་ཁོ་བོས་ནི་སྔ་མའི་ལུགས་བཟུང་སྟེ། ཆེད་དུ་བྱ་བ་དང་ཆེན་པོ་གསུམ་གཉིས་སོ་སོར་ཕྱེ་བའི་རྒྱ་གར་མཁས་པའི་གཞུང་ལུགས་གཅིག་ཀྱང་མེད་པ་དང་། བོད་མཁས་པ་ཕལ་མོ་ཆེས་ཀྱང་འདི་ཁོ་ན་བཞེད་པའི་ཕྱིར་རོ། ། བདུན་པ་གོ་སྒྲུབ་ལ། ཡུལ་གྱི་སྒྲུབ་པ་དང་ཡུལ་ཅན་སྒྲུབ་པའི་ཁྱད་པར་ལ་དཔྱད། གོ་སྒྲུབ་ཀྱི་ངོ་བོ་དང་སྒྲུབ་པ་བཞིའི་ས་མཚམས་ལ་དཔྱད་པའོ། ། དང་པོ་ནི། ཀུན་མཁྱེན་གོ་རམས་པས་སྦས་དོན་ཟབ་མོ་༼༡༠༧༽ལས། ཡུལ་གྱི་སྒྲུབ་པ་དང་མངོན་རྟོགས་ཀྱི་སྒྲུབ་པ་ཞེས་པའི་ཐ་སྙད་མཛད་ནས། དེ་ཡང་ཡུལ་གྱི་སྒྲུབ་པ་སྤྱིར་དཀར་པོའི་ཆོས་ཀྱི་རྟེན་ཅན་དུ་གྱུར་བའི་བྱ་བ་ཙམ་ཡིན་པའི་སྒོ་ནས་སྒྲུབ་པར་འཇོག་པ་དང་། མངོན་རྟོགས་ཀྱི་སྒྲུབ་པ་ནི། མངོན་པར་རྟོགས་པ་རེ་རེ་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གིས་ཉམས་སུ་ལེན་ཚུལ་ལ་མཁས་པས་ཐོགས་པ་མེད་པ་དང་མངོན་ཞེན་བཀག་པས་འཛིན་པ་མེད་པའི་སྒོ་ནས་སྒྲུབ་པར་འཇོག་པ་བཤད་ཅིང་། མཚན་གཞིར་ཡང་རིམ་བཞིན་ཚོགས་ལམ་ཕལ་བའི་གནས་སྐབས་ཀྱི་སྒྲུབ་པ་དང་ཚོགས་ལམ་ཁྱད་པར་ཅན་གྱི་གནས་སྐབས་ཀྱི་སྒྲུབ་པ་གཉིས་བཞག་པས། དེ་ལྟར་ན་ཀུན་མཁྱེན་གྱི་དགོངས་པར་སྦས་དོན་རབ་གསལ་༼༥༨༽ལས་གསུངས་པ་ལྟར། དང་པོ་ནི་ཚོགས་ལམ་ཕལ་བ་ཁོ་ན་དང་། ཕྱི་མ་ནི་ཚོགས་ལམ་ཁྱད་པར་ཅན་ནས་རྒྱུན་མཐའི་བར་དུ་འཇོག་དགོས་པར་སྙམ་ལ། འདི་གཉིས་གཞི་མཐུན་ཡང་མེད་པར་འདོད་དེ། དང་པོ་ནི་ཕར་ཕྱིན་དྲུག་ལྡན་གྱི་མངོན་རྟོགས་ཉམས་སུ་ལེན་ཚུལ་ལ་མི་མཁས་པ་དང་ཕྱི་མ་ནི་དེ་ལ་མཁས་པའི་ཕྱིར་རོ། ། འོ་ན་ཚོགས་ལམ་ཕལ་བའི་གནས་སྐབས་ཀྱི་སྒྲུབ་པ་ཆོས་ཅན། གོ་སྒྲུབ་མ་ཡིན་པར་ཐལ།ཕར་ཕྱིན་དྲུག་ཉམས་སུ་ལེན་ཚུལ་ལ་མི་མཁས་པའི་ཕྱིར། ཁྱབ་སྟེ། གོ་སྒྲུབ་ཡིན་པ་ལ་ཕར་ཕྱིན་རེ་རེ་ཞིང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་གོ་ཆས་ཟིན་པའི་སེམས་དཔའི་རྣལ་འབྱོར་ཡིན་དགོས་པའི་ཕྱིར་སྙམ་ན། དེའི་ལན་ནི་འོག་ཏུ་འཆད་དོ། ། པཎ་ཆེན་ངག་ཆོས་༼༨༩༽ཀྱིས་ཀྱང་འདི་དང་མཐུན་པར་གསུངས། གཡག་སྟོན་སངས་རྒྱས་དཔལ་༼༢༣༽གྱིས་སྤྱིའི་སྒྲུབ་པ་དང་བྱེ་བྲག་གི་སྒྲུབ་པ་ཞེས་པའི་ཐ་སྙད་མཛད་ནས། སྤྱིའི་སྒྲུབ་པ་ནི། མཁྱེན་གསུམ་གྱི་ཡུལ་སྐྱེ་མེད་གསུམ་གྱི་གནས་ལུགས་ཐོས་བསམ་གྱིས་ཤེས་པའི་དོན་ལ་དབང་ཐོབ་པར་བྱ་བའི་ཕྱིར་སྤྱིར་དགེ་བའི་ཆོས་སྒོ་དུ་མ་ནས་ཉམས་སུ་ལེན་པའི་ཡུལ་ཅན་གྱི་བྱ་བ་ཞིག་ལ་ངོས་བཟུང་ནས། ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་ས་བདུན་པའི་བར་ན་གཙོ་ཆེ། དག་ས་ན་ཡང་ཡོད་ཅེས་གསུངས། བྱེ་བྲག་གི་སྒྲུབ་པ་ནི། མཁྱེན་གསུམ་གྱི་ཡུལ་སྐྱེ་མེད་གསུམ་གྱི་གནས་ལུགས་ཐོས་བསམ་གྱིས་ཤེས་པའི་དོན་ལ་དབང་ཐོབ་པར་བྱ་བའི་ཕྱིར་དུ། སྦྱོར་བཞི་སྒོམ་པའི་སྐབས་རེ་རེ་ཞིང་སྒྲུབ་པ་ཇི་སྙེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་དུ་ཉམས་སུ་ལེན་པའི་ཡུལ་ཅན་གྱི་བྱ་བ་ཞིག་ལ་ངོས་བཟུང་ནས། ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ཁྱད་པར་ཅན་ནས་རྒྱུན་མཐའི་བར་ན་ཡོད་ཅེས་གསུངས། སེ་ར་རྗེ་བཙུན་༼༣༦༦༽གྱིས།མཁྱེན་པ་ཡུལ་གྱི་སྒྲུབ་པ་དང་སྦྱོར་བ་བྱེ་བྲག་གི་སྒྲུབ་པ་ཞེས་པའི་ཐ་སྙད་མཛད་ནས། དང་པོའི་མཚན་ཉིད། མཁྱེན་གསུམ་གང་རུང་གི་རྣམ་པ་ཡུལ་དུ་བྱས་ནས་སྒོམ་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་ཞེས་དང་། ཕྱི་མའི་མཚན་ཉིད། ཕར་ཕྱིན་དྲུག་ལྡན་དུ་བསམ་སྦྱོར་ཅི་རིགས་པས་ཟིན་པའི་སེམས་དཔའི་རྣལ་འབྱོར་ཞེས་གསུངས། འཇམ་དབྱངས་བཞེད་པས་༼༤༦༡༽ཕལ་ཆེར་འདི་དང་མཐུན་པ་ལ་ཁྱད་པར་ནི་དེ་གཉིས་ཡིན་ཁྱབ་མཉམ་དུ་བཞེད་པ་དང་། ས་མཚམས་ཀྱང་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད་པར་བཞེད་དོ། ། དེ་དག་ལས་ཁོ་བོས་ནི་ལུགས་སྔ་མའི་ཕྱོགས་བཟུང་སྟེ། ཉི་སྣང་༼༩༧༽ལས་འདི་ཁོ་ན་གསུངས་པའི་ཕྱིར་རོ། ། གཉིས་པ་ལ། མཚན་ཉིད་ནི། ཕར་ཕྱིན་རེ་རེའང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་གོ་ཆས་ཟིན་པའི་སེམས་དཔའི་རྣལ་འབྱོར། དབྱེ་ན་དྲུག ། དེས་ན་རང་ལུགས་ལ་ཐེག་ཆེན་སྒྲུབ་པ་ལ་གོ་སྒྲུབ་ཀྱིས་ཁྱབ་པ་ཁས་ལེན་དགོས་ཏེ། ཡུམ་དོན་རབ་གསལ་༼༡༧༧༽༼༡༨༠༽ལས། ཨར་ན་རེ། རིམ་བཞིན་ཐེག་ཆེན་སྒྲུབ་པ་གང་ཞིག ། ཕྱིན་དྲུག་ལ་སྤྱོད་པའི་ཉམས་ལེན་གྱིས་མ་ཟིན་པ་དང་ཟིན་པ་དེ། སྤྱིའི་སྒྲུབ་པ་དང་བྱེ་བྲག་གི་སྒྲུབ་པའི་མཚན་ཉིད་ཡིན་ཟེར་རོ། ། འོ་ན་ཚོགས་ལམ་པའི་རྒྱུད་ཀྱི་མཁྱེན་གསུམ་ཡུལ་གྱི་སྒྲུབ་པ་དེ་ཆོས་ཅན། ཟུར་ཕྱི་མར་ཐལ། སྤྱིའི་སྒྲུབ་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གོ་སྒྲུབ་ཡིན་པའི་ཕྱིར་ཏེ། ཐེག་ཆེན་སྒྲུབ་པ་ཡིན་པའི་ཕྱིར། ཞེས་དང་། ཡང་། ཁ་ཅིག་གིས་གོ་སྒྲུབ་ཀྱི་མཚན་ཉིད་ལ། སྒྲུབ་པ་ཁྱད་པར་བཞི་ལྡན་གང་ཞིག ། གོ་ཆའི་བརྩོན་འགྲུས་གཙོ་བོར་གྱུར་པ་དང་། སྦྱིན་སོགས་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་གོ་ཆའི་བརྩོན་འགྲུས་གཙོ་བོར་གྱུར་པ་ཞེས་ཟེར་བ་ལ། སྦྱོར་བའི་བརྩོན་འགྲུས་གཙོ་བོར་གྱུར་པའི་བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། གཉིས་པོ་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། ཐེག་ཆེན་སྒྲུབ་པ་ཡིན་པའི་ཕྱིར། ཞེས་དགག་པ་སྔ་ཕྱི་གཉིས་སུ་ཐེག་ཆེན་སྒྲུབ་པ་ལ་གོ་སྒྲུབ་ཀྱིས་ཁྱབ་པ་བཅས་པའི་ཕྱིར་རོ། ། འོ་ན་ཡུལ་གྱི་སྒྲུབ་པ་ཡང་གོ་སྒྲུབ་ཏུ་ཐལ་བས་མི་འཐད་དོ་སྙམ་ན། དེ་གོ་སྒྲུབ་ཡིན་ཀྱང་ཕར་ཕྱིན་དྲུག་ཉམས་སུ་ལེན་ཚུལ་ལ་མི་མཁས་ཏེ། སངས་རྒྱས་སོགས་ཀྱི་ཡུལ་ལྔ་ལ་མི་མཁས་པའི་ཕྱིར་རོ། ། པཎ་ཆེན་ངག་ཆོས་༼༩༢༽ཀྱིས་ནི་འདི་ལ་སྒྲ་ཇི་བཞིན་དུ་དེ་གོ་སྒྲུབ་མ་ཡིན་པར་འདོད་ལན་གསུངས་སོ། ། སྒྲུབ་པ་བཞིའི་ས་མཚམས་ལ། རྒྱ་བོད་ཀྱི་མཁས་པ་ཕལ་མོ་ཆེས་རྒྱན་སྣང་དུ་དྲངས་པའི་ཐོགས་མེད་ཀྱི་ལུང་དེ་ལ་ཁུངས་བཅོལ་ནས་འཆད་བཞིན་ཡོད་པས། གོ་སྒྲུབ་ཚོགས་ལམ་ཆུང་ངུ་ནས་དང་།འཇུག་སྒྲུབ་སྦྱོར་ལམ་ནས་དང་། ཚོགས་སྒྲུབ་དང་པོ་བཅོ་ལྔ་ཆོས་མཆོག་སྐད་ཅིག་ཐ་མ་ཡན་ཆད་ནས་དང་། ས་དང་པོའི་ཚོགས་སྒྲུབ་དང་། མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་མཐོང་ལམ་རྗེས་ཐོབ་དང་མཉམ་བཞག ། ས་ལྷག་མ་རྣམས་ཀྱི་ཚོགས་སྒྲུབ་དང་། སྒོམ་སྤང་གཉེན་པོའི་ཚོགས་སྒྲུབ་སྒོམ་ལམ་ནས་རྒྱུན་མཐའི་བར་དང་། ངེས་འབྱུང་སྒྲུབ་པ་དག་ས་ན་ཡོད་པ་བཅས་བཞེད་དོ། ། འདིའི་ཐད་ཀྱི་སྦས་དོན་ཟབ་མོར་༼༡༠༦༽ཐོགས་མེད་ཀྱི་ལུང་འདི་འདྲེན་སྐབས་ས་དང་པོའི་རང་བཞིན་དུ་གྱུར་བའི་ཚོགས་ཀྱི་སྒྲུབ་པ་ནི་མཐོང་བའི་བདག་ཉིད་ཡིན་ལ། ཞེས་དྲངས་པ་ནི་ཕྱིས་སུ་ཡིག་ནོར་ཤོར་བ་ཡིན་ངེས་ཏེ། སའི་ཚོགས་སྒྲུབ་ནི་རྗེས་ཐོབ་ལ་འཇོག་དགོས་པས་མཐོང་བའི་ལམ་གྱི་བདག་ཉིད་དུ་འགལ་བའི་ཕྱིར་རོ། ། དེས་ན་ད་ལྟའི་སྡེ་དགེ་བསྟན་འགྱུར་དུ་བཞུགས་པའི་རྒྱན་སྣང་༼༡༠༡༽དུ་འཕགས་པ་ཐོགས་མེད་ཀྱི་ལུང་དེ་དྲངས་སྐབས། དེ་ལ་འཕགས་པ་ཐོགས་མེད་ཀྱིས་གོ་ཆ་དང་འཇུག་པའི་སྒྲུབ་པ་དག་ནི་གོ་རིམ་བཞིན་དུ་བརྒྱུད་པ་དང་དངོས་སུ་སྦྱོར་བའི་རང་བཞིན་ཚོགས་དང་མོས་པས་སྤྱོད་པའི་སས་བསྡུས་པ་ཡིན་ནོ། ། ཚོགས་ཀྱི་སྒྲུབ་པ་ནི་བརྩེ་བ་ནས་བརྩམས་ཏེ་གཟུངས་ཀྱི་བར་ནི་མངོན་སུམ་དུ་སྦྱོར་བའི་ལམ་གྱི་རང་བཞིན་ཆོས་ཀྱི་མཆོག་ཆེན་པོས་བསྡུས་པ་ཡིན་ནོ། ། ས་དང་པོ་རབ་ཏུ་དགའ་བའི་རང་བཞིན་དུ་གྱུར་པའི་ཚོགས་ཀྱི་སྒྲུབ་པ་ནི་བསྒོམ་པའི་ལམ་ལ་བརྟེན་པ་ཡིན་ནོ་ཞེས་བཤད་དོ། ། ཞེས་གསུངས་པ་སྒྲ་ཇི་བཞིན་པ་ཡིན་ནོ། ། འདི་ལས་གཞན་དུ་མཁས་པ་ཨར་༼༢༤༦༽གྱིས།འཇུག་སྒྲུབ་དྲོད་ནས་ཆོས་མཆོག་འབྲིང་མན་ཆད་ན་ཡོད་པར་བཞེད་པ་དང་། ཉ་དབོན་ཀུན་དགའ་དཔལ་༼༣༨༨༽གྱིས་གོ་སྒྲུབ་སྦྱོར་ལམ་དང་། འཇུག་སྒྲུབ་མཐོང་ལམ། ཚོགས་སྒྲུབ་སྒོམ་ལམ། ངེས་འབྱུང་སྒྲུབ་པ་ཁྱད་པར་གྱི་ལམ་ནས་འཇོག་ཅེས་གསུངས་ལ། བོ་དོང་པཎ་ཆེན་༼༦༡༣༽གྱིས་ཀྱང་གོ་སྒྲུབ་ཚོགས་ལམ་ནས་རྒྱུན་མཐའི་བར། འཇུག་སྒྲུབ་སྦྱོར་ལམ་ནས་རྒྱུན་མཐའི་བར་ཞེས་སོགས་ཀྱིས་འདོད་པ་བཀག་ནས། ཁོང་རང་ལུགས་ལ། གོ་སྒྲུབ་ཚོགས་ལམ་ཁོ་ན།འཇུག་སྒྲུབ་སྦྱོར་ལམ་ཁོ་ན། ཚོགས་དང་པོ་བཅོ་ལྔ་ཆོས་མཆོག་ཁོ་ན། ས་དང་གཉེན་པོའི་ཚོགས་སྒྲུབ་མཐོང་སྒོམ་ན། ངེས་འབྱུང་སྒྲུབ་པ་ས་བཅུའི་ཁྱད་པར་གྱི་ལམ་ན་འཇོག་དགོས་པར་གསུངས། རྒྱལ་ཚབ་རྗེས་༼༢༨༤༽ཀྱང་ཐོགས་མེད་ཀྱི་གཞུང་འདི་སྒྲུབ་པ་བཞིའི་ས་མཚམས་སྟོན་བྱེད་དུ་མི་འཐད་ཅེས་གསུངས་སོ། ། དེ་དག་ལས་ཁོ་བོས་ནི་སྔ་མའི་ཕྱོགས་བཟུང་སྟེ། འགྲེལ་ཆེན་༼༡༠༡༽ལས་ཀྱང་ཐོགས་མེད་ཀྱི་ལུང་དེ་ཤེས་བྱེད་དུ་དྲངས་ཤིང་འཐད་ལྡན་དུ་བཞག་པའི་ཕྱིར་དང་། དོན་གསལ་༼༢༦༽ལས་ཀྱང་། དེ་ལྟར་ཇི་ལྟ་བ་བཞིན་དུ་སྦྱོར་བ་དང་མཐོང་བ་དང་བསྒོམ་པ་དང་ཁྱད་པར་གྱི་ལམ་གྱི་ངོ་བོ་ཉིད་ཀྱི་སྒྲུབ་པའི་མཚན་ཉིད་གོ་ཆ་དང་འཇུག་པ་དང་ཚོགས་དང་ངེས་པར་འབྱུང་བ། ཞེས་གསུངས་པའི་ཕྱིར་རོ། ། བརྒྱད་པ་འཇུག་སྒྲུབ་ལ། འཇུག་པའི་སྒྲུབ་པའི་ངོ་བོ་དང་ས་མཚམས་ལ་དཔྱད། འཇུག་ཡུལ་གྱི་ཐེག་པ་ལ་དཔྱད། འཇུག་པའི་དོན་ལ་དཔྱད་པའོ། ། དང་པོ་ལ། འཇུག་སྒྲུབ་ཀྱི་མཚན་ཉིད་ནི། རྒྱུ་དང་འབྲས་བུའི་ཐེག་ཆེན་གང་རུང་ལ་ཉམས་ལེན་གྱི་སྒོ་ནས་འཇུག་པའི་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཡན་ཆད་ཀྱི་སེམས་དཔའི་རྣལ་འབྱོར། རང་ལུགས་ལ་ས་མཚམས་ནི་མཚན་ཉིད་ཀྱིས་གོ་ནུས་ལ། སྐྱེད་ཚལ་མཁན་པོས་༼༢༣༢༽ཀྱང་ས་མཚམས་དྲོད་ནས་རྒྱུན་མཐའི་བར་དུ་བཞག་ཅིང་། སེ་ར་རྗེ་བཙུན་༼༣༦༧༽གྱིས་ཀྱང་དེ་བཞིན་དུ་བཞེད། ཀུན་མཁྱེན་འཇམ་དབྱངས་བཞེད་པས་༼༤༨༠༽ནི། ས་མཚམས་སྦྱོར་ལམ་རྩེ་མོ་ཡན་ཆད་ནས་རྒྱུན་མཐའི་བར་དུ་ཡོད་ཅེས་གསུངས་སོ། ། དེ་དག་ལས་ནི་ཁོ་བོས་ནི་སྔ་མའི་ལུགས་བསྐྱངས་ཏེ། རྒྱན་སྣང་༼༡༠༣དང་དོན་གསལ་༼༢༦༽གཉིས་ཆར་ལས། དེ་ལྟར་གོ་བགོས་པ་ལ་འཇུག་པ་འབྱུང་བས་གཉིས་པ་འཇུག་པའི་སྒྲུབ་པ། ཞེས་གསུངས་པའི་ཕྱིར་རོ། ། གཉིས་པ་ནི། རང་ལུགས་ལ་ནི་ཟབ་མོར་༼༡༡༡༽གསུངས་པ་ལྟར། རྒྱུ་དང་འབྲས་བུའི་ཐེག་པ་གཉིས་ཡིན་ཞིང་། འཇུག་ཡུལ་ཐེག་ཆེན་སྤྱིའི་མཚན་ཉིད་ནི། གཡག་སྟོན་༼༦༧༽གྱིས་གསུངས་པ་ལྟར། བགྲོད་པ་གང་ཞིག ། ཆེན་པོ་བདུན་དང་ལྡན་པའོ། ། དེ་ལས་རྒྱུའི་ཐེག་པ་དང་འབྲས་བུའི་ཐེག་པ་གཉིས་ཀྱི་མཚན་ཉིད་རིམ་བཞིན། ཐེག་ཆེན་བདུན་ལྡན་གང་ཞིག ། བགྲོད་པར་བྱེད་པ་དང་། གང་ཞིག ། བགྲོད་བྱ་མཐར་ཐུག་གོ ། འོ་ན་འཇུག་ཡུལ་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ཀྱི་མཚན་གཞི་གང་ལ་ངོས་བཟུང་སྙམ་ན། ཀུན་མཁྱེན་ལྟར་ན། རྒྱུའི་ཐེག་པ་ནི་བསམ་གཏན་གཟུགས་མེད་ནས་འཁོར་གསུམ་རྣམ་པར་དག་པའི་བར་གྱི་འཇུག་ཡུལ་དྲུག་དང་། འབྲས་བུའི་ཐེག་པ་ནི་ཆེད་དུ་བྱ་བ་ལ་སོགས་པ་འཇུག་ཡུལ་ཕྱི་མ་གསུམ་ལ་བཞག་གོ། ཀུན་མཁྱེན་གཡག་པས་༼༦༨༽ནི་འཇུག་ཡུལ་དང་པོ་བརྒྱད་ལ་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་སུ་ཕྱེ་ནས། དེ་དག་ལས་ཐེག་ཆེན་སློབ་པའི་རྒྱུད་ལ་ཡོད་པ་རྣམས་རྒྱུའི་ཐེག་ཆེན་དང་ཐེག་ཆེན་མི་སློབ་པའི་རྒྱུད་ལ་ཡོད་པ་རྣམས་འབྲས་བུའི་ཐེག་ཆེན་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་འབྲས་བུའི་ཐེག་ཆེན་ཁོ་ན་ཡིན་པར་གསུངས་སོ། ། ཀུན་མཁྱེན་རོང་སྟོན་༼༡༧༤༽གྱིས་ནི་ཐེག་ཆེན་ལ་འདིས་བགྲོད་པ་རྒྱུའི་ཐེག་ཆེན་དང་། འདིར་བགྲོད་པ་འབྲས་བུའི་ཐེག་ཆེན་གཉིས་སུ་བཞག་ནས་བསམ་གཏན་གཟུགས་མེད་སོགས་བརྒྱད་ནི་འདིས་བགྲོད་པ་རྒྱུའི་ཐེག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་འདིར་བགྲོད་པ་འབྲས་བུའི་ཐེག་པ་ལ་བཞག་གོ ། དེ་དག་ཁོ་བོས་ནི་སྔ་མའི་ཕྱོགས་བཟུང་སྟེ། མཁས་པ་ཆེན་པོ་ཨར་༼༢༤༨༽གྱིས། དེ་ཡང་རྒྱུའི་ཐེག་པ་དང་། འབྲས་བུའི་ཐེག་པའོ། ། དང་པོ་ནི་བསམ་གཏན་ནས་བཟུང་སྟེ་འཁོར་གསུམ་རྣམ་པར་དག་པའི་བར་རོ། ། གཉིས་པ་ནི་ཆེད་དུ་བྱ་བ་ལ་སོགས་པའོ། ། དེ་གཉིས་ཀྱང་ཚན་པ་གསུམ་དུ་བསྡུ་སྟེ། རང་གི་དོན་གྱི་དབང་དུ་བྱས་པ་དང་། གཞན་གྱི་དོན་གྱི་དབང་དུ་བྱས་པ་དང་། གཉིས་ཀའི་དོན་གྱི་དབང་དུ་བྱས་པའོ། ། དེ་ཡང་བསམ་གཏན་ལ་སོགས་པ་གསུམ་དང་། བྱམས་པ་སོགས་པ་གསུམ་དང་། ཆེད་དུ་བྱ་བ་ལ་སོགས་པ་གསུམ་དང་རིམ་བཞིན་ནོ། ། ཞེས་གསུངས་པའི་ཕྱིར་རོ། ། ཨར་གྱིས་དེ་གཉིས་ཀྱང་ཚན་པ་གསུམ་དུ་བསྡུ་སྟེ་ཞེས་སོགས་དང་། སྦས་དོན་ཟབ་མོ་ལས། ཡང་ཚན་པ་གསུམ་དུ་ཡང་བསྡུ་སྟེ། རང་དོན་གྱི་དང་། གཞན་དོན་གྱི་དང་། གཉིས་དོན་གྱི་དབང་དུ་བྱས་པའོ། ། དང་པོ་ནི་བསམ་གཏན་གཟུགས་མེད་སོགས་གསུམ་མོ། ། གཉིས་པ་ནི་བྱམས་སོགས་གསུམ་མོ། ། གསུམ་པ་ནི་ཆེད་དུ་བྱ་བ་སོགས་གསུམ་མོ། ། ཞེས་གསུངས་པ་གཉིས་ཀྱང་དགོངས་པ་གཅིག་ཏུ་སོང་བ་ཡིན་ནོ། ། གསུམ་པ་ནི། ཉི་སྣང་ལྟར་ན་འཛེགས་པ་སྟེ། འཇུག་འཛེགས་གཉིས་ནི་དོན་གཅིག་ཏུ་གསུངས་པའི་ཕྱིར་ཏེ། ཉི་སྣང་༼༡༠༠༽ལས། དེའང་དོན་གཅིག་པ་ཉིད་ཀྱིས་འཇུག་པ་ནི་འཛེག་པ་ཡིན་ལ། འཛེག་པའང་འཇུག་པ་ཡིན་ནོ། ། ཞེས་གསུངས་པའི་ཕྱིར་རོ། ། ཀུན་མཁྱེན་གོ་རམས་པས་ཀྱང་ཟབ་མོར་༼༡༡༡༽ཉི་སྣང་གི་རྗེས་སུ་འབྲངས་ནས་འཇུག་འཛེགས་གཉིས་དོན་གཅིག་ཏུ་ཞལ་གྱིས་བཞེས་སོ། ། སེང་གེ་བཟང་པོས། རྒྱན་སྣང་༼༡༠༣༽ལས་ནི། ཐེག་པའི་སྒྲ་ནི་ལས་དང་བྱེད་པ་སྒྲུབ་པ་ཉིད་ཡིན་པའི་ཕྱིར་དང་པོ་འཇུག་པའི་སྒྲུབ་པས་ཐེག་པ་ཆེན་པོ་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་གྱི་ཆོས་ལ་འཇུག་པ་ཡིན་ལ་ཕྱིས་གོང་ནས་གོང་དུ་ཁྱད་པར་རྟོགས་པས་ཡང་དག་པར་གནས་པ་ཡིན་པས་ཚིག་གཉིས་སྨོས་སོ། ། ཞེས་འཇུག་པ་ནི་ཞུགས་མ་ཐག་པ་དང་། འཛེག་པ་ནི་གོང་ནས་གོང་དུ་འགྲོ་བ་ལ་བཤད་པས་དོན་ཐ་དད་དུ་གསུངས་སོ། ། གསེར་ཕྲེང་༼༣༩༠༽ལས་ཀྱང་། འོ་ན་འཇུག་འཛེག་གི་དོན་གང་ཞེ་ན། འདི་གཉིས་རྣམ་གྲངས་པར་ཉི་སྣང་ལས་བཤད་ལ། རྒྱན་སྣང་ལས་ཞུགས་པ་དང་གནས་པ་གཉིས་དང་པོར་ཐོབ་པ་དང་ཕྱིས་ཁྱད་པར་དུ་འགྲོ་བ་ལ་བཤད་དོ། ། ཞེས་དང་། པཎ་ཆེན་ཤཱཀ་མཆོག་༼༥༢༦༽གིས་ཀྱང་། ཉི་སྣང་ལས་རྣམ་གྲངས་པར་བཤད་ལ། འགྲེལ་ཆེན་ལས། ཞུགས་མ་ཐག་པ་དང་། གོང་ནས་གོང་དུ་འགྲོ་བ་ལ་བཤད་དོ། ། ཞེས་དང་། མདོ་ལས་ཤ་རིའི་བུས། ཐེག་ཆེན་ལ་འཇུག་པ་དང་འཛེག་པ་གང་ཞེས་དྲིས་པའི་ལན་དུ། དང་པོ་ལྔ་ལ་འཇུག་པའི་སྒྲས་བསྟན། ལྷག་མ་བཞི་ལ་འཛེག་པའི་སྒྲས་བཤད་པའི་ཕྱིར་ཞེས་རྒྱན་སྣང་ལས་གསུངས་པ་དེ་ཉིད་འཐད་ལྡན་དུ་བཞག་གོ ། འཇམ་དབྱངས་བཞེད་པས་༼༤༧༩༽ནི་རྒྱན་སྣང་གི་ལུགས་ལ་ཡང་བྱས་མི་རྟག་ལྟར་འཇུག་འཛེགས་གཉིས་དོན་གཅིག་ཀྱང་སྒྲའི་རྣམ་གྲངས་ཀྱིས་དོན་དང་པོར་འཇུག་པ་དང་། ཕྱིས་གོང་ནས་གོང་དུ་འཛེག་པ་ལ་བཤད་དགོས་པའི་ཕྱིར། ཞེས་གསུངས་སོ། ། ཁོ་བོས་ནི་འཕགས་པ་དང་ཀུན་མཁྱེན་གཉིས་ཀྱི་དགོངས་པ་བསྐྱངས་ཏེ། རྒྱན་རྩ་བར་བལྟས་ན་ཡང་འཇུག་འཛེགས་གཉིས་དོན་གཅིག་པ་ལ་སྔོན་དུ་འཇུག་པ་སྨོས་པས་སྡེབ་སྦྱོར་གྱི་དབང་གིས་ཕྱིས་སུ་འཛེགས་པ་སྨོས་པ་གྲུབ་པའི་ཕྱིར་རོ། ། དགུ་པ་ཚོགས་སྒྲུབ་ལ། ངོ་བོ་དང་ས་མཚམས་ལ་དཔྱད། ཡེ་ཤེས་ཀྱི་ཚོགས་ལ་དཔྱད། ས་ཡི་ཚོགས་ལ་དཔྱད། གཉེན་པོ་ཚོགས་སྒྲུབ་ལ་དཔྱད་པའོ། ། དང་པོ་ནི། གསེར་ཕྲེང་ལས་གསུངས་པ་ལྟར། རྒྱན་ལས་ནི་ས་དང་གཉེན་པོའི་ཚོགས་སྒྲུབ་གཉིས་རྟོགས་དཀའ་བར་དགོངས་ནས་བྱེ་བྲག་ཏུ་བཤད་པ་མཛད་ལ། འཕགས་སེང་གཉིས་ཀྱིས་ནི་ཡེ་ཤེས་ཀྱི་ཚོགས་བྱེ་བྲག་ཏུ་གཏན་ལ་ཕབ་པར་མཛད་ཡོད་དོ། ། འདིར་ཡང་དེ་ལྟར་དུ་དཔྱད་ན། དང་པོ་ཚོགས་སྒྲུབ་ཀྱི་མཚན་ཉིད་ནི། མཐར་ཐུག་གི་བྱང་ཆེན་སྒྲུབ་པ་ལ་ནུས་པ་མཐུ་ཅན་དུ་གྱུར་པའི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་སྐད་ཅིག་ཐ་མ་ཡན་ཆད་ཀྱི་སེམས་དཔའི་རྣལ་འབྱོར། དེས་ཚོགས་སྒྲུབ་ཀྱི་ས་མཚམས་ཀྱང་གོ་ནུས། འོན་ཀྱང་ཚོགས་སྒྲུབ་ཡིན་ན་ནི་མ་ངེས་ཏེ། སའི་ཚོགས་སྒྲུབ་ས་བཅུའི་རྗེས་ཐོབ་དང་། གཉེན་པོའི་ཚོགས་སྒྲུབ་ས་བཅུའི་མཉམ་གཞག་ན་ཡོད་པའི་ཕྱིར་རོ། ། གཉིས་པ་ནི། འཕགས་སེང་གི་བཞེད་པས་འདིའི་སྐབས་ཀྱི་མདོར། ཡུལ་སྟོང་པ་ཉིད་ཀྱི་དབྱེ་བ་ཙམ་བཤད་པ་དེས། ཡུལ་ཅན་ཡེ་ཤེས་ཀྱང་མཚོན་པར་བཞེད་དེ། ཉི་སྣང་༼༡༡༣༽ལས། ཕྱོགས་འདིས་ནི་སྐབས་གོ་རིམས་མ་ཚང་བ་རྣམས་ཀྱི་སྐབས་ཀྱི་དོན་ལ་ཡང་བརྗོད་པར་བྱའོ། ། ཞེས་པ་ནས། ཆེད་དུ་བྱ་བ་ཉམས་པའི་ངོ་བོར་སྟོན་པ་ཡིན་ནོ། ། ཞེས་དང་། རྒྱན་སྣང་༼༡༡༥༽ལས། འཕགས་པ་རྣམ་པར་གྲོལ་སྡེས་སྐབས་དོན་ཡང་ཕྱོགས་འདིས་བརྗོད་པར་བྱའོ། ། ཞེས་པ་ནས། ཆེད་དུ་བྱ་བ་ཉམས་པར་འགྱུར་རོ་ཞེས་བཤད་དོ། ། ཞེས་པའི་བར་རྒྱས་པར་གསུངས་པའི་ཕྱིར་རོ། ། དེས་ན། རྒྱན་སྣང་༼༡༡༢༽ལས། སྟོང་ཉིད་དང་པོ་གསུམ་གྱི་སྐབས་སུ། སྟོང་པ་ཉིད་འདི་གསུམ་ནི་མོས་པས་སྤྱོད་པའི་ས་ལ་ཡིན་ནོ། ། ཞེས་དང་། བཞི་པའི་སྐབས་སུ། འདི་ནི་སྦྱོར་བའི་ལམ་ལའོ། ། ཞེས་པ་ནས་དེ་ནས་བདུན་ས་བདུན་ལ་སྦྱར་ཞིང་། དེ་ནས་གཉིས་རེ་བྱས་ནས་དག་པ་ས་གསུམ་ལ་སྦྱར་ཞིང་། ཐ་མ་གསུམ་གྱི་སྐབས་སུ་སངས་རྒྱས་ཀྱི་ས་ལ་ཡིན་པར་ཤེས་པར་བྱའོ། ། ཞེས་སྟོང་ཉིད་ཉི་ཤུའི་ས་མཚམས་མཛད་ཡོད་ལ། དེ་ཉིད་བོད་ཀྱི་མཁས་པ་རྣམས་ཀྱིས་སྟོང་ཉིད་ཉི་ཤུ་རྟོགས་པའི་ཡུལ་ཅན་ཡེ་ཤེས་ཉི་ཤུའི་ས་མཚམས་ལ་བཀྲལ་ལོ། ། དེ་ཡང་བཀྲལ་ཚུལ་མི་འདྲ་བ་མང་དུ་བྱུང་ཞིང་། མི་འདྲ་བ་འབྱུང་སའི་གཞི་ཡང་སྟོང་པ་ཉིད་འདི་གསུམ་ནི་མོས་པས་སྤྱོད་པའི་ས་ལ་ཡིན་ནོ། ། ཞེས་པའི་སྐབས་ཀྱི་མོས་པས་སྤྱོད་པའི་ས་དང་། འདི་ནི་སྦྱོར་བའི་ལམ་ལའོ། ། ཞེས་པའི་སྦྱོར་བའི་ལམ་གཉིས་ཡིན་ནོ། ། དེ་ཡང་ཀུན་མཁྱེན་གོ་རམས་པས་ཟབ་མོར་༼༡༡༥༽སྟོང་ཉིད་གཞན་རྣམས་ཀྱི་ས་མཚམས་རྒྱན་སྣང་སོར་བཞག་ཅིང་། སྟོང་ཉིད་དང་པོ་གསུམ་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་ཚོགས་ལམ་ནས་ཡོད་པར་གསུངས། དེ་ལྟར་ན་ཀུན་མཁྱེན་གོ་རམས་པའི་དགོངས་པར་རྒྱན་སྣང་ལས་བྱུང་བའི་མོས་པས་སྤྱོད་པའི་ས་ཞེས་པ་ནི་ཚོགས་ལམ་ལ་བཞེད་ཅིང་། དེ་ཡང་ཡེ་ཤེས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་སྒྲུབ་གཉིས་ལ་ཁྱད་པར་ཡོད་པ་གསལ་ཏེ། ཡེ་ཤེས་ཚོགས་སྒྲུབ་ཆོས་མཆོག་སྐད་ཅིག་ཐ་མ་ནས་བཞག་པའི་ཕྱིར་རོ། ། དེས་ན་པཎ་ཆེན་ངག་ཆོས་༼༩༤༽ཀྱིས་གསུངས་པ་ལྟར། ཡེ་ཤེས་ཀྱི་ཚོགས་དང་པོ་གསུམ་ཚོགས་ལམ་ན་ཡོད་ཀྱང་དེའི་ཚོགས་སྒྲུབ་སྦྱོར་ལམ་ཆོས་མཆོག་ཆེན་པོ་ནས་འཇོག་དགོས་པ་དང་། སྟོང་ཉིད་ཐ་མ་གསུམ་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་སངས་རྒྱས་ཀྱི་སར་ཡོད་ཀྱང་། དེའི་ཚོགས་སྒྲུབ་སློབ་པ་ཡིན་པའི་རྣམ་དབྱེ་རྣམས་ཤེས་པར་བྱའོ། ། གལ་ཏེ་མོས་པས་སྤྱོད་པའི་ས་ཞེས་པ་ཚོགས་ལམ་ལ་འཇོག་པ་མི་འཐད་དེ། མཚན་ཉིད་ཀྱི་སྐབས་སུ་ཡང་ཚོགས་དང་མོས་པས་སྤྱོད་པ་དང་ཞེས་པ་དང་། རྟག་ཏུ་ངུའི་ལེའུའི་སྐབས་སུ་ཡང་ཚོགས་ཀྱི་ས་དང་། མོས་པས་སྤྱོད་པའི་ས་དང་། བྱང་ཆུབ་སེམས་དཔའི་ས་དང་། དེ་བཞིན་གཤེགས་པའི་ས་ཞེས་སོགས་ཀྱི་སྐབས་སུ་མོས་པས་སྤྱོད་པའི་ས་སྦྱོར་ལམ་ཁོ་ནར་བཞག་པའི་ཕྱིར་སྙམ་ན། དེ་ནི་མི་འདྲ་སྟེ། སྐབས་དེའི་མོས་པས་སྤྱོད་པའི་ས་ནི་དེའི་གོང་གི་ཚོགས་ཞེས་པས་ཟླས་དྲངས་པའི་ཕྱིར་རོ། ། དེས་ན་རྒྱན་སྣང་ལས་སྟོང་ཉིད་ཉི་ཤུ་བཤད་སྐབས་ཀྱི་མོས་པས་སྤྱོད་པའི་ས་ནི་ཚོགས་ལམ་ཁོ་ན་ལ་གོ་དགོས་ཏེ། དེའི་མཇུག་ཐོགས་སུ་སྦྱོར་བའི་ལམ་ལོགས་སུ་བཤད་པའི་ཕྱིར་རོ། ། འོ་ན་ས་དང་པོར་སྟོང་ཉིད་ཕྱི་མ་རྣམས་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་མེད་པར་འགྱུར་བས་མི་འཐད་དོ་སྙམ་ན། སྐྱོན་མེད་དེ། རྗེས་ཐོབ་ཏུ་ཆོས་ཅན་དེ་དང་དེའི་སྟོང་ཉིད་ལ་ངེས་ཤེས་འདྲེན་ཚུལ་མི་འདྲ་བའི་སྒོ་ནས་དེ་ལྟར་བཞག་པའི་ཕྱིར། འདི་བཞིན། གསེར་ཕྲེང་༼༤༢༧༽ལས་ཀྱང་། དེ་ལ་སྤྱིར་རྒྱན་སྣང་དུ་མོས་སྤྱོད་སྦྱོར་ལམ་ལ་བྱས་པ་མང་ཡང་། སྐབས་འདིར་བཞི་པ་ལ་སྦྱོར་བའི་ལམ་ཞེས་པ་དང་། ཚོགས་ལམ་ན་ཡང་སྒོམ་བྱུང་གི་ཡེ་ཤེས་ཕལ་པའི་ཚུལ་དུ་ཡོད་པའི་ཕྱིར་ནང་དང་ཕྱི་དང་དེ་གཉིས་ཀ་སྟོང་ཉིད་གསུམ་གྱིས་ཚོགས་ལམ་དང་སྦྱོར་ལམ་དང་པོ་གསུམ་དང༌། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ཆོས་མཆོག་འཕངས་པ་དགོངས་པར་འཐད་དོ། ། ཞེས་དང་། ཚོགས་ལམ་ན་ཚོགས་སྒྲུབ་མེད་པས་དེ་མི་འཐད་ཅེ་ན། ཉེས་པ་མེད་དེ། ཡེ་ཤེས་ཀྱི་སྐབས་སུ་བཤད་ཚད་ཚོགས་སྒྲུབ་ཏུ་མི་འདོད་དེ། ལམ་གྱི་ཚོགས་བཞིན་ནོ། ། གཞན་དུ་ན་ཚོགས་ལམ་ལ་མི་འདོད་ཀྱང་ངེས་འབྱེད་དང་པོ་གསུམ་དུ་བཞག་དགོས་པས་དེར་ཡང་ཚོགས་སྒྲུབ་ཇི་ལྟར་བཞག། ཅེས་གསུངས་པའི་ཕྱིར་རོ། ། འོན་ཀྱང་། མཁས་པ་ཨར་༼༢༦༠༽གྱིས། དྭགས་པོ་དང་མ་ཧཱ་སོགས་ཀྱིས་མོས་པས་སྤྱོད་པའི་ས་ཞེས་པ་ཚོགས་ལམ་ལ་ངོས་བཟུང་བ་ལ། དེ་ནི་མི་རིགས་ཏེ། སེང་གེ་བཟང་པོས་རང་གིས་ངེས་འབྱེད་སྟོན་པ་ན་བཞི་པོ་འདི་དག་ནི་ལྷག་པར་མོས་ལ་བསྟན་པ་ཡིན་པས་དེར་བཞག་གོ ། ཞེས་དང་། དེས་ན་གསུམ་པོ་ནི་ངེས་འབྱེད་ཆ་མཐུན་བཞི་ལ་སྤྱིར་བཞག་སྟེ་ཞེས་དང་། སྟོང་པ་ཉིད་སྟོང་པ་ཉིད་ནི་ཆོས་མཆོག་ལ་བཞག་སྟེ། ཞེས་སྟོང་ཉིད་དང་པོ་གསུམ་འཇོག་པའི་མོས་སྤྱོད་ཀྱི་ས་ནི་སྦྱོར་ལམ་བཞི་ཀ་དང་། བཞི་པ་འཇོག་པའི་སྦྱོར་ལམ་ནི་ཆོས་མཆོག་ཡིན་ཞེས་བཞེད་དོ། ། ཀུན་མཁྱེན་རོང་སྟོན་༼༡༩༨༽གྱིས་ནི་སྟོང་ཉིད་དང་པོ་གསུམ་རྟོགས་པའི་ཡེ་ཤེས་སྦྱོར་ལམ་དྲོད་སོགས་གསུམ་ལ་བཞག་པ་དང་། བཞི་པ་རྟོགས་པའི་ཡེ་ཤེས་ཆོས་མཆོག་ནས་བཞག་པས། ཡེ་ཤེས་ཀྱི་ཚོགས་ཚོགས་ལམ་ན་ཡོད་པར་མི་བཞེད་པ་གསལ་ཞིང་། སྦས་དོན་རབ་གསལ་༼༦༦༽ལས། སྟོང་ཉིད་དང་པོ་བཞི་རྟོགས་པའི་ཡེ་ཤེས་སྦྱོར་ལམ་དྲོད་སོགས་བཞི་ལ་རིམ་པ་བཞིན་སྦྱར་བ་ཡང་རོང་སྟོན་གྱི་ཊཱི་ཀའི་དགོངས་པ་ཡིན་པ་ལས། ཀུན་མཁྱེན་རང་གི་ལུགས་མིན་ནོ། ། གསུམ་པ་ནི། ས་ཡི་ཚོགས་ལ་དཔྱད་ན། སྦས་དོན་ཟབ་མོར་༼༡༡༦༽སྐབས་དོན་བྱང་སེམས་ཀྱི་ས་ཡི་མཚན་ཉིད་ལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་། སྙིང་རྗེ་ཆེན་པོ་ཟུང་དུ་འབྲེལ་བའི་སྒོ་ནས་རྟོགས་པ་ཕྱི་མ་དང་ཡོན་ཏན་གྱི་རྟེན་བྱེད་པའི་ཉམས་ལེན་ཁྱད་པར་ཅན་ནོ། ། ཞེས་གསུངས་ལ། འདི་ལ་དེང་སང་མང་པོ་ཞིག་གིས། དེ་ལྟར་ན་ས་དང་པོའི་རྗེས་ཐོབ་ཡེ་ཤེས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཞེས་པའི་སྐྱོན་བཏང་བ་ནི། གནད་མ་གོ་བ་སྟེ། འདིའི་མཚན་ཉིད་ཀྱི་ཚིག་ཟུར་གྱི་ཡོན་ཏན་ནི། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་ལ་གོ་དགོས་ཤིང་། རྟེན་བྱེད་པའང་དེའི་རྟེན་བྱེད་པའི་ཆ་ནས་འཇོག་དགོས་པའི་ཕྱིར་རོ། ། དོན་འདི་རྟོགས་ན་རྗེས་ཐོབ་སྐབས་དོན་གྱི་ས་ཡིན་མིན་གྱི་དོགས་པ་འབྱུང་དོན་མེད་དོ། ། ཡང་དཔྱད་དགོས་པ་ཞིག་ལ། འདིའི་ཐད་ཀྱི་རྒྱན་སྣང་༼༡༡༧༽ལས། དེ་བས་ན་ས་དང་པོའི་སྐད་ཅིག་མ་དང་པོ་ནི་མཐོང་བའི་ལམ་ཡིན་ནོ། ། དེ་ལས་གཞན་པ་སྐད་ཅིག་མ་གཉིས་པ་ལ་སོགས་པ་ནས་རྡོ་རྗེ་ལྟ་བུར་བརྗོད་པའི་བར་ཆད་མེད་པའི་ལམ་གང་ལས་དེ་མ་ཐག་ཏུ་སངས་རྒྱས་ཀྱིས་ཀུན་ཏུ་འོད་འཐོབ་པའི་བར་འདི་དག་ནི་མཆོག་གི་དོན་ལ་སོགས་པར་ཆོས་ཀྱི་དབྱིངས་སོ་སོར་རྟོགས་པའི་ཕྱིར་བསྒོམ་པའི་ལམ་ཡིན་པར་བཤད་དོ། ། ཞེས་གསུངས་པས། དེ་ལྟར་ན་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་པོ་རེ་རེ་ནས་མཐོང་ལམ་དུ་ཁས་ལེན་མི་ཐུབ་པར་འགྱུར་རོ་སྙམ་ན། དེ་ནི་མཐོང་ལམ་སྐད་ཅིག་མ་དང་པོ་ལས་གཞན་པའི་སྐད་ཅིག་མ་བཅོ་ལྔ་པོ་ཐམས་ཅད་མཐོང་ལམ་མིན་ཞེས་པའི་དོན་མིན་པར། སྐད་ཅིག་མ་དང་པོ་ནི་ཆོས་ཉིད་དང་པོ་མངོན་སུམ་དུ་མཐོང་བའི་བློ་དང་ཕྱི་མ་བཅོ་ལྔ་ནི་མཐོང་ཟིན་སྒོམ་པའི་བློ་ཡིན་པས་མཐོང་ལམ་ཞེས་པའི་སྒྲ་བཤད་དུ་མེད་པ་ཙམ་ལ་དགོངས་པ་ཡིན་ནོ། ། བཞི་པ་ནི། ཀུན་མཁྱེན་གོ་རམས་པས་༼༧༡༽སྦས་དོན་རབ་གསལ་ལས། གཉེན་པོའི་ཚོགས་སྒྲུབ་ནི། མཐར་ཐུག་གི་བྱང་ཆེན་འབྱིན་པ་ལ་མཐུ་ཅན་དུ་གྱུར་པའི་བྱང་འཕགས་ཀྱི་རྒྱུད་ཀྱི་སྤོང་བ་གཉེན་པོ་ལ་བཞག་ཅིང་། དེ་ལ་དབྱེ་ན་མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་དང་། སྒོམ་སྤང་གཉེན་པོའི་ཚོགས་སྒྲུབ་གཉིས།དང་པོ་ལ་ཡང་སྤང་བྱ་གཟུང་འཛིན་གྱི་རྣམ་རྟོག་བཞི་ཡོད་པས། གཉེན་པོ་ཡང་བཞི། ཕྱི་མ་ལ་ཡང་ས་གཉིས་པ་ནས་བཅུ་པའི་སྤོང་བ་གཉེན་པོའི་བར་དགུ་ཡོད་ཅིང་། དེ་རེ་རེ་ལ་ཡང་སྤང་བྱ་གཟུང་འཛིན་གྱི་རྣམ་རྟོག་བཞི་བཞི་ཡོད་པས་གཉེན་པོའི་ཚོགས་སྒྲུབ་ཀྱང་རྣམ་པ་བཞི་བཞི་ཡོད། ཅེས་དང་། སྦས་དོན་ཟབ་མོ་༼༢༨༠༽ལས། སྒོམ་ལམ་རྩེ་སྦྱོར་བཤད་སྐབས། འོ་ན་འདིར་བསྟན་སྒོམ་ལམ་རྩེ་སྦྱོར་དེ། ས་དགུ་ལ་ནི་ཆེན་པོ་ཡི། །ཞེས་པའི་སྐབས་ཀྱི་མཉམ་གཞག་བར་ཆད་མེད་ལམ་དགུ་པོ་ཡིན་ན། ལུས་རྣམ་གཞག་ཏུ། སྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། ། གཉེན་པོ་རྣམ་པ་བཞི་དང་ནི། །ཞེས་བཞིར་བཤད་པ་དང་འགལ་ལོ་སྙམ་ན། མི་འགལ་ཏེ་དགུར་ཕྱེ་བ་ནི། ཁམས་གསུམ་ས་དགུ་རེ་རེ་ལ་སྒོམ་སྤང་ཤེས་སྒྲིབ་ཆེན་པོའི་ཆེན་པོ་སོགས་དགུ་དགུ་ཡོད་པས་དེ་དག་རིམ་པ་བཞིན་སྤོང་བའི་དབང་དུ་བྱས་ནས་ས་མཚམས་ཀྱི་སྒོ་ནས་ཕྱེ་བ་ཡིན་ལ། བཞིར་ཕྱེ་བ་ནི། སྔར་བཤད་པའི་མཉམ་གཞག་བར་ཆད་མེད་ལམ་རེ་རེས་ཀྱང་རང་གི་ངོས་སྐལ་གྱི་སྒོམ་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞིའི་ས་བོན་སྤོང་བའི་གཉེན་པོ་བྱེད་པས་ལྡོག་པའི་སྒོ་ནས་ཕྱེ་བ་ཡིན་པའི་ཕྱིར་རོ། ། ཞེས་སྐབས་དང་པོར་དག་ས་ས་གསུམ་ལ་ཡང་གཟུང་འཛིན་གྱི་རྣམ་རྟོག་སྤང་རྒྱུ་ཡོད་པར་གསུངས་པ་དང་། སྐབས་ལྔ་པར་དག་ས་གསུམ་ལ་གཟུང་འཛིན་རྣམ་རྟོག་གི་ས་བོན་སྤང་རྒྱུ་ཡོད་པར་གསུངས་པ་གཉིས་གང་ཡིན་ཀྱང་མི་འཐད་དེ། སྔ་མ་ལྟར་ན། ས་བརྒྱད་པར་མཚན་འཛིན་མཐའ་དག་མ་སྤངས་པར་ཐལ་བ་དང་། ཕྱི་མ་ལྟར་ན་ས་བརྒྱད་པར་རྟོག་པ་སླར་མི་སྐྱེ་བའི་ཆོས་ཅན་དུ་མ་བྱས་པར་ཐལ་བའི་ཐལ་བ་གཉིས་འབབ་པར་འགྱུར་རོ་སྙམ་ན། སྐྱོན་མེད་དེ། ལུང་སྔ་མའི་དོན་ནི་དག་ས་ལ་སྦྱར་བའི་ཚེ་གཟུང་འཛིན་རྣམ་རྟོག་གི་ས་བོན་ལ་སྦྱར་དགོས་ལ། ལུང་ཕྱི་མ་ནི་སྒྲ་ཇི་བཞིན་པ་ཡིན་ནོ། ། འོ་ན་ས་བརྒྱད་པར་རྟོག་པ་སླར་མི་སྐྱེ་བའི་ཆོས་ཅན་དུ་མ་བྱས་པར་ཐལ་ཏེ། དག་སར་རྟོག་པའི་ས་བོན་ཡོད་པའི་ཕྱིར་སྙམ་ན། སྤང་བྱར་མཚོན་ན། རྐྱེན་དང་ཕྲད་ན་འབྱུང་རུང་ལ་ས་བོན་དུ་བྱས་པ་དང་། གནས་ངན་ལེན་ལ་ས་བོན་དུ་བྱས་པ་གཉིས་ཡོད་པས་ཕྱི་མའི་དབང་དུ་བྱས་པའི་ཕྱིར་ན་སྐྱོན་མེད་དོ། ། བཅུ་པ་ངེས་འབྱུང་སྒྲུབ་པ་ལ། ཀུན་མཁྱེན་གོ་རམས་པས་ངེས་འབྱུང་སྒྲུབ་པའི་ས་མཚམས་དང་ངོ་བོ་ཇི་ལྟར་བཞེད་ཚུལ་ལ་དཔྱད། མཁས་པ་གཞན་གྱི་བཞེད་པའི་རྣམ་གྲངས་འགོད་པའོ། ། དང་པོ་ནི། ཀུན་མཁྱེན་གོ་རམས་པས་འདིའི་ཐད་ཀྱི་ཟབ་མོར་༼༡༣༧༽ངེས་པར་འབྱུང་ས་བརྒྱད་པོ་དེར་བར་ཆད་མེད་པར་ངེས་པར་འབྱུང་བ་ནི་ས་བརྒྱད་པ་ནས་ཡོད་ཅིང་། དངོས་སུ་ངེས་པར་འབྱུང་བ་ལ་འཇོག་ན་རྒྱུན་མཐའ་འཇོག་དགོས་པར་སྣང་ངོ་། ། ཞེས་པ་ཙམ་ལས་མ་གསུངས་ཤིང་། ཡུམ་དོན་རབ་གསལ་༼༢༠༡༽ལས། ས་མཚམས་ལ་ཁ་ཅིག་ས་བརྒྱད་པ་ནས་འཇོག་པ་མི་འཐད་དེ། རང་གི་ངེས་པར་འབྱུང་སར་དངོས་སུ་འབྱིན་པ་དེ་ནས་མེད་པའི་ཕྱིར་ཏེ། འབྱིན་པ་ཙམ་ནི་སྦྱོར་ལམ་ནས་ཀྱང་ཡོད་པའི་ཕྱིར་རོ། ། ཞེས་དང་། ཁ་ཅིག ། རྒྱུན་མཐའི་སྔ་ལོགས་ནས་སངས་རྒྱས་སའི་བར་འཇོག་པ་མི་འཐད་དེ། སངས་རྒྱས་ཀྱི་སར་སྒྲུབ་པ་འཇོག་པ་མི་སྲིད་པའི་ཕྱིར་རོ། ། ཞེས་དང་། རང་ལུགས་འཇོག་སྐབས། ངེས་འབྱུང་སྒྲུབ་པའི་མཚན་ཉིད་ལ། ངེས་འབྱུང་སྒྲུབ་པའི་ངེས་པར་འབྱུང་སར་དངོས་སུ་འབྱིན་པར་བྱེད་པའི་སེམས་དཔའི་རྣལ་འབྱོར། ཞེས་དང་། དབྱེ་ན་བརྒྱད་ཡོད་པ་ལས། ལམ་གྱི་ཡུལ་ཅན་གྱི་ངེས་འབྱུང་སྒྲུབ་པ་ནི་རྒྱུན་མཐའི་སྔ་ལོགས་ཁོ་ནར་ཡོད་དེ། དེའི་ངེས་པར་འབྱུང་སའི་ལམ་དེ་རྒྱུན་མཐའི་ཡེ་ཤེས་ཁོ་ན་ལ་འཇོག་པའི་ཕྱིར། གཞན་བདུན་ནི་རྒྱུན་མཐའི་གནས་སྐབས་སུ་ཡོད་དེ། དེའི་ངེས་པར་འབྱུང་ས་བདུན་པོ་དེ་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་པའི་ཕྱིར། ཞེས་དང་། སྦས་དོན་རབ་གསལ་༼༧༢༽ལས། རང་གི་ངེས་པར་འབྱུང་ས་བརྒྱད་པོ་གང་རུང་དུ་མཚན་འཛིན་གྱི་བར་ཆད་མེད་པར་ངེས་པར་འབྱུང་བར་འགྱུར་བའི་དག་སའི་ཡེ་ཤེས། ཞེས་སོགས་གསུངས་པས་གང་ཞིག་ཁས་ལེན་དགོས་སམ་སྙམ་ན། སྦས་དོན་རབ་གསལ་ལྟར་ཁས་ལེན་དགོས་ཏེ། སྐབས་དང་པོའི་ཐད་ཀྱི་ཟབ་མོར་༼༤༨༽གོ་སྒྲུབ་ཀྱི་སྐབས་སུ་ཚོགས་ལམ་ནས་རྒྱུན་མཐའི་ཉམས་ལེན་མཐའ་དག་བཤད་ཅེས་དང་། འཇུག་སྒྲུབ་ཀྱི་སྐབས་སུ་དྲོད་ནས་རྒྱུན་མཐའི་བར་གྱི་ཉམས་ལེན་མཐའ་དག་བཤད་ཅེས་དང་། ཚོགས་སྒྲུབ་ཀྱི་སྐབས་སུ་ཆོས་མཆོག་ཆེན་པོ་ནས་རྒྱུན་མཐའི་བར་གྱི་ཉམས་ལེན་མཐའ་དག་བཤད་ཅེས་དང་། ངེས་འབྱུང་སྒྲུབ་པའི་སྐབས་སུ་དག་སའི་ཉམས་ལེན་མཐའ་དག་བཤད་ཅེས་གསུངས་པས། གཞུང་དེས་སྒྲུབ་པ་བཞིའི་ས་མཚམས་ལེགས་པར་བསྟན་པའི་ཕྱིར་རོ། །འོ་ན། ཡུམ་དོན་རབ་གསལ་གྱི་དགོངས་པ་གང་ཞེ་ན། དེ་ནི་ཀུན་མཁྱེན་རོང་སྟོན་གྱི་དགོངས་པ་རྩལ་དུ་བཏོན་པའི་སྐབས་ཡིན་གྱི། རང་ལུགས་ཀྱི་དགོངས་པ་ནི་མིན་ཏེ། ཀུན་མཁྱེན་རོང་སྟོན་གྱིས་ཚིག་དོན་རབ་གསལ་༼༢༢༢༽ལས།ངེས་པར་འབྱུང་ས་བརྒྱད་ལ། སློབ་ལམ་མཐར་ཐུག་དང་མི་སློབ་ལམ་མཐར་ཐུག་གཉིས་སུ་ཕྱེས་ནས། དང་པོ་ནི་ལམ་གྱི་ཡུལ་ཅན་ལ་བཞག་པ་དང་། གཉིས་པ་ནི་ཕྱི་མ་བདུན་ལ་བཞག་པས་ན། དེར་དངོས་སུ་ངེས་པར་འབྱུང་བའི་སྒྲུབ་པ་ཡང་། དང་པོའི་ངེས་འབྱུང་སྒྲུབ་པ་རྒྱུན་མཐའི་སྔ་ལོགས་ནས་འཇོག་པ་དང། ཕྱི་མ་བདུན་ལ་ངེས་པར་འབྱུང་བའི་སྒྲུབ་པ་བདུན་པོ་ནི་རྒྱུན་མཐའ་ནས་འཇོག་དགོས་པའི་ཕྱིར་རོ། ། འདི་དང་མཐུན་པར་མཁས་པ་ཨར་༼༢༩༣༽གྱིས་ཀྱང་། ཆེད་དུ་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་བདུན་ནི་སངས་རྒྱས་ཀྱི་སའི་ཡིན་ཏེ། ཞེས་དང་། གཉིས་པ་ཁྱད་པར་གྱི་ལམ་ནི་རྒྱུ་མཐར་ཐུག་རྡོ་རྗེ་ལྟ་བུ་ཡིན་ཏེ་དེ་སྒོམ་པའི་ལམ་ལ་བརྟེན་པ་ཡིན་ནོ། ། ཞེས་དང་། རྗེ་ཙོང་ཁ་པས་༼༥༡༨༽ཀྱང་། ངེས་པར་འབྱུང་ས་བརྒྱད་ལས། དང་པོ་ནི་སློབ་ལམ་མཐར་ཐུག་དང་ཕྱི་མ་ནི་མི་སློབ་ལམ་མཐར་ཐུག་ལ་གསུངས་སོ། ། གཉིས་པ་ནི། པཎ་ཆེན་ཤཱཀ་མཆོག༼༥༢༥༽རྒྱལ་ཚབ་རྗེ།༼སྐྱེད་ཚལ་མཁན་པོ།༼༢༣༤༽སེ་ར་རྗེ་བཙུན། ༼༣༧༠༽འཇམ་བཞེད། ༼༥༠༡༽སོགས་མཁས་པ་ཕལ་མོས་ཆེས་ངེས་འབྱུང་སྒྲུབ་པ་ནི་ས་བརྒྱད་པ་ནས་རྒྱུན་མཐའི་བར་ཡོད་པར་བཞེད། མཁས་གྲུབ་གཡག་པས་ནི་ངེས་འབྱུང་སྒྲུབ་པ་ཚོགས་ལམ་ནས་ཡོད་དེ། ལམ་གྱི་ཡུལ་ཅན་གྱི་ངེས་འབྱུང་སྒྲུབ་པ་ཚོགས་ལམ་ནས་ཡོད་པའི་ཕྱིར་ཞེས་གསུངས་སོ། ། གཉིས་པ་ལམ་ཤེས་ལ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས། དང་པོ་ལམ་ཤེས་ཀྱི་ཡན་ལག་ལ། མཚན་ཉིད་དང་དབྱེ་བའི་རྣམ་པར་བཞག ། ཡན་ལག་གི་ས་མཚམས་ལ་དཔྱད། ལན་ཡག་དངོས་ལ་དཔྱད་པ་དང་གསུམ་ལས། དང་པོ་ལ། མཚན་ཉིད་ནི། ཆོས་ལྔ་གང་རུང་གིས་བསྡུས་པའི་ལམ་ཤེས་ཀྱི་ཁྱད་ཆོས། དབྱེ་ན་ལྔ། གཉིས་པ་ནི། རང་ལུགས་ཀྱི་གཞུང་དག་ཏུ་ཁ་གསལ་མི་སྣང་ཞིང་།ཀུན་མཁྱེན་གཡག་པས་༼༣༠༣༽གཙོ་བོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས་ས་བཅུ་རྒྱུན་མཐའི་བར་ན་ཡོད་པར་གསུངས། འཇམ་བཞེད་༼༥༡༤༽ཀྱིས། ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད་པར་བཞེད། སེ་ར་རྗེ་བཙུན་༼༡༢༽གྱིས་ཐེག་པ་ཆེན་པོའི་རིགས་སད་པ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་པར་གསུངས། དེ་ལས་རང་ལུགས་ལ་མཁས་གྲུབ་གཡག་པ་ལྟར་ཁས་ལེན་རིག་སྟེ། གཙོ་བོ་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད་ཅིང་སངས་རྒྱས་ཀྱི་ས་ལ་ཡང་མེད་པ་མིན་པའི་ཕྱིར་རོ། ། གསུམ་པ་ནི། འདིར་མཁས་པ་རྣམས་ལ། ལྷ་རྣམས་རུང་བར་བྱ་བའི་ཕྱིར། ། འོད་ཀྱིས་མོག་མོག་པོར་མཛད་དང་། ། ཞེས་དང་། ཡུལ་ངེས་པ་དང་། ། ཞེས་པའི་ཚིག་རྐང་བ་གཉིས་དང་ཚེག་བར་བཞི་ལ་བཞེད་པ་མི་མཐུན་པ་ཆེར་མེད་ཀྱང་། ཁྱབ་པ་དང་ཞེས་པའི་དོན་ལ། ཀུན་མཁྱེན་གོ་རམས་པས་ཟབ་མོར་༼༡༣༩༽ཁྱབ་པའི་དོན་ནི་ལམ་ཤེས་དངོས་སུ་མི་སྐྱེ་བ་ལ་ལམ་ཤེས་བརྒྱུད་ནས་སྐྱེ་བས་ཁྱབ་པ་ལ་འགྲེལ་ཞིང་། འགྲེལ་ཚུལ་འདི་ནི་འཕགས་སེང་གཉིས་དང་མཁན་ཆེན་གཡག་གི་དགོངས་པ་ཡང་ཡིན་སྟེ། ཉི་སྣང་༼༡༥༤༽ལས། ཁྱབ་པ་ནི་ལམ་ཤེས་པ་ཉིད་ཀྱི་དབང་དུ་བྱས་ཏེ། ཞེས་དང་། དོན་གསལ་༼༣༦༽ལས། ལམ་ཤེས་པ་ཉིད་བསྒོམ་པར་བྱ་བ་ཡིན་པས་ཁྱབ་པ་ཡིན་ནོ། ། ཞེས་དང་། བློ་གསལ་མགུལ་རྒྱན་༼༣༠༣༽ལས། ཐེག་པ་ཐམས་ཅད་པའི་མཚན་ཉིད་ལམ་ཤེས་ཀྱིས་ཁྱབ་པ་དང་། ཞེས་གསུངས་པའི་ཕྱིར་རོ། ། འོ་ན་རྒྱན་སྣང་༼༡༥༡༽ལས། དེ་བས་ན་ཁྱབ་པའི་དོན་ནི་སངས་རྒྱས་ཀྱི་རིགས་ཅན་གྱི་དབང་དུ་བྱས་པ་ཡིན་ནོ། ། ཞེས་གསུངས་པ་དང་འགལ་ལོ་སྙམ་ན། དེའི་ཚིག་ཟུར་གྱི་སངས་རྒྱས་ཀྱི་རིགས་ཅན་ཞེས་པ་དེ་རང་བཞིན་གནས་རིགས་ལ་གོ་མི་དགོས་པའི་དོན་རྟོགས་ན་གནད་ཐམས་ཅད་རང་གྲོལ་དུ་འགྱུར་རོ། །འདི་ལས་གཞན་དུ་ཨར་༼༣༠༢༽གྱིས་ནི་ཁྱབ་པའི་དོན་རིགས་ཀྱིས་ཁྱབ་པ་ལ་གསུངས་ཤིང་། ཀུན་མཁྱེན་རོང་སྟོན་གྱིས་དཀའ་འགྲེལ་༼༡༠༡༽ལས་ཀྱང་འདི་བཞིན་གསུངས། པཎ་ཆེན་ཤཱཀ་མཆོག་༼༡༢༽གིས་ཁྱབ་པའི་དོན་རིགས་ཀྱིས་ཁྱབ་པ་དང་། དེ་ཡང་ཉེར་ལེན་གྱི་རྒྱུར་གསུངས་ཤིང་། སྐྱེད་ཚལ་མཁན་པོས་༼༧༽ཀྱང་དེའི་ཉེ་བར་ལེན་པའི་རྒྱུ་རིགས་ཞེས་ས་བཅད་མཛད་པ་ལྟར་ན་ཁྱབ་པའི་དོན་ནི་རིགས་ཀྱིས་ཁྱབ་པ་དང་ཉེར་ལེན་གྱི་རྒྱུ་གཉིས་ཀར་བཞེད་པ་གསལ་ལོ། ། རྒྱལ་ཚབ་རྗེས་༼༣༥༩༽ཀྱང་ཁྱབ་པའི་དོན་ནི་རིགས་ཀྱིས་ཁྱབ་པ་ལ་གསུངས་ཤིང་། སེ་ར་༼༡༥༽རྗེ་བཙུན་གྱིས་ཀྱང་དེའི་རྗེས་སུ་འབྲངས་ནས་གསུངས། ཉ་དབོན་༼༧༽གྱིས་འཁོར་བ་མཐའ་མེད་དུ་འདོད་པ་ལྟར་ན་ཁྱབ་པའི་དོན་རིགས་ཀྱིས་ཁྱབ་པ་ལ་འགྲེལ་དགོས་པར་གསུངས་པས་ཉིད་ཀྱི་བཞེད་པ་ཡང་རིགས་ཀྱིས་ཁྱབ་པར་བཞེད་པ་ཡིན་ནམ་སྙམ་མོ། ། དེ་དག་ལས་ཁོ་བོས་ནི་སྔ་མའི་ལུགས་བཟུང་སྟེ། འདིར་ལམ་ཤེས་དངོས་སུ་སྐྱེ་བའི་རྟེན་གྱི་གང་ཟག་བཤད་པའི་འོག་ཏུ་ལམ་ཤེས་དངོས་སུ་མི་སྐྱེ་བ་རྣམས་ལ་ལམ་ཤེས་གཏན་མི་སྐྱེ་འམ་སྙམ་ན། དེ་དག་གིས་ཀྱང་ལམ་ཤེས་པ་ཉིད་བསྒོམ་ན་ལམ་ཤེས་སྐྱེ་བས་ཁྱབ་པ་ཡིན་ནོ་ཞེས་པ་ཞིག་དོན་གྱིས་ཐོབ་པའི་ཕྱིར་རོ། ། ཡན་ལག་བཞི་པ་རང་བཞིན་གྱི་དོན་ལ་དཔྱད་ན། ཉི་སྣང་༼༡༥༥༽ལས། རང་བཞིན་ནི་ཇི་ལྟར་ཉན་ཐོས་ལ་སོགས་པའི་ལམ་རྣམས། ཞེས་པ་ནས། རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་སྤོང་བ་ཡིན་པའི་ཕྱིར་རོ། ། ཞེས་དང་། དོན་གསལ་༼༣༦༽ལས། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱེད་པར་ཞུགས་པ་ཉིད་ཀྱིས་ཉོན་མོངས་པ་རྣམ་པ་ཐམས་ཅད་དུ་སྤངས་པ་མ་ཡིན་པ་ཞེས་བྱ་བ་ནི་རང་བཞིན་ཡིན་ནོ། ། ཞེས་པ་ཙམ་ལས་ཉོན་མོངས་དེ་མཚན་བཏགས་གང་ཡིན་གྱི་གསལ་ཁ་མ་གསུངས་ལ། ལུང་དེ་དག་གི་དོན་མཁས་པ་ཀུན་ཞལ་མཐུན་པར་ཉོན་མོངས་ཆེད་དུ་གཉེར་ནས་མི་སྤོང་བ་དེ་ལམ་ཤེས་ཀྱི་རང་བཞིན་ཡིན་པའི་དོན་དུ་འགྲེལ་ཀྱང་། ཉོན་མོངས་དེ་ངོས་འཛིན་ཚུལ་མི་འདྲ་སྟེ། དེ་ཡང་ཀུན་མཁྱེན་གོ་རམས་པའི་ལུགས་ལ་དེ་ཉོན་མོངས་མཚན་ཉིད་པ་མིན་པར་མ་ཟད། ཉོན་མོངས་པའི་བག་ཉལ་དུ་ཡང་མི་བཞེད་པས། པཎ་ཆེན་ངག་ཆོས་༼༡༠༡༽ཀྱིས་གསུངས་པ་ལྟར། གཞན་དོན་དུ་འཁོར་བར་སྐྱེ་བ་ལེན་པའི་རྒྱུར་གྱུར་བའི་བྱང་འཕགས་ཀྱི་རྗེས་ཐོབ་ཀྱི་མཁྱེན་པར་འཇོག་སྟེ། འདིའི་ཚུལ་རྒྱས་པ་ནི་ཟབ་མོར་༼༡༤༠༽གསུངས། འོ་ན་དེ་ཉན་རང་གིས་སྤང་བྱར་བྱེད་ཚུལ་ཇི་ལྟར་ཡིན་སྙམ་ན། དང་དུ་མི་ལེན་པ་ཙམ་ལ་སྤང་བྱར་བྱེད་པའི་སྒྲ་སྦྱར་བ་ཡིན་ནོ།། འདི་དང་ཆ་མཐུན་པར་ཨར་༼༣༠༤༽གྱིས་ཀྱང་འདིར་བསྟན་གྱི་ཉོན་མོངས་ནི་བྱང་སེམས་ཀྱི་རྒྱུད་ཀྱི་སྙིང་རྗེ་དང་སེམས་བསྐྱེད། སྨོན་ལམ་སོགས་ལ་གསུངས་སོ། ། དེ་ལས་གཞན། ཀུན་མཁྱེན་རོང་སྟོན་གྱིས་ཚིག་དོན་རབ་གསལ་༼༢༣༣༽ལས། འདིའི་ཉོན་མོངས་ནི་ཉོན་མོངས་པའི་བག་ཉལ་ལ་ངོས་བཟུང་ཞིང་། དེ་ཉིད་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་གསུངས་སོ། ། ཀུན་མཁྱེན་གོ་རམས་པས་ཡུམ་དོན་རབ་གསལ་༼༢༢༣༽དང་། སྦས་དོན་རབ་གསལ་༼༧༦༽གཉིས་ཆར་ལས། འདིར་བསྟན་གྱི་ཉོན་མོངས་དེ་ཉོན་མོངས་པའི་བག་ཉལ་ལ་གསུངས་པ་ཡང་རོང་སྟོན་དམ་པའི་དགོངས་པ་ཡིན་གྱི་ཀུན་མཁྱེན་རང་གི་དགོངས་པ་མིན་ནོ། ། སྐྱེད་ཚལ་མཁན་པོས་༼༣༢༽ཀྱང་འདིར་བསྟན་གྱི་ཉོན་མོངས་དེ་གཞན་དོན་དུ་འཁོར་བར་སྐྱེ་བ་ལེན་པའི་རྒྱུར་གྱུར་བའི་ཉོན་མོངས་པའི་བག་ཆགས་ལ་བཞེད་དོ། ། རྗེ་བཙུན་ཙོང་ཁ་པས་༼༥༤༡༽ནི། སྲིད་པའི་སྐྱེ་བ་ལ་འདིར་བསྟན་གྱི་ཉོན་མོངས་ཀྱི་མིང་གིས་བཏགས་པར་གསུངས། པཎ་ཆེན་ཤཱཀ་མཆོག་༼༢༨༽གིས་འདིར་བསྟན་གྱི་ཉོན་མོངས་དེ་ཉོན་མོངས་མཚན་ཉིད་པར་འདོད་ཅིང་། དེ་ཉིད་བྱང་འཕགས་ཀྱིས་ཆེད་དུ་གཉེར་ནས་མི་སྤོང་སྟེ། དེ་སྤངས་པའི་མྱང་འདས་དོན་དུ་མི་གཉེར་བའི་ཕྱིར་ཞེས་གསུངས། རྒྱལ་ཚབ་རྗེས་༼༣༧༦༽ཀྱང་འདིར་བསྟན་གྱི་ཉོན་མོངས་ནི་འདོད་པ་དང་སྲིད་པའི་ཟག་པས་བསྡུས་པའི་ཉོན་མོངས་མཚན་ཉིད་པར་བཞེད་ཀྱང་། དེ་ཉིད་འཁོར་བར་སྐྱེ་བ་ལེན་པའི་རྒྱུ་མ་ཡིན་ཞེས་གསུངས། དེའི་རྗེས་སུ་འབྲང་བ་སེ་ར་རྗེ་བཙུན་༼༣༩༽གྱིས་ཀྱང་འདིར་བསྟན་གྱི་ཉོན་མོངས་དེ་འདོད་པའི་སས་བསྡུས་ཀྱི་འདོད་ཆགས་དང་། གཟུགས་ཀྱི་སས་བསྡུས་ཀྱི་འདོད་ཆགས་ལ་གསུངས་སོ། ། འཇམ་བཞེད་༼༥༣༤༽ཀྱིས་དེ་འདྲ་གསལ་ཁ་ཆེར་མ་གསུངས་ནའང་གཞན་ལ་དགག་པ་བཏང་བའི་ཤུགས་ལས་གོང་ལྟར་བཞེད་པ་གསལ་ལོ། ། བོ་དོང་པཎ་ཆེན་༼༡༢༡༽གྱིས་ནི་འདིའི་ཉོན་མོངས་ལ་མཚན་བཏགས་ཅི་རིགས་ཡོད་པར་གསུངས་ཤིང་། དེ་ཡང་སོ་སྐྱེ་དང་མ་དག་ས་བདུན་གྱི་སྐབས་སུ་ནི་མཚན་ཉིད་པ་དང་ས་བརྒྱད་པ་ནས་བཏགས་པ་བར་གསུངས་སོ། ། དེ་ལྟར་མཁས་པའི་བཞེད་པ་སྣ་ཚོགས་པ་ལས་ཁོ་བོས་ནི་ཀུན་མཁྱེན་གོ་རམས་པའི་བཞེད་པའི་ཕྱོགས་བཟུང་སྟེ། དཀོན་མཆོག་བརྩེགས་པའི་མདོ་དང་ཤེར་མདོ། ཉི་སྣང་སོགས་རྒྱ་གར་གྱི་བཀའ་བསྟན་དག་གི་དགོངས་པ་འདི་ཁོ་ནར་གནས་པའི་ཕྱིར་དང་། མཁས་གྲུབ་གཡག་པས་༼༣༣༢༽ཀྱང་འདི་ཁོ་ན་གསུངས་པའི་ཕྱིར་དང་། རིགས་པས་ཀྱང་གྲུབ་སྟེ། ཉོན་མོངས་མཚན་ཉིད་པ་ནི་ས་དང་པོ་ནས་བསལ་ཟིན་པ་དང་། ཉོན་མོངས་པའི་བག་ཆགས་ནི་བྱང་སེམས་ཀྱིས་ཆེད་དུ་གཉེར་ནས་སྤངས་པས། འདི་ལས་འདའ་ས་མེད་པའི་ཕྱིར་རོ། །
གཉིས་པ་ཤེས་བྱ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་དང་གསུམ་པ་ཤེས་བྱ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་གཉིས་ཕྱོགས་གཅིག་ཏུ་བཤད་པ་ལ། འདི་ལ། ཉན་རང་གི་ལམ་ཤེས་པའི་ལམ་ཤེས་དངོས་ལ་དཔྱད། དེ་ལས་འཕྲོས་ཏེ་ཤེས་བྱ་ཉན་རང་གི་ལམ་ལ་དཔྱད་པ་དང་གཉིས་ལས། དང་པོ་ནི། འདི་གཉིས་མཚོན་བྱེད་ཀྱི་ཆོས་སོ་སོ་ཡིན་ཀྱང་བཤད་པའི་སྐབས་བདེ་བས་ཕྱོགས་གཅིག་ཏུ་བཤད་ན། མཚན་ཉིད་རིམ་བཞིན། གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་གཟུང་བའི་ཆེད་དུ་ཉན་ཐོས་ཀྱི་ལམ་གྱི་དམིགས་རྣམ་མི་དམིགས་པར་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དང་། གདུལ་བྱ་རང་རྒྱལ་གྱི་རིགས་ཅན་རྗེས་སུ་གཟུང་བའི་ཆེད་དུ་རང་རྒྱལ་ལམ་གྱི་དམིགས་རྣམ་མི་དམིགས་པར་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་མཁྱེན་པའོ། ། འོ་ན་སྦས་དོན་རབ་གསལ་༼༧༨༽ལས། བྱང་སེམས་འཕགས་པའི་མཁྱེན་པ་ཞེས་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་སྐབས་གཉིས་པའི་དངོས་བསྟན་གྱི་ཤེས་བྱ་ཉན་རང་གི་ལམ་ཤེས་པའི་ལམ་ཤེས་གཉིས་ཀྱི་མཚན་ཉིད་ཡིན་པས་སྐྱོན་མེད་དོ། ། དེས་ན་པཎ་ཆེན་ངག་ཆོས་ཀྱིས་༼༡༠༨༽ཉན་ཐོས་ཀྱི་ལམ་གྱི་དམིགས་རྣམ་མི་དམིགས་པར་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དེ་ཤེས་བྱ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད་དང་། དེ་མི་དམིགས་པར་མངོན་སུམ་དུ་རྟོགས་པའི་བྱང་འཕགས་ཀྱི་མཁྱེན་པ་དེ་ལམ་ཤེས་ཀྱི་ཆོས་བཅུ་གཅིག་གི་ནང་ཚན་དུ་གྱུར་བའི་ཤེས་བྱ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད་ཅེས་དང་། འཇམ་བཞེད་༼༥༤༦༽ཀྱིས་མཐོང་ལམ་ནས་སངས་རྒྱས་ཀྱི་སར་ཡོད་པར་གསུངས་པ་ལྟར་ཁས་ལེན་རིག་སྟེ། སངས་རྒྱས་ཀྱི་སར་ཤེས་བྱ་ཉན་རང་གི་ལམ་ཤེས་པའི་ལམ་ཤེས་མེད་ན། ཤེས་བྱ་ཉན་རང་གི་ལམ་ཤེས་པའི་རྣམ་མཁྱེན་ཡང་མེད་པར་ཁས་ལེན་དགོས་ཏེ་རིགས་པ་མཚུངས་པའི་ཕྱིར་རོ། ། གཉིས་པ་ནི། ཀུན་མཁྱེན་གོ་རམས་པས་ཟབ་མོར་༼༡༤༤༽གསུངས་པ་བཞིན་ཤེས་བྱ་ཉན་རང་གི་ལམ་ལ། ཉན་རང་རང་རྒྱུད་པའི་ལམ་དང་བྱང་སེམས་རང་རྒྱུད་པའི་རྒྱུད་ལ་ཡོད་པ་སྟེ་གཉིས་ཡོད་ལ། མ་ཟད། མཁས་གྲུབ་གཡག་པས་༼༣༤༦༽གསུངས་པ་ལྟར། ཚོགས་ལམ་དང་སངས་རྒྱས་ཀྱི་རྒྱུད་ལ་ཡང་ཤེས་བྱ་ཉན་རང་གི་ལམ་ཡོད་པར་མ་ཟད། ལམ་མ་ཞུགས་ན་ཡང་ཤེས་བྱ་ཉན་རང་གི་ལམ་ཡོད་པ་ཁས་ལེན་དགོས་ཏེ། དེ་དག་གི་རྒྱུད་ཀྱི་ཉན་རང་གི་རྟོགས་རིགས་ཀྱང་ཤེས་བྱ་ཉན་རང་གི་ལམ་དུ་གྲུབ་པའི་ཕྱིར། དེས་ན་སྐྱེད་ཚལ་མཁན་པོས་༼༣༤༽གསུངས་པ་ལྟར། གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་དང་ཤེས་བྱ་ཉན་ཐོས་ཀྱི་ལམ་དོན་གཅིག། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་དང་ཤེས་བྱ་རང་རྒྱལ་གྱི་ལམ་དོན་གཅིག་གོ ། ཀུན་མཁྱེན་གོ་རམས་པས་ཀྱང་སྦས་དོན་རབ་གསལ་༼༧༧༽༧༩༽ལས་གསུངས་པའི་ཤེས་བྱ་ཉན་རང་གི་ལམ་གྱི་མཚན་ཉིད་ལ་དཔག་ན་འདི་ཉིད་ཞལ་གྱིས་བཞེས་པ་འདྲའོ། ། འོན་ཀྱང་འདིར་དངོས་བསྟན་ཤེས་བྱ་ཉན་རང་གི་ལམ་ནི། པཎ་ཆེན་ངག་ཆོས་༼༡༠༤༽ཀྱིས་གསུངས་པ་ལྟར། བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་ཉན་རང་གི་རྟོགས་རིགས་ལ་འཇོག་གི ། ཉན་རང་གི་ལམ་མཚན་ཉིད་པ་མིན་ནོ། ། པཎ་ཆེན་ཤཱཀ་མཆོག་༼༣༥༽༣༦༽གིས་གསུང་ན། བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་ཤེས་བྱ་ཉན་ཐོས་ཀྱི་ལམ་ལ་སྦྱོར་མཐོང་གཉིས་ཡོད་ཀྱི། སྒོམ་པའི་ལམ་ནི་མེད་དེ། མི་རྟག་ལ་སོགས་གང་ཟག་གི་བདག་མེད་པའི་རྣམ་པ་མངོན་སུམ་དུ་རྟོགས་ཟིན་རྒྱུན་ལྡན་དུ་གོམས་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་མི་སྲིད་པའི་ཕྱིར། ཞེས་དང་། འདིར་དངོས་བསྟན་ཤེས་བྱ་ཉན་ཐོས་ཀྱི་ལམ་དེ་ཉན་ཐོས་ཀྱི་ལམ་མཚན་ཉིད་པ་མིན་ཏེ། བགྲོད་བྱའི་ལམ་དང་བགྲོད་བྱེད་ཀྱི་ལམ་གང་ཡང་མིན་པའི་ཕྱིར་ཞེས་གསུངས། མཁས་པ་བུ་སྟོན་༼༡༦༽གྱིས་ཀྱང་འདིར་དངོས་བསྟན་གྱི་ལམ་དེ་ཉན་རང་རང་རྒྱུད་པའི་ལམ་མིན་པར་གསུངས་སོ། ། འོན་ཀྱང་མཁས་པ་ཨར་༼༣༠༦༽༣༠༧༼༣༡༠༽གྱིས། ཉན་ཐོས་ཀྱི་ལམ་མཚན་ཉིད་པ་ནི། དམིགས་པ་བདེན་བཞི་ལ་རྣམ་པ་བཅུ་མི་རྟག་པ་ལ་སོགས་པ། ཞེས་པ་ནས། དེ་འདྲ་བ་བྱང་ཆུབ་སེམས་དཔའི་རྒྱུད་ལ་སྐྱེས་ན་ཡང་ཉན་ཐོས་ཀྱི་ལམ་ཞེས་བྱའོ། ། ཞེས་དང་། དེ་ལ་ཉན་ཐོས་ཀྱི་ལམ་ལ་གཉིས་ཏེ། ཉན་ཐོས་རང་རྒྱུད་པའི་དང་། བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོན་ཏན་ཡར་ལྡན་དུ་སྐྱེ་བའོ། ། ཞེས་བྱང་སེམས་ཀྱི་རྒྱུད་ལ་ཉན་ཐོས་ཀྱི་ལམ་མཚན་ཉིད་པ་ཡོད་པར་བཞེད་པ་དང་། རྗེ་བཙུན་རེད་མདའ་བས་གཞི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་དེ་གང་ཟག་སུའི་རྒྱུད་ལ་ཡོད་ཀྱང་ཉན་ཐོས་ཀྱི་ལམ་ཡིན་པར་བཞེད་པ་དང་། བཅོམ་ལྡན་རིགས་རལ་༼༣༡༦༽གྱིས་ཀྱང་།འདིར་ཁ་ཅིག་ན་རེ་འདི་དག་ནི་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོན་ཏན་ཡར་ལྡན་དུ་སྐྱེས་པ་ཡིན་གྱི། ཉན་རང་གི་ལམ་དངོས་མ་ཡིན་ནོ་ཟེར་བ་དེ་ནི་མ་ཡིན་ཏེ། དངོས་མ་ཡིན་ན་དེ་ཤེས་པ་ཉན་ཐོས་ཀྱི་ལམ་ཤེས་པ་མ་ཡིན་པར་འགྱུར་ཏེ།ཞེས་བྱང་སེམས་ཀྱི་རྒྱུད་ལ་ཡང་ཉན་རང་གི་ལམ་མཚན་ཉིད་པ་ཡོད་པར་བཞེད་དོ། ། རང་ལུགས་ལ་ནི་བྱང་སེམས་ཀྱི་རྒྱུད་ལ་ཤེས་བྱ་ཉན་རང་གི་ཡོད་ཀྱང་ཉན་རང་གི་ལམ་མེད་དོ། ། འོ་ན། རྒྱན་སྣང་༼༡༥༧༽ལས། དེ་ལྟར་རིམ་པ་འདིས་ན་ཐེག་པ་ཆེན་པོར་རྣམ་པ་ལ་ལ་ནི་རྣམ་གྲངས་ཀྱིས། ལ་ལ་ནི་རང་གི་ངོ་བོ་ཉིད་དུ་བསྟན་པ་ཡིན་པས་ཉན་ཐོས་ཀྱི་ལམ་མ་ཡིན་པ་ཉིད་དུ་ཐལ་བར་མི་འགྱུར་རོ། ། དེ་བས་ན་ལམ་ཤེས་པའི་སྐབས་སུ་བྱང་ཆུབ་སེམས་དཔས་འཕགས་པའི་བདེན་པ་དང་འབྲེལ་པ་འདི་རྣམས་ཀྱི་ངོ་བོ་ཉིད་མི་དམིགས་པར་བསྒོམས་པས་ཉན་ཐོས་ཀྱི་ལམ་ཤེས་པར་བྱ་བ་ཡིན་ནོ། ། ཞེས་དང་། དོན་གསལ་༼༣༧༽ལས། ངོ་བོ་ཉིད་མི་དམིགས་པའི་སྒོ་ནས་ལམ་ཤེས་པ་ཉིད་ཀྱི་སྐབས་སུ་ཉན་ཐོས་རྣམས་ཀྱི་ལམ་ཡིན་པར་བྱང་ཆུབ་སེམས་དཔས་དེ་ལྟར་ཡོངས་སུ་ཤེས་པར་བྱའོ། ། ཞེས་སོགས་དང་འགལ་ལོ་སྙམ་ན། ལུང་དེའི་དོན་ནི་ཤེས་བྱ་ཉན་ཐོས་ཀྱི་ལམ་ཡིན་པར་ཤེས་པར་བྱ་ཞེས་པའི་དོན་དུ་ཤེས་ན་མི་འགལ་བའི་གནད་ཅིག་ཡོད་པ་གོ་ནུས་སོ། ། འདིར་འདོད་པ་གཞན་ཞིག་ལ་ཉན་དབོན་ཀུན་དགའ་དཔལ་༼༡༣༽༡༤༽གྱིས། འདིར་བསྟན་བཅོས་སུ་ཉན་རང་གི་ལམ་དང་དེ་ཤེས་པའི་ལམ་ཤེས་གཉིས་ཀ་དངོས་སུ་བསྟན་ཏེ། ཞེས་དང་། སྒྲུབ་བྱེད་ལ་ཡང་། ཉན་ཐོས་ལམ་འདི། ། བསེ་རུའི་ལམ་གང་དང་། ། ཞེས་སོགས་ཀྱི་རྒྱན་ཚིག་དག་དྲངས་ནས་རྒྱན་གྱི་དངོས་བསྟན་ལ་ཉན་རང་གི་ལམ་མཚན་ཉིད་པ་བསྟན་པར་གསུངས་མོད། རྒྱན་ལས། གཞན་གྱིས་མྱོང་བ་མ་ཡིན་ཏེ། ། ཞེས་གསུངས་པས་ཁོ་བོས་ནི་བུ་སྟོན་༼༡༦༽དང་ཀུན་མཁྱེན་གོ་རམས་༼༡༢༽སོགས་སྔོན་གྱི་མཁས་པ་མང་པོས་བསྟན་བཅོས་འདིར་ཉན་རང་རང་རྒྱུད་པའི་ལམ་དངོས་སུ་མ་བསྟན་པར་འདོད་པའི་ཕྱོགས་བཟུང་ངོ་། ། འདིར་ཤིན་ཏུ་ངེས་དགོས་པ་ཞིག་ལ། འདིའི་ཐད་དུ་ཡུམ་དོན་རབ་གསལ་༼༢༢༩༽ལས། ཉན་ཐོས་རང་རྒྱུད་པའི་ལམ་དེའང་ཤེས་བྱ་བྱང་སེམས་ཀྱི་ལམ་ཡིན་པར་གྲུབ་བོ་ཞེས་གསུངས་མོད། དེ་ནི་ཡི་གེ་ནོར་བ་སྟེ། ཤེས་བྱ་ཉན་ཐོས་ཀྱི་ལམ་ཡིན་པར་གྲུབ་བོ་ཞེས་པའི་དོན་ཏེ། གཞུང་དེའི་ཚིག་སྔ་ཕྱི་བསྒྲིག་ན་གསལ་བར་གོ་ནུས་པས། ངག་ལས་ཤེས་པར་བྱའོ། ། བཞི་པ་མཐོང་ལམ་ལ། ཐེག་ཆེན་མཐོང་ལམ་གྱི་ངོ་བོ་ལ་དཔྱད། སྐད་ཅིག་མའི་གྲངས་ལ་དཔྱད་པ་དང་གཉིས་ལས། དང་པོ་ལ།མཚན་ཉིད་ནི། ཐེག་ཆེན་སྦྱོར་ལམ་རྫོགས་རྗེས་སུ་བྱུང་ཞིང་ཐེག་ཆེན་སྒོམ་ལམ་མ་སྐྱེས་གོང་གི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མཁྱེན་པའོ། ། བཅོམ་ལྡན་རིགས་རལ་༼༣༣༢༽གྱིས་མཐོང་ལམ་གྱི་མཚན་ཉིད་ལ། ཆོས་མཆོག་ཆེན་པོའི་རྗེས་སུ་བྱུང་བའི་ཡེ་ཤེས་གང་ཞིག ། སྒོམ་ལམ་ཆུང་ངུའི་རྒྱུར་གྱུར་བ་ཞེས་དང་། བླ་མ་དམ་པས།༼༢༧༤༽ཆོས་མཆོག་གི་མཇུག་ཐོགས་སུ་སྐྱེས་པའི་དེ་ཁོ་ན་ཉིད་གསར་དུ་མཐོང་བའི་འདས་པའི་ཡེ་ཤེས་བྱང་ཆུབ་ཏུ་ཕྱིན་བྱེད། ཅེས་དང་།བོ་དོང་པཎ་ཆེན་གྱིས། བདག་མེད་མངོན་སུམ་དུ་གསར་རྟོགས་ཀྱི་ཡེ་ཤེས། ཞེས་གསུངས་པ་རྣམས་ནི་གོ་བ་གཙོར་བྱས་ཏེ་གསུངས་པ་ལས་ཁྱབ་མཐའ་གཅོད་བྱེད་ནི་མིན་པར་སྙམ་མོ། ། དེས་ན་མཚན་ཉིད་གོང་ལྟར་འཐད་དེ། གོ་༼༢༥༤༽ཤཱཀ་༼༤༧༽གཉིས་ཀྱིས་འདི་ཁོ་ན་གསུངས་པའི་ཕྱིར་རོ། ། མཐོང་ལམ་གྱི་སྐབས་འདིར་རྒྱལ་ཚབ་རྗེས་༼༤༠༧༽མི་རྟག་བཅུ་དྲུག་མངོན་སུམ་རྟོགས་པའི་ཐེག་ཆེན་མཐོང་ལམ་ཡོད་པར་གསུངས་ཏེ། འདིའི་དགག་བཞག་ནི་ཡུམ་དོན་རབ་གསལ་༼༢༥༢༽དུ་གསལ་ལོ། ། གཉིས་པ་ནི། འདི་ལ་རྟོག་གེ་འབར་བ་ལས། བཞེད་པ་མང་ཙམ་བགྲང་འདུག་ན་ཡང་། འདིར་ནི་གཙོ་བོ་སྐད་ཅིག་བཅུ་དྲུག་ཏུ་འདོད་པ་དང་། གཅིག་ཏུ་འདོད་པ་གཉིས་ཀྱི་བཞེད་པ་བཀོད་ན། དང་པོ་ནི་གོ་ཤཱཀ་གཉིས་ཀྱི་དགོངས་པ་སྟེ། པཎ་ཆེན་ཤཱཀ་མཆོག་༼༤༧༽གིས་སྐད་ཅིག་མའི་གྲངས་ཀྱི་དབྱེ་བ་ནི་འོག་ཀུན་མཁྱེན་གོ་རམས་པའི་བཞེད་པ་ཇི་ལྟ་བ་བཞིན་དུ་གསུངས་ཤིང་། འོན་ཀྱང་མི་མཐུན་པ་ནི་བར་ཆད་མེད་ལམ་བཞིར་འདོད་པ་དེའོ། ། ཀུན་མཁྱེན་གོ་རམས་པས་ཟབ་མོར།༼༡༥༧༽རང་ངོར་མངོན་པར་རྟོགས་པ་གཅིག་ཏུ་བསྟན་པ། བློ་གཞན་གྱི་ངོར་སྐད་ཅིག་མ་བཅུ་དྲུག་ཏུ་བསྟན་པ། ཞེས་གསུངས་ཤིང་། རང་ངོར་མངོན་པར་རྟོགས་པ་གཅིག་པས་སྐད་ཅིག་མ་གཅིག་གི་གོ་མི་ཆོད་ལ། གཞན་ངོར་སྐད་ཅིག་མ་བཅུ་དྲུག་དེ་སྐད་ཅིག་མ་བཅུ་དྲུག་གི་དོན་ཡིན་པ་ཀུན་མཁྱེན་དམ་པའི་དགོངས་པའོ། ། མགོན་པོ་ཀླུ་སྒྲུབ་ཀྱི་རིགས་པ་དྲུག་ཅུ་དང་། ཟླ་བའི་རིགས་པ་དྲུག་ཅུ་པའི་འགྲེལ་པའི་དགོངས་པ་ཡང་སྔ་མའི་དབང་དུ་བྱས་པའོ། ། ཀུན་མཁྱེན་རོང་སྟོན་༼༢༥༥༽༼༢༥༦༽གྱིས་ཀྱང་ཚིག་དོན་རབ་གསལ་ལས་ནི་སྐད་ཅིག་བཅུ་དྲུག་གི་རྣམ་བཞག་དེ་ཉིད་རང་ལུགས་སུ་བཞག་ཡོད་དོ། ། འོན་ཀྱང་དཀའ་འགྲེལ་༼༡༢༡༽༼༡༢༢༽ནི་འདི་དང་མི་གཅིག་སྟེ། དེས་ན་རྟོགས་པའི་རིམ་པ་ལ་སྐད་ཅིག་མ་བཅུ་དྲུག་ཏུ་འདོད་དུ་ཆུགས་ཀྱང་མཐོང་བ་ལ་སྐད་ཅིག་མ་གཅིག་ཡིན་པས་མཐོང་ལམ་སྐད་ཅིག་མ་གཅིག་ཁོ་ནའོ། ། ཞེས་གསུངས་ཤིང་།ཞུགས་འབྲས་ཀྱི་རྣམ་བཞག་ཀྱང་རྗེས་ཀྱི་ངེས་ཤེས་བཅུ་དྲུག་གི་སྟེང་ནས་འཇོག་དགོས་པར་གསུངས་སོ། ། མཁས་གྲུབ་གཡག་པས་༼༤༡༨༽ཀྱང་བྱང་སེམས་དབང་རྟུལ་གྱི་དབང་དུ་བྱས་ན་སྐད་ཅིག་བཅུ་དྲུག་སྟེ་གོང་གི་བཞེད་པ་དག་དང་མཚུངས་ནའང་། དབང་རྣོན་གྱི་དབང་དུ་བྱས་ན་བཟོད་པ་བར་ཆད་མེད་ལམ་གཅིག་དང་ཤེས་པ་རྣམ་གྲོལ་ལམ་གཅིག་སྟེ་སྐད་ཅིག་མ་གཉིས་སྐྱེ་བར་གསུངས་སོ། ། སྐྱེད་ཚལ་མཁན་པོས་༼༦༨༽༼༦༩༽ཤིན་ཏུ་དབང་རྣོན་ལ། སྐད་ཅིག་གཅིག ། ཅུང་ཟད་དབང་རྣོན་ལ་སྐད་ཅིག་གཉིས། དབང་འབྲིང་ལ་སྐད་ཅིག་བཞི། དབང་རྟུལ་ལ་སྐད་ཅིག་བཅུ་དྲུག་ཏུ་སྐྱེ་བར་གསུངས་སོ། ། འདིར་ཉ་དབོན་ཀུན་དགའ་དཔལ་༼༣༤༽གྱིས་ནི། བདེན་བཞིའི་ཆོས་ཉིད་རྟོགས་པའི་ཆ་ནས་སྐད་ཅིག་མ་གཅིག ། སྤང་བྱ་སྤོང་ཚུལ་དང་ངེས་པ་འདྲེན་ཚུལ་གྱིས་སྐད་ཅིག་མ་བཅུ་དྲུག ། ཅེས་དང་། གཞན་ཡང་། ཁོང་གིས་༼༣༦༽མཐོང་སྤང་བཞི་རྣམས་ཀྱང་རིམ་གྱིས་སྤོང་སྟེ། ཆོས་བཟོད་བཞི་རིམ་གྱིས་སྐྱེ་བའི་ཕྱིར་ཞེས་གསུངས་མོད། རང་ལུགས་ལ་ནི་མཐོང་སྤངས་གཅིག་ཅར་དུ་སྤངས་ཏེ། རྒྱན་ལས། སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། ། ཞེས་དང་། རྒྱན་སྣང་༼༣༠༨༽ལས། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་རང་གིས་མཐོང་བས་སྤང་བར་བྱ་བའི་ཁམས་གསུམ་པའི་ཉོན་མོངས་པ་སྤང་བས་ན་ཁམས་གསུམ་པ་ཐམས་ཅད་ཀྱི་རབ་རིབ་དང་བྲལ་བར་བགྱིད་པ་ལགས་སོ། །སྡུག་བསྔལ་ལ་ཆོས་ཤེས་པས་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པས་ན་ཉོན་མོངས་པ་དང་ལྟ་བའི་མུན་པ་ཐམས་ཅད་སེལ་བ་ལགས་སོ། ། ཞེས་རྒྱན་དང་དེའི་འགྲེལ་བས་བར་ཆད་མེད་གཅིག་ཁོ་ནར་གསུངས་པའི་ཕྱིར་རོ། ། ཕྱོགས་གཉིས་པ་ནི། བོ་དོང་༼༡༥༢༽སོགས་ཏེ། དེ་ཡང་བོ་དོང་པཎ་ཆེན་གྱིས། ཐེག་ཆེན་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཁོ་ན་མཐོང་ལམ་དངོས་དང་། གཞན་བཅོ་ལྔ་བཏགས་པ་བར་གསུངས་ཏེ། སྒྲུབ་བྱེད་ལ་ཡང་རྒྱན་སྣང་ལས། དེ་བས་ན་ས་དང་པོའི་སྐད་ཅིག་མ་དང་པོ་ནི་མཐོང་བའི་ལམ་ཡིན་ནོ།། དེ་ལས་གཞན་པ་སྐད་ཅིག་མ་གཉིས་པ་ལ་སོགས་པ་ནས་རྡོ་རྗེ་ལྟ་བུར་བརྗོད་པའི་བར་ཆད་མེད་པའི་ལམ་གང་ལས་དེ་མ་ཐག་ཏུ་སངས་རྒྱས་ཀྱིས་ཀུན་ཏུ་འོད་འཐོབ་པའི་བར་འདི་དག་ནི་མཆོག་གི་དོན་ལ་སོགས་པར་ཆོས་ཀྱི་དབྱིངས་སོ་སོར་རྟོགས་པའི་ཕྱིར་བསྒོམ་པའི་ལམ་ཡིན་པར་བཤད་དོ། ། ཞེས་པ་དེ་དྲང་ངོ་། ། རྒྱལ་ཚབ་རྗེས་༼༤༡༠༽ཀྱང་། སྐད་ཅིག་མ་གཅིག་ཏུ་གསུངས་ཤིང་། ཞིབ་པར་ཕྱེ་ན་སེ་ར་རྗེ་བཙུན་༼༨༡༽གྱིས་གསུངས་པ་ལྟར་རྗེའི་ལུགས་ལ་བཟོད་པ་བརྒྱད་གཅིག་ཅར་དུ་སྐྱེ། ཤེས་པ་བརྒྱད་གཅིག་ཅར་དུ་སྐྱེ་བར་གསུངས་སོ། ། འཇམ་དབྱངས་བཞེད་པས་༼༥༥༨༽ཀྱང་སྐད་ཅིག་མ་གཅིག་ཏུ་བཞེད་དེ། མཉམ་བཞག་གཅིག་ལ་ལྡོག་པས་བཟོད་ཤེས་བཅུ་དྲུག་ཏུ་ཕྱེ་བར་གསུངས་པའི་ཕྱིར་རོ། ། དེ་ལྟར་མཁས་པའི་བཞེད་པ་སྣ་ཚོགས་པ་ལས། ཁོ་བོས་ནི་ལུགས་སྔ་མའི་ཕྱོགས་བཟུང་སྟེ། རྒྱན་རྩ་བ་༼༣༢༥༽ལས། མཐོང་བའི་ལམ་ལ་བཟོད་པ་དང་། ། ཤེས་པའི་སྐད་ཅིག་བཅུ་དྲུག་ནི། ། ཞེས་དང་། ཉི་སྣང་༼༣༡༡༽ལས་སྐབས་ལྔ་པར། འདིར་སྐད་ཅིག་ནི་བྱ་བ་ཡོངས་སུ་རྫོགས་པའི་མཚན་ཉིད་ཅན་དུ་ཤེས་པར་བྱ་སྟེ། གཅིག་ནི་ཐ་སྙད་དུ་བྱ་བ་མ་ཡིན་པའི་ཕྱིར་རོ། ། ཞེས་དང་། རྒྱན་སྣང་༼༡༨༧༽ལས། སེམས་ཀྱི་སྐད་ཅིག་ཀྱང་ཤེས་བྱ་ལ་ཤེས་པ་སྐྱེ་བ་ཡོངས་སུ་རྫོགས་པ་ཡིན་པར་གཟུང་ངོ་། ། ཞེས་བྱ་རྫོགས་སྐད་ཅིག་མ་གཅིག་ཏུ་གསུངས་པ་དང་། ཡང་རྒྱན་སྣང་༼༡༨༧༽ལས། འབྲས་བུའི་མངོན་པར་རྟོགས་པ་ལ་ལྟོས་ནས་སྐད་ཅིག་མ་གཅིག་ཡིན་ཀྱང་སོ་སོར་མངོན་པར་རྟོགས་པ་ལ་ལྟོས་ནས་སྐད་ཅིག་བཅུ་དྲུག་ཏུ་འདོད་པའི་ལུགས་གཅིག་དང་། སོ་སོར་མངོན་པར་རྟོགས་པ་ལ་ལྟོས་ནས་ཀྱང་སྐད་ཅིག་མ་གཅིག་ཏུ་འདོད་པའི་ལུགས་གཉིས་བརྗོད་དེ། ཕྱི་མ་ལྟར་ན་ཞུགས་གནས་ཀྱི་རྣམ་བཞག་མི་རུང་བས། སྔ་མའི་རྗེས་སུ་འབྲངས་པ་ལེགས་ཞེས་གསུངས་པའི་ཕྱིར་རོ། ། འོ་ན་རྒྱན་སྣང་ལས། རིགས་པའི་སྟོབས་ཀྱིས་མཐོང་བའི་ལམ་གྱི་སྐད་ཅིག་མ་གཅིག་ཡིན་ཞེས་པ་དང་། སྔར་བོ་དོང་གིས་དྲངས་པའི་རྒྱན་སྣང་གི་ལུང་དེ་གཉིས་ཀྱི་དགོངས་པ་གང་ཡིན་ཞེ་ན། ལུང་དང་པོ་ནི་མཁས་གྲུབ་གཡག་པས་༼༤༡༥༽གསུངས་པ་ལྟར། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་རྟོགས་པའི་རིགས་པའི་སྟོབས་ཀྱིས་མཐོང་བའི་ལམ་གྱི་འབྲས་བུའི་མངོན་པར་རྟོགས་པ་སྐད་ཅིག་མ་གཅིག་ཡིན་ཡང་། སྒྲོ་འདོགས་སེལ་བའི་སྒོ་ནས་མཐོང་བའི་ལམ་གྱི་སོ་སོར་རྟོགས་པའི་མངོན་པར་རྟོགས་པ་སྐད་ཅིག་མ་བཅུ་དྲུག་ཏུ་བཤད་པ་ཡིན་ནོ། ། ཞེས་པ་ལྟར་ཡིན་པས་སྐྱོན་མེད་ལ། ལུང་གཉིས་པའི་དོན་ནི་ས་ཡི་ཚོགས་ཀྱི་སྐབས་སུ་བཤད་ཟིན་ཏོ། ། ལྔ་པ་སྒོམ་ལམ་གྱི་བྱེད་པ་ལ། ངོ་བོ་ལ་དཔྱད། ས་མཚམས་ལ་དཔྱད་པ་དང་གཉིས་ལས། དང་པོ་ལ། མཚན་ཉིད་ནི། ཐེག་ཆེན་སྒོམ་ལམ་གྱིས་ཐོབ་པའི་རྣམ་དཀར་གྱི་ཡོན་ཏན། དབྱེ་ན་དྲུག ། འདིར་པཎ་ཆེན་ངག་ཆོས་ཀྱིས་༼༡༡༦༽མཚན་ཉིད་སྔ་མ་གཞིར་བྱས་ལ་ཟུར་དུ་སྒོམ་སྟོབས་ཀྱིས་ཞེས་སྦྱར་མོད། ཡུམ་དོན་རབ་གསལ་༼༢༦༥༽ལས་ཐེག་ཆེན་སྦྱོར་ལམ་པས་ཐེག་ཆེན་སྒོམ་ལམ་མཚན་ཉིད་རྗེས་སུ་དཔྱོད་པའི་རྣམ་པས་སྒོམ་སྟོབས་ཀྱིས་སྦྱོར་ལམ་གྱི་གནས་སྐབས་སུ་ཐོབ་པའི་ཡོན་ཏན་དེ་ཡང་སྒོམ་ལམ་གྱི་བྱེད་པར་ཐལ། ཞེས་གསུངས་པས་འདིར་ནི་མི་སྦྱར་བའི་ཕྱོགས་བཟུང་ངོ་། ། གཉིས་པ་ནི། འདིའི་ས་མཚམས་ནི་རང་ལུགས་ལ་གསལ་ཁ་མི་སྣང་མོད། བོ་དོང་པཎ་ཆེན་༼༡༧༥༽གྱིས་གསུངས་པ་ལྟར་སྒོམ་ལམ་སྐད་ཅིག་གཉིས་པ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་པར་བཞག་ན་འགལ་བ་མེད་དོ། ། སངས་རྒྱས་ཀྱི་སར་སྒོམ་ལམ་གྱི་བྱེད་པ་ཡོད་པ་ནི། ཉི་སྣང་༼༡༦༩༽ལས། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བྱེད་པ་ནི་རྫོགས་པའི་བྱང་ཆུབ་ཐོབ་ཅིང་ཞེས་གསུངས་པའི་ལུང་དེས་གྲུབ་བོ། ། རྗེ་ཙོང་ཁ་པས་ནི་གསེར་ཕྲེང་ལས་འདིའི་ས་མཚམས་ལ་ས་གཉིས་པ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་པར་གསུངས་ཤིང་། འཇམ་བཞེད་༼༥༦༧༽ཀྱིས་ས་དང་པོའི་སྒོམ་ལམ་སྐད་ཅིག་གཉིས་པ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་པར་གསུངས། སེ་ར་རྗེ་བཙུན་༼༡༠༠༽གྱིས་ཐེག་ཆེན་གྱི་སྒོམ་ལམ་བསྒོམ་པའི་སྐད་ཅིག་གཉིས་པ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་པར་གསུངས་པས་ལམ་མ་ཞུགས་ན་ཡང་སྒོམ་ལམ་གྱི་བྱེད་པ་ཡོད་པ་བཞེད་པར་སྙམ་མོ། ། འོན་ཀྱང་ཁོ་བོས་ནི། རྒྱན་སྣང་༼༢༡༦༽དང་དོན་གསལ་༼༤༢༽གཉིས་ཆར་ལས། མཐོང་བའི་ལམ་གྱི་མཇུག་ཐོགས་སུ། ཞེས་གསུངས་པས་སྒོམ་ལམ་གྱི་བྱེད་པ་མཐོང་ལམ་རྗེས་ཐོབ་ནས་སངས་རྒྱས་ཀྱི་སའི་བར་འཇོག་པའི་ཕྱོགས་བཟུང་ངོ་། ། འདིར་བྱེད་པའི་སྐབས་སུ་ཞིབ་པར་འཆད་དགོས་པ་ཞིག་ལ། སྤྱིར་གཞན་གྱི་གནོད་པས་མི་བརྫི་བ་དང་རང་ཉིད་བཞུགས་སའི་ས་ཕྱོགས་ཀྱང་མཆོད་པར་བྱ་བ་སོགས་ལ་སྒོམ་ལམ་གྱི་བྱེད་པས་མ་ཁྱབ་མོད། སྒོམ་ལམ་གྱིས་ཐོབ་པའི་འདི་དག་ལ་དེའི་བྱེད་པས་ཁྱབ་པའི་ཞིབ་ཆ་ཤེས་པར་བྱའོ། ། དྲུག་པ་མོས་པ་སྒོམ་ལམ་ལ། མོས་ཡུལ་གྱི་ཤེར་ཕྱིན་དང་ཟག་བཅས་ཟག་མེད་ཀྱི་བཞེད་ཚུལ་ཆེ་ལོང་ཙམ་བཀོད་པ། མོས་པ་སྒོམ་ལམ་གྱི་ས་མཚམས་ལ་དཔྱད་པ་དང་གཉིས་ལས། དང་པོ་ནི། དེ་ལ་མོས་པ་སྒོམ་ལམ་གྱི་སྐབས་སུ་མཁས་པ་རྣམས་ཀྱིས་མོས་ཡུལ་གྱི་ཤེར་ཕྱིན་དེ། ལ་ལས་གཞུང་དང་འགའ་ཞིག་གིས་ལམ་དང་ཁ་ཅིག་གིས་འབྲས་བུ་ཤེར་ཕྱིན་ལ་བཞག་པ་དང་། ཟག་པ་དང་བཅས་པའི་དོན་ཡང་ཁ་ཅིག་(ཆོས་བཤེས)(བོ་དོང)(རྒྱལ་ཚབ)སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་། འགས་(རོང་སྟོན)་གཉིས་སྣང་དང་བཅས་པ་དང་། ཡང་འགའ་ཞིག་གིས་འཁྲུལ་བའི་སྣང་བ་དང་བཅས་པ་སོགས་ལ་བཞག་པ་དང་། ཡང་ལ་ལས་(བཅོམ་ལྡན་རིགས་རལ)མ་དག་སའི་སྐབས་ཀྱི་མོས་བསྔོ་ཡི་རང་གི་སྒོམ་ལམ་གསུམ་ཟག་བཅས་ཡིན་ཀྱང་། དག་སའི་དེ་གསུམ་ཟག་མེད་དུ་འདོད་པ་དང་། ཡང་ཁ་ཅིག་(པཎ་ཆེན་ཤཱཀ་མཆོག)་གཙོ་བོར་ཡུལ་ཟག་པ་དང་བཅས་མ་བཅས་ལ་འདོད་པ་དང་། ཡང་འགའ་ཞིག་(ཀུན་མཁྱེན་གོ་རམས་པ)སྣང་བ་དང་བཅས་མ་བཅས་ལ་བཞེད་པ་སོགས་བཞེད་ཚུལ་མི་འདྲ་བ་མང་དུ་ཡོད་ནའང་། དེ་དག་གི་སྤྲོས་པ་འདིར་རེ་ཞིག་བཞག་གོ ། གཉིས་པ་ལ། མོས་པ་སྒོམ་ལམ་གྱི་མཚན་ཉིད་ནི། ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་གང་ཞིག ། ལུང་རིགས་ཀྱི་རྒྱུ་ལས་ཤེར་ཕྱིན་དོན་གསུམ་གྱི་འབྱུང་གནས་སུ་མཐའ་གཅིག་ཏུ་ངེས་པར་འཛིན་པའི་དད་པ་མཚུངས་ལྡན་དང་བཅས་པ། དབྱེ་ན་རང་དོན་གཉིས་དོན་གཞན་དོན་མོས་པ་གསུམ་མོ། ། འདིར་དཔྱད་བྱའི་གཙོ་བོ་མོས་པ་སྒོམ་ལམ་གྱི་ས་མཚམས་ལ་དཔྱད་ན། ཀུན་མཁྱེན་གོ་རམས་པས་ཟབ་མོར་༼༡༦༦༽ས་གཉིས་པ་ནས་བཅུ་བའི་བར་དུ་ཡོད་པར་གསུངས་ལ། དེ་ཡང་མོས་པ་གསུམ་གྱི་དགུ་ཚན་གསུམ་པོ་རེ་རེ་བཞིན་ས་གཉིས་པ་ནས་བཅུ་བའི་བར་དུ་བསྒྲིགས་ནས་འཇོག་དགོས་པར་གསུངས་སོ། ། པཎ་ཆེན་ངག་ཆོས་༼༡༡༧༽ཀྱིས་ཀྱང་འདི་བཞིན་དུ་གསུངས། ཁོ་བོའི་རྟོག་པར་དེ་ནི་རྒྱན་གྱི་དངོས་བསྟན་གྱི་མོས་པ་སྒོམ་ལམ་གྱི་ས་མཚམས་ལ་དགོངས་པ་ཡིན་གྱི། སྤྱིར་ན་ས་དང་པོའི་རྗེས་ཐོབ་ནས་མོས་པ་སྒོམ་ལམ་ཡོད་པ་ནི་སྦས་དོན་རབ་གསལ་༼༨༥༽ལས་ཟག་བཅས་སྒོམ་ལམ་ཕྱི་མ་གཉིས་ཀྱི་ས་མཚམས་ཀྱི་དབྱེ་བ་ལ་དཔག་ནའང་གོ་ནུས་པར་སྙམ་མོ། ། རོང་སྟོན་དམ་པའི་ཉི་མས་༼༢༦༦༽ནི། རང་དོན་མོས་པ་མ་དག་ས་བདུན་དང་། གཉིས་དོན་མོས་པ་ས་བརྒྱད་པ་དང་དགུ་པས་བསྡུས། གཞན་དོན་མོས་པ་ས་བཅུ་པས་བསྡུས་པར་གསུངས་ལ། ཀུན་མཁྱེན་དམ་པས་རབ་གསལ་རྣམ་གཉིས་༼༢༧༧༽༼༨༤༽ཀྱི་སྐབས་སུ་ས་མཚམས་འདི་བཞིན་གསུངས་པ་ཡང་རོང་སྟོན་དམ་པའི་དགོངས་པ་ཡིན་གྱི། རང་གི་དགོངས་པ་ནི་མིན་ནོ། ། པཎ་ཆེན་ཤཱཀ་མཆོག་༼༧༦༽་དང་སྐྱེད་ཚལ་མཁན་པོ་༼༨༣༽་གཉིས་ཀྱིས་ཀྱང་རོང་སྟོན་ཆོས་རྗེའི་དགོངས་པ་བཞིན་གསུངས་སོ། ། པཎ་ཆེན་ཤཱག་མཆོག་༼༧༦༽གིས་ནི་མོས་པ་དེ་ཡང་མ་དག་སར་རྟོག་པ་དང་དག་སར་རྟོག་མེད་ཀྱི་ཤེས་པར་ཁས་ལེན་དགོས་པར་གསུངས་མོད། རང་ལུགས་ཀུན་མཁྱེན་གོ་རམས་པའི་དགོངས་པར་ནི་པཎ་ཆེན་ངག་ཆོས་ཀྱིས་གསུངས་པ་བཞིན་སྒོམ་ལམ་ལ་ལམ་ཤེས་དང་རྟོག་མེད་ཀྱིས་ཁྱབ་པ་ཁས་ལེན་ནོ། ། མཁས་པ་ཨར་༼༣༥༥༽གྱིས་དང་པོ་ས་དང་པོ་ནས་བདུན་པ་དང་། གཉིས་པ་ས་བརྒྱད་པ་ནས་དགུ་པ་དང་། གསུམ་པ་ས་བཅུ་པར་ཡོད་པར་གསུངས་ལ། གསེར་ཕྲེང་༼༦༠༣༽ལས་ཀྱང་། རང་དོན་མོས་པ་མ་དག་ས་བདུན་དང་། གཉིས་དོན་བརྒྱད་པ་དང་དགུ་པ་ལ།གཞན་དོན་བཅུ་པ་ལ་འཇོག་པར་གསུངས་སོ། ། རྒྱལ་ཚབ་ཆོས་རྗེས་༼༤༣༡༽ནི་དེ་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། སྒོམ་ལམ་དགུ་གའི་རྗེས་ཐོབ་ན་ཡོད་པར་བཞག་པ་ལ་འགལ་བ་མེད་པར་གསུངས་སོ། ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་༼༡༡༤༽གྱིས་ནི་སྤྱིའི་ས་མཚམས་ས་དང་པོ་ནས་བཅུ་བའི་བར་དུ་ཡོད་པར་གསུངས་ལ། འཇམ་བཞེད་༼༥༦༨༽ཀྱིས་ཀྱང་དེ་དང་མཐུན་པར་གསུངས་ཤིང་། སོ་སོའི་ས་མཚམས་ལ་གསལ་ཁ་མི་སྣང་ངོ་། ། ཀུན་མཁྱེན་གཡག་པས།༼༤༥༩༽དང་པོ་སྒོམ་ལམ་ས་དང་པོ་གསུམ་དང་། གཉིས་པ་དེ་ནས་ས་གསུམ་དང་། གསུམ་པ་དག་ས་གསུམ་ལ་ཡོད་པར་གསུངས། བོ་དོང་པཎ་ཆེན་༼༡༧༦༽གྱིས། དང་པོ་ས་དང་པོ་བདུན་གྱི་རྗེས་ཐོབ་དང་། གཉིས་པ་ས་བརྒྱད་པ་དང་དགུ་པའི་རྗེས་ཐོབ་དང་། གསུམ་པ་ས་བཅུ་པའི་རྗེས་ཐོབ་ན་ཡོད་པར་བཞེད་དོ། ། དེ་ལྟར་མཁས་པའི་བཞེད་པ་སྣ་ཚོགས་པ་མཆིས་ལ། དེ་དག་ཕལ་ཆེ་བས། རྒྱན་སྣང་༼༢༣༣༽ལས། བདག་ཏུ་ང་རྒྱལ་གྱི་ས་བོན་མ་ཟད་པ་ཉིད་ཀྱིས་དང་པོ་ཁོ་ནར་རང་གི་དོན་གྱི་མོས་པ་རྣམ་པ་དགུར་བསྟན་ནས། ཞེས་སོགས་ཀྱི་ལུང་ལ་ཁུངས་བཅོལ་ཞིང་། སྤྱིར་ན་ཀུན་མཁྱེན་གོ་རམས་པས་ཟབ་མོར་༼༡༦༦༽གསུངས་པ་བཞིན། རྒྱན་སྣང་ལས་ལུགས་གཉིས་བྱུང་སྟེ། གཅིག་ནི་དྲངས་མ་ཐག་པ་དང་གཞན་ནི། ༼༢༢༣༽དེ་ལྟར་རྣམ་པ་དགུ་པོ་དེ་དག་ཀྱང་རེ་རེ་ཞིང་ཆུང་ངུའི་ཆུང་ངུ་ལ་སོགས་པའི་བྱེ་བྲག་གིས་ཞེས་སོགས་ཏེ། ལུགས་གཉིས་ལས་གང་ཞིག་སློབ་དཔོན་གྱི་དགོངས་པ་ཡིན་པ་ནི་ཁོ་བོར་བརྗོད་པའི་རྔོ་མི་ཐོགས་མོད། ཉི་སྣང་༼༡༧༥༽ལས། མོས་པའི་རྣམ་པ་ཐམས་ཅད་ལ་ཡང་ཆུང་ངུའི་ཆུང་ངུ་ལ་སོགས་པ་དཔེ་གོང་ནས་གོང་དུ་གྱུར་བས་ཞེས་སོགས་ལ་དཔང་བཅོལ་ནས་ཁོ་བོ་ནི་ཕྱི་མའི་རྗེས་སུ་འབྲང་ངོ་། ། འདིར་དམིགས་སུ་ཆོས་རྗེ་བླ་མ་དམ་པས། ༼༢༩༢༽རང་དོན་མོས་པ་སྦྱོར་ལམ་དང་། གཉིས་དོན་ས་དང་པོ། གཞན་དོན་ས་གཉིས་པ་ནས་བཅུ་པའི་བར་དུ་ཡོད་པར་གསུངས། དེ་ནི་མོས་པ་ཙམ་ལ་དགོངས་སོ་སྙམ་ན་མིན་ཏེ། སྒོམ་ལམ་ཟག་བཅས་༼༨༧༽སྦྱོར་ལམ་ན་ཡོད་པར་རྗེ་ཉིད་ཀྱིས་དངོས་སུ་གསུངས་པས་སོ། ། སྤྱིར་ན་ཡུམ་དོན་རབ་གསལ་༼༢༧༦༽ལས་གསལ་བ་ལྟར། ལོ་ཙྭ་བ་ལྟ་བུ་མོས་པ་སྒོམ་ལམ་ཚོགས་སྦྱོར་དུ་ཡོད་པ་བཞེད་མཁན་ནི་སྔོན་ནས་ཡོད་དོ། ། བདུན་པ་མོས་པའི་ཕན་ཡོན་ལ། མོས་པའི་ཕན་ཡོན་གྱི་རྣམ་གཞག་སྤྱིར་བསྟན་པ། མོས་པ་རྗོད་མཁན་གྱི་གསུང་ལ་དེ་བཞིན་གཤེགས་པའི་གསུང་གིས་ཁྱབ་མིན་དཔྱད་པ། འདིར་དངོས་བསྟན་གྱི་མོས་པའི་ཕན་ཡོན་གྱི་ས་མཚམས་ལ་དཔྱད་པ། དེ་ལ་ངག་གིས་ཁྱབ་མིན་དཔྱད་པ་དང་བཞི་ལས། དང་པོ་ལ། མཚན་ཉིད་ནི། མོས་པ་སྒོམ་ལམ་གྱི་སྟོབས་ཀྱིས་ཐོབ་པའི་རྣམ་དཀར་གྱི་ཡོན་ཏན། འདིར་དངོས་བསྟན་གྱི་མོས་པའི་ཕན་ཡོན་གྱི་མཚན་ཉིད་ནི། མོས་པ་སྒོམ་པའི་བྱང་སེམས་ལ་སྤྲོ་བ་བསྐྱེད་པའི་ཆེད་དུ་མོས་པའི་གནས་སྐབས་གསུམ་གྱི་རིམ་པ་དང་མཐུན་པར་ཡོན་ཏན་བརྗོད་པའི་དེ་བཞིན་གཤེགས་པའི་གསུང་། དེ་ལ་དབྱེ་ན་རང་དོན་མོས་པ་ལ་བསྟོད་པ་དགུ། གཉིས་དོན་མོས་པ་ལ་བཀུར་བ་རྣམ་པ་དགུ། གཞན་དོན་མོས་པ་ལ་བསྔགས་པ་རྣམ་པ་དགུའོ། ། གཉིས་པ་ནི། འདིར་མོས་པ་རྗོད་མཁན་གྱི་གསུང་ལ་དེ་བཞིན་གཤེགས་པའི་གསུང་གིས་ཁྱབ་མིན་ལ་དཔྱད་ན། རྒྱན་སྣང་༼༢༦༥༽ལས། བསྟོད་པ་དང་བཀུར་བ་དང་བསྔགས་པ་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་མཛད་པ་ཡིན་པས། ཞེས་སོགས་དང་། འགྲེལ་བ་དོན་གསལ་༼༤༤༽ལས་ཀྱང་། དེ་ལྟར་མོས་པ་ལ་སངས་རྒྱས་ལ་སོགས་པས་བསྟོད་པ་ལ་སོགས་པ་མཛད་དོ། ། ཞེས་སོགས་སྒྲ་སྨོས་པ་དང་། ཨར་གྱིས་༼༣༥༦༽ཀྱང་། ཡོན་ཏན་བརྗོད་པ་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་ཞེས་གསུངས་པ་དང་། མཁས་གྲུབ་གཡག་པས་༼༤༥༢༽་ཀྱང་། ཡོན་ཏན་བརྗོད་པའི་གསུང་ལ་སངས་རྒྱས་དང་བྱང་སེམས་གཉིས་ཆར་གྱི་གསུང་ཡོད་པར་གསུངས་པས། འདིར་ཡང་དེ་བཞིན་དུ་ཁས་ལེན་པར་བྱའོ། ། འོ་ན་སྦས་དོན་རབ་གསལ་༼༨༤༽ལས། མཚན་ཉིད་ཀྱི་ཟུར་དུ་དེ་བཞིན་གཤེགས་པའི་གསུང་ཞེས་སྨོས་པ་དང་འགལ་ལོ་སྙམ་ན། དེ་ནི་རྒྱན་གྱི་དངོས་བསྟན་གྱི་མོས་པའི་ཕན་ཡོན་ལ་དགོངས་ཏེ།རྒྱན་གྱི་དངོས་བསྟན་གྱི་གདམས་ངག་ལ་ཤེར་ཕྱིན་གྱི་མདོ་ཚིག་གིས་ཁྱབ་པ་བཞིན་ནོ། ། དེས་ན་འདིར་པཎ་ཆེན་ངག་ཆོས་༼༡༡༧༽ཀྱིས་མོས་པའི་ཕན་ཡོན་ལ་ཤེར་ཕྱིན་གྱི་མདོ་ཚིག་གིས་ཁྱབ་པར་གསུངས་པ་ཡང་དངོས་བསྟན་ལ་དགོངས་སམ་སྙམ་མོ། ། གསུམ་པ་ནི། ཨར་གྱིས་༼༣༥༦༽འདི་དག་གི་གྲངས་དང་གོ་རིམ་ངེས་པ་དང་ཆེ་འབྲིང་ལ་སོགས་པ་ཐམས་ཅད་ནི་དེའི་རིམ་པས་ཡིན་ནོ། ། ཞེས་པ་ལྟར་འདིར་ཡང་ཕན་ཡོན་ཉེ་བདུན་འདི་དག་གི་ས་མཚམས་ཀྱང་མོས་པ་སྒོམ་ལམ་རང་གི་ས་མཚམས་ལྟར་འཇོག་དགོས་པར་སྙམ་ལ། བོ་དོང་པཎ་ཆེན་༼༡༧༨༽གྱིས་ཀྱང་ས་མཚམས་ནི་མོས་པ་གང་ན་ཡོད་པ་དེ་ན་ཡོད་ཅེས་གསུངས་སོ། ། བླ་མ་དམ་པས་༼༢༩༥༽ནི་ཚོགས་ལམ་དུ་ཡང་ཡོད་པར་གསུངས་ཤིང་། མཁས་གྲུབ་གཡག་པས།༼༤༥༣༽གཙོ་ཆེར་ས་དང་པོ་ནས་སངས་རྒྱས་སའི་བར་ན་ཡོད་པར་གསུངས། སྐྱེད་ཚལ་མཁན་པོས་༼༨༥༽མོས་པ་སྒོམ་ལམ་སྐད་ཅིག་གཉིས་པ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་པར་གསུངས།སེ་ར་རྗེ་བཙུན་༼༡༡༧༽གྱིས་ནི་སྒོམ་ལམ་སྒོམ་པའི་སྐད་ཅིག་གཉིས་པ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་པར་གསུངས་སོ། ། བཞི་པ་ནི། མཁས་གྲུབ་གཡག་པས་༼༤༥༣༽ཡིད་གུས་པས་འདུད་པ་དང་དེས་ཀུན་ནས་བསླངས་པའི་ལུས་ཀྱིས་ཕྱག་འཚལ་བ་ལ་སོགས་པ་ཡང་མོས་པའི་ཕན་ཡོན་དུ་བགྲང་ཆོག་པས་ངག་གིས་མ་ཁྱབ་ཅེས་གསུངས་ལ། གསེར་ཕྲེང་༼༦༠༨༽ལས་ཀྱང་ངག་གིས་མ་ཁྱབ་པར་གསུངས་སོ། ། བོ་དོང་པཎ་ཆེན་༼༡༧༧༽གྱིས་མཚན་ཉིད་ཀྱི་ཟུར་ལ་ཡོངས་འཛིན་གྱི་ངག་ཅེས་གསུངས་པས་ངག་གིས་ཁྱབ་པར་བཞེད་པ་གསལ་ལོ། ། འོ་ན་རང་ལུགས་ལ་ངག་གིས་ཁྱབ་བམ་སྙམ་ན་ཁྱབ་སྟེ། གསུང་ལ་ངག་གིས་ཁྱབ་པའི་ཕྱིར་རོ། ། འོ་ན་ཉི་སྣང་༼༡༧༨༽ལས། བྱང་ཆུབ་སེམས་དཔའ་རྣམས་ལ་བསྔགས་པ་བརྗོད་པས་བསྔགས་པའི་དོན་ཡོངས་སུ་གསལ་བར་བྱེད་པ་ཡིན་ནོ། ། ཞེས་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་རྒྱན་རྒྱན་སྣང་༼༢༧༥༽ལས། འཕགས་པ་རྣམ་པར་གྲོལ་བའི་སྡེས་བྱང་ཆུབ་སེམས་དཔའ་ལ་སྤྲོ་བ་སྐྱེད་པར་བྱེད་པ་ལ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་པས་བསྟོད་པ་དང་བཀུར་བ་དང་བསྔགས་པའི་དོན་ཉེ་བར་སྡུད་པ་ཡིན་ནོ་ཞེས་བཤད་དོ། ། ཞེས་གསུངས་པ་ལྟར་ཡིན་པས་སྐྱོན་མེད་དེ། ངག་ལས་ཤེས་པར་བྱའོ། ། བརྒྱད་པ་བསྔོ་བ་སྒོམ་ལམ་ལ། ངོ་བོ་ས་མཚམས་དང་བཅས་པ་ལ་དཔྱད། བསྔོ་རྒྱུའི་དགེ་རྩ་ལ་དཔྱད་པ་དང་གཉིས་ལས། དང་པོ་ལ། མཚན་ཉིད་ནི། ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་གང་ཞིག ། དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་ཡོངས་སུ་སྒྱུར་བར་བྱེད་པའི་འདུན་པ་མཚུངས་ལྡན་དང་བཅས་པ། དབྱེ་ན་བཅུ་གཉིས་སོ། ། འདིར་ཡང་ཟབ་མོར་༼༡༦༧༽གསུངས་པ་བཞིན། མོས་པ་ལྟར་བསྔོ་བ་བཅུ་གཉིས་པོ་རེ་རེ་ལ་ཡང་ཆེ་འབྲིང་ཆུང་གསུམ་གྱི་དབྱེ་བས་དགུ་དགུར་ཡོད་ཅིང་། དགུའི་ས་མཚམས་ཀྱང་མོས་པ་ལྟར་ས་དགུར་བསྒྲིགས་ནས་ཤེས་པར་བྱ་དགོས་ལ། པཎ་ཆེན་ངག་ཆོས་༼༡༡༨༽ཀྱིས་ཀྱང་དེ་བཞིན་དུ་གསུངས་སོ། ། མཁས་པ་ཨར་༼༣༥༧༽གྱིས་གསུངས་ན་ཆེ་འབྲིང་ཆུང་གསུམ་གྱི་དབྱེ་བ་དག་ས་དགུ་ལ་རིམ་པ་བཞིན་སྦྱོར་བ་ནི་འཁྲུལ་ཞེས་གསུངས་མོད། རྒྱན་རྩ་བ་ལས། ས་དགུ་ལ་ནི་ཆེན་པོ་ཡི། ། ཞེས་སོགས་སྤང་བྱའི་རབ་དབྱེ་སོགས་ཀྱི་འགྲོས་དང་སྦྱར་ན་སྔ་མ་ཉིད་རྩ་བའི་དགོངས་པར་གནས་པར་སྙམ་མོ། ། སྤྱིར་བསྔོ་བ་སྒོམ་ལམ་ནི་སྦས་དོན་རབ་གསལ་༼༨༥༽ལས་གསུངས་པ་བཞིན། ས་དང་པོའི་རྗེས་ཐོབ་ནས་ས་བཅུ་པའི་རྗེས་ཐོབ་ཀྱི་བར་དུ་ཡོད་དོ། ། མཁས་གྲུབ་གཡག་པས་༼༤༥༧༽མོས་པ་ལྟར་འདིར་ཡང་ས་དང་པོའི་སྐད་ཅིག་གཉིས་པ་ནས་ས་བཅུ་པའི་བར་དུ་ཡོད་པར་གསུངས་ལ། བོ་དོང་པཎ་ཆེན་༼༡༨༡༽གྱིས་ཀྱང་མོས་པ་ལྟར་གསུངས་སོ། ། སེ་ར་༼༡༡༩༽དང་འཇམ་བཞེད་༼༥༦༨༽གཉིས་ཀྱིས་ནི་སྔར་ལྟར་འདིའི་ས་མཚམས་ཀྱང་ས་དང་པོ་ནས་བཅུ་པའི་བར་དུ་གསུངས།གཉིས་པ་ནི། དཔལ་ལྡན་ས་སྐྱ་པཎྜི་ཏས་རབ་དབྱེ་༼༡༧༽ལས། ཆོས་དབྱིངས་དགེ་བར་བྱས་ནས་ནི། ། ཞེས་པ་ནས། མི་འགྱུར་བསྔོ་བ་དོན་མེད་ཡིན། ། ཞེས་སོགས་ཀྱིས་ཆོས་ཉིད་བསྔོ་རྒྱུའི་དགེ་རྩ་ཡིན་པ་བཀག་ཡོད་ལ། བོ་དོང་པཎ་ཆེན་༼༡༧༨༽གྱིས་ཀྱང་ཆོས་ཉིད་དགེ་བ་ཡིན་ན། འགྲོ་བ་ཐམས་ཅད་རྟག་ཏུ་དགེ་བ་ལ་གནས་པར་ཐལ་བའི་སྐྱོན་བཏང་ནས་ཆོས་ཉིད་བསྔོ་རྒྱུའི་དགེ་བ་མིན་པར་བསྒྲུབས། ཀུན་མཁྱེན་གོ་རམས་པས་ཀྱང་གསུང་རབ་དགོངས་གསལ་༼༥༡༽ལས། ཆོས་དབྱིངས་བསྔོ་རྒྱུའི་དགེ་བ་མིན་པ་ནན་གྱིས་བསྒྲུབས་ཡོད་དོ། ། དེ་བཞིན་རོང་སྟོན་དམ་པས་ཚིག་དོན་རབ་གསལ་༼༢༦༨༽དང་། ཀུན་མཁྱེན་ཆོས་རྗེས་ཡུམ་དོན་རབ་གསལ། ༼༡༧༩༽སྐྱེད་ཚལ་མཁན་པོས་ལུང་རིགས་རྒྱ་མཚོ་༼༨༦༽ལས་ཀྱང་། ཁ་ཅིག་གིས་ཆོས་ཉིད་བསྔོ་རྒྱུའི་དགེ་བར་འདོད་པ་ལ། བེམ་པོ་དང་དམྱལ་བ། མཚམས་མེད་ཀྱི་ལས་སོགས་ལ་ཡང་བསྔོ་རྒྱུའི་དགེ་བ་ལྡན་པར་ཐལ་བའི་སྐྱོན་མང་དུ་བཏང་ངོ་། ། འོན་ཀྱང་ཆོས་རྗེ་བུ་སྟོན་གྲུབ་པ་དང་པཎ་ཆེན་ཤཱཀ་མཆོག་ལྡན་གཉིས་ཀྱིས་ནི་ཆོས་དབྱིངས་བསྔོ་རྒྱུའི་དགེ་བར་བཞེད་དེ། བུ་སྟོན་གྱིས་ཤེར་འགྲེལ་ལུང་གི་སྙེ་མ་༼༥༠༽ལས། ཆོས་ཉིད་བསྔོ་རྒྱུའི་དགེ་བར་ནན་གྱིས་བསྒྲུབས་པ་དང་། པཎ་ཆེན་ཤཱཀ་མཆོག་༼༨༡༽གིས་ལུང་རིགས་རོལ་མཚོ་ལས་ཆོས་དབྱིངས་མ་ཡིན་དགག་གི་ཆ་དགེ་བར་གསུངས་པའི་ཕྱིར་རོ། ། འོན་ཀྱང་ཁོ་བོས་ནི་སྔ་མའི་ཕྱོགས་བཟུང་ངོ་། ། འོ་ན་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བའི་མདོ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །ཞེས་པས་ཆོས་ཉིད་བསྔོ་རྒྱུ་དགེ་རྩར་བསྟན་པའི་ཕྱིར་སྙམ་ན། དེ་ནི། རབ་དབྱེ་༼༡༦༽ལས། དེས་ན་གཞུང་དེའི་དགོངས་པ་ནི། ། ཞེས་པ་ནས། དུས་གསུམ་དབྱེ་བ་དམིགས་བསལ་ཡིན། ། ཞེས་པའི་བར་གྱིས་བསྟན་པ་ལྟར་རྟེན་གྱི་གང་ཟག་འགྲོ་བ་ཀུན་གྱི་རྒྱུད་ལ་ཡོད་པ། དུས་འདས་མ་འོངས་ད་ལྟ་བས་བསྡུས་པའི་དགེ་བ་ཀུན་བསྔོ་རྒྱུའི་དགེ་བར་གསུངས་ཀྱི། ཆོས་ཉིད་དགེ་བར་གསུངས་པ་མདོ་དོན་མིན་པའི་ཕྱིར་རོ། ། མདོར་ན་བསྔོ་རྒྱུའི་དགེ་བ་ནི། རོང་སྟོན་གྱིས་ཚིག་དོན་རབ་གསལ༼༢༦༨༽ལས་དུས་གསུམ་གྱིས་བསྡུས་པའི་དགེ་བ་དང་། བླ་མ་དམ་པས་༼༢༩༦༽ཀྱང་དེ་བཞིན་དུ་གསུངས་ལ། རྗེ་བླ་མས་གསེར་ཕྲེང་༼༦༡༥༽་དང་། མཁས་གྲུབ་གཡག་པས་བློ་གསལ་མགུལ་རྒྱན་༼༤༧༩༽ལས།བསྔོ་རྒྱུའི་དགེ་བ་ནི་བདག་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་བ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ལ་གསུངས་ཏེ། འདི་དག་ནི་དགོངས་པ་གཅིག་པར་སྙམ་མོ། ། བསྔོ་ཚུལ་ནི་མཁས་པ་ཀུན་ཞལ་མཐུན་པར་མི་དམིགས་པས་རྣམ་པས་བསྔོ་བ་ལ་བཞེད་དོ། ། དགུ་པ་རྗེས་སུ་ཡི་རང་སྒོམ་ལམ་ལ། ངོ་བོ་ས་མཚམས་དང་བཅས་པ་ལ་དཔྱད། རྗེས་སུ་ཡི་རང་གི་དགེ་རྩ་ལ་དཔྱད་པ་དང་གཉིས་ལས། དང་པོ་ལ། མཚན་ཉིད་ནི། ཐེག་ཆེན་ཟག་བཅས་སྒོམ་ལམ་གང་ཞིག ། ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་ནས་དགེ་བའི་རྩ་བ་ལ་དགའ་བ་ཡང་དག་པར་སྒོམ་པ། དབྱེ་ན་དགུའོ། ། འདིར་རྗེས་སུ་ཡི་རང་སྒོམ་ལམ་གྱི་མཚན་ཉིད་ཀྱི་སྐབས་སུ་ཀུན་མཁྱེན་གོ་རམས་པས་ཡུམ་དོན་རབ་གསལ་༼༢༨༠༽དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་ཕར་ཕྱིན་མཐའ་དཔྱོད་༼༡༢༠༽གཉིས་ཆར་ལས། ཁ་ཅིག་གིས་མཚན་ཉིད་ཀྱི་ཟུར་དུ་རང་གཞན་གྱི་དགེ་བ་ལ་དགའ་བ་སྒོམ་པར་བྱེད་པ་ཞེས་པ་ལ། རང་རྒྱུད་དང་གཞན་རྒྱུད་ཀྱི་དགེ་བ་ཁོ་ན་ལ་དགའ་བ་སྒོམ་པའི་རྗེས་སུ་ཡི་རང་རེ་རེ་ནས་ཆོས་ཅན་དུ་བཞག་ནས་སྐྱོན་བཏང་ཡོད་ལ། འདིར་ཡང་དེ་བཞིན་དུ་ཁས་ལེན་པར་བྱའོ། ། འོ་ན་སྦས་དོན་རབ་གསལ་ལས་༼༨༦༽མཚན་ཉིད་ཀྱི་ཟུར་དུ་རང་གཞན་གྱི་དགེ་བ་ལ་དགའ་བ་སྒོམ་པར་བྱེད་པ་ཞེས་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་རང་གཞན་གང་རུང་གི་དགེ་བ་ཞེས་པའི་དོན་ཡིན་ཏེ། ཀུན་མཁྱེན་ལ་འདི་ལྟ་བུའི་འཁྲུལ་བ་རགས་པ་ག་ལ་སྲིད། ཀུན་མཁྱེན་རོང་སྟོན་༼༢༧༠༽གྱིས་ཀྱང་རང་གཞན་གྱི་དགེ་བའི་རྩ་བ་ཞེས་གསུངས་པ་ཡང་རང་གཞན་གང་རུང་གི་དགེ་བའི་རྩ་བའི་དོན་ཡིན་ནོ། ། དེའི་ས་མཚམས་ལ་དཔྱད་པ་ལ། ཀུན་མཁྱེན་གོ་རམས་པས་ཟབ་མོར་༼༡༦༧༽ཆུང་ངུའི་ཆུང་ངུ་སོགས་དགུར་ཕྱེ་ནས་ས་མཚམས་མོས་བསྔོ་གཉིས་ལྟར་གསུངས་ཤིང་། པཎ་ཆེན་ངག་ཆོས་༡༡༩༽ཀྱིས་ཀྱང་དེ་བཞིན་དུ་གསུངས་སོ། ། འདིར་ཡང་སྦས་དོན་རབ་གསལ་༼༨༦༽ལས་གསུངས་པ་བཞིན། སྤྱིར་རྗེས་སུ་ཡི་རང་སྒོམ་ལམ་ནི་ས་དང་པོའི་རྗེས་ཐོབ་ནས་ཀྱང་ཡོད་དོ། ། མཁས་པ་ཨར་༼༣༦༢༽གྱིས་གསུང་ན་མཚམས་སྦྱོར་ལ་དཔག་ན་སེང་གེ་བཟང་པོའི་ལུགས་ལ་བསྔོ་བ་སྔོན་དུ་སོང་བའི་རྗེས་སུ་ཡི་རང་ཞིག་ཀྱང་ཡོད་པ་འདྲ་ཞེས་གསུངས་མོད། རང་ལུགས་ལ་ནི་སྒོམ་ལམ་གསུམ་པོ་མ་མཐའི་ས་མཚམས་གཅིག་ནས་འཇོག་དགོས་སོ། ། ས་མཚམས་ལ་ཀུན་མཁྱེན་གཡག་པ་དང་། བོ་དོང་པཎ་ཆེན་༼༡༨༡༽གཉིས་ཀྱིས་སྔར་བསྔོ་བ་དང་འདྲ་བར་གསུངས་ལ། སེ་ར་༼༡༢༢༽དང་འཇམ་བཞེད་༼༥༨༦༽གཉིས་མཐུན་པར། མོས་བསྔོ་གཉིས་ལྟར་འདིར་ཡང་ས་དང་པོ་ནས་བཅུ་པའི་བར་དུ་བཞག་པར་གསུངས། གཉིས་པ་ནི། འདིར་ཡུམ་དོན་རབ་གསལ་༼༢༨༠༽ལས་ཕྱོགས་སྔར་བཀོད་པ་ལྟར་ཁ་ཅིག་གིས་གཞན་གྱི་དགེ་བ་ལ་དགའ་བ་བསྒོམས་པས་རང་གཞན་ལ་བསོད་ནམས་མཉམ་དུ་ཐོབ་པར་འདོད་ལ། དེ་ལ་ནི་ཡུམ་དོན་རབ་གསལ་ལས་བཏང་བའི་སྐྱོན་འཇུག་ལ། བཅོམ་ལྡན་རིགས་རལ་༼༣༥༨༽གྱིས་ཀྱང་འཕགས་པ་དང་བྱིས་པ་བསོད་ནམས་མཉམ་པོར་ཐོབ་པར་ཐལ་བའི་སྐྱོན་བཏང་ཡོད་དོ། ། འོ་ན་ཉི་སྣང་༼༡༨༣༽ལས། རྗེས་སུ་ཡི་རང་བ་བྱེད་པས་ནི་རང་དང་གཞན་གྱི་བསོད་ནམས་བྱ་བ་མཉམ་པ་ཉིད་འཐོབ་བོ། ། ཞེས་དང་། དོན་གསལ་༼༤༥༽ལས། རང་དང་གཞན་གྱི་བསོད་ནམས་བྱས་པ་མཉམ་པ་ཉིད་འཐོབ་བོ་ཞེས་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་བློ་མཉམ་ན་བསོད་ནམས་མཉམ་པར་ཐོབ་པའམ། ཡང་ན་དགེ་བ་ཐོབ་པར་འདྲ་བ་ལ་དགོངས་པ་ཡིན་ཏེ། ས་གཉིས་པ་ལ་གནས་པའི་བྱང་སེམས་ཀྱིས་རང་དང་རྟོགས་པ་མཉམ་པའི་བྱང་སེམས་གཞན་ཞིག་གི་དགེ་བ་ལ་རྗེས་སུ་ཡི་རང་བའི་ཚེ་བསོད་ནམས་མཉམ་པའམ་དགེ་བ་ཐོབ་པ་འདྲ་བའི་ཕྱིར་རོ། ། འདི་ནི་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ།༼༢༨༩༽མཁས་གྲུབ་གཡག་གི་བློ་གསལ་མགུལ་རྒྱན།༼༤༧༨༽ཀུན་མཁྱེན་རོང་སྟོན་གྱི་དཀའ་འགྲེལ།༼༡༢༧༽བུ་སྟོན་རིན་ཆེན་གྲུབ་ཀྱི་ཤེར་འགྲེལ་ལུང་གི་སྙེ་མ།༼༥༨༽ཉ་དབོན་ཀུན་དགའ་དཔལ་གྱི་ཡིད་ཀྱི་མུན་སེལ།༼༡༨༥༽བོ་དོང་པཎ་ཆེན་གྱི་དཀའ་འགྲེལ་ལུང་གི་སྙེ་མ།༼༥༩༽རྗེ་ཙོང་ཁ་པའི་ལེགས་བཤད་གསེར་ཕྲེང་༼༦༡༧༽ལ་སོགས་སྔོན་གྱི་མཁས་པ་ཀུན་གྱི་གཞུང་གི་དགོངས་པར་གནས་སོ། ། བཅུ་པ་སྒྲུབ་པ་སྒོམ་ལམ་དང་བཅུ་གཅིག་པ་རྣམ་དག་སྒོམ་ལམ་གཉིས་ཕྱོགས་གཅིག་ཏུ་བཤད་པ་ལ། འདི་ལ། ཟག་མེད་སྒོམ་ལམ་གཉིས་ཀྱི་ངོ་བོ་དང་དབྱེ་བ་ལ་དཔྱད། དེ་གཉིས་ཀྱི་ས་མཚམས་ལ་དཔྱད། ཁྱད་པར་ལ་དཔྱད་པའོ། ། དང་པོ་ལ། མཚན་ཉིད་རིམ་བཞིན། ཐེག་ཆེན་ཟག་མེད་སྒོམ་ལམ་གང་ཞིག ། རང་གི་ངོས་སྐལ་གྱི་ཤེས་སྒྲིབ་ཀྱི་སྤོང་བ་གཉེན་པོར་གྱུར་པ་དང་། ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གང་ཞིག ། རང་རྒྱུ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་ཤེས་སྒྲིབ་ལས་གྲོལ་བའི་རྣམ་དག ། དབྱེ་བ་རིམ་བཞིན། དང་པོ་ལ། སྦས་དོན་རབ་གསལ་༼༨༧༽ལས། ས་གཉིས་པ་ནས་བཅུ་བའི་བར་དུ་དགུ་ཡོད་པར་གསུངས་ལ། པཎ་ཆེན་ངག་ཆོས་༼༡༡༩༽ཀྱིས་ས་གཉིས་པའི་སྦྱོར་བ་ཉེར་བསྡོགས་དང་། བར་ཆད་མེད་ལམ་ནས་ས་བཅུ་པའི་སྦྱོར་བ་ཉེར་བསྡོགས་དང་བར་ཆད་མེད་ལམ་གྱི་བར་བཅོ་བརྒྱད་ཡོད་པར་གསུངས། འོ་ན་རྒྱུན་མཐའི་ཡེ་ཤེས་ཀྱང་སྒྲུབ་པ་སྒོམ་ལམ་དུ་འཆད་དགོས་པས་དགུ་བོ་དེའི་གང་ཡིན་ཞེ་ན། རྒྱུན་མཐའི་ཡེ་ཤེེས་དེ་ཉིད་ནི་སྒོམ་ལམ་བར་ཆད་མེད་ལམ་སྐོར་དགུའི་ནང་ནས་དགུ་པ་དེ་ཡིན་ཏེ། འདིའི་རྒྱུ་མཚན་ནི་འོག་བར་ཆད་མེད་པའི་རྩེ་སྦྱོར་དུ་འཆད་དོ། ། ཕྱི་མ་ལ། སྦས་དོན་རབ་གསལ་༼༨༨༽ལས་གསུངས་པ་ལྟར། ས་གཉིས་པའི་རྣམ་གྲོལ་ལམ་ནས་ས་བཅུ་པའི་རྣམ་གྲོལ་ལམ་གྱི་བར་དགུའོ། ། རྣམ་དག་སྒོམ་ལམ་དང་རྣམ་དག་གཉིས་ལ་ནི་མུ་གསུམ་གྲུབ་སྟེ། རྣམ་དག་སྒོམ་ལམ་ལ་རྣམ་དག་གིས་ཁྱབ་ཀྱང་རྣམ་དག་ལ་རྣམ་དག་སྒོམ་ལམ་གྱིས་མ་ཁྱབ་སྟེ། ཉན་རང་གི་རྣམ་དག་དེ་དེ་ཡིན་པའི་ཕྱིར། གཉིས་པ་ནི། རང་ལུགས་ནི་གོང་གི་དབྱེ་བས་གོ་ནུས་ལ། བླ་མ་དམ་པས་༼༣༠༢༽སྦྱོར་ལམ་ན་ཡོད་པར་བཞེད། མཁས་གྲུབ་གཡག་པས་༼༤༨༠༽ས་དང་པོའི་སྐད་ཅིག་གཉིས་པ་ནས་ས་བཅུ་པའི་མཉམ་བཞག་ན་ཡོད་པར་བཞེད། སེ་ར་༼༡༢༦༽དང་འཇམ་བཞེད་༼༥༧༢༽གཉིས་ཀྱང་མཐུན་པར་ས་དང་པོ་ནས་བཅུ་པའི་བར་ན་ཡོད་པར་བཞེད་དོ། ། གསུམ་པ་ནི། འདིར་ཟག་མེད་སྒོམ་ལམ་གཉིས་ཀྱི་ཁྱད་པར་ལ་ཀུན་མཁྱེན་གོ་རམས་པས་ཟབ་མོར་༼༡༦༨༽སྒྲུབ་པ་སྒོམ་ལམ་ནི་སྦྱོར་བའི་ལམ་དང་བར་ཆད་མེད་ལམ་གྱིས་བསྡུས་པ་དང་།རྣམ་དག་སྒོམ་ལམ་ནི་རྣམ་གྲོལ་ལམ་གྱིས་བསྡུས་པར་གསུངས་ཤིང་། མཁས་པ་ཨར་གྱིས་སྒྲུབ་པ་སྒོམ་ལམ་བར་ཆད་མེད་ལམ་དང་རྣམ་དག་སྒོམ་ལམ་རྣམ་གྲོལ་ལམ་ལ་བཞག། པཎ་ཆེན་ཤཱཀ་མཆོག་༼༨༣༽གིས་ཀྱང་རང་ལུགས་ལ་ཨར་གྱི་བཞེད་པ་ལྟར་བཞེད་པར་གསུངས། འདི་བཞིན། མཁས་གྲུབ་གཡག་པ་༼༤༨༠༽དང་། ཀུན་མཁྱེན་རོང་སྟོན། ༼༢༧༡༽བོ་དོང་པཎ་ཆེན། ༼༡༨༧༽སྐྱེད་ཚལ་མཁན་པོ་༼༩༠༽རྣམས་གྱིས་ཀྱང་ཟག་མེད་སྒོམ་ལམ་གཉིས་ཀྱི་ཁྱད་པར་ནི་སྔ་མ་བར་ཆད་མེད་ལམ་དང་ཕྱི་མ་རྣམ་གྲོལ་ལམ་ལ་གསུངས་ཏེ། ཀུན་མཁྱེན་གོ་རམས་དང་མཁས་པ་འདི་དག་གི་བར་ལ་སྦྱོར་བའི་ལམ་སྒྲུབ་པ་སྒོམ་ལམ་དུ་བཞག་མི་བཞག་གི་ཁྱད་པར་ལས་རྣམ་དག་སྒོམ་ལམ་རྣམ་གྲོལ་ལམ་དུ་བཞག་པ་ལ་ཁྱད་པར་མི་སྣང་ངོ་། ། གསེར་ཕྲེང་༼༦༡༨༽ལས་ནི། མཉམ་བཞག་གཅིག་ཉིད་ཡུལ་རྟོགས་ཚུལ་སྒོ་ནས་འཐོབ་བྱ་འགྲུབ་པར་བྱེད་པ་དང་། སྤང་བྱ་འཇོམས་ཚུལ་གྱི་ལྡོག་པས་ཟག་མེད་སྒོམ་ལམ་གཉིས་བསྟན་པས་ཐ་དད་པར་མི་བསམ་མོ་ཞེས་གསུངས་ལ། དེའི་རྗེས་སུ་འབྲངས་ནས་སེ་ར་༼༡༢༥༽དང་འཇམ་བཞེད་༼༥༧༠༽གཉིས་ཀྱིས་ཀྱང་འདི་གཉིས་དོན་གཅིག་ཏུ་གསུངས་སོ། ། འདིར་ཉ་དབོན་༼༦༠༽དང་བཅོམ་ལྡན་རིགས་རལ།༼༣༦༠༽བུ་སྟོན་༼༥༩༽སོགས་ཀྱིས་འདི་གཉིས་ལྟོས་ས་གཅིག་ལ་ལྟོས་ནས་ངོ་བོ་ཐ་དད། ལྟོས་ས་ཐ་དད་ལ་ལྟོས་ནས་ངོ་བོ་གཅིག་སྟེ། སྔ་མའི་རྣམ་གྲོལ་ལམ་ཕྱི་མའི་བར་ཆད་མེད་ལམ་ཡིན་པའི་ཕྱིར་ཞེས་གསུངས་མོད། རང་ལུགས་ལ་ནི། ཀུན་མཁྱེན་རོང་སྟོན་༼༢༧༡༽གྱིས་བར་ཆད་མེད་ལམ་ནི་སྤོང་གཉེན་དུ་ངེས་ལ། རྣམ་གྲོལ་ལམ་ནི་སྤོང་གཉེན་མ་ཡིན་པའི་ཕྱིར་ཞེས་པ་ལྟར་འདི་གཉིས་འགལ་བར་བཞེད་དོ། ། གསུམ་པ་གཞི་ཤེས་ལ་མཚོན་བྱེད་ཀྱི་ཆོས་དགུ་ལས། དང་པོ་ཤེས་པས་སྲིད་ལ་མི་གནས་པའི་གཞི་ཤེས་དང་། གཉིས་པ་སྙིང་རྗེས་ཞི་ལ་མི་གནས་པའི་གཞི་ཤེས་གཉིས་ཕྱོགས་གཅིག་ཏུ་བཤད་པ་ལ། ངོ་བོ་དང་ས་མཚམས་ཀྱི་རྣམ་གཞག ། མཉམ་རྗེས་གང་ཡིན་ལ་དཔྱད་པ་དང་གཉིས་ལས། དང་པོ་ནི། འདི་གཉིས་མཚོན་བྱེད་ཀྱི་ཆོས་སོ་སོར་བགྲང་དགོས་མོད། བཤད་པའི་སྐབས་བདེ་བའི་ཕྱོགས་གཅིག་ཏུ་འཆད་ན། མཚན་ཉིད་རིམ་བཞིན། དུས་གསུམ་རང་བཞིན་མེད་པར་མཉམ་པ་ཉིད་རྟོགས་པའི་ཤེས་རབ་ཀྱིས་སྲིད་མཐའ་གནོན་ནུས་ཀྱི་ཐེག་ཆེན་འཕགས་པའི་མཁྱེན་པ་དང་། དམིགས་པ་མེད་པའི་སྙིང་རྗེས་ཞི་མཐའ་གནོན་ནུས་ཀྱི་ཐེག་ཆེན་འཕགས་པའི་མཁྱེན་པའོ། ། ས་མཚམས་ནི། པཎ་ཆེན་ངག་ཆོས་༼༡༢༤༽ཀྱིས་གསུངས་པ་ལྟར་ས་བཅུའི་མཉམ་བཞག་དང་རྗེས་ཐོབ་ནས་སངས་རྒྱས་ཀྱི་སར་ཡང་ཡོད་དོ། ། འོ་ན་སྦས་དོན་རབ་གསལ་ལས༼༩༣༽བྱང་འཕགས་ཀྱི་མཁྱེན་པ་ཞེས་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་རྒྱན་རྩ་བའི་དངོས་བསྟན་ལ་དགོངས་པ་ཡིན་ནོ། ། གཉིས་པ་ནི། གོང་གི་མཚན་ཉིད་དེ་ནི་སྤྱིར་སྲིད་ཞིའི་མཐའ་ལ་མི་གནས་པའི་གཞི་ཤེས་གཉིས་ཀྱི་མཚན་ཉིད་ཡིན་གྱི། སྐབས་གསུམ་པའི་དངོས་བསྟན་གྱི་གཞི་ཤེས་གཉིས་ལ་སྦྱར་ན། མཉམ་བཞག་དང་དེའི་ནང་ནས་ཀྱང་སྒོམ་ལམ་མཉམ་བཞག་ཏུ་འདོད་དགོས་ཏེ། ཀུན་མཁྱེན་གོ་རམས་པས་ཟབ་༼༡༧༨༽མོར། ཐེག་ཆེན་གྱི་སྒོམ་ལམ་མཉམ་བཞག་དགུ་ཁམས་གསུམ་པའི་རྣམ་པ་ཅན་གྱི་ཤེས་པ་དང་། ཤེས་བྱ་མཉམ་པ་ཉིད་དུ་རྟོགས་པར་བསྟན་པ་ལ། ཞེས་སོགས་ནས་སྐབས་གསུམ་པ་འདིར་གཞི་ཤེས་ཀྱིས་བསྡུས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདོད་པ་ཡིན་ཞེས་པ་ནི། ཚུ་རོལ་ཕ་རོལ་མཐའ་ལ་མིན། ། ཞེས་སོགས་ཚིག་རྐང་པ་དང་པོ་གཉིས་དང་བཞི་པས་བསྟན། ཞེས་དང་། མདོར་ན་ཚིགས་བཅད་འདིས་བྱང་སེམས་ཀྱི་རྒྱུད་ཀྱི་མཉམ་བཞག་གིས་བསྡུས་པའི་གཞི་ཤེས་བསྟན་ཏེ། ཞེས་སོགས་གསུངས་པའི་ཕྱིར་རོ། ། དེའི་ཕྱིར་འདིར་དངོས་བསྟན་གྱི་གཞི་ཤེས་གཉིས་ཀྱི་མཚན་ཉིད་ནི། པཎ་ཆེན་ངག་ཆོས་༼༡༢༥༽ཀྱིས་གསུངས་པ་བཞིན། ཕལ་ཆེར་སྔ་མ་ལྟར་ལ་མཇུག་ཏུ་བྱང་འཕགས་ཀྱི་སྒོམ་ལམ་མཉམ་བཞག་ཡེ་ཤེས་ཞེས་སྦྱར་དགོས་སོ། ། ས་མཚམས་ནི། ས་དགུའི་སྒོམ་ལམ་མཉམ་བཞག་ན་ཡོད་དོ། ། འདིར་ཉ་དབོན་ཀུན་དགའ་དཔལ་༼༧༠༽གྱིས་ཀྱང་བྱང་འཕགས་མཉམ་གཞག་གི་ཤེར་ཕྱིན་ཆོས་ཅན། ཚུ་རོལ་འཁོར་བ་ཕ་རོལ་མྱང་འདས་ཀྱི་མཐའ་གཉིས་ལ་སྟེ་གཉིས་སུ་གནས་པ་མིན། འཁོར་འདས་དེ་དག་གི་བར་ན་ཡང་མཚན་མར་གཟུང་ནས་གནས་པ་མིན་ཏེ། དུས་གསུམ་གྱི་ཆོས་རྣམས་དོན་དམ་པར་སྐྱེ་བ་སོགས་མེད་པར་མཉམ་པ་ཉིད་དུ་མངོན་སུམ་དུ་ཤེས་པའི་ཡེ་ཤེས་སྙིང་རྗེ་ཆེན་པོ་ཅན་ཡིན་པའི་ཕྱིར་ཞེས་མདོ་ལས་འདོད་དོ། ། ཞེས་གསུངས་པ་ལ་དཔག་ན་འདིར་དངོས་བསྟན་གྱི་གཞི་ཤེས་དེ་མཉམ་བཞག་ལ་འདོད་དམ་སྙམ་སྟེ་དཔྱད་དོ། ། བོད་ཀྱི་མཁས་པ་གཞན་ཕལ་མོ་ཆེའི་གཞུང་དུ་ནི། འདིར་དངོས་བསྟན་གྱི་གཞི་ཤེས་གཉིས་པོ་དེ་མཉམ་བཞག་དང་རྗེས་ཐོབ་གང་ལ་སྦྱར་དགོས་པའི་གསལ་ཁ་གང་ཡང་མི་སྣང་ལ། པཎ་ཆེན་ཤཱཀ་མཆོག་༼༡༡༦༽གིས་གསུངས་པ་ལྟར་མདོ་དང་བསྟན་བཅོས་འགྲེལ་བ་གསུམ་ཆར་ལས་ཀྱང་འདི་ལ་ཤེར་ཕྱིན་ལས་གཞི་ཤེས་ཀྱི་མིང་གིས་བསྟན་པ་མེད་དོ། ། རྒྱལ་ཚབ་རྗེ་དང་སེ་ར་༼༡༥༦༽གཉིས་ཀྱིས་ནི་འདིར་སྲིད་ཞི་ལ་མི་གནས་པའི་ལམ་ཤེས་ཞེས་པའི་ཐ་སྙད་འཐད་ཀྱི། སྲིད་ཞི་ལ་མི་གནས་པའི་གཞི་ཤེས་ཞེས་པའི་ཐ་སྙད་མི་འཐད་ཅེས་གསུངས་ཏེ། འདིའི་མཐའ་དཔྱོད་ནི་ཡུམ་དོན་རབ་གསལ་༼༢༩༡༽དུ་གསལ་ལོ། ། གསུམ་པ་འབྲས་ཡུམ་ལ་རིང་བའི་གཞི་ཤེས་དང་བཞི་པ་འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་གཉིས་ཕྱོགས་གཅིག་ཏུ་བཤད་ན། འདི་ལ། ངོ་བོ་དང་མཉམ་རྗེས་གང་ཡིན་ལ་དཔྱད། འཕྲོས་དོན་མཁས་པའི་བཞེད་ཚུལ་ལ་དཔྱད་པ་དང་གཉིས་ལས། དང་པོ་ནི། འདི་གཉིས་ཀྱང་མཚོན་བྱེད་ཀྱི་ཆོས་སོ་སོར་བགྲང་དགོས་མོད། བཤད་པའི་སྐབས་བདེ་བས་ཕྱོགས་གཅིག་ཏུ་འཆད་ན། མཚན་ཉིད་རིམ་བཞིན། རང་གི་རྗེས་ཐོབ་ཏུ་མཚན་འཛིན་འབྱུང་ངེས་ཀྱི་བྱང་འཕགས་ཀྱི་མཉམ་བཞག་ཡེ་ཤེས་དང་། མཚན་མར་དམིགས་པའི་སྒོ་ནས་སྦྱིན་སོགས་ལ་སྤྱོད་པའི་གནས་སྐབས་ཀྱི་བྱང་འཕགས་རྗེས་ཐོབ་པའི་རྒྱུད་ཀྱི་མཁྱེན་པ་གང་རུང་གིས་བསྡུས་པའི་གཞི་ཤེས་དེ་དང་པོའི་མཚན་ཉིད། རང་གི་རྗེས་ཐོབ་ཏུ་མཚན་འཛིན་མི་འབྱུང་བར་ངེས་པའི་བྱང་འཕགས་ཀྱི་མཉམ་བཞག་ཡེ་ཤེས་དང་། མཚན་མར་མི་དམིགས་པའི་སྒོ་ནས་སྦྱིན་སོགས་ལ་སྤྱོད་པའི་གནས་སྐབས་ཀྱི་བྱང་འཕགས་རྗེས་ཐོབ་ཀྱི་མཁྱེན་པ་གང་རུང་གིས་བསྡུས་པའི་གཞི་ཤེས་དེ་གཉིས་པའི་མཚན་ཉིད་དོ། ། འདིར་ཡང་དངོས་བསྟན་གྱི་དབང་དུ་བྱས་ན་རང་ལུགས་ལ་པཎ་ཆེན་ངག་ཆོས་༼༡༢༦༽ཀྱིས་གསུངས་པ་ལྟར་འདིར་ཡང་སྒོམ་ལམ་མཉམ་བཞག་ཏུ་འདོད་དགོས་ཏེ། ཟབ་མོར།༼༡༧༦༽དེ་ལྟ་བུའི་མཉམ་གཞག་གི་གནས་སྐབས་ཀྱི་ཤེར་ཕྱིན་དེ་རྗེས་ཐོབ་ཏུ་མཚན་མར་དམིགས་པའི་སྒོ་ནས་སྦྱིན་སོགས་ལ་སྤྱོད་ན་རྣམ་མཁྱེན་སྒྲུབ་པའི་ཐབས་ལ་མི་མཁས་པས་རྣམ་མཁྱེན་ལ་རིང་བ་ཡིན་ལ། མཚན་མར་མི་དམིགས་པའི་སྒོ་ནས་སྦྱིན་སོགས་ལ་སྤྱོད་ན་རྣམ་མཁྱེན་སྒྲུབ་པའི་ཐབས་ལ་མཁས་པས་རྣམ་མཁྱེན་ལ་ཉེ་བ་ཡིན་ནོ། ། ཞེས་གསུངས་པའི་ཕྱིར།དེའི་ཕྱིར་དངོས་བསྟན་གྱི་ཉེ་རིང་གི་གཞི་ཤེས་གཉིས་ཀྱི་མཚན་ཉིད་རིམ་བཞིན། པཎ་ཆེན་ངག་ཆོས་༼༡༢༦༽ཀྱིས་གསུངས་པ་ལྟར། རང་གི་རྗེས་ཐོབ་ཏུ་མཚན་འཛིན་འབྱུང་ངེས་ཀྱི་བྱང་སེམས་ཀྱི་སྒོམ་ལམ་མཉམ་བཞག་དང་། དེ་མི་འབྱུང་བར་ངེས་པའི་བྱང་སེམས་ཀྱི་སྒོམ་ལམ་མཉམ་བཞག་ཡེ་ཤེས་སོ། ། ས་མཚམས་ནི་ས་དགུའི་མཉམ་བཞག་ན་ཡོད་དོ། ། གཉིས་པ་ནི། ཉེ་བའི་གཞི་ཤེས་དེ་བྱང་སེམས་ཀྱི་རྒྱུད་ལ་སྦྱར་དགོས་པ་ལ་ནི་རྒྱ་བོད་ཀྱི་མཁས་པ་ཀུན་ཞལ་མཐུན་ལ། མི་མཐུན་ས་ནི་རིང་བའི་གཞི་ཤེས་ཐེག་དམན་གྱི་རྒྱུད་ལ་སྦྱར་དགོས་མིན་དེ་ཡིན་ཞིང་། དེ་ཡང་རྒྱ་བོད་ཀྱི་མཁས་པ་ཕལ་མོ་ཆེས་འདི་ཐེག་དམན་གྱི་གཞི་ཤེས་ལ་སྦྱར་ནས་འཆད་དེ། སློབ་དཔོན་གྱིས་དོན་གསལ་༼༤༩༽ལས།དགེ་བའི་བཤེས་གཉེན་ལ་སོགས་པ་ཐབས་མཁས་པ་དང་བྲལ་བའི་ཕྱིར་དངོས་པོ་མཚན་མ་དང་ལྡན་པར་རྟོགས་པས་ཉན་ཐོས་ལ་སོགས་པ་དངོས་པོའི་ངོ་བོ་མི་ཤེས་པ་རྣམས་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་མེད་དེ། དེའི་ཕྱིར་དེ་དག་ལ་རྒྱལ་བའི་ཡུམ་རིང་བར་གྱུར་ཏོ། ། ཞེས་གསུངས་ཤིང་། རྒྱན་སྣང་༼༣༣༠༽ལས་ཀྱང་། ཇི་ལྟར་ན་ཉན་ཐོས་ལ་སོགས་པ་ཡང་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རིང་བར་གྱུར་ཞེ་ན། ཞེས་བསྒྲུབ་བྱར་བཞག་ནས། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐབས་མི་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དམིགས་པའི་ཚུལ་གྱིས་ཤེས་པར་བགྱིད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདོར་བར་འགྱུར།རིང་དུ་བྱེད་པར་འགྱུར་རོ། ། ཞེས་པའི་མདོ་ལུངས་དེ་སྒྲུབ་བྱེད་དུ་དྲངས་ཤིང་། དེའི་རྗེས་སུ་འབྲངས་ནས། བཅོམ་ལྡན་རིགས་པའི་རལ་གྲི། ༼༣༨༡༽ཆོས་རྗེ་བླ་མ་དམ་པ།༼༣༡༣༽༣༡༤༽བུ་སྟོན་རིན་ཆེན་གྲུབ།༼༧༤༽རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།༼༦༣༧༽རྒྱལ་ཚབ་དར་མ་རིན་ཆེན།༼༤༦༥༽སོགས་མཁས་པ་ཕལ་མོ་ཆེས་སྔར་གྱི་མདོ་དེ་སྒྲུབ་བྱེད་དུ་བྱས་ནས་ཉན་རང་གི་གཞི་ཤེས་དེ་འབྲས་ཡུམ་ལ་རིང་བའི་གཞི་ཤེས་སུ་བསྒྲུབས་སོ། ། རོང་སྟོན་དམ་པས་ཚིག་དོན་རབ་གསལ་༼༢༨༢༽ལས་ཀྱང་། ཉན་རང་གི་གཞི་ཤེས་དེ་ཉིད་རིང་བའི་གཞི་ཤེས་སུ་བསྒྲུབས་ཤིང་། སྒྲུབ་བྱེད་ལ་དུས་གསུམ་མཉམ་ཉིད་རྟོགས་པའི་ཡེ་ཤེས་རྒྱུད་ལ་མེད་པའི་ཕྱིར་ཞེས་བཀོད་པ་དང་། དེའི་རྗེས་སུ་འབྲང་བ་སྐྱེད་ཚལ་མཁན་པོས་༼༡༠༥༽ཀྱང་། ཐེག་དམན་གྱི་མཐོང་ལམ་ཆོས་ཅན། འབྲས་ཡུམ་ལ་རིང་བའི་གཞི་ཤེས་ཡིན་ཏེ། འབྲས་ཡུམ་སྒྲུབ་པའི་ཐབས་ལ་མི་མཁས་པའི་ཐེག་དམན་འཕགས་པའི་མཁྱེན་པ་ཡིན་པའི་ཕྱིར། ཞེས་གསུངས་སོ། ། འདིར་པཎ་ཆེན་ཤཱཀམཆོག་༼༡༡༧༽༼༡༡༨༽གིས་གསུང་ན། མདོ་རྒྱན་འགྲེལ་བ་གསུམ་ཆར་ལས། ལམ་ཤེས་ཀྱི་རྟོགས་རིགས་སུ་གྱུར་པའི་བྱང་སེམས་ཀྱི་མཁྱེན་པ་དེ་རྒྱལ་ཡུམ་ལ་རིང་བ་དང་། དེའི་ལོག་ཕྱོགས་ཉན་ཐོས་ཀྱི་མཚན་འཛིན་དེ་དེ་ལ་རིང་བར་བཤད་པ་ཡིན་ཞེས་གསུངས་སོ། ། འོ་ན་རང་ལུགས་ཀུན་མཁྱེན་གོ་རམས་པའི་དགོངས་པ་གང་ཡིན་ཞེ་ན། སྔར་དྲངས་པ་ལྟར། ཉེ་རིང་གཉིས་ཀ་ཡང་བྱང་སེམས་ཀྱི་མཁྱེན་པ་ལ་སྦྱར་ཞིང་། དེའི་སྒྲུབ་བྱེད་ཀྱང་མདོ་དང་ཉི་སྣང་ལ་བཅོལ་ཏེ། རྒྱན་སྣང་ལས་དྲངས་མ་ཐག་པའི་མདོ་དེ་དང་། ཉི་སྣང་༼༡༩༣༽ལས། ཐབས་མ་ཡིན་པས་རིང་བ་སྟེ། ། ཞེས་བྱ་བ་ནི། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐབས་མི་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དམིགས་པའི་ཚུལ་གྱིས་ཤེས་པར་བགྱིད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདོར་བར་འགྱུར། རིང་དུ་བྱེད་པར་འགྱུར་རོ་ཞེས་གང་གསུངས་པ་ཡིན་ཏེ། དེའི་ཚེ་དང་ཕྱི་མའི་ཚེ་ལ་ལྟོས་ནས་ཚིག་གཉིས་སོ། ། ཐབས་མ་ཡིན་པའང་གང་ཞེ་ན། དེ་ནི་མཚན་མར་དམིགས་སྒོ་ནས། ། ཞེས་བྱ་བ་སྨོས་ཏེ། རབ་འབྱོར་མིང་ལས་ཀྱང་ཆགས་སོ། ། རབ་འབྱོར་མཚན་མ་ལས་ཀྱང་ཆགས་སོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་མཚན་མ་མེད་པ་མིང་མེད་པའོ་ཞེས་གང་གསུངས་པ་ཡིན་ནོ། ། ཞེས་མདོ་དང་ཉི་སྣང་ལས་བྱང་སེམས་ཐབས་ལ་མི་མཁས་པས་མཚན་མར་དམིགས་པའི་སྒོ་ནས་ཤེར་ཕྱིན་ལ་སྤྱོད་ན་དེ་ཉིད་འབྲས་ཡུམ་ལ་རིང་དུ་བྱེད་པར་གསུངས་པའི་ཕྱིར་རོ། ། སྔར་གྱི་མདོ་དེའི་དངོས་བསྟན་གྱི་དོན་མཁས་གྲུབ་གཡག་པས་༼༢༠༽ཀྱང་ལས་དང་པོ་བའི་བྱང་སེམས་ཐབས་མི་མཁས་པ་དེ་ནི་འབྲས་ཡུམ་ཚེ་འདི་ལ་འདོར་བ་དང་ཚེ་ཕྱི་མ་ལ་རིང་བར་འགྱུར་ཏེ་ཡུམ་ལ་མིང་དང་མཚན་མར་དམིགས་པའི་སྒོ་ནས་འབྲས་ཡུམ་སྐྱེད་པའི་ཐབས་ལ་མཁས་པ་མ་ཡིན་པས་སོ། ། ཞེས་དང་། ས་བཅད་མཛད་སྐབས་ཀྱང་གཉིས་པ་འབྲས་ཡུམ་ལ་ཉེ་རིང་གི་ཁྱད་པར་ལ་དངོས་བསྟན་བྱང་ཆུབ་སེམས་དཔའ་ལ་སྦྱར་བ་དང་། ཤུགས་བསྟན་ཉན་རང་ལ་སྦྱར་བ་གཉིས་ལས། ཞེས་མདོའི་དངོས་བསྟན་གྱི་ཉེ་རིང་གི་ཁྱད་པར་བྱང་སེམས་ལ་སྦྱར་ནས་འཆད་ཡོད་དོ། ། སྦས་དོན་རབ་གསལ་༼༩༣༽ལས། འདི་གཉིས་ཀྱི་མཚན་ཉིད་རིམ་བཞིན། འབྲས་ཡུམ་སྒྲུབ་པའི་ཐབས་ལ་མཁས་པའི་བྱང་འཕགས་ཀྱི་མཁྱེན་པ། ཞེས་དང་། འབྲས་ཡུམ་སྒྲུབ་པའི་ཐབས་ལ་མི་མཁས་པའི་ཐེག་དམན་འཕགས་པའི་མངོན་རྟོགས་ཞེས་གསུངས་པ་ནི་ཀུན་མཁྱེན་རོང་སྟོན་གྱི་དགོངས་པ་ལྟར་བྲིས་པ་ལས། རང་ལུགས་ཀྱི་དགོངས་པ་མིན་ནོ། ། ལྔ་པ་མི་མཐུན་ཕྱོགས་དང་། དྲུག་པ་གཉེན་པོ་གཞི་ཤེས་གཉིས་ཕྱོགས་གཅིག་ཏུ་བཤད་པ་ལ། ལུགས་ཆེན་པོ་གསུམ་སོ་སོར་བགྲང་། རང་གི་འཐད་པའི་ཕྱོགས་བཞག་པ་གཉིས་ལས། དང་པོ་ནི། འདི་གཉིས་ཀྱང་མཚོན་བྱེད་ཀྱི་ཆོས་སོ་སོར་བགྲང་དགོས་མོད། བཤད་པའི་སྐབས་བདེ་བས་ཕྱོགས་གཅིག་ཏུ་བཤད་ན། འདི་ལ་ལུགས་ཆེན་པོ་གསུམ་སྣང་སྟེ། མི་མཐུན་ཕྱོགས་ཀྱི་གཞི་ཤེས་གཏན་ནས་མེད་པར་འདོད་པ་དང་། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཡོད་ཀྱང་དེ་ཉིད་མི་མཐུན་ཕྱོགས་མ་ཡིན་པར་འདོད་པ་དང་། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཡོད་པར་མ་ཟད་དེ་ཉིད་གཉེན་པོ་གཞི་ཤེས་ཀྱི་མི་མཐུན་ཕྱོགས་སུ་འདོད་པ་སྟེ་གསུམ་ལས། དང་པོ་ནི་ཉི་སྣང་རྗེས་འབྲང་དང་བཅས་པའི་ལུགས་ཏེ། ཉི་སྣང་༼༡༩༤༽ལས། མི་མཐུན་ཕྱོགས་ནི་ཞེས་པ་ནས། ཆགས་པ་ཕྲ་མོ་ཉིད་དུ་གསུངས་པ་ཡིན་ནོ། ། ཞེས་པའི་བར་གྱིས་མི་མཐུན་ཕྱོགས་དང་གཉེན་པོ་གཉིས་སོ་སོར་ཁྲལ་ནས་གསུངས་ཀྱི། མི་མཐུན་ཕྱོགས་ཀྱི་གཞི་ཤེས་སྟོན་པ་ཉི་སྣང་གི་མགོ་མཇུག་གང་ན་ཡང་མི་སྣང་བའི་ཕྱིར་རོ། ། དེའི་རྗེས་སུ་འབྲང་བ་ཀུན་མཁྱེན་གོ་རམས་པའི་ལུགས་ལ་ཡང་མི་མཐུན་ཕྱོགས་མཚོན་བྱེད་ཀྱི་ཆོས་སུ་བགྲང་བ་ལས། མི་མཐུན་ཕྱོགས་ཀྱི་གཞི་ཤེས་མཚོན་བྱེད་ཀྱི་ཆོས་སུ་མི་བགྲང་སྟེ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་གཞི་མ་གྲུབ་པའི་ཕྱིར་རོ། ། མི་མཐུན་ཕྱོགས་དེ་ཡང་གཉེན་པོ་གཞི་ཤེས་ཀྱི་དངོས་ཀྱི་སྤང་བྱར་འགྲོ་དགོས་པས། ཉན་རང་གི་རྒྱུད་ཀྱི་མཚན་འཛིན་ལྟ་བུ་མིན་པར་བྱང་སེམས་ཀྱི་རྒྱུད་ཀྱི་མཚན་འཛིན་ལ་འཇོག་དགོས་ཏེ། ཟབ་མོར་༼༡༨༠༽འདིར་མི་མཐུན་ཕྱོགས་ནི་བྱང་སེམས་ཀྱི་རྒྱུད་ཀྱི་མཚན་འཛིན་དང་། གཉེན་པོ་ནི་བྱང་སེམས་ཀྱི་རྒྱུད་ཀྱི་མཚན་མེད་རྟོགས་པའི་བློ་ཡིན་པའི་ཁྱད་པར་སྟོན་པ་ལ། ཞེས་གསུངས་པའི་ཕྱིར། འོ་ན་སྦས་དོན་རབ་གསལ་༼༩༤༽ལས། མི་མཐུན་ཕྱོགས་དང་གཉེན་པོའི་གཞི་ཤེས་གཉིས་སུ་ཕྱེ་ནས་མཚན་ཉིད་རིམ་བཞིན། གཞི་ལམ་འབྲས་གསུམ་གང་རུང་ལ་མཚན་མར་འཛིན་པའི་མཚན་འཛིན་གྱིས་བཅིངས་པའི་ཐེག་དམན་འཕགས་པའི་མངོན་རྟོགས། ཞེས་དང་། གཞི་ལམ་འབྲས་གསུམ་གང་རུང་ལ་མཚན་མར་འཛིན་པའི་མཚན་འཛིན་གྱིས་མ་བཅིངས་པའི་བྱང་འཕགས་ཀྱི་མཁྱེན་པ། ཞེས་གསུངས་པ་དང་འགལ་ལོ་སྙམ་ན་དེ་ནི་ཀུན་མཁྱེན་རོང་སྟོན་གྱི་དགོངས་པ་ཡིན་ནོ། ། དེ་བཞིན་རང་ལུགས་ལ་པཎ་ཆེན་ངག་ཆོས་(༡༢༨༽)ཀྱིས་གསུངས་པ་ལྟར་རྒྱན་རྩ་བའི་དངོས་བསྟན་གྱི་གཉེན་པོ་གཞི་ཤེས་ནི་རྗེས་ཐོབ་ལ་འཇོག་དགོས་པར་སེམས་ཏེ། ཟབ་མོར།༼༡༩༩༽མཉམ་གཞག་གི་དབང་དུ་བྱས་པའི་སྤང་གཉེན་གྱི་རིམ་པ་སྐབས་གཉིས་པར་བསྟན་ཟིན་ནས། རྗེས་ཐོབ་ཀྱི་དབང་དུ་བྱས་པའི་སྤང་གཉེན་གྱི་རིམ་པ་བསྟན་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། དེ་ལྟར་ན་བྱང་སེམས་ཀྱི་རྒྱུད་ཀྱི་མཚན་འཛིན་དེས་གཞི་ཤེས་ཇི་ལྟར་མཚོན་པ་ཡིན་སྙམ་ན། སྤང་བྱའི་ཚུལ་གྱིས་མཚོན་པའོ། ། ལུགས་གཉིས་པ་ནི། རོང་སྟོན་རྗེས་འབྲང་དང་བཅས་པའི་བཞེད་པ་སྟེ། ཚིག་དོན་རབ་གསལ་༼༢༨༣༽ལས། དེ་བས་ན་གཉེན་པོ་གཞི་ཤེས་བྱང་སེམས་ཀྱི་རྒྱུད་ལ་ཡོད་པས་སྤང་བྱའང་དེ་ཉིད་ཀྱི་རྒྱུད་ལ་ཡོད་པར་རིགས་ལ། ཞེས་དང་། ཉན་རང་གི་གཞི་ཤེས་ཀྱང་མཚན་འཛིན་གྱིས་བཅིངས་པ་ཡིན་གྱི། མཚན་འཛིན་དངོས་ནི་མ་ཡིན་ལ། ཞེས་སོགས་གསུངས་པས། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཉན་རང་གི་རྒྱུད་ལ་བཞག་ཅིང་དེ་ཉིད་མི་མཐུན་ཕྱོགས་མ་ཡིན་པ་དང་གཉེན་པོ་གཞི་ཤེས་ཀྱི་མི་མཐུན་ཕྱོགས་ནི་གོང་ལྟར་བྱང་སེམས་ཀྱི་རྒྱུད་ཀྱི་མཚན་འཛིན་ལ་འཇོག་པར་གསུངས་སོ། ། དེ་བཞིན་སྤྱིའི་དབང་དུ་བྱས་ན་ཉན་རང་གི་རྒྱུད་ཀྱི་མཚན་འཛིན་ཀྱང་འདིར་མི་མཐུན་ཕྱོགས་སུ་ཁས་མི་ལེན་ཏེ། ཚིག་དོན་རབ་གསལ་༼༢༨༣༽དང་ཡུམ་དོན་རབ་གསལ་༼༣༡༡༽གཉིས་ཆར་ལས། དེ་ལྟར་ན་ཉན་རང་འབད་མེད་དུ་གྲོལ་བ་དང་བྱང་སེམས་འབད་ཀྱང་མི་གྲོལ་བར་ཐལ་བ་དང་།དཀའ་འགྲེལ་༼༡༣༩༽ལས་ཀྱང་། མི་མཐུན་ཕྱོགས་གསུམ་པོ་བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་བྱང་སེམས་ཀྱི་གཞི་ལམ་རྣམ་གསུམ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱིས་དངོས་སུ་སྤང་བར་བྱ་བ་ཡིན་ལ། ཞེས་གསུངས་པའི་ཕྱིར།བྱེ་བྲག་དམན་ལམ་སྔོན་སོང་ལ་ནི་སྤང་བྱ་ཡིན་ཏེ། ཡང་དེ་ཉིད་༼༡༣༩༽ལས། ཉན་རང་གི་རྒྱུད་ལ་ཡོད་པ་ནི་ཕྱིས་ཐེག་ཆེན་ལམ་དུ་འཇུག་དུས་ཐེག་ཆེན་གྱི་ཤེས་རབ་བསྐྱེད་ནས་དེ་སྤང་བར་བྱ་བ་ཡིན་པའི་ཕྱིར། ཞེས་དང་། ཚིག་དོན་རབ་གསལ་༼༢༨༣༽ཀྱང་དེ་བཞིན་དུ་གསུངས་པའི་ཕྱིར། དེའི་རྗེས་སུ་འབྲང་བ་སྐྱེད་ཚལ་མཁན་པོས་ཀྱང་འདི་བཞིན་བཞེད་དེ། ལུང་རིགས་རྒྱ་མཚོ་༼༡༠༨༽ལས། ཁ་ཅིག་གིས་གཉེན་པོ་གཞི་ཤེས་ཀྱིས་ཐེག་དམན་གྱི་རྒྱུད་ཀྱི་མཚན་འཛིན་དངོས་སུ་སྤང་བར་ཁས་བླངས་པ་ལ། ཉན་རང་འབད་མེད་དུ་གྲོལ་བར་ཐལ་བ་དང་། རང་ལུགས་ལ། བྱང་འཕགས་ཀྱི་མཚན་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱིས་བྱང་སེམས་རང་རྒྱུད་ཀྱི་སྒྲིབ་པ་དངོས་སུ་སྤང་བར་བཤད་པའི་ཕྱིར་རོ། ། ལུགས་གསུམ་པ་ནི། སློབ་དཔོན་གྱིས། རྒྱན་སྣང་༼༣༣༡༽ལས། དེ་ལྟར་ཡུམ་ལས་རིང་བར་རྗེས་སུ་བསྒྲུབ་པ་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱི་གཉེན་པོ་ཉིད་ཡིན་ཡང་དངོས་པོར་དམིགས་པ་ཕྱིན་ཅི་ལོག་ཏུ་འཇུག་པ་ཉིད་ཀྱིས་སྤང་བར་བྱ་བ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་མཐུན་པའི་ཕྱོགས་ཡིན་པར་བསྟན་པའི་ཕྱིར་ཚེ་དང་ལྡན་པ་རབ་འབྱོར་ཆགས་པ་གང་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། ། ཞེས་དང་། དོན་གསལ་༼༥༠༽ལས།དེ་ལྟར་ཉན་ཐོས་ལ་སོགས་པའི་ཡུམ་རིང་བར་གྱུར་བའི་བསྒྲུབ་པ་ཉིད་མི་མཐུན་པའི་ཕྱོགས་ཡིན་པར། ཞེས་ཉན་རང་གི་རྒྱུད་ཀྱི་གཞི་ཤེས་དེ་ཉན་རང་གི་སྤང་བྱ་ལ་ལྟོས་ན་གཉེན་པོ་ཡིན་ཀྱང་བྱང་སེམས་ཀྱི་ལམ་ལ་ལྟོས་ན་སྤང་བྱ་ཡིན་པར་གསུངས་སོ། ། འགྲེལ་བ་འདི་གཉིས་ཀྱི་རྗེས་སུ་འབྲངས་ནས། གསེར་གླིང་༼༢༡༧༽པས། ཉན་ཐོས་ལ་སོགས་པའི་གཉེན་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་མཐུན་པའི་ཕྱོགས་ཉིད་ཡིན་པ་ནི་དེ་ལྟར་ཉན་ཐོས་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཞེས་དང་། ཨར་༼༣༨༠༽གྱིས། མི་མཐུན་པ་དང་གཉེན་པོའི་ཁྱད་པར་ཞེས་ས་བཅད་མཛད་ནས། ཉན་ཐོས་དང་རང་རྒྱལ་གྱི་དེ་དག་ཆོས་ཅན། ཡུམ་ལས་རིང་བ་ཡིན་ཏེ། ཡུམ་གྱི་རྒྱུར་གྱུར་པའི་བྱང་ཆུབ་སེམས་དཔའི་གཞི་ཤེས་པའི་སྤང་བྱ་མི་མཐུན་པའི་ཕྱོགས་ཡིན་པས་དོར་བར་བྱ་བ་ཡིན་པའི་ཕྱིར། ཞེས་དང་། ཆོས་རྗེ་བླ་མ་དམ་པས་༼༣༡༥༽ཀྱང་། ས་བཅད་མཛད་སྐབས། ཉན་རང་གི་གཞི་ཤེས་མི་མཐུན་ཕྱོགས་དང་། བྱང་སེམས་ཀྱི་གཞི་ཤེས་གཉེན་པོར་བསྟན་པའོ། ། ཞེས་དང་། མཁས་གྲུབ་གཡག་པ་༼༢༤༽དང་བོ་དོང་པཎ་ཆེན་༼༡༩༩༽གཉིས་ཆར་གྱིས་སློབ་དཔོན་གྱི་དགོངས་པ་ལ་ནི་ཉན་རང་གི་གཞི་ཤེས་དེ་བྱང་སེམས་ཀྱི་མི་མཐུན་ཕྱོགས་ཡིན་པར་ཁ་གསལ་དང་བཅས་ཏེ་གསུངས་སོ། ། བཅོམ་ལྡན་རིགས་རལ་གྱིས་ཀྱང་། ཉན་རང་གི་ཡུམ་ནི་གཉིས་མེད་ཀྱི་ཡེ་ཤེས་ལ་རིང་བར་འགྱུར་བའི་སྒྲུབ་པ་ཡིན་ཏེ། གཉིས་བཅས་ལ་གོམས་པར་བྱེད་པའི་ཕྱིར་རོ། ། དེ་ཉིད་ནི་བྱང་ཆུབ་སེམས་དཔའི་མི་མཐུན་ཕྱོགས་ཡིན་པར་གསུངས་སོ། ། ཞེས་དང་། བུ་སྟོན་༼༧༧༽གྱིས་ཀྱང་། ཉན་རང་གི་གཞི་ཤེས་དེ་ཉན་རང་གི་སྤང་བྱའི་གཉེན་པོ་ཡིན་ནའང་བྱང་སེམས་ལམ་གྱི་སྤང་བར་བྱ་བ་ཡིན་པའི་ཕྱིར། ཞེས་དང་། རྒྱལ་ཚབ་རྗེས་༼༤༦༩༽ཀྱང་། སྔར་བཤད་པ་དེ་ལྟར་ཉན་ཐོས་ལ་སོགས་པའི་ཡུམ་ཤེར་ཕྱིན་ལ་རིང་བར་འགྱུར་བའི་སྒྲུབ་པར་བྱེད་པ་སྙིང་རྗེ་ཁྱད་པར་ཅན་དང་བྲལ་ཞིང་། བདེན་འཛིན་གྱིས་བཅིངས་པ་དེ་ཉིད་བྱང་ཆུབ་སེམས་དཔའ་རིགས་ངེས་པ་ལ་ལྟོས་ནས་ལམ་གྱི་གོལ་ས་མི་མཐུན་པའི་ཕྱོགས་ཡིན་པར་བསྒྲུབ་པའོ། ། ཞེས་དང་། འཇམ་བཞེད་༼༥༩༧༽ཀྱིས་ཀྱང་། རྩོད་སྤོང་གི་སྐབས་སུ་ཁ་ཅིག་གིས། ཉན་རང་འཕགས་རྒྱུད་ཀྱི་གཞི་ཤེས་ཆོས་ཅན། མི་མཐུན་ཕྱོགས་ཡིན་པར་ཐལ། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཡིན་པའི་ཕྱིར་ན་འགལ་ཁྱབ་ཡིན་ཏེ། དེ་བྱང་སེམས་ལ་ལྟོས་པའི་མི་མཐུན་ཕྱོགས་ཡིན་ཀྱང་སྤྱིར་གཉེན་པོ་ཡིན་པའི་ཕྱིར་ཏེ། འཕགས་ལམ་ཡིན་པའི་ཕྱིར། ཞེས་ཉན་རང་གི་གཞི་ཤེས་དེ་འདིར་བསྟན་གྱི་མི་མཐུན་ཕྱོགས་སུ་གསུངས་སོ། ། གཉེན་པོ་གཞི་ཤེས་བྱང་སེམས་ཀྱི་རྒྱུད་ཀྱི་གཞི་ཤེས་ལ་འཇོག་དགོས་པ་ལ་ནི་མཁས་པ་རྣམས་མི་མཐུན་པ་མེད་དོ། ། གཉིས་པ་ནི། ཁོ་བོ་ནི་ལུགས་སྔ་མའི་རྗེས་སུ་འབྲང་སྟེ། རྒྱན་རྩ་བ་ལས། མི་མཐུན་གཉེན་པོའི་ཕྱོགས་དག་གི ། ཞེས་གཉེན་པོ་གཞི་ཤེས་དང་དེའི་མི་མཐུན་ཕྱོགས་གཉིས་དངོས་ཀྱི་སྤང་གཉེན་དུ་གསུངས་པས། གཉེན་པོ་བྱང་འཕགས་ཀྱི་མཁྱེན་པ་ལ་བཞག་ཚེ་སྤང་བྱ་ཡང་དེའི་རྒྱུད་ལ་བཞག་པ་ལས་འོས་མེད་པའི་ཕྱིར་རོ། ། བདུན་པ་གཞི་ཤེས་ཀྱི་སྦྱོར་བ་ལ། ངོ་བོ་དང་རབ་དབྱེའི་རྣམ་པར་བཞག ། དེའི་ས་མཚམས་ལ་དཔྱད། དེའི་རྟོགས་རིགས་ལ་དཔྱད་པ་དང་གསུམ་ལས། དང་པོ་ལ། མཚན་ཉིད་ནི། གཞི་བདག་མེད་པར་རྟོགས་པའི་སློབ་རྒྱུད་ཀྱི་ཤེས་རབ་མཚུངས་ལྡན་དང་བཅས་པ། དབྱེ་ན་ཐེག་པ་ཆེ་ཆུང་གི་གཞི་ཤེས་ཀྱི་སྦྱོར་བ་གཉིས། དང་པོའི་མཚན་ཉིད། གཞི་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱིས་གཞི་ལ་ཞེན་སྤྱོད་མངོན་གྱུར་བཀག་ནས་སྒོམ་པར་བྱེད་པའི་སེམས་དཔའི་རྣལ་འབྱོར། དབྱེ་ན་ཉན་ཐོས་ཀྱི་རྟོགས་རིགས་སུ་གྱུར་བའི་སྦྱོར་བ་བཞི་དང་། རང་རྒྱལ་གྱི་རྟོགས་རིགས་སུ་གྱུར་བའི་དྲུག ། གཉིས་པའི་མཚན་ཉིད། གཞིའི་གནས་ལུགས་ལ་ཞེན་སྤྱོད་དགག་མི་ནུས་པར་གཞི་བདག་མེད་པར་སྒོམ་པའི་ཐེག་དམན་སློབ་ལམ་པའི་མཁྱེན་པའོ། ། གཉིས་པ་ནི། ཡུམ་དོན་རབ་གསལ་༼༣༡༣༽ལས། ཁ་ཅིག་གིས་གཞི་ཤེས་ཀྱི་སྦྱོར་བ་དེ་སྦྱོར་ལམ་ཁོ་ནར་བསྒོམ་པར་བྱ་བ་ཡིན་པར་ཁས་བླངས་པ་ལ། སྒོམ་སྤང་གཟུང་རྟོག་གི་གཉེན་པོར་གྱུར་བའི་སྒོམ་ལམ་སྦྱོར་བ་ཉེར་བསྡོགས་སོགས་ཆོས་ཅན་དུ་བཟུང་བ་ལས། ཚོགས་ལམ་ཆོས་ཅན་དུ་མ་བཟུང་བ་སོགས་ལ་དཔག་ན། མ་མཐའ་སྦྱོར་ལམ་ནས་འཇོག་པ་འདྲ་མོད། དེ་ནི་པཎ་ཆེན་ངག་ཆོས་༼༡༢༨༽ཀྱིས་དང་པོ་བཞི་ནི་ཉན་ཐོས་ཀྱི་རྟོགས་རིགས་སུ་གྱུར་བའི་བྱང་སེམས་ཀྱི་སྦྱོར་ལམ་དང་། ཕྱི་མ་དྲུག་ནི་རང་རྒྱལ་གྱི་རྟོགས་རིགས་སུ་གྱུར་བའི་བྱང་སེམས་ཀྱི་སྦྱོར་ལམ་ཡིན་ནོ། ། ཞེས་གསུངས་པ་ལྟར་རྒྱན་གྱི་དངོས་བསྟན་གྱི་སྦྱོར་བ་ལ་དགོངས་པ་ཡིན་ལ། དོན་གསལ་༼༥༣༽ལས། སྦྱོར་བའི་མཉམ་པ་ཉིད་སོ་སོར་རྟོགས་ནས་མཐོང་བའི་ལམ་བསྒོམ་དགོས་པས་མཐོང་བའི་ལམ། ཞེས་གསུངས་པ་ཡང་འདིར་དངོས་བསྟན་གྱི་སྦྱོར་བར་དགོངས་པ་ཡིན་ནོ། ། དེས་ན་མཚན་ཉིད་ལ་རྗེས་སུ་དཔག་ན་གོ་རོང་གཉིས་ཀའི་ལུགས་ལ་གཞི་ཤེས་ཀྱི་སྦྱོར་བ་ནི་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད་པ་གསལ་བས། དེ་ལྟར་ན་ཡུམ་དོན་རབ་གསལ་༼༣༣༡༽ལས་གཞི་ཤེས་སྦྱོར་བ་ཙམ་ནི་རྒྱུན་མཐའི་བར་ན་ཡོད་དེ། ཞེས་པའི་དོན་ཡང་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད་པའི་དོན་དུ་གོ་བར་བྱའོ། ། མཁས་གྲུབ་གཡག་པ་༼༣༧༽དང་པཎ་ཆེན་ཤཱཀ་མཆོག ། ༼༡༡༩༽སྐྱེད་ཚལ་མཁན་པོ་༼༡༡༠༽རྣམ་པ་གསུམ་གྱིས་ཀྱང་ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད་པར་གསུངས་ལ། རྗེ་བཙུན་ཙོང་ཁ་པས་༼༦༥༦༽ཚོགས་ལམ་ནས་ས་བཅུ་པའི་བར་དུ་ཡོད་པར་གསུངས་ཤིང་། དེའི་རྗེས་སུ་འབྲངས་ནས་སེ་ར་དང་༼༡༧༧༽འཇམ་བཞེད་༼༦༠༥༽གཉིས་ཀྱིས་ཀྱང་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད་པར་གསུངས་སོ། ། མཁས་པ་ཨར་༼༣༨༦༽གྱིས་ནི་ས་བདུན་པ་མན་ཆད་ན་ཉན་ཐོས་དང་རང་རྒྱལ་གྱི་དེ་སྤང་དུ་ཡོད་པས་དེའི་སྦྱོར་བ་དེ་ན་ཡོད་དོ། ། ཞེས་དང་། བོ་དོང་པཎ་ཆེན་༼༢༠༥༽གྱིས་ཀྱང་སྐབས་ཀྱི་དབང་གིས་ས་བདུན་པའི་བར་དུ་སྒོམ་སྟེ། ཞེས་གསུངས་པ་ལ་དཔག་ན་ཁོང་རྣམ་གཉིས་ཀྱིས་ས་བདུན་པ་མན་ཆད་ན་ཡོད་པ་བཞེད་པར་སྙམ། ཤེར་འབྱུང་བློ་གྲོས་ཀྱིས་ཀྱིས། ནུས་པའི་རྒྱུ་སྦྱོར་བ་བཅུ་ཡོད་ན། འབྲས་བུ་མཐོང་བའི་ལམ་འབྱུང་བའི་ཕྱིར། ཞེས་པའི་རྗེས་སུ་འབྲངས་ནས་ཉ་དབོན་ཀུན་དགའ་དཔལ་༼༨༥༽གྱིས་ནི་སྦྱོར་ལམ་ཁོ་ནར་ཡོད་པར་གསུངས་ལ། བུ་སྟོན་༼༨༩༽ཡང་ཤེར་འབྱུང་བློ་གྲོས་ཀྱི་རྗེས་སུ་འབྲངས་ནས་མཚན་ཉིད་པ་སྦྱོར་ལམ་ན་ཡོད་པར་གསུངས་སོ། ། བླ་མ་དམ་པས་༼༣༢༦༽ཀྱང་སྦྱོར་བ་དང་མཉམ་ཉིད་མཚན་ཉིད་པ་ནི་སྦྱོར་ལམ་ན་ཡོད་པར་བཞེད་དོ། ། གསུམ་པ་ནི། སྦྱོར་བ་བཅུ་པོ་འདི་རྟོགས་རིགས་གང་ཡིན་ལ་པཎ་ཆེན་ཤཱཀ་མཆོག་༼༡༡༩༽གིས། འདི་ལ་གཞི་ཤེས་ཀྱི་སྦྱོར་བ་ཟེར་ཡང་གཞི་ཤེས་ཀྱི་རྟོགས་རིགས་སུ་གྱུར་བའི་སྦྱོར་བ་ནི་མ་ཡིན་ཏེ། སྤྲོས་བྲལ་གྱི་རྣམ་པ་ཅན་དུ་བཤད་པའི་ཕྱིར། ཞེས་དང་། སེ་ར་༼༡༧༧༽རྗེ་བཙུན་གྱིས་གསུང་ན། གཞུང་འདིའི་སྐབས་ནས་དངོས་སུ་བསྟན་པའི་བྱང་སེམས་ཀྱི་སྦྱོར་བ་ཡིན་ན་ཐེག་ཆེན་གྱི་རྟོགས་རིགས་སུ་གནས་པས་ཁྱབ་ཅེས་གསུངས་ལ། འཇམ་བཞེད་༼༦༠༥༽ཀྱིས་ནི་ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་འདིར་བསྟན་སེམས་དཔའི་རྣལ་འབྱོར་དེ། འདིར་བསྟན་སེམས་དཔའི་གཞི་ཤེས་སྦྱོར་བའི་མཚན་ཉིད་ཅེས་ཐེག་དམན་གྱི་རྟོགས་རིགས་ཀྱིས་ཁྱབ་པར་གསུངས་ལ། རང་ལུགས་ལ་ཡང་འདི་ཐེག་དམན་གྱི་རྟོགས་རིགས་ཡིན་པ་ཀུན་མཁྱེན་གོ་རམས་པའི་གཞུང་དུ་ཁ་གསལ་ཡིན་ནོ། ། བརྒྱད་པ་སྦྱོར་བའི་མཉམ་ཉིད་ལ། ངོ་བོ་དང་། ས་མཚམས་ལ་དཔྱད་པ་གཉིས་ལས། དང་པོ་ལ། མཚན་ཉིད་ནི། གཞི་ཤེས་སྦྱོར་བའི་ཡུལ་ཡུལ་ཅན་ལ་རློམ་པ་མི་དམིགས་པར་མཉམ་པ་ཉིད་དུ་རྟོགས་ནས་སྒོམ་པའི་བྱང་སེམས་ཀྱི་རྣལ་འབྱོར་རོ། ། གཉིས་པ་ས་མཚམས་ནི། བུ་སྟོན་༼༨༩༽གྱིས་སྦྱོར་བ་དང་མཉམ་ཉིད་གཅིག་ལ་ས་མཚམས་ཐ་དད་མི་རུང་ཞེས་གསུངས་པ་ལྟར་ཡིན་པས། ས་མཚམས་ཐེག་ཆེན་སྦྱོར་བའི་སྐབས་ལྟར་ཤེས་པར་བྱ་ཞིང་། གོང་གི་མཁས་པ་རྣམས་ཀྱིས་ཀྱང་སྦྱོར་བ་དང་མཉམ་ཉིད་གཉིས་ས་མཚམས་གཅིག་པ་ལྟར་གསུངས་སོ། ། འདིར་བོ་དོང་པཎ་ཆེན་༼༢༢༢༽གྱིས། སྦྱོར་བའི་མཉམ་ཉིད་ཀྱི་ངོ་བོ་ལ། ཡུལ་ཡུལ་ཅན་གྱི་རློམ་པ་སྤངས་པའི་སྒྲུབ་ལྡན་གྱི་རྣལ་འབྱོར་ཞེས་བྱ་སྟེ། རློམ་པ་མེད་པ་ཞེས་བྱ་བ་རློམ་པ་སྤངས་པའི་དོན་ཡིན་གྱི། དེ་དུས་ན་རློམ་པ་མངོན་གྱུར་མེད་པ་ཙམ་མ་ཡིན་ཏེ། ཉན་རང་འཕགས་པའི་མཉམ་བཞག་ནའང་རློམ་པ་མངོན་གྱུར་པ་མེད་པའི་ཕྱིར། ཞེས་ཉན་རང་འཕགས་པའི་རྒྱུད་ལ་སྦྱོར་བའི་མཉམ་ཉིད་མེད་པར་གསུངས་པས་མཚོན།མཁས་པ་ཕལ་ཆེ་བས་མེད་པར་གསུངས་སོ། ། འོན་ཀྱང་སེ་ར་རྗེ་བཙུན་གྱིས་༼༡༨༠༽ཐེག་དམན་ལ་ཡང་སྦྱོར་བའི་མཉམ་ཉིད་ཡོད་དེ། གཞི་ཤེས་སྦྱོར་བའི་འཛིན་སྟངས་ཡོད་པའི་ཕྱིར་ཞེས་གསུངས་སོ། ། དགུ་པ་ཞུགས་འབྲས་མཐོང་ལམ་ལ། ངོ་བོའི་རྣམ་པར་བཞག ། རྟོགས་རིགས་གང་ཡིན་ལ་དཔྱད་པའོ། ། དང་པོ་ནི། དངོས་བསྟན་བྱང་སེམས་ཀྱི་དང་། ཤུགས་བསྟན་ཐེག་དམན་གྱི་མཐོང་ལམ་གཉིས། དང་པོའི་མཚན་ཉིད། གཞི་ཤེས་ཀྱི་སྦྱོར་བ་བསྒོམས་པས་གཞིའི་གནས་ལུགས་དང་པོར་མངོན་སུམ་དུ་མཐོང་བའི་མཉམ་གཞག་གི་རྒྱུན་གྱིས་བསྡུས་པ་གང་ཞིག ། གཞིའི་གནས་ལུགས་ལ་མཐའ་གཉིས་ཀྱི་སྤྲོས་པ་དང་བྲལ་བའི་ངེས་ཤེས་གཙོ་བོར་འདྲེན་ནུས་པ། དབྱེ་ན་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ནས་ལམ་ལ་རྗེས་ཤེས་ཀྱི་བར་བཅུ་དྲུག ། ཤུགས་བསྟན་ཐེག་དམན་གྱི་མཐོང་ལམ་གྱི་མཚན་ཉིད། གཞི་གང་ཟག་གི་བདག་མེད་པར་གསར་དུ་མངོན་སུམ་དུ་མཐོང་བའི་མཉམ་གཞག་གི་རྒྱུན་གྱིས་བསྡུས་པ་གང་ཞིག ། སྤྲོས་བྲལ་ལ་ངེས་པ་འདྲེན་མི་ནུས་པའོ། ། གཉིས་པ་ནི། ཀུན་མཁྱེན་གོ་རམས་པས་ཡུམ་དོན་རབ་གསལ་ལས། སྐབས་གསུམ་པ་འདིར་ཐེག་དམན་གྱི་རྟོགས་རིགས་མངོན་སུམ་དུ་མཐོང་བའི་ཐེག་ཆེན་གྱི་མཐོང་ལམ་དངོས་སུ་བསྟན་ཞེས་པ་ལས། ཐེག་དམན་གྱི་རྟོགས་རིགས་སུ་གྱུར་བའི་ཐེག་ཆེན་མཐོང་ལམ་དངོས་སུ་བསྟན་ཞེས་པའི་ཚིག་འབྲི་ཙམ་ཡང་དངོས་སུ་མ་གསུངས། འོན་ཀྱང་ཟབ་མོར།༼༡༩༨༽༼༢༡༦༽གཉིས་པ་སྐབས་དོན་ཐེག་དམན་གྱི་རྟོགས་རིགས་སུ་གྱུར་པའི་གཞི་ཤེས་ལ་གསུམ་སྟེ། རྒྱུ་སྦྱོར་བ། འབྲས་བུ་མཐོང་ལམ། སྒོམ་ལམ་མི་སྟོན་པའི་རྒྱུ་མཚན། ཞེས་དང་། འོ་ན་སྐབས་འདིར་ཐེག་དམན་གྱི་རྟོགས་རིགས་སུ་གྱུར་པའི་ཐེག་ཆེན་གྱི་མཐོང་ལམ་དངོས་སུ་སྟོན་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། བྱང་ཆུབ་སེམས་དཔས་ཐོས་བསམ་གྱིས་གཏན་ལ་ཕབ་པའི་ཚེ་ན་ཡང་། ཐེག་པ་གསུམ་ཆར་གྱི་རྟོགས་རིགས་གཏན་ལ་ཕབ་ཅིང་། རྣམ་པར་བསྡུས་ནས་སྒོམ་པའི་ཚེ་ན་ཡང་། ཐེག་པ་གསུམ་ཆར་གྱི་རྟོགས་རིགས་བསྒོམ་དགོས་པས། སྐབས་འདིར་ཐེག་དམན་གྱི་རྟོགས་རིགས་ཐོས་བསམ་གྱིས་གཏན་ལ་ཕབ་པའི་སྐབས་ཡིན་པའི་ཕྱིར་དང་། དེ་ཉིད་རྣམ་པར་བསྡུས་པའི་ཚེ་འོག་ནས་འཆད་པའི་གཞི་ཤེས་ཀྱི་རྣམ་པ་དེ་ཡང་། ཐེག་དམན་གྱི་རྟོགས་རིགས་ཡིན་པའི་ཕྱིར་རོ། ། ཞེས་འདིར་བསྟན་གྱི་མཐོང་ལམ་དེ་ཐེག་དམན་གྱི་རྟོགས་རིགས་སུ་གྱུར་བར་གསུངས་སོ། ། དེ་བཞིན་དུ་པཎ་ཆེན་ངག་ཆོས་༼༡༢༨༽ཀྱིས་ཀྱང་འདི་ལྟར་གསུངས། འོན་ཀྱང་ཀུན་མཁྱེན་འཇམ་བཞེད་༼༦༡༡༽ཀྱིས་འདིར་བསྟན་གྱི་མཐོང་ལམ་ལ་འདའ་བྱ་དང་འདའ་བྱེད་ཀྱི་མཐོང་ལམ་གཉིས་ལས། དང་པོ་ནི་ཐེག་དམན་གྱི་རྟོགས་རིགས་སུ་གནས་པ་དང་། ཕྱི་མ་ཐེག་ཆེན་གྱི་རྟོགས་རིགས་སུ་འདོད་ཅིང་། འདའ་བྱའི་མཐོང་ལམ་ནི་ཐེག་དམན་རང་རྒྱུད་པའི་ལམ་དང་འདའ་བྱེད་ཀྱི་མཐོང་ལམ་ཐེག་ཆེན་རང་རྒྱུད་པའི་ལམ་དུ་བཞེད་པས། འདིར་དངོས་བསྟན་གྱི་མཐོང་ལམ་ནི་ཐེག་ཆེན་གྱི་རྟོགས་རིགས་སུ་བཞེད་པར་སྙམ་ལ། སེ་ར་རྗེ་བཙུན་༼༡༢༨༽གྱིས་ཀྱང་འདིར་དངོས་བསྟན་གྱི་མཐོང་ལམ་ནི་ཐེག་ཆེན་གྱི་རྟོགས་རིགས་སུ་འདོད་པ་གསལ་ལོ། ། དེ་ལས་ཁོ་བོས་ནི་སྔ་མའི་ཕྱོགས་བསྐྱངས་ཏེ། གལ་ཏེ་འདིར་དངོས་བསྟན་གྱི་མཐོང་ལམ་དེ་ཐེག་དམན་གྱི་རྟོགས་རིགས་མིན་ན་འདིའི་རྗེས་སུ་ཐེག་ཆེན་གྱི་སྒོམ་ལམ་དངོས་སུ་བསྟན་རིགས་པ་ལས་དེ་མ་བསྟན་པའི་ཕྱིར་རོ། ། བཞི་པ་རྣམ་རྫོགས་སྦྱོར་བ་ལ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ལས། དང་པོ་བསྒོམ་བྱའི་རྣམ་པ་ལ། དངོས་བསྟན་བསྒོམ་བྱའི་རྣམ་པ་དོན་རྣམ་དང་ཤེས་རྣམ་གང་ཡིན་དཔྱད།མཁྱེན་གསུམ་གྱི་རྣམ་པ་ལ་དཔྱད་པའོ། ། དང་པོ་ལ། རྒྱ་གར་མཁས་པ་གསེར་གླིང་པས་༼༢༢༦༽ཡེ་ཤེས་ཀྱི་རྣམ་པ་ནི་དེ་ལ་དམིགས་པར་བྱེད་པའི་སེམས་ཀྱི་ཁྱད་པར་རོ། ། དེ་རྣམས་ཀྱི་རྣམ་པ་གང་ཡིན་པ་ནི་སྣང་བའོ། ། ཀུན་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་དང་ལམ་དང་གཞི་སྐྱེ་བ་མེད་པར་མཁྱེན་པས་ཡེ་ཤེས་ནི་རྣམ་གསུམ་ཕྱིར། ཞེས་དང་། ཆོས་བཤེས་༼༤༧༠༽ཀྱིས་ད་ནི་རྣམ་པ་ཞེས་བྱ་བ་ནི་དུ་ཞིག་ཡོད། ཅེས་པ་ནས། དེའི་དབང་དུ་བྱས་པའི་རྣམ་པ་ཞེས་བྱ་བ་དང་སྦྱར་རོ། ། ཞེས་དང་། ཀུན་མཁྱེན་གོ་རམས་པས་ཟབ་མོར་༼༢༢༠༽འདིར་དངོས་བསྟན་གྱི་རྣམ་པ་མཁྱེན་གསུམ་གྱི་རྣམ་པ་གསུམ་དུ་ངེས་པས་ཤེས་རྣམ་ཁོ་ནར་གསུངས་པ་དང་། ཡུམ་དོན་རབ་གསལ་༼༣༢༤༽ལས་ཀྱང་མདོར་བསྟན་རྒྱས་བཤད་གཉིས་ཀྱི་དངོས་བསྟན་ལ་ཤེས་རྣམ་ཁོ་ནར་གསུངས། ཀུན་མཁྱེན་རོང་སྟོན་༼༣༠༠༽གྱིས་འདིར་བསྟན་པ་ནི་ཤེས་རྣམ་ཁོ་ན་ཡིན་ཏེ། ཞེས་གསུངས་པ་ཡང་འདིའི་དངོས་བསྟན་ལ་གོ་དགོས་པར་སྙམ་ལ། པཎ་ཆེན་ཤཱཀ་མཆོག་༼༡༤༠༽གིས་ཀྱང་། སྤྱིར་རྣམ་པ་ལ་དོན་གྱི་རྣམ་པ་དང་། ཤེས་པའི་རྣམ་པ་གཉིས་ཡོད་ཀྱང་། འདིར་ནི་ཤེས་རྣམ་ཁོ་ན་སྟེ། ཞེས་གསུངས་པ་ཡང་དངོས་བསྟན་ལ་དགོངས་པར་སྙམ་མོ། ། བོ་དོང་པཎ་ཆེན་༼༢༣༢༽གྱིས་ཀྱང་མདོར་བསྟན་དང་རྒྱས་བཤད་གཉིས་ཀྱིས་དངོས་ཀྱི་བསྟན་བྱའི་གཙོ་བོ་ཤེས་རྣམ་ལ་གསུངས་ཤིང་། ཉ་དབོན་ཀུན་དགའ་དཔལ་༼༡༠༠༽གྱིས་ཀྱང་རྩ་འགྲེལ་གཉིས་སུ་ཤེས་རྣམ་དངོས་སུ་བསྟན་ནས་དོན་རྣམ་ཤུགས་ལ་བསྟན་པར་གསུངས། འོན་ཀྱང་མཁས་པ་ཨར་༼༣༽གྱིས་མདོར་བསྟན་དུ་ཤེས་རྣམ་དང་། རྒྱས་བཤད་ལས་དོན་རྣམ་དངོས་སུ་བསྟན་པར་གསུངས། རྗེ་བཙུན་ཙོང་ཁ་པས་མདོར་བསྟན་དུ་ཤེས་པའི་རྣམ་པ་དང་། རྒྱས་བཤད་དུ་དོན་གྱི་རྣམ་པ་གཙོ་བོར་བྱས་ནས་བསྟན་གསུངས། དེའི་རྗེས་སུ་འབྲངས་ནས་འཇམ་བཞེད་༼༢༧༽ཀྱིས་ཀྱང་མདོར་བསྟན་གྱིས་ཤེས་རྣམ་དངོས་ཀྱི་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པ་དང་། རྒྱས་བཤད་ཀྱིས་དོན་རྣམ་དངོས་ཀྱི་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་ཞེས་གསུངས། དེ་དག་ལས་ཁོ་བོས་ནི་སྔ་མའི་ཕྱོགས་བསྐྱངས་ཏེ། མདོར་བསྟན་གྱི་སྐབས་སུ། ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། ། དེ་ནི་རྣམ་པ་གསུམ་དུ་འདོད། ། ཅེས་དང་། རྒྱས་བཤད་དུ། དྲན་པ་ཉེར་བཞག་ནས་བཟུང་སྟེ། ། ཞེས་སོགས་ཤེས་རྣམ་ཁོ་ནར་གསུངས་པའི་ཕྱིར་རོ། ། འོ་ན་མེད་པའི་རྣམ་པ་ཞེས་སོགས་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་ཀུན་མཁྱེན་གོ་རམས་པས་ཟབ་མོར་༼༢༢༡༽གསུངས་པ་བཞིན། དེར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ལ་འཇོག་པས་སྐྱོན་མེད་དོ། ། དེས་ན་འདིར་དངོས་བསྟན་གྱི་བསྒོམ་བྱའི་རྣམ་པའི་མཚན་ཉིད་ནི། གཞི་འཕགས་པའི་བདེན་གཞིའི་སྟེང་དུ་གཞིའི་གནས་ལུགས་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་མཁྱེན་པའོ། །དེས་ན་འདིར་དངོས་བསྟན་གྱི་བསྒོམ་བྱའི་རྣམ་པ་ལ་ལམ་ཤེས་ཀྱིས་ཁྱབ་ཅིང་། མཁྱེན་པ་དེ་དང་དེའི་རྣམ་པ་ལ་ཡང་མཁྱེན་པ་དེས་ཁྱབ་སྟེ། ཀུན་མཁྱེན་གོ་རམས་པས་ཟབ་མོར་༼༢༢༥༽ཉན་ཐོས་དང་། བྱང་འཕགས་ཀྱི་རྒྱུད་ལ་ཡོད་པའི་གཞི་ཤེས་དང་རྗེས་སུ་མཐུན་པའི་སོ་བདུན། ལམ་ཤེས་དང་རྗེས་སུ་མཐུན་པའི་སོ་བཞི་རྣམས་ཀྱང་རྣམ་མཁྱེན་གྱི་རྣམ་པ་དངོས་མ་ཡིན་ཏེ། རྣམ་མཁྱེན་གྱི་རྣམ་པ་ཡིན་ན། རྣམ་མཁྱེན་ཡིན་དགོས་པའི་ཕྱིར་རོ། ། ཞེས་གསུངས་པའི་ཕྱིར། འོ་ན་རྣམ་མཁྱེན་རྣམ་རྫོགས་སྦྱོར་བའི་བསྒོམ་བྱའི་ཤེས་རྣམ་དུ་འགྲོ་ཚུལ་ཇི་ལྟར་སྙམ་ན། འདི་ལ་པཎ་ཆེན་ཤཱཀ་མཆོག་༼༡༤༡༽གིས་སངས་རྒྱས་ཀྱི་སའི་མཁྱེན་པ་དེ་བསྒོམ་བྱའི་ཤེས་རྣམ་མ་ཡིན་པ་དང་། ཐེག་ཆེན་སྦྱོར་བའི་བསྒོམ་བྱའི་ཤེས་རྣམ་ནི་སྦྱོར་བ་བསྒོམ་པ་པོ་དེ་ཉིད་ཀྱི་ཤེས་རྒྱུད་ལ་ཡོད་དགོས་པའི་ཕྱིར། ཞེས་གསུངས་མོད། རང་ལུགས་ལ་ནི་སངས་རྒྱས་ཀྱི་མཁྱེན་པ་དེ་ཐེག་ཆེན་སྦྱོར་བའི་བསྒོམ་བྱའི་རྣམ་པར་ཁས་ལེན་ལ། བསྒོམ་ཚུལ་ལ་ཉི་སྣང་ལས་ངོ་བོ་ཇི་ལྟ་བ་དང་། རྗེས་སུ་མཐུན་པ་དང་། མཚན་ཉིད་རྗེས་སུ་དཔྱོད་པ་དང་། སྨོན་ལམ་གྱི་རྣམ་པས་བསྒོམ་པ་སྟེ་བཞི་གསུངས་པ་དེ་བཞི་གང་རུང་གི་ཚུལ་གྱིས་བསྒོམ་ཆོག་པའི་ཕྱིར་རོ། ། བསྒོམ་ཚུལ་ལ་འདི་བཞི་ཡོད་པ་ཨར་གྱི་གཞུང་དུ་ཡང་བྱུང་ཡོད། དེས་ན་འདིར་དངོས་བསྟན་གྱི་རྣམ་རྫོགས་སྦྱོར་བའི་བསྒོམ་བྱའི་རྣམ་པ་ལ་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ཁོ་ནར་ངེས་ཤིང་། བསྒོམ་པའི་ཚེ་ན་ཡང་མཁྱེན་གསུམ་གྱི་རྣམ་པ་ཀུན་བསྡུས་ནས་བསྒོམས་ཤིང་བསྡུས་ནས་སྒོམ་པའི་ཚུལ་ཡང་པཎ་ཆེན་ངག་ཆོས་ཀྱིས་གསུངས་པ་ལྟར། རྒྱུན་ལ་སྦྱར་དགོས་ཀྱི་སྐད་ཅིག་མ་ལ་སྦྱར་དགོས་པའི་ངེས་པ་མེད་དོ། ། རྣམ་རྫོགས་སྦྱོར་བ་ལ་མཁྱེན་གསུམ་གྱི་རྣམ་པ་ཀུན་བསྡུས་ནས་བསྒོམ་དགོས་ན་འོ་ན་ཐེག་ཆེན་སྒོམ་ལམ་དུ་རྟོགས་རིགས་གསུམ་ཆར་བསྒོམ་པར་འགྱུར་བས་དེ་ལྟར་ན་སྐབས་གཉིས་པར་མཐོང་ལམ་གྱི་རྗེས་སུ་སྒོམ་ལམ་མི་སྟོན་པ་དང་འགལ་ལོ་སྙམ་ན། སྤྱིར་སྒོམ་ལམ་དུ་ཡང་ཐེག་དམན་གྱི་རྟོགས་རིགས་བསྒོམ་མོད་ཆེད་དུ་གཉེར་ནས་མི་བསྒོམ་པས་སྐྱོན་མེད་དོ། ། གཉིས་པ་ནི། མཚན་ཉིད་རིམ་བཞིན། གཞི་འཕགས་པའི་བདེན་གཞིའི་སྟེང་དུ་གང་ཟག་གི་བདག་མེད་དང་དང་གཟུང་བ་ཆོས་ཀྱི་བདག་མེད་གང་རུང་རྟོགས་པའི་རྟོགས་རིགས་སུ་གྱུར་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དང་། ཐེག་ཆེན་འཕགས་པའི་མཁྱེན་པ་གང་ཞིག ། གཞི་འཕགས་པའི་བདེན་གཞིའི་སྟེང་དུ་ལམ་གྱི་གནས་ལུགས་མངོན་སུམ་དུ་རྟོགས་པའི་འཛིན་སྟངས་ཀྱི་ཁྱད་པར་དང་། གཞི་ལམ་གྱི་སྟེང་དུ་རྣམ་པའི་གནས་ལུགས་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་འཛིན་སྟངས་ཀྱི་ཁྱད་པར་རོ། ། འོ་ན་ལམ་ཤེས་ཀྱི་རྣམ་པའི་སྐབས་སུ་སྡུག་བསྔལ་བ་དང་མི་རྟག་པའི་རྣམ་པ་ཅན་ཡོད་པར་གསུངས་པས་ལམ་གྱི་གནས་ལུགས་མངོན་སུམ་དུ་རྟོགས་ཚུལ་ཇི་ལྟར་ཡིན་སྙམ་ན། སྐབས་འདིར་ལམ་གྱི་གནས་ལུགས་ལ་ཀུན་རྫོབ་དང་དོན་དམ་གྱི་གནས་ལུགས་གཉིས་ཡོད་པས་མི་འགལ་ལོ། ། གཞན་ཡང་། མཁྱེན་པ་གཞན་གཉིས་ཀྱི་མཚན་ཉིད་ཀྱི་ཟུར་དུ་གཞི་འཕགས་པའི་བདེན་གཞིའི་སྟེང་དུ་ཞེས་སྨོས་ལ་རྣམ་མཁྱེན་ལ་མི་སྨོས་པའི་རྒྱུ་མཚན་གང་ཡིན་སྙམ་ན། སྐབས་གཉིས་པ་དང་གསུམ་པའི་སྐབས་སུ་གཞི་ལམ་གཉིས་པོ་དམིགས་ཡུལ་འཕགས་པའི་བདེན་གཞི་དང་སྦྱར་ཞིང་། སྐབས་དང་པོར་རྣམ་མཁྱེན་དམིགས་ཡུལ་དང་མ་སྦྱར་བར་རང་གི་ལྡོག་པ་ནས་བསྟན་པའི་རྒྱུ་མཚན་གྱིས་ཡིན་ནོ། ། གཞན་ཡང་རྣམ་མཁྱེན་གྱི་རྣམ་པའི་སྐབས་སུ་པཎ་ཆེན་ངག་ཆོས་༼༡༤༣༽ཀྱིས་གསུངས་པ་ལྟར། སངས་རྒྱས་ཀྱི་རྒྱུད་ཀྱི་བྱང་ཕྱོགས་སོ་བདུན་གང་རུང་ལ་ཐེག་དམན་གྱི་རྟོགས་རིགས་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པས་མ་ཁྱབ་སྟེ། ཡང་དག་པའི་ལྟ་བར་གྱུར་པའི་ཐེག་ཆེན་གྱི་རྟོགས་རིགས་ཀྱང་ཡོད་པའི་ཕྱིར་རོ། ། དེས་གཞན་རྣམས་ལ་ཡང་འགྲེའོ། ། གཉིས་པ་ཡུལ་ཅན་སྦྱོར་བ་ལ། ཡུལ་ཅན་སྦྱོར་བའི་ངོ་བོ་ལ་དཔྱད། དེའི་ས་མཚམས་ལ་དཔྱད་པའོ། ། དང་པོ་ལ། མཚན་ཉིད་ནི། ཤེས་ཁྱད་བྱེད་གསུམ་གང་རུང་དང་ལྡན་པའི་སེམས་དཔའི་རྣལ་འབྱོར། འདི་ལ་ཡུམ་དོན་རབ་གསལ་༼༣༥༡༽ལས། ཁ་ཅིག་གིས།ཚེགས་ཆེན་ཡུན་རིང་རྟོགས་དཀའི་སྦྱོར་བ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཆོས་རང་བཞིན་མེད་པ་ལ་མི་སྐྲག་པའི་སྦྱོར་བ་ཡིན་པར་ཐལ་ལོ། ། ཞེས་རྒོལ་བ་ལ་ནི། འདིར་བསྟན་གྱི་ཚེགས་ཆེན་ཡུན་རིང་རྟོགས་དཀའི་སྦྱོར་བ་དེ་ཤེར་ཕྱིན་ལ་སྐྲག་པ་སྐྱེ་སྲིད་པའི་སྦྱོར་བ་ཡིན་པ་ལས། ཤེར་ཕྱིན་ལ་སྐྲག་པའི་སྦྱོར་བ་མ་ཡིན་པས་ན་གོང་གི་ཐལ་འགྱུར་ལ་མ་ཁྱབ་པའི་ལན་བཏབ་ཡོད་ལ། ཚིག་དོན་རབ་གསལ་༼༣༤༠༽ལས་ཀྱང་སྦྱོར་བ་དྲུག་པ་འདི་ལ་ཤེར་ཕྱིན་ལ་སྐྲག་པ་སྐྱེ་སྲིད་པའི་སྦྱོར་བ་ཞེས་གསུངས་སོ། ། དེའི་ཁུངས་ཡང་། རྒྱན་སྣང་༼༣༧༡༽ལས། སྐྲག་པ་ལ་སོགས་པར་འགྱུར་བ་སྲིད་པས་ཞེས་སོགས་ཀྱི་གཞུང་དེ་ཡིན་པར་ནོ། ། གཉིས་པ་ནི། འོ་ན་སྦྱོར་བ་ཉི་ཤུའི་ས་མཚམས་གང་ནས་འཇོག་སྙམ་ན། འདི་ལ་རོང་སྟོན་གྱི་ཚིག་དོན་རབ་གསལ་༼༣༣༩༽དང་། ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་༼༢༣༤༽དང་། སྦས་དོན་རབ་གསལ། ༼༡༡༧༽པཎ་ཆེན་ངག་ཆོས་ཀྱིས་དགོངས་འགྲེལ་རབ་གསལ་༼༡༤༧༽རྣམས་ལས། ས་མཚམས་ལ་དང་པོ་ལྔ་ཚོགས་ལམ་ནས་རྒྱུན་མཐའི་བར་དང་། དེ་ནས་གཅིག་ཚོགས་ལམ་དང་། དེ་ནས་བཞི་དྲོད་སོགས་བཞི་ལ་རིམ་བཞིན་དང་། དེ་ནས་གཅིག་མཐོང་ལམ་དང་། དེ་ནས་གཅིག་ས་གཉིས་པ་ནས་བདུན་པའི་བར་དང་། དེ་ནས་ལྔ་ས་བརྒྱད་པ་ན། དེ་ནས་གཉིས་ས་དགུ་པ་དང་བཅུ་པ་ན་རིམ་བཞིན་ཡོད་པ་དང་། ཐ་མ་ས་བདུན་པ་མན་ཆད་ན་ཡོད་པར་གསུངས་ལ། དེ་ནི་སློབ་དཔོན་གྱི་དགོངས་པ་ཡིན་པར་ཡང་གསུངས་སོ། །འོ་ན་དེ་སློབ་དཔོན་གྱི་དགོངས་པ་ཡིན་པའི་ཁུངས་གང་ཞེ་ན། རྒྱན་སྣང་༼༣༨༠༽ལས། སྦྱོར་བ་ཉི་ཤུ་པོ་དེ་དག་གི་གོ་རིམ་འདི་ནི་རིགས་པ་ཁོ་ན་ཡིན་ཏེ། ཞེས་པ་ནས། སྦྱོར་བའི་གོ་རིམ་ནི་མངོན་པར་རྟོགས་པས་རབ་ཏུ་ཕྱེ་བ་ཡིན་ནོ། །ཞེས་པའི་གཞུང་དེ་ཡིན་པར་མངོན་ལ། རྒྱན་སྣང་གི་ལུང་དེའི་ཁུངས་ཡང་། ཉི་སྣང་༼༢༢༨༽ལས། སྦྱོར་བ་ཉི་ཤུ་པོ་འདི་དག་གི་གོ་རིམ་འདི་ནི། ཞེས་པ་ནས། ཡོངས་སུ་སྦྱངས་པ་ཡིན་ནོ། ། ཞེས་པའི་གཞུང་ཚིག་དེ་ཡིན་པར་མངོན་མོད།གཞུང་སྔ་ཕྱི་གཉིས་པོས་གོང་གི་ས་མཚམས་ལྟར་བསྟན་ཡོད་མེད་ནི་དཔྱད་པའི་གཞི་གལ་ཆེན་ཞིག་ཏུ་སྙམ་ལ། གསེར་གླིང་པས་༼༢༤༡༽ཀྱང་ལུང་འདི་གཉིས་ཀྱི་དོན་བཀྲལ་ཡོད་མོད། གོང་གི་ས་མཚམས་ལྟར་སྦྱར་བ་མི་སྣང་ངོ་། ། སྐྱེད་ཚལ་མཁན་པོས་༼༡༥༡༽ཀྱང་ས་མཚམས་ནི་ཀུན་མཁྱེན་རྣམ་གཉིས་ལྟར་བཞེད་དོ། ། ཀུན་མཁྱེན་གཡག་པས་༼༢༠༥༽ནི། སྦྱོར་བ་ཉི་ཤུའི་གོ་རིམ་མངོན་རྟོགས་ཀྱི་རིམ་པས་ཕྱེ་བ་ཡིན་གྱི། དོན་གྱི་གོ་རིམ་ནི་མ་ཡིན་ཞེས་གསུངས་ལ།ཁུངས་ནི་གོང་གི་རྒྱན་སྣང་གི་ལུང་དེ་དྲང་ངོ་། ། རྗེ་ཙོང་ཁ་པའི་གསེར་ཕྲེང་།༼༨༠༽རྒྱལ་ཚབ་དར་མ་རིན་ཆེན་གྱི་རྣམ་བཤད་སྙིང་རྒྱན་༼༦༤༽འཇམ་བཞེད་ཀྱི་ཕར་ཕྱིན་མཐའ་དཔྱོད་༼༡༤༠༽རྣམས་ལས། ས་མཚམས་གཞན་གོང་དང་འདྲ་བ་ལས། སྦྱོར་བ་དང་པོ་ལྔའི་ས་མཚམས་ལ་གསལ་ཁ་མི་སྣང་ངོ་། ། དེ་ལྟར་སྦྱོར་བ་ཉི་ཤུ་ལ། བུདྡྷ་ཤྲཱིས་དང་པོ་ལྔ་ལ་རང་བཞིན་དང་། ཕྱི་མ་བཅོ་ལྔ་ལ་གནས་སྐབས་ཀྱི་སྦྱོར་བ་ཞེས་པའི་ཐ་སྙད་བཏགས་པར་གསུངས་མོད། གཞུང་ནི་མ་མཐོང་ངོ་། ། བོད་ཕལ་ཆེར་དེའི་རྗེས་སུ་འབྲངས་ལ། དེ་ཡང་དང་པོ་ལྔ་ལ་རང་བཞིན་གྱི་སྦྱོར་བ་ཞེས་བརྗོད་དེ། ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཁྱབ་བྱེད་དུ་གནས་པའི་ཕྱིར། ཕྱི་མ་བཅོ་ལྔ་ལ་གནས་སྐབས་ཀྱི་སྦྱོར་བ་ཞེས་བརྗོད་དེ། ས་མཚམས་སོ་སོར་ངེས་པའི་སྦྱོར་བ་ཡིན་པའི་ཕྱིར། སྐྱེད་ཚལ་མཁན་པོའི་ལེགས་བཤད་དོ། ། འབྲེས་དང་པོ་ལྔ་རང་བཞིན། དེ་ནས་བཅུ་བཞི་ལ་གནས་སྐབས། ཐ་མ་འགྲུབ་པར་བྱེད་པའི་སྦྱོར་བ་ཞེས་གསུངས་མོད། དེ་ཡང་གཞུང་མ་མཐོང་ངོ་། ། ཨར་གྱིས་༼༣༥༽ཀྱང་འབྲེའི་བཞེད་པ་ལྟར་གསུངས་སོ། ། གསུམ་པ་སྦྱོར་བའི་ཡོན་ཏན་ལ། ངོ་བོ་དང་རབ་དབྱེའི་རྣམ་པར་བཞག ། དེའི་ས་མཚམས་ལ་དཔྱད། གྲངས་ངེས་ལ་དཔྱད་པའོ། དང་པོ་ལ། མཚན་ཉིད་ནི།ཐེག་ཆེན་གྱི་སྦྱོར་བ་སྒོམ་སྟོབས་ཀྱིས་ཐེག་ཆེན་སྦྱོར་བའི་གནས་སྐབས་སུ་ཐོབ་པའི་དགེ་ལེགས་སོ། ། དབྱེ་ན་བཅུ་བཞི་ཡོད་དོ། ། གཉིས་པ་ནི། འདིར་དཔྱད་དགོས་པ་ནི་ས་མཚམས་ཡིན་ཏེ། ཀུན་མཁྱེན་གོ་རོང་གཉིས་ཀྱི་གཞུང་དུ་འདིའི་ས་མཚམས་ལ་གང་ནས་འཇོག་དགོས་པ་གསལ་ཁ་མི་སྣང་བས་སོ། ། དེ་ལྟ་ན་ཡང་མཚན་ཉིད་ལ་རྗེས་སུ་དཔག་ན། ཚོགས་ལམ་སྐད་ཅིག་གཉིས་པ་ནས་རྒྱུན་མཐའི་བར་དུ་འཇོག་དགོས་པར་མངོན་ནོ། ། སངས་རྒྱས་ཀྱི་སར་ནི་མེད་དེ།སྦྱོར་བའི་ཡོན་ཏན་ཡིན་ན་སྦྱོར་བ་ལ་ལྡན་དགོས་པ་ནི་ཡུམ་དོན་རབ་གསལ་༼༣༥༣༽གྱི་དགོངས་པ་རྨ་མེད་པ་ཡིན་པའི་ཕྱིར་རོ། ། ཀུན་མཁྱེན་གཡག་༼༢༡༦༽གིས་ཡོན་ཏན་དང་པོ་དང་བདུན་པ་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་པ་དང་།འཇམ་དབྱངས་བཞེད་པས་༼༡༤༦༽རྣམ་མཁྱེན་སྦྱོར་བའི་ཡོན་ཏན་ཡིན་པར་གསུངས་ལ། དེའི་སྒྲུབ་བྱེད་ལ་ཡང་། རིམ་བཞིན་བདུད་ཀྱི་མཐུ་བཅོམ་པ་ཡོངས་སུ་རྫོགས་ན་སྤངས་པ་ཡོངས་སུ་རྫོགས་པ་དང་ཟག་པ་མེད་པའི་ཡོན་ཏན་ཡོངས་སུ་རྫོགས་ན་རྟོགས་པ་རྫོགས་པའི་ཕྱིར་ཞེས་དང་། ཡོན་ཏན་ལྔ་པ་དོན་ཆེ་བ་སོགས་ཀྱི་ནང་གི་འབྲས་བུ་ཆེ་བ་དེ་རྣམ་མཁྱེན་ཡིན་པའི་ཕྱིར་ཞེས་སོགས་གསུངས། འོན་ཀྱང་རང་ལུགས་ལ་ནི་ཡོན་ཏན་དང་པོ་ནི་བདུད་ལས་ཀྱི་དབང་གིས་རྫོགས་བྱང་ལས་ཕྱིར་ལྡོག་མི་སྲིད་པའི་དོན་ཡིན་པས། དེ་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དགོས་པའི་དོན་མེད་ལ། མཐོང་ལམ་ཐོབ་པ་ཡང་འདིར་བསྟན་གྱི་ཟག་མེད་ཀྱི་ཡོན་ཏན་རྫོགས་པ་ཡིན་པས་ཡོན་ཏན་བདུན་པ་ལ་ཡང་མ་ངེས་སོ།། ཡོན་ཏན་ལྔ་པ་ཡང་རྣམ་མཁྱེན་རང་ལྡོག་ལ་འཇོག་པ་མིན་པར་རྣམ་མཁྱེན་འཛིན་པའམ་ཐོབ་པར་ངེས་པ་ལ་འཇོག་དགོས་ཏེ། དེའི་ཁུངས་ཡང་། ཉི་སྣང་༼༢༣༠༽ལས། འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པའི་ཡོན་ཏན་ནི་དེ་དག་མོས་པ་རླབས་པོ་ཆེ་ཉིད་ཀྱིས་ལས་ཀྱི་འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པར་འགྱུར། ཞེས་གསུངས་པས་སོ། ། བླ་མ་དམ་པས་༼༣༧༧༽ཀྱང་ས་མཚམས་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་འཇོག་དགོས་པར་གསུངས་པས། དམ་པ་རྣམས་དགོངས་པ་གཅིག་ཏུ་འདུག་གམ་སྙམ་མོ། ། པཎ་ཆེན་ངག་ཆོས་ཀྱིས་༼༡༤༩༽སྦྱོར་མཐོང་སྒོམ་གསུམ་ན་ཡོད་པར་གསུངས་ལ། སྐྱེད་ཚལ་མཁན་པོ་༼༡༥༢༽དང་སེ་ར་༼༤༡༤༽གཉིས་ཞལ་མཐུན་པར་ཚོགས་ལམ་སྐད་ཅིག་གཉིས་པ་ནས་སངས་རྒྱས་ཀྱི་ས་ན་ཡོད་པར་བཞེད། འཇམ་བཞེད་༼༡༤༧༽ཀྱིས། ཚོགས་ལམ་ཆུང་ངུ་ནས་སངས་རྒྱས་སའི་བར་ན་ཡོད་པར་གསུངས་སོ། ། གསུམ་པ་ནི། སྦྱོར་བའི་ཡོན་ཏན་ལ་བཅུ་བཞིར་གྲངས་ངེས་པ་ཡང་མ་ཡིན་ཏེ། ཀུན་མཁྱེན་གཡག་༼༢༠༧༽གིས་གསུངས་པ་བཞིན། གདུལ་བྱ་ཉེ་བ་ན་གནས་པའི་བསམ་པའི་དབང་དུ་བྱས་པ་ཡིན་གྱི་དངོས་པོ་ལ་གྲངས་ངེས་མེད་དོ། ། བཞི་པ་སྦྱོར་བའི་སྐྱོན་ལ། ངོ་བོ་དང་རབ་དབྱེའི་རྣམ་པར་བཞག ། དེའི་ས་མཚམས་ལ་དཔྱད། གྲངས་ངེས་ལ་དཔྱད་པའོ། ། དང་པོ་ལ། མཚན་ཉིད་ནི། ཐེག་ཆེན་གྱི་སྦྱོར་བ་སྒོམ་པ་ལ་བར་དུ་གཅོད་པའི་བདུད་ལས། དབྱེ་ན་བཞི་བཅུ་རྩ་དྲུག་གོ ། གཉིས་པ་ནི། འདིར་ཡང་དཔྱད་དགོས་པ་ནི་ས་མཚམས་ཡིན་ཏེ། ཀུན་མཁྱེན་རྣམ་གཉིས་ཀྱི་གཞུང་དུ་ཁ་གསལ་མ་བྱུང་བས་སོ། ། དཔྱད་ན་རང་ལུགས་ལ་ས་མཚམས་ནི་སྐྱེད་ཚལ་མཁན་པོ་༼༡༥༢༽དང་སེ་ར་༼༤༣༣༽གཉིས་ཀྱིས་གསུངས་པ་ལྟར་ལམ་མ་ཞུགས་ནས་ས་བདུན་པའི་བར་འཇོག་དགོས་ཏེ་ལམ་མ་ཞུགས་ན་ཡོད་པ་ནི་མཚན་ཉིད་ཀྱིས་གྲུབ་ལ། ས་བདུན་པའི་བར་ཡོད་པ་ནི། མདོ་ལས། བྱང་ཆུབ་སེམས་དཔའི་ས་བདུན་པའི་བར་དུ་བདུད་ཀྱི་ལས་ཕྲ་མོ་འབྱུང་ལ། ཞེས་གསུངས་པ་དང་རང་དོན་ཡིད་བྱེད་ཀྱི་རྟོག་པ་འབྱུང་སྲིད་པ་གཉིས་ཀྱིས་གྲུབ་བོ། ། རྒྱ་གར་གྱི་མཁས་པ་ཆོས་བཤེས་༼༤༧༧༽ཀྱིས་ནི་ཚིག་གསལ་ལས། ལས་དང་པོ་བའི་ས་ནས་བསྒོམ་པའི་ལམ་ཕལ་བའི་བར་དུ་ལྡན་པར་གསུངས། སྔོན་གྱི་མཁས་པ་ཨར་༼༤༨༽གྱིས་ཀྱང་། འདི་བཞིན་ལས་དང་པོ་བའི་སར་ཤས་ཆེ་བ་དང་། ངེས་འབྱེད་བཞི་ན་སྔ་མ་ལས་ཕྲ་བ་དང་། མཐོང་ལམ་ནས་ས་བདུན་པའི་བར་ཤིན་ཏུ་ཕྲ་བ་དང་ས་བོན་གྱི་ཚུལ་དུ་ཡོད་པར་གསུངས། ཀུན་མཁྱེན་གཡག་༼༢༡༧༽གིས་ནི་མངོན་གྱུར་བ་ཚོགས་ལམ་ནས་ས་བདུན་པའི་བར་ན་ཡོད། བག་ཆགས་ས་བཅུ་པའི་བར་ན་ཡོད་ཅེས་གསུངས་ལ། པཎ་ཆེན་ངག་ཆོས་༼༡༤༩༽ཀྱིས་ནི་ཚོགས་ལམ་ཁྱད་པར་ཅན་ཁོ་ན་ལ་བཞེད་སྙམ། རྗེ་ཙོང་ཁ་པ་༼༩༡༽དང། ཀུན་མཁྱེན་འཇམ་དབྱངས་བཞེད་པ་༼༡༤༩༽རྣམ་གཉིས་ཀྱིས་ནི་ཕལ་ཆེར་ལས་དང་པོ་བའི་ས་དང་། སྦྱོར་ལམ་ན་ཡོད། ཕྲ་མོ་ས་བདུན་པ་མན་ཆད་ན་ཡོད། ཐེག་ཆེན་འདོར་བ་སོགས་བདུན་ལས་དང་པོ་བའི་ས་ཁོ་ནར་ཡོད་པར་གསུངས། མཁས་པ་བུ་སྟོན་༼༡༦༥༽གྱིས་ཀྱང་། ཚོགས་ལམ་ནས་ས་བདུན་པའི་བར་ན་ཡོད་པར་གསུངས་སོ། ། གསུམ་པ་ནི། སྦྱོར་བའི་སྐྱོན་ལ་ཡང་བཞི་བཅུ་རྩ་དྲུག་ཏུ་གྲངས་ངེས་སམ་ཞེ་ན། འདིར་ཡང་ཀུན་མཁྱེན་གཡག་པས་གསུངས་པ་ལྟར། གདུལ་བྱ་ཉེ་བ་ན་གནས་པའི་བསམ་པའི་དབང་དུ་བྱས་པ་ཡིན་གྱི་དངོས་པོ་ལ་གྲངས་ངེས་མེད་དོ། ། ལྔ་པ་ཐེག་ཆེན་སྦྱོར་བའི་མཚན་ཉིད་ལ། ཤེས་མཚན་དང་བྱེད་མཚན་གྱིས་ཐེག་ཆེན་སྦྱོར་བ་མཚོན་ཚུལ་ལ་དཔྱད། གཞི་ཤེས་སྦྱོར་བའི་ཁྱད་མཚན་ཡོད་མེད་ལ་དཔྱད། ཤེས་མཚན་སོགས་མཚན་ཉིད་ཡིན་མིན་དཔྱད་པའོ། ། དང་པོ་ལ། འདི་གཉིས་ཀྱི་རྟགས་ཀྱིས་སྦྱོར་བ་ཉི་ཤུ་པོ་ཐེག་ཆེན་གྱི་སྦྱོར་བར་མཚོན་པའི་ཚེ། པཎ་ཆེན་ངག་ཆོས་༼༡༥༩༽ཀྱིས་གསུངས་པ་ལྟར། གང་རུང་ཞིག་བཀོད་ན་ཐབས་ཤེས་ཟུང་དུ་མི་འབྲེལ་བས་མཚོན་སྦྱོར་དུ་མི་འགྱུར་ལ། ཤེས་མཚན་དང་བྱེད་མཚན་ཟུང་འབྲེལ་བཀོད་པས་ཐབས་ཤེས་ཟུང་འཇུག་གི་སེམས་དཔའི་རྣལ་འབྱོར་དུ་འགྲོ་བ་ཡིན་ནོ། ། དེ་ནི་ཀུན་མཁྱེན་གོ་རམས་པའི་དགོངས་པ་ཡང་ཡིན་ཏེ། ཟབ་མོར་༼༢༣༥༽འོ་ན་བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་ལ་གསུམ་ཇི་ལྟར་དགོས་སྙམ་ན། ཐེག་ཆེན་གྱི་སྦྱོར་བར་མཚོན་པ་ལ་སྦྱོར་བའི་ངོ་བོ་ཤེས་རབ་རྟོགས་པའི་ཆ་དང་། ཐབས་ཕྲིན་ལས་ཀྱི་ཆ་ཟུང་དུ་འཇུག་པའི་སྒོ་ནས་སྦྱོར་བ་ཡིན་པས་ཤེས་རབ་རྟོགས་པའི་ཆ་མཚོན་པར་བྱེད་པ་ཤེས་མཚན་དང་། ཐབས་ཕྲིན་ལས་ཀྱི་ཆ་མཚོན་པར་བྱེད་པ་བྱེད་མཚན་ཡིན་ཞིང་། ཞེས་གསུངས་པའི་ཕྱིར་རོ། ། མཚོན་ཚུལ་སོགས་ནི་གོ་སླའོ། ། གཉིས་པ་ལ། ཁྱད་མཚན་ནི། རང་གང་ལ་ལྡན་པའི་ཐེག་ཆེན་གྱི་སྦྱོར་བ་དེ་ཐེག་དམན་གྱི་ལམ་ལས་ཁྱད་པར་དུ་འཕགས་པར་མཚོན་ནུས་པའི་ཐེག་ཆེན་སྦྱོར་བའི་ཁྱད་པར་བྱེད་ཆོས་ཡིན་དགོས་ཤིང་། པཎ་ཆེན་ངག་ཆོས་༼༡༥༢༽ཀྱིས་གསུངས་པ་ལྟར། ཐེག་ཆེན་མ་སྦྱར་ན་གཞི་ཤེས་སྦྱོར་བའི་ཁྱད་མཚན་མེད་དེ། དེའི་ཁྱད་མཚན་ཡིན་ན། དེའི་ཁྱད་མཚན་དེས་སྦྱོར་བ་དེ་ཐེག་དམན་ལ་ལྡན་པར་གཅད་དགོས་པའི་ཕྱིར་རོ། ། འདི་ལ་དགོངས་ནས་སློབ་དཔོན་གྱིས་དོན་གསལ་༼༧༠༽ལས། ལམ་ཤེས་པ་ཉིད་ལ་སོགས་པ་གཉིས་ནི་ཁྱད་པར་གྱི་ལམ་ཡིན་པར་ཁྱད་ཞུགས་སོ། ། ཞེས་ལམ་ཤེས་དང་རྣམ་མཁྱེན་གྱི་སྦྱོར་བའི་ཁྱད་མཚན་གསུངས་ཀྱི་གཞི་ཤེས་སྦྱོར་བའི་ཁྱད་མཚན་མ་གསུངས་པ་ཡིན་ནོ། ། ཀུན་མཁྱེན་གོ་རམས་པས་ཡུམ་དོན་རབ་གསལ་༼༢༤༤༽ལས། ཁོ་བོའི་རྟོག་པ་ལ་ནི། ཁྱད་མཚན་བཅུ་དྲུག་ནི་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་ཡིན་ཅིང་། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བ་ནི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་ཡིན་པས་རྟོགས་རིགས་ཀྱི་ཆ་ནས་མ་བཤད་དམ་སྙམ་མོ། ། ཞེས་གསུངས་པའི་དགོངས་པ་ཡང་འདི་ཡིན་ནོ། ། འོ་ན་སྤྱིར་གཞི་ཤེས་སྦྱོར་བའི་ཁྱད་མཚན་མེད་ཀྱང་ཐེག་ཆེན་གྱི་གཞི་ཤེས་སྦྱོར་བའི་ཁྱད་མཚན་ཡོད་ན། དེའི་ངོ་བོ་གང་ཡིན་ཞེ་ན། ཐེག་ཆེན་གྱི་སྦྱོར་བས་ཆོས་ཉིད་རྟོགས་པའི་ཡེ་ཤེས་ཀྱི་ཁྱད་པར་རོ། ། ཆོས་ཉིད་ངེས་པར་སྦྱར་དགོས་ཏེ། ཁྱད་མཚན་ཡིན་ན་ཐེག་ཆེན་སྦྱོར་བའི་ཁྱད་ཆོས་ཡིན་དགོས་པ་གང་ཞིག ། ཐེག་ཆེན་སྦྱོར་བས་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་སོགས་ནི་ཐེག་དམན་གྱི་སྦྱོར་བ་ལ་ལྡན་པས། ཁྱད་ཆོས་སུ་འགྲོ་མི་ཐུབ་པའི་ཕྱིར་རོ། ། འདི་ནི་ཡུམ་དོན་རབ་གས་༼༣༦༢༽ལས་གསལ་བོར་གསུངས་ཡོད་ལ། ཀུན་མཁྱེན་གོ་རམས་པས་ཟབ་མོར་༼༢༤༤༽འོན་ཀྱང་རྟོགས་རིགས་ཀྱི་དབང་དུ་བྱས་ན་ནི་གཞི་ཤེས་ཀྱི་སྦྱོར་བ་ལ་ཁྱད་མཚན་མེད་དེ། ཞེས་གསུངས་པའི་དགོངས་པ་ཡང་འདི་ཡིན་ཞིང་། པཎ་ཆེན་ངག་ཆོས་༼༡༥༢༽ཀྱིས་ཀྱང་འདི་ཁོ་ན་གསུངས་པའི་ཕྱིར་རོ། ། གསུམ་པ་ནི། བུམ་པའི་མཚན་ཉིད་མཚན་ཉིད་མིན་པ་དང་བུམ་པའི་མཚན་ཉིད་ཡིན་ན་མཚན་ཉིད་ཡིན་པས་ཁྱབ་ཅེས་པའི་ཚད་མའི་འགྲོས་ལྟར། འདིར་ཡང་ཤེས་མཚན་དང་བྱེད་མཚན་ཁྱད་མཚན་གསུམ་རང་ལྡོག་ནས་ལས་སྒྲུབ་དང་དོན་ལྡོག་བྱེད་སྒྲུབ་ཡིན་པའི་གནད་ཤེས་པ་གཅེས་སོ། ། འདི་ནི་པཎ་ཆེན་ཤཱཀ་མཆོག་༼༢༥༠༽གིས། འདི་ཡང་ཤེས་མཚན་སོགས་ཀྱི་རང་ལྡོག་ནས་ཐེག་ཆེན་སྦྱོར་བའི་མཚན་ཉིད་མ་ཡིན་ཏེ། དཔེར་ན་མེའི་མཚན་ཉིད་དེ་མེའི་མཚན་ཉིད་མིན་པ་བཞིན་ནོ། ། དེ་དང་དེ་ཡིན་ན་ཐེག་ཆེན་སྦྱོར་བའི་མཚན་ཉིད་ཡིན་དགོས་ཏེ། དཔེར་ན་མེའི་མཚན་ཉིད་ཡིན་ན་དེ་ཡིན་དགོས་པ་བཞིན་ནོ། ། ཞེས་དང་། ཡུམ་དོན་རབ་གསལ་༼༣༦༦༽ལས། ཤེས་མཚན་གྱི་རང་ལྡོག་ནས་ལས་སྒྲུབ་ཡིན་ཞིང་། དོན་ལྡོག་བྱེད་སྒྲུབ་ཡིན་པའི་ཕྱིར། དེས་ཁྱད་མཚན་སོགས་ཀྱི་རྩོད་སྤང་ཡང་རྟོགས་པར་འགྱུར་རོ། ། ཞེས་གསུངས་པ་རྣམས་ཀྱི་དགོངས་པ་འདི་ཁོ་ནར་གནས་སོ། ། དྲུག་པ་ཐར་བ་ཆ་མཐུན་ལ། སྤྱིར་ཐེག་ཆེན་ཐར་བ་ཆ་མཐུན་གྱི་ངོ་བོ་ལ་དཔྱད། དེ་དང་ཚོགས་ལམ་དོན་གཅིག་མིན་ལ་དཔྱད། དེ་དང་སྒོམ་བྱུང་གི་གཞི་མཐུན་ཡོད་མེད་ལ་དཔྱད། འདིར་དངོས་བསྟན་གྱི་ཐར་བ་ཆ་མཐུན་ལ་དཔྱད་པའོ། ། དང་པོ་ལ། མཚན་ཉིད་ནི། སེམས་བསྐྱེད་པ་ནས་ཐེག་ཆེན་གྱི་སྟོང་ཉིད་ལ་ཉམས་མ་སྐྱེས་པའི་གནས་སྐབས་ཀྱི་ཐེག་ཆེན་གྱི་མངོན་རྟོགས་སོ། ། འོ་ན་ཡུམ་དོན་རབ་གསལ༼༣༧༣༽ལས། ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་ནས་བྱང་ཆུབ་ཆེན་པོའི་རྒྱུ་ཚོགས་སྒྲུབ་པར་བྱེད་པའི་ལམ་གང་ཞིག ། ཆོས་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་བའི་དྲོད་སྐད་ཅིག་དང་པོ་སྐྱེད་དགོས་པ་ཞེས་པ་དེ་ཇི་ལྟར་དྲང་ཞེ་ན། དེ་ནི་ཚོགས་ལམ་ཁྱད་པར་ཅན་གྱི་མཚན་ཉིད་ཡིན་ནོ། ། འོ་ན་ཚོགས་ལམ་ཁྱད་པར་ཅན་གྱི་སྐབས་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་སོགས་ལ་ཤེས་རབ་ཁྱད་པར་ཅན་གྱིས་ཟིན་ཚུལ་གང་ཞེ་ན། ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་ཚུལ་ལོ། ། ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་ན་ཆོས་ཀྱི་བདག་མེད་རྟོགས་མི་དགོས་པ་ནི་ཡུམ་དོན་རབ་གསལ་༼༣༧༤༽གྱི་དགོངས་པའོ། ། གཉིས་པ་ནི། ཡུམ་དོན་རབ་གསལ་ལས་༼༣༧༤༽ལས། ཁ་ཅིག་གིས་ལམ་མ་ཞུགས་ན་ཐར་བ་ཆ་མཐུན་མཚན་ཉིད་པ་ཡོད་པར་བཞེད་ཅེས་གསུངས་ལ། སྐྱེད་ཚལ་མཁན་པོས་ཀྱང་ལུང་རིགས་རྒྱ་མཚོ་༼༡༥༨༽ལས། ཁ་ཅིག་ཐར་པ་ཆ་མཐུན་དང་ཚོགས་ལམ་དོན་མི་གཅིག་སྟེ་ལམ་མ་ཞུགས་ན་ཐར་པ་ཆ་མཐུན་ཡོད་པའི་ཕྱིར། དེ་ན་ཐར་པའི་རྒྱུར་གྱུར་བའི་དགེ་བ་མཚན་ཉིད་པ་ཡོད་པའི་ཕྱིར། མདོ་ལས། སངས་རྒྱ་བ་ལ་སྐལ་པ་གྲངས་མེད་གསུམ་དུ་ཚོགས་བསོག་པའི་མགོ་གང་ནས་རྩོམ་ཞུས་པའི་ལན་དུ། ཚོགས་ཀྱི་ས་ནས་ཡིན་གྱི། ཐར་བའི་ཆ་དང་མཐུན་པ་ཙམ་གྱིས་ནི་མ་ཡིན་ནོ། ། ཞེས་གསུངས་པའི་ཕྱིར་ཟེར། ཞེས་གསུངས་ལ། ཁ་ཅིག་འདི་གཉིས་ནི་པཎ་ཆེན་ཤཱཀ་མཆོག་ཡིན་པར་སྙམ་སྟེ། ལུང་རིགས་རོལ་མཚོར།༼༢༥༧༽མདོ་སྡེ་དཀོན་མཆོག་སྤྲིན་ལས། བསྐལ་པ་གྲངས་མེད་པ་གསུམ་གྱི་ཐོག་མ་གང་ནས་རྩོམ་ཞེ་ན། ཚོགས་ཀྱི་ལམ་ནས་ཡིན་གྱི། ཐར་བའི་ཆ་དང་མཐུན་པ་ཙམ་གྱིས་མ་ཡིན་ནོ། །ཞེས་པའི་མདོ་དྲངས་ནས། མྱང་འདས་དམིགས་པའི་དགེ་རྩ་གང་ནས་སྐྱེས་པ་དེ་ནས་ཐར་བ་ཆ་མཐུན་དུ་འཇོག་ནུས་ཀྱང་། ཚོགས་ལམ་དུ་བཞག་མི་ནུས་ཞེས་ཐར་བ་ཆ་མཐུན་ལམ་མ་ཞུགས་ན་ཡོད་པར་འདོད་དོ། ། རང་ལུགས་ལ་ནི་མདོ་དེའི་དོན་དགེ་བ་ཆ་མཐུན་གྱི་བསོད་ནམས་ཙམ་ལ་གོ་དགོས་པས་ན་སྐྱོན་མེད་དེ། ཐར་བ་མྱང་འདས་ལ་བཞག་ནས་དེ་ལ་དམིགས་ཙམ་གྱི་བློ་ལ་ཐར་བའི་ཆ་དང་མཐུན་པ་ཙམ་ཞེས་བཞག་དགོས་པའི་ཕྱིར་རོ། ། གསུམ་པ་ནི། ཡོད་དེ། ཐུབ་པ་དགོངས་གསལ་༼༡༥༩༽ལས་ཀུན་བཏུས་ཀྱི་ལུང་ཤེས་བྱེད་དུ་དྲངས་ནས་བསྒོམས་བྱུང་གི་ཤེས་རབ་ཡོད་པར་བསྒྲུབས་པ་དེ་ཉིད་འདིར་ཁས་ལེན་རིག་པའི་ཕྱིར་དང་། དེ་བཞིན། ཚོགས་ལམ་གྱི་སྐབས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་སྒོམ་བྱུང་ཙམ་དུ་མ་ཟད། སྒོམ་བྱུང་གཙོ་བོར་གྱུར་བ་ཡིན་པའི་ཕྱིར་རོ། ། འོ་ན་ཡུམ་དོན་རབ་གསལ་༼༣༧༥༽ལས། རང་ལུགས་ནི་ཚོགས་ལམ་གྱི་སྐབས་སུ་སྤྱིར་སྒོམ་བྱང་གཙོ་བོར་གྱུར་པ་ནི་མེད་དོ། ། ཞེས་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་ཐེག་པ་རང་ལུགས་ཀྱི་སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པ་མེད་ཅེས་པའི་དོན་ཡིན་པས་སྐྱོན་མེད་དོ། ། གཞན་ཡང་། ཉི་སྣང་༼༢༥༦༽ལས། འདི་དག་ཀྱང་ཐོས་པ་དང་བསམ་པའི་རང་བཞིན་ཅན་ཡིན་པར་ཤེས་པར་བྱ་སྟེ། ཞེས་གསུངས་པ་དང་འགལ་ལོ་སྙམ་ན། དེའི་དགོངས་པ་ཆོས་བཤེས་༼༤༨༦༽ཀྱིས་སྒྲ་ཇི་བཞིན་དུ་འཕགས་པའི་ལུགས་ལ་ཐར་བ་ཆ་མཐུན་ལ་ཐོས་བསམ་གྱིས་ཁྱབ་པ་གསུངས་ལ། གསེར་ཕྲེང་༼༡༤༤༽ལས་ནི་སྒོམ་བྱུང་གཙོ་བོར་གྱུར་བ་མིན་པའི་དོན་ལ་འགྲེལ་ཀྱང་། རང་ལུགས་ལ་ནི་ཚོགས་ལམ་ཤས་ཆེ་བ་ལ་དགོངས་པའི་དབང་དུ་བྱས་སམ་སྙམ་མོ། ། བཞི་པ་ལ། མཚན་ཉིད་ནི། མཚན་མེད་རྟོགས་པའི་ཤེས་རབ་ཀྱི་སྒོ་ནས་རྣམ་མཁྱེན་སྒྲུབ་པའི་ཐབས་ལ་མཁས་པའི་ཐར་བ་ཆ་མཐུན་ནོ། ། དེ་ལྟར་ན་རྒྱན་རྩ་བའི་དངོས་བསྟན་གྱི་ཐར་བ་ཆ་མཐུན་དེ་ནི་ཐར་བ་ཆ་མཐུན་ཁྱད་པར་ཅན་ཡིན་ཞིང་། རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། ། ཅེས་པའི་སྐབས་ཀྱི་རྟོགས་དཀའ་སླ་དེ་ཡང་ཡུལ་ལྔ་ལ་མཁས་པའི་ཐར་བ་ཆ་མཐུན་གང་ཞིག་ལ། རྫོགས་པའི་བྱང་ཆུབ་རྟོགས་དཀའ་སླའི་སྟེང་ནས་རྣོ་རྟུལ་གྱི་ཁྱད་པར་ཕྱེས་པ་ཡིན་ཏེ། འདི་ནི་སེང་གེ་བཟང་པོའི་འགྲེལ་བ་དོན་གསལ།༼༧༥༽གསེར་གླིང་པའི་རྟོགས་དཀའི་སྣང་བ།༼༢༥༤༽ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ།༼༢༤༧༽ཀུན་མཁྱེན་རོང་སྟོན་གྱི་ཚིག་དོན་རབ་གསལ།༼༣༦༦༽བླ་མ་དམ་པའི་མངོན་རྟོགས་སྙིང་པོ།༼༤༢༤༽པཎ་ཆེན་ངག་ཆོས་ཀྱི་དགོངས་དོན་རབ་གསལ།༼༡༦༠༽རྒྱལ་ཚབ་རྗེའི་རྣམ་བཤད་སྙིང་རྒྱན།༼༡༣༠༽འཇམ་བཞེད་ཀྱི་ཕར་ཕྱིན་མཐའ་དཔྱོད་༼༡༦༢༽སོགས་མཁས་པ་ཀུན་གྱི་གཞུང་གི་དགོངས་པར་གནས་སོ། ། འདི་ལས་གཞན་དུ་བུ་སྟོན་༼༢༠༡༽གྱིས་རྟོགས་སླ་ཞེས་པས་བྱང་སེམས་དང་རྟོགས་དཀའ་ཞེས་པས་ཐེག་དམན་བསྟན་པར་འདོད་པ་དང་། ཉ་དབོན་ཀུན་དཔལ་གྱིས་༼༢༡༥༽ཀྱང་དེ་བཞིན་དུ་སྦྱར་བ་དང་། བཅོམ་ལྡན་རིགས་རལ་༼༤༦༣༽གྱིས་ཀྱང་རྣོན་པོ་ནི་བྱང་སེམས་ཀྱི་རྣམས་ཀྱི་ཡིན་ལ། རྟུལ་པོ་ནི་ཉན་རང་གཉིས་ཀྱི་ཡིན་ཏེ་ཞེས་གསུངས་པ་དང་། བོ་དོང་པཎ་ཆེན་༼༣༣༧༽གྱིས་དབང་རྣོན་ཐེག་ཆེན་གྱི་རིགས་ཅན་གྱིས་རྫོགས་པའི་བྱང་ཆུབ་ཐོབ་སླ་བ་དང་། དབང་རྟུལ་ཉན་རང་གི་རིགས་ཅན་གྱིས་བྱང་ཆུབ་ཐོབ་དཀའ་བར་གསུངས་སོ། ། མཁས་གྲུབ་གཡག་པས་ནི་དད་སོགས་རྣོན་པོས་རྫོགས་བྱང་ཐོབ་པར་དཀའ་བ་དང་རྟུལ་པོས་རྟོགས་དཀའ་བ་ཙམ་ལས་གང་ལ་སྦྱར་དགོས་ཀྱི་གསལ་ཁ་མ་གསུངས་པ་འདྲའོ། ། དེ་དག་ལས་ཁོ་བོས་ནི་ལུགས་སྔ་མའི་ཕྱོགས་བཟུང་ལ། འོ་ན་འདིར་དངོས་བསྟན་གྱི་དབང་པོ་རྣོ་རྟུལ་གཉིས་ཀ་ཡང་ཡུལ་ལྔ་ལ་མཁས་ན་རྣོ་རྟུལ་གྱི་ཁྱད་པར་གང་གིས་འབྱེད་སྙམ་ན། རྒྱལ་ཚབ་རྗེས་༼༡༢༩༽གསུངས་པ་ལྟར། དད་པ་ཤུགས་དྲག་ཞེན་དང་བརྩོན་འགྲུས་སྟོབས་ཆེ་ཆུང་གི་སྒོ་ནས་འབྱེད་པ་ཡིན་ནོ། ། བདུན་པ་ངེས་འབྱེད་ཆ་མཐུན་ལ། སྤྱིར་ངེས་འབྱེད་ཆ་མཐུན་དང་འདིར་བསྟན་ངེས་འབྱེད་ཆ་མཐུན་གྱི་ངོ་བོ་ལ་དཔྱད། ངེས་འབྱེད་ཆ་མཐུན་གྱི་དབྱེ་བ་ལ་དཔྱད་པའོ། ། དང་པོ་ལ། མཚན་ཉིད་ནི། སོ་སོའི་སྐྱེ་བོའི་རྒྱུད་ཀྱི་ཐར་ལམ་གང་ཞིག ། ཐར་བ་ཆ་མཐུན་གྱི་གནས་སྐབས་ལས་འདས་པའོ། ། འདིར་དངོས་བསྟན་གྱི་ངེས་འབྱེད་ཆ་མཐུན་གྱི་མཚན་ཉིད་ནི། དམིགས་པ་སེམས་ཅན་ལ་དམིགས་ནས་རྣམ་པ་རང་གཞན་གྱི་དོན་སྒྲུབ་པའི་རྗེས་ཐོབ་ཀྱིས་བསྡུས་པའི་སྒོམ་བྱུང་གཙོ་བོར་གྱུར་བའི་བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་ངེས་འབྱེད་ཆ་མཐུན་ནོ། ། འདི་ལ་དགོངས་ནས། ཟབ་མོར་༼༢༤༨༽ཡང་འདིར་ནི་རྗེས་ཐོབ་ཀྱིས་བསྡུས་པའི་སེམས་ཅན་དམིགས་པའི་བསམ་སྦྱོར་ཕུན་སུམ་ཚོགས་པའི་ལྡོག་པ་ནས་བསྟན་པ་ཡིན་ལ། ཞེས་གསུངས་ལ། པཎ་ཆེན་ངག་ཆོས་༼༡༦༡༽ཀྱིས་ཀྱང་། མཉམ་བཞག་གི་ངོ་བོར་གྱུར་བའི་དྲོད་སོགས་བཞི་སྐབས་དང་པོར་བསྟན་ཟིན་ནས་འདིར་རྗེས་ཐོབ་ཀྱི་ངོ་བོར་གྱུར་པའི་དེ་བཞི་འཆད་ཅེས་གསུངས། མཁས་གྲུབ་གཡག་༼༣༢༥༽པས་ཀྱང་འདིར་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་དྲོད་དང་རྩེ་མོ་དང་བཟོད་པ་དང་ཆོས་མཆོག་རྣམས་ནི་གཞན་དོན་དུ་རྣམ་མཁྱེན་ཡིད་ལ་བྱེད་པས་བསམ་སྦྱོར་ཕུན་སུམ་ཚོགས་པའི་རྣམ་པའི་སྒོ་ནས་སེམས་ཅན་ལ་དམིགས་པས། སྐབས་དང་པོར་བསྟན་པའི་ངེས་འབྱེད་ཆ་མཐུན་དང་ཟློས་པའི་སྐྱོན་མེད་དེ། ཞེས་དང་། ཀུན་མཁྱེན་རོང་སྟོན་གྱིས་ཚིག་དོན་རབ་གསལ་ལས་༼༣༦༨༽ཀྱང་། སྔ་མ་ནི་རང་དོན་རྟོགས་པ་གཙོ་བོར་གྱུར། ཞེས་དང་། འདིར་ནི་གཞན་དོན་བསམ་སྦྱོར་གྱི་བདག་ཉིད་ཡིན་པའི་ཕྱིར་ཞེས་དང་། གསེར་ཕྲེང་༼༡༥༡༽ལས་ཀྱང་། དེར་ནི་མཉམ་བཞག་གི་རྟོགས་པ་གཙོ་བོར་བྱས་པའི་དམིགས་རྣམ་ཡིན་ལ། འདིར་ནི་རྗེས་ཐོབ་ཏུ་གཞན་ལ་ཕན་འདོགས་པའི་སྦྱོར་བ་གཙོ་བོར་བྱས་ཞེས་གསུངས་པ་རྣམས་དགོངས་པ་གཅིག་ཏུ་འབབ་བོ། ། གཞུང་དེ་དག་གི་རྒྱབ་རྟེན་ལ་ཡང་། ཉི་སྣང་༼༢༥༦༽ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་སུ། ཞེས་པ་ནས། འདི་སྦྱོར་བ་དང་ལྡན་པ་ཡིན་ནོ། ། ཞེས་པའི་གཞུང་དག་བཞུགས་སོ། ། གཉིས་པ་ནི། སྦས་དོན་རབ་གསལ་༼༡༢༢༽ལས་གསུངས་པ་ལྟར། རྩ་བའི་དབྱེ་བ་དྲོད་སོགས་བཞི་དང་དེ་རེ་རེ་ལ་ཆུང་འབྲིང་ཆེ་གསུམ་རེ་རེ་དབྱེར་ཡོད་དེ། ཉི་སྣང་༼༢༥༨༽ལས། ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་དག་ཀྱང་ཆུང་ངུ་དང་འབྲིང་དང་ཆེན་པོའི་རིགས་ཀྱི་དབྱེ་བས་རེ་རེ་ཞིང་གསུམ་གསུམ་དུ་འགྱུར་རོ། ། ཞེས་དང་། རྒྱན་སྣང་༼༤༩༨༽དང་། རྟོགས་དཀའི་སྣང་བ་༼༢༥༥༽དང་། ཚིག་གསལ་༼༤༨༨༽རྣམས་ལས་ཀྱང་འདི་ཇི་ལྟ་བ་བཞིན་དུ་གསུངས་པའི་ཕྱིར་དང་། དཔལ་ལྡན་ས་སྐྱ་པཎྜི་ཏས་ཐུབ་པ་དགོངས་གསལ་༼༡༦༥༽ལས་ཀྱང་མངོན་པ་གོང་འོག་གཉིས་ཀར་བཟོད་པ་མ་གཏོགས་པ་གཞན་ལ་ཆེ་འབྲིང་ཆུང་གསུམ་དུ་ཕྱེ་བ་མེད་ཀྱང་མངོན་རྟོགས་རྒྱན་གྱི་ལུགས་ལ་ངེས་འབྱེད་ཆ་མཐུན་བཞི་ཀར་ཡང་ཆེ་འབྲིང་ཆུང་གསུམ་ཡོད་པར་གསུངས་པའི་ཕྱིར་རོ། ། བརྒྱད་པ་ཕྱིར་མི་ལྡོག་པའི་ཚོགས་ལ། ཕྱིར་མི་ལྡོག་པའི་ཚོགས་སྟོན་པའི་རྒྱན་ཚིག་ལ་དཔྱད། ཕྱིར་མི་ལྡོག་པའི་དགེ་འདུན་དངོས་ལ་དཔྱད་པའོ། ། དང་པོ་ནི། འཇམ་དབྱངས་བཞེད་པས་༼༡༧༣༽ནི་རྒྱན་རྩ་བའི། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། ། ཞེས་པའི་ཚིགས་བཅད་འདི་ཕྱིར་མི་ལྡོག་པའི་རྟགས་ཀྱི་མདོར་བསྟན་དུ་གསུངས། འོན་ཀྱང་རང་ལུགས་ཀུན་མཁྱེན་གོ་རམས་༼༢༤༩༽པའི་དགོངས་པ་ལ་ནི་ཚིགས་བཅད་འདིས་ཕྱིར་མི་ལྡོག་པའི་ཚོགས་བསྟན་པར་བཞེད་དོ། ། དེ་ལས་ཁོ་བོས་ནི་ཕྱི་མའི་ལུགས་བསྐྱངས་ཏེ། དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། ། ཞེས་པའི་ཚིག་རྐང་བ་ཁོ་ནས་གྲུབ་པའི་ཕྱིར་རོ། ། གཉིས་པ་ནི། དེ་ཡང་རང་ལུགས་ལ་རྒྱན་རྩ་བ་འདིས་བསྟན་པའི་ཕྱིར་མི་ལྡོག་པའི་ཚོགས་ནི་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཡིན་པས། དེ་ཡིན་ན་སྦྱོར་མཐོང་སྒོམ་གསུམ་གང་རུང་ལ་གནས་པས་ཁྱབ་པར་འདོད་དགོས་ལ། ཚོགས་ལམ་པ་ཡིན་ཞིང་ཕྱིར་མི་ལྡོག་མཁན་ཡོད་མོད། དེ་ལ་ཕྱིར་མི་ལྡོག་པའི་ཚོགས་ཞེས་པའི་རྣམ་གཞག་མི་མཛད་དེ། ཡུམ་དོན་རབ་གསལ་༼༣༩༧༽ལས། སྤྱིར་གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ཙམ་ནི་ཚོགས་ལམ་ནས་ཀྱང་ཡོད་ལ། དེ་ཕྱིར་མི་ལྡོག་པའི་དགེ་འདུན་དུ་ནི་མི་གཏོགས་ཏེ། དེར་གྱུར་པའི་མ་མཐའི་ས་མཚམས་སྦྱོར་ལམ་ནས་གསུངས་པའི་ཕྱིར་ཏེ། ཐེག་ཆེན་གྱི་སྦྱོར་ལམ་ཐོབ་ནས་གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་ལྡོག་མི་སྲིད་པའི་ཕྱིར་ཏེ། དེ་ཐོབ་ན་བསམ་སྦྱོར་གཉིས་ཀྱི་སྒོ་ནས་དམན་པའི་བྱང་ཆུབ་ཀྱི་ཆེད་དུ་མི་འཇུག་པས་ཁྱབ་པའི་ཕྱིར། ཞེས་པ་དེ་འདིར་ཡང་ཁས་ལེན་རིག་པའི་ཕྱིར་རོ། ། དེ་ལྟར་ན་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཀྱི་མཚན་ཉིད་གང་ཞེ་ན། སྦས་དོན་རབ་གསལ་༼༡༢༤༽ལས་གསུངས་པ་ལྟར། སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་བའི་སྟོབས་ཀྱིས་གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་བྱང་སེམས་སོ། ། སློབ་དཔོན་གྱིས་རྒྱན་རྩ་བ་འདིས་སློབ་པ་ཕྱིར་མི་ལྡོག་པ་བསྟན་པར་ཁས་ལེན་ཞིང་། འདིའི་སློབ་པ་ཡང་སྦྱོར་ལམ་ནས་ས་བདུན་པ་མན་ཆད་ལ་བྱས་ནས་དག་ས་ལ་མི་སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་ཐ་སྙད་གསུངས་མོད། ཀུན་མཁྱེན་གོ་རམས་པས་༼༢༦༡༽ཐ་སྙད་འདི་ལྟར་འཇོག་པ་ཤིན་ཏུ་དཀའ་ཞེས་གསུངས་སོ། ། རོང་སྟོན་དམ་པས་༼༡༧༥༽ཀྱང་དཀའ་འགྲེལ་ལས། ཕྱིར་མི་ལྡོག་པ་ལ་སློབ་མི་སློབ་གཉིས་སུ་བྱས་ནས་སློབ་དཔོན་ལྟར་ཁས་ལེན་པར་རིགས་ཞེས་གསུངས་སོ། ། མདོར་ན་ཀུན་མཁྱེན་གོ་རམས་པས་སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་གང་ཟག་ལ་ཕྱིར་མི་ལྡོག་པའི་དགེ་འདུན་གྱིས་ཁྱབ་པ་བསྒྲུབས་ཤིང་། མཁས་པ་གཞན་ཕལ་ཆེ་བས་ཕྱིར་མི་ལྡོག་པའི་དགེ་འདུན་ནི་སྦྱོར་ལམ་དབང་རྣོན་དང་མཐོང་ལམ་དབང་འབྲིང་དང་སྒོམ་ལམ་དབང་རྣོན་ལ་ངོས་བཟུང་མོད། ཞིབ་ཏུ་དཔྱད་ན་འགལ་བ་མེད་དེ། མཁས་པ་གཞན་དག་གིས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་གང་ཟག་ལ་དེ་གསུམ་ངོས་བཟུང་བ་ཡིན་ཞིང་། སྤྱིར་སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་གང་ཟག་ལ་ཕྱིར་མི་ལྡོག་པའི་ཚོགས་ཀྱིས་ཁྱབ་པ་གཞན་གྱིས་ཀྱང་འདོད་པའི་ཕྱིར་རོ། ། གཞན་ཡང་། ཀུན་མཁྱེན་༼༢༥༨༽གྱིས་ཕྱིར་མི་ལྡོག་ན་ཕྱིར་མི་ལྡོག་པའི་རྟགས་ཐོབ་པས་ཁྱབ་པ་གསུངས་ཤིང་།མཁས་པ་གཞན་གྱིས་མ་ཁྱབ་པར་གསུངས་མོད། དེ་ལ་ཡང་འགལ་བ་ཆེར་མེད་དེ། ཀུན་མཁྱེན་གྱིས་ཕྱིར་མི་ལྡོག་པར་སྒྲུབ་པའི་སྒྲུབ་བྱེད་ལ་ཕྱིར་མི་ལྡོག་པའི་རྟགས་སུ་གསུངས་ཤིང་། དེ་ཙམ་ནི་མཁས་པ་གཞན་གྱིས་ཀྱང་ཕྱིར་མི་ལྡོག་པའི་གང་ཟག་ཀུན་ལ་ཡོད་པར་ཁས་ལེན་པའི་ཕྱིར་རོ། ། འོན་ཀྱང་བཞེད་མཚམས་མི་འདྲ་བ་ནི་ཀུན་མཁྱེན་གྱིས་སྦྱོར་མཐོང་སྒོམ་གང་རུང་ལ་གནས་པའི་གང་ཟག་ལ་འདིར་བསྟན་གྱི་ཕྱིར་མི་ལྡོག་པའི་རྟགས་གང་རུང་ཐོབ་པས་ཁྱབ་པ་སྨྲ་ལ།མཁས་པ་གཞན་གྱིས་མི་འདོད་པ་དེའོ། ། དགུ་པ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ལ། ངོ་བོ་དང་ས་མཚམས་ལ་དཔྱད། དེ་ལས་འཕྲོས་ཏེ་སྦྱོར་བ་གསུམ་པོ་སྐུ་གསུམ་གང་གི་རྒྱུར་འགྱུར་མིན་ལ་དཔྱད་པའོ། ། དང་པོ་ལ། མཚན་ཉིད་ནི།རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་སྒྱུར་ཐོབ་པའི་སྒོ་ནས་སྲིད་ཞི་མཉམ་ཉིད་དུ་རྟོགས་ནས་སྒོམ་པའི་སེམས་དཔའི་རྣལ་འབྱོར་རོ། ། ས་མཚམས་ལ། ཟབ་མོར་༼༢༦༢༽སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་དོན་ནི་རྗེས་ཐོབ་ཏུ་ཡང་འཁོར་འདས་ལ་བཟང་ངན་ཐ་དད་དུ་འཛིན་པའི་རྣམ་རྟོག་འབྱུང་མི་སྲིད་པ་ལ་འཇོག་དགོས་ཤིང་། ས་བདུན་པ་མན་ཆད་ཀྱི་རྗེས་ཐོབ་ཏུ་དེ་ལྟ་བུའི་རྣམ་རྟོག་འབྱུང་སྲིད་པའི་ཕྱིར་ན་དག་སའི་ཐུན་མོང་མིན་པའི་ཉམས་ལེན་ཡིན་པར་གསུངས་སོ། ། འདི་ལ་དཔག་ན་ཀུན་མཁྱེན་གོ་རམས་པའི་དགོངས་པར། པཎ་ཆེན་ངག་ཆོས་༼༡༧༠༽ཀྱིས་གསུངས་པ་ལྟར་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ནི་དག་སའི་རྗེས་ཐོབ་ལ་འཇོག་དགོས་པར་སྙམ་སྟེ་དཔྱད་དོ། ། འདི་ལས་འཕྲོས་ཏེ་སྤྱིར་སྦྱོར་བ་གསུམ་གྱི་ས་མཚམས་ལ་དཔྱད་ན་རང་ལུགས་ལ་སྦྱོར་བ་གསུམ་ཆར་གྱི་ས་མཚམས་ནི་ཡུམ་དོན་རབ་གསལ་༼༤༣༠༽ལས་གསུངས་པ་ལྟར། ས་བརྒྱད་པ་ནས་ཡོད་ལ། དེ་ནི་འཕགས་སེང་གཉིས་ཀྱི་དགོངས་པ་ཡང་ཡིན་ཏེ། ཉི་སྣང་༼༢༨༣༽ལས། ད་ནི་མི་སློབ་པའི་དགེ་འདུན་གྱི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། ཞེས་དང་། རྒྱན་སྣང་༼༥༤༢༽ལས། དེ་བས་ན་མི་སློབ་པའི་དགེ་འདུན་གྱི་མཚན་ཉིད་གསལ་བར་བསྟན་པའི་ཕྱིར། ཞེས་སོགས་དག་སའི་བྱང་སེམས་ལ་མི་སློབ་པའི་ཐ་སྙད་བྱས་ནས་སྦྱོར་བ་གསུམ་པོ་མི་སློབ་པའི་དགེ་འདུན་ཁོ་ནས་སྒོམ་པར་གསུངས་པའི་ཕྱིར་རོ། ། སྦྱོར་བ་གསུམ་གྱི་ས་མཚམས་དེ་ལྟར་ཡིན་ན། འོ་ན། ས་བརྒྱད་པའི་ཡོངས་སྦྱོང་གི་སྐབས་སུ། ཟབ་མོར།༼༡༣༣༽གཉིས་སུ་བྱས་པ་ནི་སྔ་མ་ས་བདུན་པ་དང་ཐུན་མོང་བ་དང་ཕྱི་མ་ས་དགུ་བ་དང་ཐུན་མོང་བར་གོ་བའི་ཆེད་ཡིན་པར་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་འདི་ལྟར་གོ་དགོས་ཏེ། སྣོད་ཀྱི་ཞིང་སྦྱོང་ས་བདུན་པ་དང་ཐུན་མོང་བ་ཡིན་ཞེས་པ་ས་བདུན་པར། ཞིང་གཞན་དུ་ནི་མཉམ་འགྲོ་དང་། ། ཞེས་པའི་ཡོངས་སྦྱོང་ཡོད་པ་ཙམ་ལ་དགོངས་སོ། ། བླ་མ་དམ་པས་༼༤༥༩༽ཀྱང་། མི་སློབ་པའི་དགེ་འདུན་ལ་སྲིད་ཞི་མཉམ་ཉིད། ཞིང་དག་སྦྱོར། ཐབས་ལ་མཁས་པའོ། ། ཞེས་ས་བཅད་མཛད་པ་ལྟར་ན་ས་མཚམས་དག་སར་འཇོག་པར་སྣང་ལ། ཀུན་མཁྱེན་རོང་སྟོན་གྱིས་ཀྱང་ཚིག་དོན་རབ་གསལ་༼༤༠༠༽ལས། སྦྱོར་བ་དང་པོའི་སྐབས་སུ་དག་སའི་ཡེ་ཤེས་ཞེས་གསུངས་པ་ལྟར་ན་ས་མཚམས་དག་སར་འཇོག་པར་མངོན། རྒྱལ་ཚབ་རྗེས་༼༡༨༩༽ཀྱང་སྦྱོར་བ་དང་པོའི་སྐབས་སུ། བྱང་སེམས་ས་བརྒྱད་པ་བ་ཆོས་ཅན་དུ་བཟུང་པ་ལྟར་ན་ས་མཚམས་དག་སར་འཇོག་པར་མངོན་ནོ། ། སྐྱེད་ཚལ་མཁན་པོ་༼༡༩༩༽དང་སེ་ར་རྗེ་བཙུན་༼༢༩༥༽གཉིས་ཀྱིས་ཀྱང་ས་མཚམས་འདི་བཞིན་དུ་གསུངས་སོ། ། མཁས་གྲུབ་གཡག་༼༤༤༡༽༼༤༥༩༽པས་ནི། སྦྱོར་བ་གསུམ་པོ་ལ་སྦྱོར་བ་ཙམ་དང་སྦྱོར་བ་ཁྱད་པར་ཅན་གཉིས་སུ་བྱས་ནས་སྦྱོར་བ་ཙམ་ནི་སྦྱོར་ལམ་ནས་ཡོད་པ་དང་། ཁྱད་པར་ཅན་དག་སར་འཇོག་པར་མངོན་ལ། པཎ་ཆེན་ཤཱཀ་མཆོག་གིས་ཀྱང་རོལ་མཚོར། སྦྱོར་བ་དང་པོ་ཇོ་བོ་རྗེའི་རྗེས་སུ་འབྲངས་ནས་སྦྱོར་ལམ་ནས་བཞག་པ་ཉིད་ལེགས་ཞེས་གསུངས། གསེར་ཕྲེང་༼༢༢༧༽ལས། སྦྱོར་བ་གསུམ་ཀ་ཚོགས་ལམ་ནས་ཡོད་པར་བཞེད། བོ་དོང་པཎ་ཆེན་༼༣༧༩༽༼༣༨༦༽གྱིས་སློབ་དཔོན་གྱི་ལུགས་ལ་སྦྱོར་བ་དང་པོ་ས་དགུ་པ་དང་བཅུ་པར་འཇོག་དགོས་པ་དང་། སྦྱོར་བ་ཕྱི་མ་གཉིས་ས་བཅུ་པར་འཇོག་དགོས་པར་གསུངས་སོ། ། གཉིས་པ་ནི།འཕགས་སེང་གཉིས་དང་། ཆོས་བཤེས་དང་གསེར་གླིང་པ་སོགས་རྒྱ་གར་གྱི་མཁས་པ་རྣམས་ཀྱིས་གསལ་ཁ་མ་གསུངས། མཁས་པ་ཨར་༼༡༡༥༽གྱིས། ཆོས་སྐུའི་རྒྱུ་སྲིད་ཞི་མཉམ་ཉིད། གཟུགས་སྐུ་གཉིས་ཀྱི་རྒྱུ་ཞིང་དག་སྦྱོར། ཕྲིན་ལས་ཕུན་སུམ་ཚོགས་པའི་རྒྱུ་ཐབས་མཁས་ཀྱི་སྦྱོར་བ་ཞེས་གསུངས་ལ། ཀུན་མཁྱེན་རོང་སྟོན་༼༣༩༩༽དང་པཎ་ཆེན་ཤཱཀ་མཆོག ༼༢༧༧༽ཀུན་མཁྱེན་གོ་རམས་༼༡༧༽རྣམས་ཀྱིས་ཀྱང་དེ་བཞིན་དུ་གསུངས། བཅོམ་ལྡན་རིགས་རལ་༼༥༠༧༽༼༥༡༡༽༥༡༣༽གྱིས་ཆོས་སྐུའི་རྒྱུ་སྲིད་ཞི་མཉམ་ཉིད། ལོངས་སྐུའི་རྒྱུ་ཞིང་དག་སྦྱོར། སྤྲུལ་སྐུའི་རྒྱུ་ཐབས་མཁས་སྦྱོར་བ་ཞེས་གསུངས་ལ། རྒྱལ་ཚབ་རྗེ་༼༡༨༨༽དང་འཇམ་བཞེད་༼༡༨༢༽གཉིས་ཀྱང་དེ་བཞིན་དུ་བཞེད། བོ་དོང་པཎ་ཆེན་༼༣༧༨༽༼༣༨༥༽གྱིས་འཕགས་པའི་ལུགས་ལ། ཆོས་སྐུའི་རྒྱུར་དང་པོ་དང་། གཟུགས་སྐུའི་རྒྱུར་གཉིས་པ་དང་། གསུམ་པ་ལ་ནི་ཁ་གསལ་མ་གསུངས་སོ། ། དེ་དག་ལས་ཁོ་བོར་འདི་འཐད་དང་འདི་མི་འཐད་ཅེས་བརྗོད་པའི་རྔོ་མ་ཐོགས་སོ། ། བཅུ་པ་ཞིང་དག་པའི་སྦྱོར་བ་ལ། ངོ་བོ་དང་། ཞིང་སྦྱོང་ཚུལ་ལ་དཔྱད་པའོ། ། དང་པོ་ལ། མཚན་ཉིད་ནི། རང་སྣང་ལ་སྣོད་བཅུད་ཐམས་ཅད་དག་པ་རབ་འབྱམས་འབའ་ཞིག་ཏུ་འཆར་བའི་ཆེད་དུ་མ་དག་པའི་སྣོད་བཅུད་ཀྱི་ཞིང་སྦྱོང་བར་བྱེད་པའི་དག་སའི་རྣལ་འབྱོར། དབྱེ་ན་བཅུད་དང་སྣོད་ཀྱི་ཞིང་དག་པའི་སྦྱོར་བ་གཉིས། ས་མཚམས་དོགས་གཅོད་དང་བཅས་པ་ནི་གོང་དུ་བཤད་ཟིན་ཏོ། ། གཉིས་པ་ལ། ཞིང་སྦྱོང་ཚུལ་ནི་ཀུན་མཁྱེན་གོ་རམས་པས་གསུངས་པ་ལྟར། རང་སྣང་ལ་སྣོད་བཅུད་ཐམས་ཅད་དག་པ་རམས་འབྱམས་འབའ་ཞིག་ཏུ་འཆར་ཚུལ་སྟེ། འགྲེལ་ཚུལ་འདི་ནི་དགོངས་འགྲེལ་གང་དུ་ཡང་བྱུང་མེད་པའི་འགྲེལ་ཚུལ་རྨད་དུ་བྱུང་བའོ། ། འདིར་གཡག་༼༤༥༩༽རོང་༼༤༠༧༽གཉིས་དང་རྗེ་ཙོང་ཁ་པ་༼༢༤༢༽རྣམས་ཀྱིས་རང་ཉིད་མ་འོངས་པ་ན་སངས་རྒྱས་སུ་འགྱུར་བའི་འཇིག་རྟེན་ཉེས་པ་མེད་ཅིང་ཡོན་ཏན་དང་ལྡན་པར་བྱ་བའི་ཕྱིར་ཞེས་གསུངས་པ་ཡང་རང་སྣང་གི་སངས་རྒྱས་ཀྱི་ཞིང་ལ་དགོངས་པར་སྙམ་སྟེ། སྟོན་པ་ཤཱཀྱ་ཐུབ་པ་སངས་རྒྱས་པའི་མི་མཇེད་འཇིག་རྟེན་གྱི་ཁམས་དེ་ཉེས་པ་མེད་ཅིང་ཡོན་ཏན་དང་ལྡན་པར་འདི་དག་གིས་ཀྱང་མི་བཞེད་པའི་ཕྱིར་རོ། ། བཅུ་གཅིག་པ་ཐབས་མཁས་ཀྱི་སྦྱོར་བ་ལ། ངོ་བོ་དང་རབ་དབྱེའི་རྣམ་པར་བཞག ། དེ་ལས་འཕྲོས་ཏེ་སྦྱོར་བ་དང་པོའི་བདུད་བཞི་བཅོམ་ཚུལ་ལ་དཔྱད་པའོ། ། དང་པོ་ལ། མཚན་ཉིད་ནི། ཤེར་ཕྱིན་གྱི་དོན་བཅུ་པོ་མངོན་དུ་བྱ་བའི་དུས་དང་དུས་མ་ཡིན་པ་ཤེས་ནས་དུས་ལ་མ་བབས་ན་མངོན་དུ་མི་བྱེད་ཅིང་། དུས་ལ་བབས་ན་མངོན་དུ་བྱེད་པའི་དག་སའི་རྣལ་འབྱོར། དབྱེ་ན་བཅུ། ས་མཚམས་ནི་གོང་དུ་བཤད་ཟིན་ཏོ། ། གཉིས་པ་ནི། མཁས་གྲུབ་གཡག་༼༤༧༡༽པས། ཐེག་ཆེན་ལ་ས་དང་པོ་ཐོབ་ནས་བདུད་བཞི་བཅོམ་པར་འདོད། རོང་སྟོན་སྨྲ་བའི་ཉི་མས་ཚིག་དོན་རབ་གསལ་༼༤༡༠༽ལས། ཉན་རང་གི་རིགས་ཅན་ལ། མཐོང་ལམ་ཐོབ་ནས་ལྷའི་བུའི་དང་། ལྷག་བཅས་ཐོབ་ནས་ཉོན་མོངས་པའི་དང་། ལྷག་མེད་ནས་ཕུང་པོའི་དང་། བསམ་གཏན་གྱི་རབ་མཐའ་ཐོབ་ནས་འཆི་བདག་གི་བདུད་བཅོམ་པར་བཞེད། བྱང་སེམས་ལ་སྦྱོར་ལམ་ནས་ལྷའི་བུའི་དང་། མཐོང་ལམ་ནས་ཉོན་མོངས་པ་དང་འཆི་བདག་གི་དང་། ས་བརྒྱད་པ་ནས་ཕུང་པོའི་བདུད་ལས་འདས་པར་བཞེད་དོ།། ཡུམ་དོན་རབ་གསལ་༼༤༣༧༽ལས་ཀྱང་འདི་བཞིན་དུ་འཆད་པ་དེ་ཀུན་མཁྱེན་རོང་སྟོན་གྱི་ལུགས་ཡིན་གྱི་ཀུན་མཁྱེན་རང་གི་དགོངས་པ་མིན་ཏེ་འོག་ཏུ་འཆད་དོ། ། གསེར་ཕྲེང་༼༢༤༣༽ལས། ས་བརྒྱད་པ་ནས་ཉོན་མོངས་པའི་དང་། སངས་རྒྱས་པ་ནས་འཆི་བདག་དང་ཕུང་པོའི་དང་། ལྷའི་བདུད་ཀྱང་བདུད་སྔ་མ་གསུམ་ཇི་སྲིད་འཇུག་པ་དེ་སྲིད་དུ་ཡོད་པར་བཞེད། བོ་དོང་པཎ་ཆེན་༼༣༨༨༽གྱིས་ཐེག་ཆེན་ལ་ས་དང་པོར་བདུད་བཞི་རགས་པ་དང་། ས་བརྒྱད་པར་ཕྲ་བ་བཅོམ། བག་ཉལ་ཕྲ་མོ་ནི་ས་བཅུ་པར་བཅོམ་པར་གསུངས། པཎ་ཆེན་ཤཱཀ་མཆོག་༼༢༨༣༽གིས་ཐེག་དམན་ལ་འདོད་པ་ལ་ཆགས་བྲལ་བྱས་པའི་ཚེ་ལྷའི་བུའི་དང་། བདུད་ལྷག་མ་གསུམ་ནི་དགྲ་བཅོམ་མངོན་དུ་བྱས་པའི་ཚེ་བཅོམ་པར་འདོད་དོ། ། ཐེག་ཆེན་གྱི་བཅོམ་ཚུལ་ནི་རང་ལུགས་དང་འདྲ་བས་འོག་ནས་ཕྱོགས་གཅིག་ཏུ་འཆད་དོ། ། རྒྱལ་ཚབ་རྗེས་༼༢༠༤༽ནི་ཐེག་དམན་ལ་མཐོང་ལམ་ཐོབ་ནས་ལྷའི་བུའི། དགྲ་བཅོམ་ཐོབ་ནས་ཉོན་མོངས་པའི། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ན་འཆི་བདག་གི ། ལྷག་མེད་མྱང་འདས་ཐོབ་ནས་ཕུང་པོའི་བདུད་བཅོམ་པར་བཞེད། ཐེག་ཆེན་ལ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པ་ནས་ལྷའི་བུའི། ས་བརྒྱད་པ་ཐོབ་པ་ནས་བདུད་གཞན་གསུམ་རགས་པ་ལས་འདའ། བདུད་བཞི་མ་ལུས་པར་བཅོམ་པ་སངས་རྒྱས་ཀྱི་ས་ལ་བཞེད་དོ། ། སེ་ར་རྗེ་བཙུན་༼༣༠༥༽དང་འཇམ་བཞེད་༼༡༩༨༽གཉིས་ཀྱིས་ཀྱང་འདི་བཞིན་དུ་གསུངས་སོ། ། རང་ལུགས་ཀུན་མཁྱེན་གོ་རམས་པའི་དགོངས་པ་ལ་ནི།ཡུམ་དོན་རབ་གསལ་༼༤༣༦༽ལས་ཕྱོགས་སྔར་བཀོད་པའི་ཁ་ཅིག་གི་བཞེད་པ་ལྟར། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ཡན་ལག་དང་མ་རིགས་པ་བགས་ཆགས་དང་བཅས་པ་དང་། སྤང་བར་བྱ་བའི་ཕུང་པོ་དང་། སྲོག་འགག་པར་བྱེད་པ་སྟེ། དེ་ཡང་ཉོན་མོངས་པའི་བདུད་ལ་རགས་པ་རྩ་ཉོན་དྲུག་དང་ཉེ་ཉོན་ཉི་ཤུ། ཕྲ་བ་ཉོན་སྒྲིབ་ཀྱི་བག་ཆགས་ལྟ་བུ། ཕུང་པོའི་བདུད་ལ་ཡང་རགས་པ་ཟག་བཅས་ཉེར་ལེན་གྱི་ཕུང་པོ་དང་། ཕྲ་བ་ཡིད་ཀྱི་རང་བཞིན་གྱི་ལུས་གཉིས།འཆི་བདག་གི་བདུད་ལ་ཡང་རགས་པ་རང་དབང་མེད་པར་སྲོག་འགག་པར་བྱེད་པ་དང་། ཕྲ་བ་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་ལྟ་བུ་ཡོད་པར་བཞེད་དོ། ། འོན་ཀྱང་། ལྷའི་བུའི་བདུད་ཀྱི་ངོས་འཛིན་ནི་ཕྱོགས་སྔ་ལྟར་མིན་པར་བདུད་གཞན་གསུམ་གང་རུང་ལས་འདའ་བའི་དགེ་བ་ལ་བར་དུ་གཅོད་པར་བྱེད་པའི་འདོད་ལྷའི་རིགས་སུ་གཏོགས་པ་ལ་འཇོག་པར་སྣང་ངོ་། ། བཞེད་པ་འདི་ནི་ཀུན་མཁྱེན་གོ་རམས་པས་སྡོམ་གསུམ་འཁྲུལ་སྤོང་༼༤༣༩༽ལས། ས་བཅུའི་ཐ་མར་བདུད་བཏུལ་བའི། ། བཤད་པ་གཞུང་ལུགས་གང་ན་བཞུགས། ། ཞེས་པའི་པཎ་ཆེན་ཤཱཀ་མཆོག་གི་དྲི་བའི་ལན་དུ། མངོན་རྟོགས་རྒྱན་དང་རྒྱུད་བླ་གཉིས་ན་བཞུགས་ཏེ། ཞེས་དང་། ཐབས་མཁས་བཅུ་པོ་སངས་རྒྱས་ཀྱི་ཁོ་ནར་བཞག་པས་བདུད་བཞི་སྤངས་པ་སངས་རྒྱས་ཀྱི་ཁོ་ནར་འགྲུབ་པའི་ཕྱིར་ཞེས་དང་། དེས་ན་བདུད་བཞི་ལ་ཡང་ཚན་པ་གཉིས་ཡོད་པ་ལས། དང་པོའི་དབང་དུ་བྱས་པ་ས་དང་པོ་ནས་སྤངས་ཀྱང་ཕྱི་མའི་དབང་དུ་བྱས་པ་སངས་རྒྱས་ཀྱི་ས་ཁོ་ནར་སྤངས་པ་གསལ་བའི་ཕྱིར་ཏེ། འཆི་བདག་གི་བདུད་སྤངས་པ་ལ་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་བ་སྤངས་དགོས་པའི་ཕྱིར། ཞེས་སོགས་ཁ་གསལ་དང་བཅས་ཏེ་གསུངས་པ་ལྟར་ཡིན་པས་མང་དུ་སྤྲོས་པ་ལ་དགོས་པ་ཅི་ཞིག་ཡོད། པཎ་ཆེན་ཤཱཀ་མཆོག་༼༢༨༣༽གིས་ཀྱང་ཐེག་ཆེན་ལ་འཁོར་བར་འཆིང་བྱེད་ཀྱི་བདུད་བཞི་དང་། བག་ལ་ཉལ་གྱི་བདུད་བཞི་བཅོམ་ཚུལ་གཉིས་ལས། དང་པོ་ནི་ཀུན་མཁྱེན་རོང་སྟོན་གྱི་བཞེད་པ་དང་འདྲ་བ་ལས།གཉིས་པ་ནི་སངས་རྒྱས་ཐོབ་པ་དང་བདུད་བཞི་བག་ཆགས་དང་བཅས་པ་མ་ལུས་པ་སྤངས་པ་དུས་མཉམ་པར་གསུངས་པ་ཡང་འདི་དང་མཐུན་ནོ། ། འདིར་པཎ་ཆེན་ངག་ཆོས་༼༡༧༢༽ཀྱིས་ནི། ཐེག་ཆེན་སྦྱོར་ལམ་ཐོབ་ནས་ལྷའི་བུའི།ས་དང་པོ་ཐོབ་ནས་ཉོན་མོངས་པ་དང་འཆི་བདག་གི ། ས་བརྒྱད་པ་ཐོབ་ནས་ཕུང་པོའི་བདུད་མངོན་འགྱུར་བ་བཅོམ། ས་བཅུ་པའི་རྒྱུན་གྱི་མཐའ་མར་གནས་ངན་ལེན་ཕྲ་བ་བཅོམ་པར་གསུངས་སོ། །
ལྔ་པ་རྩེ་སྦྱོར་ལ་མཚོན་བྱེད་ཀྱི་ཆོས་བརྒྱད་ལས། དང་པོ་རྟགས་སོགས་རྩེ་སྦྱོར་བཞི་ཕྱོགས་གཅིག་ཏུ་བཤད་པ་ལ། སྦྱོར་ལམ་རྩེ་སྦྱོར་བཞིའི་ངོ་བོ་དང་ས་མཚམས་ལ་དཔྱད། དེ་ལས་འཕྲོས་ཏེ་རྟགས་བཅུ་གཉིས་པོ་ལ་འབྲས་རྟགས་དང་རང་བཞིན་གྱི་རྟགས་གང་ཡོད་དཔྱད། བྱང་སེམས་སྦྱོར་ལམ་པ་ལ་རྨི་ལམ་ཡོད་མེད་དཔྱད་པ་དང་གསུམ་ལས། དང་པོ་ལ། མཚན་ཉིད་ནི། རིམ་པ་བཞིན། རྟགས་བཅུ་གཉིས་པོ་གང་རུང་ཐོབ་པའི་དྲོད་ལ་གནས་པའི་སེམས་དཔའི་རྣལ་འབྱོར།དེས་ཕྱི་མ་གསུམ་ལ་ཡང་རིགས་འགྲེ། དེས་ན་རང་ལུགས་ཀུན་མཁྱེན་གོ་རམས་པའི་ལུགས་ལ་རྟགས་ཀྱི་རྩེ་སྦྱོར་ལ་དྲོད་ཀྱིས་ཁྱབ་པ་ནས། རྣམ་འཕེལ་ལ་རྩེ་མོས་ཁྱབ་པ་སྟེ། དེའི་རྒྱུ་མཚན་ཡང་ཟབ་མོར།༼༢༧༡༽བསོད་ནམས་མང་པོ་ཉིད་ཀྱི་ནི། ། ཞེས་དང་། དེ་ཐོབ་བར་ཆད་མེད་པའི་རྒྱུ། ། བསོད་ནམས་མང་པོའི་མཚན་ཉིད་དོ། ། ཞེས་གསུངས་པ་གནད་གཅིག་པས་སེམས་ཀུན་གནས་ཀྱི་མཐོང་ལམ་གྱི་དངོས་རྒྱུར་གྲུབ་པ་དང་། དེ་གྲུབ་པས་རྩེ་སྦྱོར་དང་པོ་གསུམ་དྲོད་དང་རྩེ་མོ། བཟོད་པར་རིམ་བཞིན་འཇོག་པ་གྲུབ་ཅེས་གསུངས་སོ། ། འདི་བཞིན་བོ་དོང་པཎ་ཆེན་༼༣༩༠༽གྱིས་ཀྱང་རྟགས་ཀྱི་རྩེ་སྦྱོར་ལ་དྲོད་ཀྱིས་ཁྱབ་པ་ནས་ཕྱི་མ་གསུམ་ལ་ཡང་རྩེ་མོ་དང་བཟོད་པ་སོགས་ཀྱིས་ཁྱབ་པར་བཞེད་པ་སྟེ།སྔོན་གྱི་མཁས་པ་ཕལ་མོ་ཆེས་སྦྱོར་ལམ་རྩེ་སྦྱོར་བཞི་པོ་དང་རྟགས་སོགས་བཞི་པོ་རིམ་པ་བཞིན་སྦྱར་ནས་འཆད་པ་ལས། རྟགས་ཀྱི་རྩེ་སྦྱོར་དང་དྲོད་ཀྱི་རྩེ་སྦྱོར་སོ་སོར་ཕྱེ་ནས་ཞིབ་ཆ་འབྱེད་མཁན་མི་སྣང་ངོ་། ། འོན་ཀྱང་། ཀུན་མཁྱེན་རོང་སྟོན་༼༡༨༣༽གྱིས་དཀའ་འགྲེལ་ལས་ནི། རྟགས་སོགས་དང་དྲོད་སོགས་རིམ་བཞིན་སྦྱར་བ་ནི་རྩ་བའི་དགོངས་པ་མིན་ཞེས་གསུངས། པཎ་ཆེན་ཤཱཀ་མཆོག་༼༢༩༢༽གིས་ངེས་འབྱེད་ཆ་མཐུན་སྤོང་གཉེན་ཡིན་པས་རྩེ་སྦྱོར་དུ་བསྡུས་པ་ཡིན་གྱི་རྩེ་སྦྱོར་དངོས་མིན་ཞེས་གསུངས། པཎ་ཆེན་ངག་ཆོས་༼༡༧༣༽༼ཀྱིས་འདིར་བསྟན་གྱི་རྟགས་ཀྱི་རྩེ་སྦྱོར་དང་སྤྱིར་རྟགས་ཀྱི་རྩེ་སྦྱོར་དོན་མི་གཅིག་སྟེ། འདིར་བསྟན་རྟགས་ཀྱི་རྩེ་སྦྱོར་དྲོད་ཁོ་ནར་ངེས་པའི་ཕྱིར་དང་། སྤྱིར་རྟགས་ཀྱི་རྩེ་སྦྱོར་ནི་དྲོད་ནས་རྒྱུན་མཐའི་བར་ཡོད་པའི་ཕྱིར། ཞེས་དང་། དངོས་བསྟན་གྱི་སྦྱོར་ལམ་རྩེ་སྦྱོར་བཞི་པོ་ཡང་རྗེས་ཐོབ་ཁོ་ནར་གསུངས་སོ། ། འོ་ན་ཀུན་མཁྱེན་གོ་རམས་པས་སྦས་དོན་རབ་གསལ་ལས་རྟགས་ཀྱི་རྩེ་སྦྱོར་དྲོད་ནས་རྒྱུན་མཐའི་བར་ཡོད་པར་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་ཀུན་མཁྱེན་རོང་སྟོན་གྱི་དགོངས་པ་ཡིན་ནོ། ། དེ་དག་ལས་ཁོ་བོས་ནི་སྔ་མའི་ཕྱོགས་བཟུང་སྟེ། ཉི་སྣང་༼༣༠༡༽ལས། རྟགས་ལ་སོགས་པ་དག་ནི་རིམ་པ་ཇི་ལྟ་བ་བཞིན་དྲོ་བ་ལ་སོགས་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིའི་རང་བཞིན་གྱི་མཚན་ཉིད་ཅན་ཡིན་པར་ཤེས་པར་བྱའོ། ། ཞེས་དང་། རྒྱན་སྣང༼༥༨༩༦༽དང་། དོན་གསལ༼༩༠༽ལས་ཀྱང་འདི་སྒྲ་ཇི་བཞིན་པ་གསུངས་པའི་ཕྱིར་རོ། །གཉིས་པ་ནི། སྦྱོར་རྩེ་ཕྱི་མ་གསུམ་ལ་དཔྱད་དགོས་པའི་དཀའ་བའི་གནད་ཆེར་མི་སྣང་བས། འདིར་རྟགས་ཀྱི་རྩེ་སྦྱོར་གྱི་དཀའ་གནད་འགའ་ཞིག་ལ་དཔྱད་འདོད་པས། ཐོག་མར་རྟགས་བཅུ་གཉིས་ལ་དཔྱད་ན། ཀུན་མཁྱེན་རོང་སྟོན་༼༤༡༢༽གྱིས་རྟགས་བཅུ་གཉིས་ལས་སྔ་མ་བརྒྱད་འབྲས་བུ་དང་ཕྱི་མ་བཞི་རང་བཞིན་གྱི་རྟགས་སུ་གསུངས་ཤིང་། རྗེ་ཙོང་ཁ་པ་༼༢༥༢༽དང་། པཎ་ཆེན་ཤཱཀ་མཆོག༼༢༩༣༽འཇམ་བཞེད་༼༢༡༠༽རྣམས་ཀྱིས་ཀྱང་འདི་བཞིན་གསུངས།འདིར་ཡང་ལུགས་འདི་ཉིད་འཐད་ཕྱོགས་སུ་བཟུང་བས། འོ་ན་སྔ་མ་བརྒྱད་རང་བཞིན་དང་ཕྱི་མ་བཞི་འབྲས་རྟགས་སུ་འགྲོ་ཚུལ་ཇི་ལྟར་ཞེ་ན། པཎ་ཆེན་ཤཱཀ་མཆོག་གིས༼༢༩༣༽དང་པོ་བརྒྱད་ནི་རྗེས་ཐོབ་ཀྱི་ཡོན་ཏན་རྟགས་སུ་བཀོད་པས་འབྲས་རྟགས་དང་། ཕྱི་མ་བཞི་ནི་སྦྱོར་བ་རང་གི་ངོ་བོ་རྟགས་སུ་བཀོད་པས་རང་བཞིན་གྱི་གཏན་ཚིགས་ཞེས་པ་ལྟར་རམ། ཡང་ན་འཇམ་བཞེད་༼༢༡༠༽ཀྱིས་དང་པོ་བརྒྱད་ནི་རྩེ་སྦྱོར་ཐོབ་རྗེས་སུ་དེ་དཔོག་བྱེད་དང་ཕྱི་མ་བཞི་ནི་རྩེ་སྦྱོར་དང་དུས་གཅིག་པའི་དེ་དཔོག་བྱེད་ཡིན་པའི་ཕྱིར་ཞེས་པ་ལྟར་ཁས་ལེན་རིག་སྟེ། དོན་གཅིག་གོ ། གསུམ་པ་ནི། རྩེ་སྦྱོར་ཐོབ་པའི་གང་ཟག་ལ་རྨི་ལམ་ཡོད་དམ་མེད། ཡོད་ན། དེ་ལ་འགྱོད་གཉིད་མི་དགེ་རྣམས། ། བསམ་གཏན་དང་པོ་དག་ན་མེད། ། ཅེས་པ་དང་འགལ་ཞིང་། མེད་ན་རྨི་ལམ་གྱི་རྟགས་དྲུག་པོ་ཇི་ལྟར་ཐོབ་བམ་སྙམ་ན། སྔར་སྐབས་དང་པོའི་སྐབས་སུ་བྱང་འཕགས་ལ་རྨི་ལམ་ཡོད་མེད་ཀྱི་རྩོད་པ་བྱུང་ཡོད་པས་འདི་གཉིས་སྟབས་གཅིག་ཏུ་བཤད་ན། དེ་ཡང་ཐོག་མར་བྱང་འཕགས་ལ་རྨི་ལམ་ཡོད་མེད་ཀྱི་རྩོད་པ་དེ་བཀྲོལ་ན། དེ་འབྱུང་བའི་གཞི་ནི། བློ་གྲོས་མི་ཟད་པས་ཞུས་པའི་མདོ་དང་། དཀོན་མཆོག་བརྩེགས་པ་དང་གསེར་འོད་དམ་པ་རྣམས་ལས་ས་བཅུ་པོ་ལ་རྨི་ལམ་གྱི་རྟགས་མང་དུ་གསུངས་པ་དེ་ལས་བྱུང་བ་ཡིན་ཞིང་། འདི་ལ། ཆོས་བཤེས་ཀྱིས། ས་དེ་དག་ཐོབ་པའི་རྟགས་ནི་རྨི་ལམ་གྱི་རྣམ་པ་ལས་ཤེས་པར་བྱའོ། ། དེ་ལྟར་ན་རྨི་ལམ་དྲོ་བར་གྱུར་པའི་ཚེ་ན་མེད་དེ་དེར་གཉིད་ལ་སོགས་པའི་སྒྲིབ་པ་ལྔ་ཟད་པའི་ཕྱིར་རོ། ། དེ་ལྟར་ན་ཇི་ལྟར་དེ་དག་གི་རྟགས་རྨི་ལམ་དུ་ངེས་པར་འགྱུར་ཞེ་ན། དེ་ནི་བདེན་མོད་ཀྱི་འོན་ཀྱང་གཉིད་དེ་ནི་རྣམ་པ་གཉིས་ཏེ། རང་དབང་མེད་པ་ཉོན་མོངས་པའི་བདག་ཉིད་དང་། དེ་ལས་བཟློག་པ་ཉིད་དོ། ། སྦྱོར་བའི་ལམ་ཉིད་དུ་དང་པོ་བཅོམ་ཡང་ཆེད་དུ་བྱིན་གྱིས་བརླབས་པས་ལུས་རྒྱས་པར་བྱེད་པ་དགེ་བར་བགྲང་བའི་གཉིད་ནི་ས་དེ་དང་དེ་དག་ལ་ཡང་ངེས་པར་ཡོད་པས་ན་འདི་ལ་ཉེས་པ་མེད་དོ། ། ཞེས་དང་། ཉ་དབོན་ཀུན་དགའ་དཔལ་གྱིས། དྲོད་ཐོབ་ནས་གཉིད་སོགས་སྒྲིབ་པ་ལྔ་མེད་པར་བཤད་པས་ས་བཅུ་ཐོབ་པ་ལ་ཅི་ལྟར་རྨི་ལྟས་འོང་སྙམ་ན། གཉིད་ལ་གཉིས་ལས། འཇུག་པ་རང་དབང་མེད་པར་སྡུད་བྱེད་ཉེ་ཉོན་གྱི་གཉིད་མེད་ཀྱང༌། ཆེད་དུ་བྱིན་གྱིས་བརླབས་པས་ལུས་རྒྱས་པར་བྱེད་པ་དགེ་བར་བགྲང་བའི་གཉིད་ནི་ས་དེ་དག་ནའང་ཡོད་པས་སྐྱོན་མེད་དོ། ། ཞེས་དང་། ཀུན་མཁྱེན་གཡག་པས་ཀྱང་། ས་ཐོབ་ནས་མི་དགེ་བའི་གཉིད་མེད་ཀྱང་དགེ་བའི་གཉིད་ཡོད་པས་རྨི་ལམ་གྱི་རྟགས་ཡོད་པ་མི་འགལ་ཞེས་གསུངས་ལ། རྗེ་ཙོང་ཁ་པ་དང་ཀུན་མཁྱེན་འཇམ་བཞེད་༼༢༡༠༽སོགས་ཀྱིས་ཀྱང་བྱང་འཕགས་ལ་གཉིད་ཡོད་པ་ཞལ་གྱིས་བཞེས་སོ། ། འོན་ཀྱང་དཔལ་ལྡན་ས་སྐྱ་པཎྜི་ཏ་དང་ཀུན་མཁྱེན་མཁས་པའི་དབང་པོས་ནི། མདོ་དེ་དག་ལས་གསུངས་པའི་རྨི་ལམ་གྱི་རྟགས་དེ་དག་ནི་སྦྱོར་ལམ་གྱི་གནས་སྐབས་སུ་ཐོབ་པར་བཞེད་དོ། ། འོ་ན་མདོ་ཉིད་ལས། དེ་དང་དེ་ལ་རྨི་ལམ་གྱི་གནས་སྐབས་སུ་རྟགས་དེ་དང་དེ་རྨིས་པར་གསུངས་པའི་ཕྱིར་སྙམ་ན། རྟགས་མ་གྲུབ་སྟེ། བློ་གྲོས་མི་ཟད་པའི་མདོ་ལས། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་སེམས་དཔའི་ས་དང་པོའི་སྔ་ལྟས་ནི། ཞེས་པ་ནི། རིགས་ཀྱི་བུ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ས་བཅུ་པོའི་སྔ་ལྟས་ཡིན་ནོ། ། ཞེས་ས་དེ་དང་དེ་ཐོབ་པའི་སྔ་ལྟས་སུ་རྨི་ལམ་རྨིས་པར་གསུངས་པས། དེའི་ཕྱིར་སྦྱོར་ལམ་དུ་སྦྱར་བ་ཤིན་ཏུ་འགྲིག་སྟེ། ས་དེ་ཐོབ་པའི་སྔ་ལྟས་ནི་ས་དེའི་སྔ་ལོགས་སུ་འབྱུང་དགོས་པའི་ཕྱིར་རོ། ། དེ་ལྟར་ན་འོ་ན་སྦྱོར་ལམ་ན་རྨི་ལམ་ཡོད་དམ་ཞེ་ན། འདི་ལ་གོང་དུ་སོང་ཟིན་པ་ལྟར་འདིར་ཡང་མཁས་པ་ཕལ་ཆེ་བས་ནི་མི་དགེ་བའི་གཉིད་མེད་ཀྱང་དགེ་བའི་གཉིད་ཡོད་པས་སྐྱོན་མེད་ཅེས་མགྲིན་གཅིག་ཏུ་སྨྲ་མོད། རང་ལུགས་ལ་ནི་སྦྱོར་ལམ་ན་གཉིད་ཡོད་པ་ལ་འདོད་ལན་འདེབས་སོ། ། འོ་ན། དེ་ལས་འགྱོད་གཉིད་མི་དགེ་རྣམས། ། བསམ་གཏན་དང་པོ་དག་ན་མེད། ། ཅེས་གསུངས་པ་དང་འགལ་ལོ་སྙམ་ན། སྐྱོན་མེད་དེ།ལུང་དེའི་དོན་ནི་བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཁམས་གོང་མའི་སོ་སྐྱེ་རྣམས་ལ་གཉིད་མེད་པའི་དོན་ཡིན་གྱི། བསམ་གཏན་གྱི་དངོས་གཞི་ཙམ་ཐོབ་པས་གཉིད་མེད་པས་ཁྱབ་པ་ནམ་ཡང་མ་གསུངས་པའི་ཕྱིར་རོ། ། ཀུན་མཁྱེན་གྱིས་སྦས་དོན་ཟབ་མོར་༼༡༢༦༽ཡང་། གོང་གི་མཛོད་ཀྱི་ལུང་དོན་བཀྲལ་བའི་ཚེ་ཁམས་གོང་དུ་སྐྱེས་པའི་སོ་སྐྱེ་ཞེས་པའི་གསུང་གི་ཁྱད་པར་སྦྱར་ཡོད་པ་འདི་ཙམ་གྱིས་ཀྱང་གནད་ཐམས་ཅད་རང་གྲོལ་དུ་འགྱུར་རོ། ། ལྔ་པ་མཐོང་ལམ་དང་དྲུག་པ་སྒོམ་ལམ་གྱི་རྩེ་སྦྱོར་གཉིས་ཕྱོགས་གཅིག་ཏུ་བཤད་པ་ལ། མཐོང་སྒོམ་རྩེ་སྦྱོར་གྱི་ངོ་བོ་ལ་དཔྱད། རྩོད་པ་སྤོང་བའོ། ། དང་པོ་ནི། དེ་ཡང་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོའི་༼༡༦༡༽སྐབས་ལྔ་པར། སྐབས་དང་པོར་གསུངས་པའི་མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་བཞི་དང་། སྐབས་ལྔ་པར་གསུངས་པའི་མཐོང་ལམ་རྩེ་བཞི་ནི་དོན་གཅིག་པས་བར་ཆད་མེད་ལམ་ཁོ་ན་ལ་འཇོག་སྟེ། ཞེས་དང་། རིགས་པ་འདིས་སྒོམ་སྤང་གཉེན་པོའི་ཚོགས་སྒྲུབ་བཞི་དང་། སྒོམ་ལམ་རྩེ་སྦྱོར་བཞི་ཡང་ས་གཉིས་པ་ནས་བཅུ་པའི་བར་གྱི་བར་ཆད་མེད་ལམ་རེ་རེའི་སྟེང་དུ་ཡང་ལྡོག་པའི་སྒོ་ནས་བཞི་བཞིར་ཕྱེ་བར་ཤེས་པར་བྱའོ། ། ཞེས་དང་། སྐབས་ལྔ་པར།༼༢༧༧༽༼༢༧༩༽འདིར་མཐོང་ལམ་རྩེ་སྦྱོར་ནི། མཐོང་སྤང་མ་ལུས་པ་ཅིག་ཅར་དུ་སྤོང་བའི་བར་ཆད་མེད་ལམ་ཡིན་པས་སྔར་བཤད་པའི་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་ནང་ནས་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་དེ་ཉིད་ཁོ་ན་མཐོང་ལམ་རྩེ་སྦྱོར་ཡིན་ནོ། །ཞེས་དང་། སྒོམ་ལམ་རྩེ་སྦྱོར་ནི་མ་ཡིན་ཏེ། སྒོམ་སྤང་ཤེས་སྒྲིབ་ཀྱི་སྤོང་གཉེན་མ་ཡིན་པའི་ཕྱིར་རོ། ། ཞེས་དང་། སྒོམ་ལམ་རྩེ་སྦྱོར་གྱི་སྐབས་སུ། གཉིས་པ་སྤོང་བྱེད་གཉེན་པོ་ལ་རང་གི་ངོ་བོ་ནི་སྐབས་གཉིས་པར། ས་དགུ་ལ་ནི་ཆེན་པོ་ཡི། ། ཞེས་པར་བསྟན་ཟིན་པས་འདིར་དངོས་སུ་མ་བསྟན་པ་ཡིན་ལ། ཞེས་གསུངས་པ་རྣམས་ལ་དཔག་ན་མཐོང་སྒོམ་རྩེ་སྦྱོར་ནི་སྤོང་བ་གཉེན་པོ་དང་དེའི་ནང་ནས་ཀྱང་བར་ཆད་མེད་ལམ་ཁོ་ནས་བསྡུས་པར་ཁས་ལེན་པ་འདྲ་མོད།འོན་ཀྱང་དེ་ནི་རྒྱན་གྱི་དངོས་བསྟན་གྱི་མཐོང་སྒོམ་རྩེ་སྦྱོར་ལ་དགོངས་པ་ཡིན་ཏེ། ངག་དོན་༼༣༩༠༽ལས། ཕར་ཕྱིན་རེ་རེ་ཡང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཆོས་ཅན། རྩེ་སྦྱོར་འཆད་པའི་དངོས་སུ་བསྟན་པའི་མཐོང་བའི་ལམ་ཡིན་ཏེ། མཐོང་སྤང་སྒྲིབ་གཉིས་ཀྱི་དངོས་གཉེན་དུ་གྱུར་པའི་བར་ཆད་མེད་ལམ་ཡིན་པའི་ཕྱིར། ཞེས་གསུངས་པས་ཤེས་ནུས་སོ། ། གཞན་དུ་ན་ཟབ་མོར་༼༢༧༠༽དེས་ན་རང་ལུགས་ལ་སྤྱིར་རྩེ་སྦྱོར་ལ་སྦྱོར་ལམ་རྩེ་སྦྱོར་དང་། མཐོང་ལམ་རྩེ་སྦྱོར་དང་། སྒོམ་ལམ་རྩེ་སྦྱོར་གསུམ་དུ་གྲངས་ངེས་པ་ཡིན་ཏེ། རྩེ་སྦྱོར་གྱི་མ་མཐའི་ས་མཚམས་བྱང་སེམས་ཀྱི་སྦྱོར་ལམ་ནས་ཡ་མཐའ་རྒྱུན་མཐའི་བར་དུ་ཡོད་པའི་ཕྱིར།ཞེས་གསུངས་པ་དང་འགལ་ཏེ། མཐོང་ལམ་རྣམ་གྲོལ་ལམ་དེ་རྩེ་སྦྱོར་གང་ཞིག་ལ་དེ་གསུམ་གང་རུང་མིན་པའི་ཕྱིར། དེས་ན་མཐོང་ལམ་གྱི་ངོ་བོར་གྱུར་བའི་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་དང་། སྒོམ་ལམ་གྱི་ངོ་བོར་གྱུར་པའི་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་དེ་རིམ་བཞིན་མཐོང་ལམ་རྩེ་སྦྱོར་དང་སྒོམ་ལམ་རྩེ་སྦྱོར་གྱི་མཚན་ཉིད་དོ། ། དེ་ལྟར་ན་བྱས་ན་ཚིག་དོན་རབ་གསལ་༼༤༤༠༽ལས། གཉིས་པ་མཐོང་ལམ་རྩེ་སྦྱོར་དངོས་ལ་གཉིས་ཏེ། བར་ཆད་མེད་ལམ་དང་ཁྱད་པར་གྱི་ལམ་མོ། ། ཞེས་དང་། སྦས་དོན་རབ་གསལ་༼༡༣༩༽ལས། མཐོང་ལམ་ཁྱད་པར་གྱི་ལམ་ཡང་རྣལ་མ་མཐོང་ལམ་རྩེ་སྦྱོར་དུ་གསུངས་པའི་དགོངས་པ་དང་ཡང་འབྱོར་རོ། ། འདི་བཞིན་པཎ་ཆེན་ཤཱཀ་མཆོག་༼༣༡༤༽གིས་ཀྱང་མཐོང་སྒོམ་རྣམ་གྲོལ་ལམ་རྣམས་མཐོང་སྒོམ་རྩེ་སྦྱོར་དུ་གསུངས་ལ། སྐྱེད་ཚལ་མཁན་པོས་༼༢༣༢༽ཀྱང་ཐེག་ཆེན་མཐོང་ལམ་དང་མཐོང་ལམ་རྩེ་སྦྱོར་དོན་གཅིག་པ་ནས། ཐེག་ཆེན་སྒོམ་ལམ་དང་སྒོམ་ལམ་རྩེ་སྦྱོར་དོན་གཅིག་ཏུ་བཞེད་དོ། ། འཇམ་བཞེད་༼༢༣༨༽ཀྱིས་ཀྱང་སེང་གེ་རྣམ་བསྒྱིངས་ལ་གཉིས་སུ་ཕྱེ་ནས་དང་པོ་མཐོང་རྩེ་དང་དང་ཕྱི་མ་སྒོམ་རྩེར་གསུངས་པས་མཐོང་སྒོམ་རྩེ་སྦྱོར་ལ་སྤོང་བ་གཉེན་པོས་མ་ཁྱབ་པར་སྨྲའོ། ། གཉིས་པ་ནི། འོ་ན་རྒྱན་ལས། རྣམ་པར་རྟོག་པ་རྣམ་བཞི་ཡི། ། གཉེན་པོ་རྣམ་པ་བཞི་དང་ནི། ། ཞེས་དང་། སྐད་གཅིག་པའི་བཟོད་པ་ཡིས། ། བསྡུས་པ་དེ་འདིར་མཐོང་བའི་ལམ། ། ཞེས་དང་། དོན་གསལ་༼༩༧༽ལས།སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་སོ་སོར་སྦྱིན་པ་ལ་སོགས་པའི་ངོ་བོ་རེ་རེར་སྔ་མ་བཞིན་དུ་ཕན་ཚུན་བསྡུས་པ་གང་ཡིན་པ་སྐད་ཅིག་མ་གཅིག་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་བསྡུས་པ་འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་རྣམ་པ་སུམ་ཅུ་རྩ་དྲུག་ཅན་སྐྱེས་པ་གང་ཡིན་པ་དེ་ནི། རྩེ་མོའི་མངོན་པར་རྟོགས་པ་འདིར་མཐོང་བའི་ལམ་ཡིན་ནོ། ། ཞེས་དང་། མཁས་པ་ཨར་༼༡༤༦༽གྱིས། དེ་ལ་མཐོང་བའི་ལམ་གྱི་རྩེ་མོ་འདི་ལ་འབྲོམ་ན་རེ།མཉམ་གཞག་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་སྐྱེས་པའི་རྗེས་ཐོབ་བཅུ་དྲུག་སྐྱེ་བ་ཡིན་པས་སེང་གེ་བཟང་པོ་ལྟར་ན་རྗེས་ཀྱི་དང་པོ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིན་པས་ན་དེ་ལ་འཇོག་པ་ཡིན་ནོ་ཞེས་ཟེར་བ་ནི་མི་རིགས་ཏེ། འདི་ལ་རྟོག་པ་བརྒྱ་རྩ་བརྒྱད་ཀྱིས་གཉེན་པོར་བཤད་ལ། དེ་གཉེན་པོར་མི་རིགས་པ་དང་། མཐོང་བའི་ལམ་གྱི་རྗེས་ཐོབ་ནི་སྒོམ་ལམ་ཡིན་པའི་ཕྱིར་རོ། ། ཞེས་སོགས་དང་འགལ་ལོ་སྙམ་ན། དེ་དག་ནི་དངོས་བསྟན་གྱི་མཐོང་སྒོམ་རྩེ་སྦྱོར་ལ་དགོངས་པ་ཡིན་པས་སྐྱོན་མེད་དོ། ། བདུན་པ་བར་ཆད་མེད་པའི་རྩེ་སྦྱོར་ལ། ངོ་བོ་ལ་དཔྱད། དེ་ལས་འཕྲོས་ཏེ་དམིགས་པ་ལ་དཔྱད་པའོ། ། དང་པོ་ལ། མཚན་ཉིད་ནི། རང་གི་དངོས་འབྲས་སུ་གྱུར་བའི་རྣམ་མཁྱེན་བསྐྱེད་པ་ལ་ཆོས་གཞན་གྱིས་བར་མ་ཆོད་པའི་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར། ཀུན་མཁྱེན་གོ་རམས་པའི་ལུགས་ལ། བར་ཆད་མེད་པའི་རྩེ་སྦྱོར་དང་རྒྱུན་མཐའི་ཡེ་ཤེེས་གཉིས་དོན་གཅིག་ཏུ་འཇོག་དགོས་ཤིང་། དེ་ཡང་རྣམ་གྲོལ་ལམ་དང་བར་ཆད་མེད་པའི་ལམ་གཉིས་ཀྱི་ནང་ནས་ཀྱང་བར་ཆད་མེད་པའི་ལམ་དང་སྒོམ་ལམ་བར་ཆད་མེད་ལམ་དགུའི་ནང་ནས་དགུ་པ་དེ་ཡིན་ནོ། ། འདི་ལྟར་བྱས་ན་ཀུན་མཁྱེན་གོ་རམས་པའི་ལུགས་ལ་ས་བཅུ་པའི་རྣམ་གྲོལ་ལམ་ཤིན་ཏུ་རྣམ་དག་བར་ཐལ་བའི་སྐྱོན་ཡང་སྤོང་ནུས་ཏེ། ས་བཅུ་པ་ཡིན་པར་གྱུར་པའི་བར་ཆད་མེད་ལམ་ལ་ས་བཅུ་པའི་རྣམ་གྲོལ་ལམ་གྱི་སྔ་ལོགས་ཀྱི་བར་ཆད་མེད་ལམ་དང་དེའི་ཕྱིས་སུ་བྱུང་བའི་བར་ཆད་མེད་ལམ་གཉིས་ཡོད་ཅིང་། ས་བཅུ་པའི་རྣམ་གྲོལ་ལམ་དེ་ཡང་སྔ་མའི་ངོས་སྐལ་གྱི་སྤང་བྱ་ལས་གྲོལ་ཡང་། ཕྱི་མའི་སྤང་བྱ་ལས་མ་གྲོལ་བས་སྒོམ་ལམ་བར་ཆད་མེད་ལམ་སྐོར་དགུའི་ངོས་སྐལ་གྱི་སྤང་བྱ་ལས་མ་གྲོལ་བར་འཇོག་སྟེ། ཕྱི་མའི་བར་ཆད་མེད་ལམ་དེ་སྒོམ་ལམ་བར་ཆད་མེད་ལམ་དགུ་པ་དེ་ཡིན་པའི་ཕྱིར་རོ། ། ཀུན་མཁྱེན་གོ་རམས་པའི་ལུགས་ལ་གོང་གི་མཚན་ཉིད་མཚན་ཉིད་དེས་ཀྱང་སྐད་ཅིག་མའི་སྦྱོར་བ་ནི་དུས་མཐའི་སྐད་ཅིག་མར་འཇོག་པ་གསལ་ལོ། ། ཀུན་མཁྱེན་རོང་སྟོན་གྱི་དགོངས་པ་ཡང་བར་ཆད་མེད་པའི་རྩེ་སྦྱོར་ནི་རྒྱུན་མཐའི་ཡེ་ཤེས་དང་སྒོམ་ལམ་རྩེ་སྦྱོར་གྱི་གཞི་མཐུན་དུ་ཁས་ལེན་པར་སྙམ་མོ། ། འོ་ན་ཚིག་དོན་རབ་གསལ་༼༤༦༢༽ལས། རྟེན་སྒོམ་ལམ་རྩེ་སྦྱོར་གྱི་རྗེས་ལ་བར་ཆད་མེད་པའི་རྩེ་སྦྱོར་འབྱུང་བས་བར་ཆད་མེད་པའི་ཏིང་ངེ་འཛིན་འཆད་དོ། ། ཞེས་པ་དང་འགལ་ལོ་སྙམ་ན། ཚིག་འདི་ནི་སློབ་དཔོན་གྱི་དོན་གསལ་༼༡༠༣༽ལས། བསྒོམ་པའི་ལམ་གྱི་རྗེས་ལ་བར་ཆད་མེད་པའི་ལམ་ཡིན་པས། ཞེས་གསུངས་པ་དང་དོན་གཅིག་པས། དེའི་དོན་བཤད་ན། རྗེ་བཙུན་ཙོང་ཁ་པས་༼༣༤༦༽གསུངས་པ་ལྟར། འདི་ནི་གཙོ་ཆེ་བས་ཡིན་ཏེ། གཞན་དུ་ན་བར་ཆར་མེད་རྩེ་སྒོམ་རྩེ་མ་ཡིན་པར་འགྱུར་རོ། ། ཞེས་པ་ལྟར་རམ། ཡང་ན་གཞུང་གི་དངོས་བསྟན་གྱི་སྒོམ་ལམ་རྩེ་སྦྱོར་དེ་སྒོམ་ལམ་སྐོར་དགུ་ལ་བཞག་པས་དེའི་རྗེས་སུ་འབྱུང་བའི་དོན་ཡིན་པའི་ཕྱིར་རོ། ། བོ་དོང་པཎ་ཆེན་༼༤༡༤༽དང་པཎ་ཆེན་ཤཱཀ་མཆོག་༼༣༨༣༽གཉིས་ཀྱིས་འདིའི་ས་མཚམས་ནི་སྐད་ཅིག་མ་ལྟར་ཞེས་གསུངས་པས་རྒྱུན་མཐའ་ཁོ་ནར་འཇོག་པ་གསལ་ལོ། ། སྐྱེད་ཚལ་༼༢༣༣༽དང་འཇམ་བཞེད་༼༢༥༦༽གཉིས་ཀྱིས་ཀྱང་རྒྱུན་མཐའ་ཁོ་ནར་གསུངས། འོན་ཀྱང་པཎ་ཆེན་ངག་ཆོས་༼༡༩༠༽ཀྱིས་འཇོག་མཚམས་གཉིས་བྱས་ནས་ཕྱི་མ་ལྟར་ན་རྒྱུན་མཐའི་སྔ་རོལ་ན་ཡང་ཡོད་པར་གསུངས་སོ། ། དེ་ལས་ཁོ་བོ་ནི་མཁས་པ་ཕལ་མོ་ཆེའི་བཞེད་པའི་རྗེས་སུ་འབྲང་སྟེ། རྒྱན་ལས། སངས་རྒྱས་ཉིད་ཀྱི་བར་མེད་དེ། ། བར་ཆད་མེད་པའི་ཏིང་ངེ་འཛིན། ། ཞེས་བར་མ་ཆད་པའི་སྒྲས་སྨོས་པ་དང་། ཉི་སྣང་༼༣༢༨༽ལས། ད་ནི་སངས་རྒྱས་ཉིད་ཐོབ་པའི་དེ་མ་ཐག་པ་སྔ་མ་བར་ཆད་མེད་པའི་ཏིང་ངེ་འཛིན་བརྗོད་པར་བྱ་བ་ཡིན་པ་དེས་ན། ཞེས་དང་། རྒྱན་སྣང་༼༦༣༤༽དང་དོན་གསལ་༼༡༠༣༽གཉིས་ཆར་ལས། བསྒོམ་པའི་ལམ་གྱི་རྗེས་ལ་བར་ཆད་མེད་པའི་ལམ་ཡིན་པས། ཞེས་སོགས་གསུངས་པའི་ཕྱིར་རོ། ། གཉིས་པ་ནི། འདི་ཡི་དམིགས་པ་དངོས་མེད་དེ། ། ཞེས་པའི་དོན་ལ། བླ་མ་དམ་པ་༼༥༡༢༽དང་། ཉ་དབོན།༼༣༤༢༽བུ་སྟོན། ཀུན་མཁྱེན་གོ་རམས་པ་༼༢༨༤༽ རྣམས་ཀྱིས། རྩ་འགྲེལ་སོ་སོར་ཕྱེས་ནས་རྩ་བ་ལྟར་ན་རྣམ་མཁྱེན་གྱི་དམིགས་པ་དང་། འགྲེལ་པ་ལྟར་ན་བར་ཆད་མེད་པའི་དམིགས་པ་ལ་སྦྱར་ཞེས་གསུངས། འདི་དང་ཆ་མཐུན་པ་བོ་དོང་པཎ་ཆེན་༼༤༡༥༽གྱིས་འཕགས་པའི་ལུགས་ལ་རྣམ་མཁྱེན་གྱི་དམིགས་པ་དང་། སློབ་དཔོན་གྱི་ལུགས་ལ་བར་ཆད་མེད་རྩེའི་དམིགས་པ་ལ་སྦྱོར་ཡང་འཐད་པའི་ཕྱོགས་ནི་སྔ་མ་ཡིན་པར་གསུངས། འོན་ཀྱང་། མཁས་པ་ཨར་༼༡༦༣༽གྱིས་རྩ་འགྲེལ་སོ་སོར་མི་ཕྱེ་བར་བར་ཆད་མེད་རྩེའི་དམིགས་རྐྱེན་ལ་སྦྱར་ཏེ། དེ་ཡང་མ་ཡིན་དགག་ཡིན་གྱི་མེད་དགག་མིན་ཞེས་གསུངས་ཤིང་། རྒྱལ་ཚབ་རྗེས་༼༢༩༨༽ཀྱང་རྩ་འགྲེལ་གཉིས་ཆར་གྱི་ལུགས་ལ་འདིའི་དམིགས་པ་ནི་བར་ཆད་མེད་རྩེའི་དམིགས་པ་ལ་སྦྱར་དགོས་པར་གསུངས། འདི་དང་འདྲ་བར་པཎ་ཆེན་ཤཱཀ་མཆོག་༼༣༨༤༽གིས་ཀྱང་བར་ཆད་མེད་རྩེའི་དམིགས་པ་ལ་སྦྱར་ནས་དངོས་པོ་བཀག་ཙམ་གྱི་མེད་དགག་ལ་ཟེར་བ་མ་ཡིན་གྱི། བདེན་པའི་དངོས་པོ་བཀག་པའི་ཁྱད་པར་དུ་བྱས་པའི་སྣང་བ་སྒྱུ་མ་ལྟ་བུ་ལ་འཆད་པ་ནི་འཕགས་སེང་གི་དགོངས་པ་ཡིན་ཞེས་གསུངས། བཅོམ་ལྡན་རིགས་རལ་༼༥༥༣༽གྱིས་ཀྱང་འདི་བར་ཆད་མེད་རྩེའི་དམིགས་རྐྱེན་ལ་སྦྱར་བར་མ་ཟད། འདིའི་དམིགས་པ་ཡང་བདེན་པའི་དངོས་པོ་མེད་པའི་སྒྱུ་མ་ལྟ་བུའི་ཡང་དག་ཀུན་རྫོབ་ཅེས་མ་ཡིན་དགག་ལ་སྦྱར་བ་དང་། སྐྱེད་ཚལ་མཁན་པོས་༼༢༣༣༽ཀྱང་བར་ཆད་མེད་རྩེའི་དམིགས་པ་ལ་སྦྱར་དགོས་པར་གསུངས་སོ། ། དེ་དག་ལས་ཁོ་བོས་ནི་སྔ་མའི་ལུགས་བཟུང་སྟེ། རྒྱན་ལས།དེ་ནི་རྣམ་པ་ཀུན་མཁྱེན་ཉིད། ། འདི་ཡི་དམིགས་པ་དངོས་མེད་དེ། ། ཞེས་དང་། ཉི་སྣང་༼༣༣༠༽ལས། དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་པའི་དམིགས་པ་འཐད་པ་ལ་ལོག་པར་རྟོག་པ་ནི་འདི་ཡིན་ཏེ། ཞེས་རྩ་འགྲེལ་གཉིས་ལས་རྣམ་མཁྱེན་གྱི་དམིགས་པ་ཁོ་ནར་གསུངས་པའི་ཕྱིར་རོ། ། བརྒྱད་པ་བསལ་བྱ་ལོག་སྒྲུབ་ལ། བསལ་བྱ་ལོག་སྒྲུབ་ལོག་རྟོག་དང་ཀླན་ཀ་གང་ལ་འཇོག་པ་དཔྱད། བསལ་བྱ་ལོག་སྒྲུབ་ཀྱི་ངོ་བོ་གཏན་ལ་ཕབ་པའོ། ། དང་པོ་ལ།མཁས་པ་ཕལ་མོ་ཆེས་བསལ་བྱ་ལོག་སྒྲུབ་ནི་བསལ་བྱ་ལོག་རྟོག་ལ་འཇོག་པ་དང་། ཡང་ན་བསལ་བྱ་ཀླན་ལ་འཇོག་པ་དང་། ཡང་ན་གཉིས་ཀ་ལ་འཇོག་པའི་གསལ་ཁ་གང་ཡང་མི་སྣང་ལ། ཀུན་མཁྱེན་གོ་རམས་པས་སྦས་དོན་རབ་གསལ་༼༡༤༨༽༼༡༥༠༽ལས་ཀྱང་། བསལ་བྱ་ལོག་སྒྲུབ་ལ་གཉིས་ཏེ། བསལ་བྱ་དང་སེལ་བྱེད་དོ། ། དང་པོ་ལ་བསལ་བྱ་ལོག་རྟོག་དང་། དེས་ཀུན་ནས་བསླངས་པའི་ཀླན་ཀ་གཉིས་ལས། ཞེས་ལོག་རྟོག་ལ་བསལ་བྱའི་མིང་གིས་སྨོས་པར་དཔག་ན་བསལ་བྱ་ལོག་སྒྲུབ་ནི་ལོག་རྟོག་ལ་ངོས་བཟུང་བ་ལྟ་བུ་ཞིག་འདུག་མོད། ཡང་དེའི་འོག་ཏུ། དེས་ན་སྐབས་འདིར་བསྟན་གྱི་བསལ་བྱ་ལོག་རྟོག་གི་མཚན་ཉིད་ཅེས་དང་། སྐབས་འདིར་བསྟན་གྱི་བསལ་བྱ་ཀླན་ཀའི་མཚན་ཉིད། ཅེས་སྐབས་དེར་ལོག་རྟོག་དང་ཀླན་ཀ་གཉིས་ཀ་ལ་བསལ་བྱའི་མིང་གིས་སྨོས་པར་དཔག་ན་དེ་ལ་ཡང་མ་ངེས་པ་འདུག་པས། དེས་ན་སྐབས་འདིར། སྐྱེད་ཚལ་མཁན་པོས།༼༢༣༤༽བདེན་གཉིས་གང་རུང་རྒྱུ་མཚན་དུ་བྱས་ནས་གཅིག་ཤོས་སུན་འབྱིན་པར་བྱེད་པའི་ལོག་རྟོག་དང་། ལོག་ཤེས་དེས་ཀུན་ནས་བསླངས་པའི་ཐལ་ངག་གང་རུང་དེ་བསལ་བྱ་ལོག་སྒྲུབ་ཀྱི་མཚན་ཉིད་དུ་བཞག་ནས། བསལ་བྱ་ལོག་རྟོག་དང་བསལ་བྱ་ཀླན་ཀ་གཉིས་ཀ་ཡང་བསལ་བྱ་ལོག་སྒྲུབ་ཏུ་གསུངས་པ་དང་། འདི་དང་མཐུན་པར་འཇམ་བཞེད་༼༢༥༨༽ཀྱིས་ཀྱང་བསལ་བྱ་ལོག་སྒྲུབ་ལ་རྟོག་པས་མ་ཁྱབ་སྟེ། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་སོགས་ཀྱང་བསལ་བྱ་ལོག་སྒྲུབ་ཡིན་པའི་ཕྱིར་ཞེས་གསུངས་པ་ལྟར་ཀུན་མཁྱེན་གོ་རམས་པའི་དགོངས་པ་ལ་ཡང་འདི་ལྟར་ཁས་ལེན་པར་བྱའོ། ། འོན་ཀྱང་པཎ་ཆེན་ཤཱཀ་མཆོག་༼༣༨༤༽གིས་འདིའི་བསལ་བྱ་ལོག་སྒྲུབ་ནི་ལོག་རྟོག་ཁོ་ནར་བཞག་ཅིང་། ལོག་རྟོག་དེས་ཀུན་ནས་བསླངས་པའི་རྩོད་ངག་ཀྱང་རྗོད་བྱེད་ཀྱི་སྒྲ་ལ་མི་འཇོག་པར་དེ་ཡང་རྟོག་པར་ཁས་ལེན་དགོས་ཞེས་གསུངས་སོ། ། གཉིས་པ་ནི། བདེན་གཉིས་གང་རུང་རྒྱུ་མཚན་དུ་བྱས་ནས་གཅིག་ཤོས་སུན་འབྱིན་པར་བྱེད་པའི་ལོག་རྟོག་དང་། ལོག་ཤེས་དེས་ཀུན་ནས་བསླངས་པའི་ཐལ་ངག་གང་རུང་ངོ་། ། དྲུག་པ་མཐར་གྱིས་པའི་སྦྱོར་བ་ལ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་ཡོད་པ་རྣམས་ཕྱོགས་གཅིག་ཏུ་བཤད་ན། འདི་ལ། མཐར་གྱིས་པའི་སྦྱོར་བའི་འཇོག་མཚམས་ལ་མཁས་པའི་བཞེད་ཚུལ་འགོད། རང་ལུགས་ཀུན་མཁྱེན་གོ་རམས་པའི་དགོངས་པ་བཞག་པའོ། ། དང་པོ་ལ། སྦྱོར་བ་འདིའི་སྐབས་སུ་ཀུན་མཁྱེན་གོ་རམས་པས་ཟབ་མོ་༼༢༨༦༽དང་སྦས་དོན་རབ་གསལ་༼༡༥༣༽གཉིས་ལས་འཕགས་སེང་གཉིས་ཀྱི་འཇོག་མཚམས་སོ་སོར་གསུངས་པ་ལས། རང་ལུགས་ལ་ནི་སྦས་དོན་རབ་གསལ་གྱི་མཚན་ཉིད་ལ་དཔག་ན་ནི་སེང་གེ་བཟང་པོའི་ལུགས་ལྟར་བཞེད་པར་སྙམ་ལ། དེ་ལྟར་ན། སྦྱོར་ལམ་དྲོད་སྐད་ཅིག་གཉིས་པ་ནས་འཇོག་དགོས་ཏེ། དོན་གསལ་༼༡༠༦༽ལས། སངས་རྒྱས་རྗེས་སུ་དྲན་པའི་སྐབས་སུ་དྲན་པ་ཉེར་བཞག་ནས་སྟོབས་ལྔའི་བར་གྱིས་སངས་རྒྱས་རྗེས་སུ་དྲན་པ་ངེས་འབྱེད་ཆ་མཐུན་ནས་ཡོད་པར་གསུངས་ཤིང་། དེ་ཡང་རང་རྒྱུ་སྦྱོར་ལམ་རྩེ་སྦྱོར་སྔོན་དུ་འགྲོ་དགོས་པས་ས་མཚམས་དེ་འབད་མེད་དུ་གྲུབ་པའི་ཕྱིར་རོ། ། འོན་ཀྱང་དེ་ནི་ཚིག་དོན་རབ་གསལ་གྱི་དགོངས་པ་ལས་ཀུན་མཁྱེན་རང་གི་དགོངས་པ་མིན་ཏེ། འོག་ཏུ་འཆད་དོ། ། སྐྱེད་ཚལ་མཁན་པོས་༼༢༣༦༽སློབ་དཔོན་གྱི་དགོངས་པ་ནི་སྦས་དོན་རབ་གསལ་ལྟར་གསུངས་ཤིང་། པཎ་ཆེན་ངག་ཆོས་༼༡༩༤༽ཀྱིས་ཀྱང་སློབ་དཔོན་གྱི་ལུགས་ལ་སྦྱོར་ལམ་དྲོད་ཐོབ་མ་ཐག་པའི་རྗེས་ཐོབ་ནས་ཡོད་པར་གསུངས་པ་ཡང་འདི་དང་དགོངས་པ་གཅིག་གོ ། གསེར་ཕྲེང་ལས། ཚོགས་ལམ་ནས་རྒྱུན་མཐའི་བར་ཡོད་པར་གསུངས་ཤིང་། རྒྱལ་ཚབ་རྗེས་༼༨༦༽ཚོགས་ལམ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་ན་ཡོད་པར་གསུངས། དེའི་རྗེས་སུ་འབྲངས་ནས། སེ་ར་རྗེ་བཙུན་༼༣༧༩༽གྱིས་ཚོགས་ལམ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་ན་ཡོད་པར་གསུངས། འཇམ་བཞེད་༼༢༧༠༽ཀྱིས་ཀྱང་འཕགས་སེང་གཉིས་ཆར་གྱི་ལུགས་ལ་ཚོགས་ལམ་ནས་འཇོག་དགོས་པར་གསུངས། ཀུན་མཁྱེན་རོང་སྟོན་གྱི་དགོངས་པ་ནི་དཀའ་འགྲེལ་༼༢༠༦༽ལས་གསུངས་པ་ལྟར་འཕགས་པའི་རྗེས་སུ་འབྲངས་པར་མངོན་ལ། དེ་ལྟར་ན་ཚོགས་ལམ་ནས་འཇོག་དགོས་ཏེ། ཉི་སྣང་༼༣༤༡༽ལས། བགྱི་བ་སྨོས་པ་ནི་སེམས་བསྐྱེད་པ་བཟུང་བའི་དོན་དུའོ། ། ཞེས་གསུངས་པའི་ཕྱིར། པཎ་ཆེན་ཤཱཀ་མཆོག་༼༤༥༢༽གིས། འཕགས་པའི་ལུགས་ལ་ཚོགས་ལམ་དང་སློབ་དཔོན་གྱི་ལུགས་ལ་སྦྱོར་ལམ་ནས་འཇོག་དགོས་པའི་གནད་ནི། སྦྱོར་བ་འདིའི་སྔོན་དུ་རྩེ་མོའི་སྦྱོར་བ་འགྲོ་མི་དགོས་པ་དང་དགོས་པའི་དབང་གིས་ཡིན་པར་གསུངས་པ་ཉིད་དོན་ལ་གནས་སོ། ། གཉིས་པ་ནི། ཀུན་མཁྱེན་གོ་རམས་པའི་དགོངས་པ་ལ་ནི། མཐར་གྱིས་པའི་སྦྱོར་བའི་མ་མཐའི་ས་མཚམས་ཚོགས་སྦྱོར་གང་ནས་ཀྱང་མི་འཇོག་སྟེ། ངག་དོན་༼༣༩༧༽ལས། མཐར་གྱིས་བྱ་བ་ཚོགས་ལམ་ནས་ཡོད་ཀྱང་མཐར་གྱིས་པའི་སྦྱོར་བ་ས་དང་པོ་ནས་འཇོག་ཚུལ་ཤེས་པ་གལ་ཆེ་བས་དེ་བློ་ཡུལ་དུ་མ་ཤར་བར་དུ་རང་གི་རྣ་བ་ཚད་མར་མི་བྱའོ། ། ཞེས་གསུངས་པས་མཐར་གྱིས་པའི་སྦྱོར་བའི་ས་དང་པོ་ནས་འཇོག་དགོས་པས་དེ་ལྟར་ན། དེའི་མཚན་ཉིད་ནི། རང་རྒྱུ་རྩེ་སྦྱོར་ལས་བྱུང་ཞིང་བརྟན་པ་ཐོབ་པའི་ཆེད་དུ་མཁྱེན་གསུམ་གྱི་རྣམ་པ་གོ་རིམ་དུ་སྒོམ་པར་བྱེད་པའི་བྱང་འཕགས་ཀྱི་མཁྱེན་པའོ། ། དེས་སྦྱོར་བ་བཅུ་གསུམ་གྱི་མཚན་ཉིད་ལ་ཡང་རིགས་འགྲེ་བར་བྱའོ། ། སྦྱོར་བ་བཅུ་གསུམ་གྱི་རྣམ་གྲངས་དག་ནི་གཞུང་ལས་འབྱུང་བ་བཞིན་ཡིན་ལ། དེ་ལས་གཞན་དཔྱད་དགོས་པ་མ་མཐོང་བས་འདིར་རེ་ཞིག་བཞག་གོ ། བདུན་པ་སྐད་ཅིག་མའི་སྦྱོར་བ་ལ་མཚོན་བྱེད་ཀྱི་ཆོས་བཞི་ཡོད་པ་རྣམས་ཕྱོགས་གཅིག་ཏུ་བཤད་ན། འདི་ལ། སྦྱོར་བ་བཞིའི་ངོ་བོ་དང་ས་མཚམས་ལ་དཔྱད། སྦྱོར་བཞི་ངོ་བོ་གཅིག་དང་ཐ་དད་གང་ཡིན་དང་རྣམ་པར་སྨིན་མ་སྨིན་ལ་དཔྱད། བྱ་རྫོགས་དང་དུས་མཐའི་སྐད་ཅིག་གང་ཡིན་དཔྱད་པའོ། ། དང་པོ་ལ། མཚན་ཉིད་རིམ་བཞིན། རྣམ་པར་སྨིན་པ་མིན་པའི་ཟག་མེད་ཀྱི་རྟོགས་རིགས་གཅིག་སྒོམ་པའི་ཚེ་དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་རྟོགས་རིགས་ཐམས་ཅད་སྒོམ་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག །རྣམ་པ་སྨིན་པའི་ཟག་མེད་ཀྱི་རྟོགས་རིགས་གཅིག་སྒོམ་པའི་ཚེ་དེ་དང་རིགས་མཐུན་པའི་ཞེས་སོགས་འགྲེ། ཆོས་ཐམས་ཅད་བདེན་པའི་མཚན་ཉིད་མེད་པ་དང་། ཆོས་ཐམས་ཅད་གཟུང་འཛིན་གཉིས་སུ་མེད་པར་དུས་སྐད་ཅིག་མ་གཅིག་ལ་སྒོམ་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་གོ ། བོ་དོང་༼༤༢༢༽གིས་སྐད་ཅིག་མའི་སྦྱོར་བ་གང་ཞིག ། ཟག་པ་མ་སྨིན་པའི་ཆར་གྱུར་པ་ཞེས་གསུངས་པ་ལ་བལྟས་ན་རྒྱུན་མཐར་རྣམ་པར་མ་སྨིན་པའི་ཡེ་ཤེས་ཡོད་པར་བཞེད་པ་འདྲའོ། ། རང་ལུགས་ལ་ས་མཚམས་ནི་མཚན་ཉིད་ཀྱིས་གོ་ནུས་ལ། མཁས་པ་གཞན་སྐྱེད་ཚལ་༼༢༤༢༽དང་རྒྱལ་ཚབ།༼༨༥༽སེ་ར་༼༣༨༣༽སོགས་མཁས་པ་ཕལ་ཆེར་གྱིས་ཀྱང་རྒྱུན་མཐའ་ཁོ་ནར་གསུངས་ལ། འཇམ་བཞེད་ཀྱི་ཕར་ཕྱིན་ཡིག་ཆ་སྐབས་བདུན་པའི་མཇུག་གི་གཞུང་འགའ་ཞིག་ཆད་འདུག་མོད། མགོའི་དགག་བཞག་ལ་བལྟས་ན་རྒྱུན་མཐར་འཇོག་པར་གསལ་ལོ། ། འོན་ཀྱང་པཎ་ཆེན་ཤཱཀ་མཆོག་༼༤༥༦༽གིས། རྒྱུན་མཐར་བཞག་པའི་ཕྱོགས་དེ་ཉིད་བཀག་ནས་མཚན་འཛིན་དང་གཉིས་སྣང་གི་རྟོག་པ་ཐམས་ཅད་སྤངས་པ་དེ་ནས་ཡོད་པར་གསུངས་ལ། དེ་ལྟར་ན་ས་བརྒྱད་པ་ནས་འཇོག་པར་སྙམ་མོ། ། འདིའི་ས་མཚམས་རྒྱུན་མཐར་འཇོག་པའི་ཁུངས་ཡང་། རྒྱན་སྣང་༼༦༩༢༽གི་མཇུག་ཏུ། དེ་ནས་ཁྱད་པར་དུ་འགྲོར་མེད་པ་ཡང་དག་པར་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མཐར་ཐུག་པའི་གནས་སྐབས་སོ། ། ཞེས་དང་། དོན་གསལ་༼༡༠༩༽ལས། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་བསྒོམས་པའི་སྐད་ཅིག་མ་གཉིས་པ་ལ་ཆོས་ཀྱི་སྐུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ། ཞེས་པའི་རྡོ་རྗེའི་བཀའ་ལུང་དག་ཡིན་ནོ། །གཉིས་པ་ནི། འདིར་སྦྱོར་བ་བཞི་བོ་ནི་ཀུན་མཁྱེན་ཆོས་གོ་རམས་པའི་ལུགས་ལ་ཟབ་མོ་༼༢༨༩༽དང་རབ་གསལ་༼༤༩༣༽༼༡༥༥༽རྣམ་གཉིས་སུ་གསུངས་པ་བཞིན། རྒྱུན་མཐའི་ཡེ་ཤེས་གཅིག་ཉིད་ལ་ལྡོག་པ་མི་འདྲ་བའི་སྒོ་ནས་བཞིར་དབྱེ་བ་ཡིན་པས་ངོ་བོ་གཅིག་ལ། གསེར་གླིང་པ་༼༣༣༢༽དང་། བུ་སྟོན། ༼༣༤༥༽ཉ་དབོན་༼༣༦༠༽དང་། རྒྱལ་ཚབ་༼༣༡༧༽སོགས་སྔོན་གྱི་མཁས་པ་དག་གིས་ཀྱང་འདི་ཇི་ལྟ་བ་བཞིན་དུ་གསུངས་སོ། ། དེ་ལྟར་ན་རང་ལུགས་ལ་ནི་པཎ་ཆེན་ངག་ཆོས་༼༡༩༦༽ཀྱིས་གསུངས་པ་བཞིན་སྦྱོར་བ་བཞི་བོ་ཡིན་ཁྱབ་མཉམ་དུ་ཁས་ལེན་པར་བྱའོ། ། དེ་ལས་གཞན་འདིར་མཚན་ཉིད་མེད་པ་དང་གཉིས་སུ་མེད་པའི་དོན་ནི་གོ་སླ་བས་དཔྱད་མི་དགོས་ལ། རྣམ་པར་སྨིན་མ་སྨིན་གྱི་དོན་ནི་རང་ལུགས་ལ་ནི་མཚན་འཛིན་གྱི་བར་ཆད་དང་བཅས་མ་བཅས་ཀྱི་དབང་གིས་དག་དང་མ་དག་གི་སའི་ཡེ་ཤེས་ལ་འཇོག་ལ། སྐྱེད་ཚལ་མཁན་པོས་༼༢༤༠༽ཀྱང་འདི་བཞིན་གསུངས་སོ། ། མཁས་པ་ཨར་༼༡༧༤༽གྱིས་ཀྱང་དེ་ལ་སློབ་དཔོན་ནི་འབད་རྩོལ་བྱ་མི་དགོས་པའི་གནས་སྐབས་ཀྱི་ཟག་པ་མེད་ལ་ཐམས་ཅད་ལ་ནི་མཚན་མ་མེད་པ་རྟོགས་པའི་ཤེས་རབ་ཀྱིས་ཁྱབ་སྟེ། ཞེས་པ་ལྟར་ན་འདི་བཞིན་བཞེད་པར་སྙམ་སྟེ་དཔྱད་དོ། ། དེ་ལྟར་ན་འོ་ན་རྒྱུན་མཐར་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ་མེད་པར་འགྱུར་རོ་སྙམ་ན། ཟབ་མོར་༼༢༩༢༽གསུངས་པ་བཞིན། རྒྱུན་མཐའི་སྐབས་སུ་རྣམ་པར་མ་སྨིན་པའི་ཟག་མེད་ཀྱི་ཡེ་ཤེས་མེད་ཀྱང་དེའི་རྟོགས་རིགས་ཡོད་པས་སྐྱོན་མེད་དོ། ། དེ་ཡང་མི་འཐད་དེ། ཚིག་དོན་རབ་གསལ་༼༤༦༩༽ལས། རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་ཆོས་གཅིག་མངོན་པར་བྱང་ཆུབ་པ་ན་དེའི་བསྡུ་བྱ་སྦྱིན་པ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་མངོན་དུ་བྱེད་དེ། ཞེས་གསུངས་པའི་ཕྱིར་སྙམ་ན། དེ་ནི་དེའི་རྟོགས་རིགས་ལ་དགོངས་པ་ཡིན་པ་ནི། མཇུག་ཐོག་དེ་མ་ཐག་པའི་རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་རྟོགས་རིགས་ཞེས་པ་དེས་གོ་ནུས་ཤིང་། དཀའ་འགྲེལ་༼༢༠༧༽ལ་གཟིགས་ན་ཡང་གོ་ནུས་སོ། ། སྐྱེད་ཚལ་མཁན་པོས་༼༢༣༩༽ཀྱང་འདིའི་རྣམ་པར་མ་སྨིན་པ་ནི་རྟོགས་རིགས་ལ་གོ་དགོས་པར་གསུངས་སོ། ། འདིར་རྗེ་ཙོང་ཁ་པས་༼༣༧༥༽ནི་འདིར་རྣམ་པར་སྨིན་མ་སྨིན་ནི་ཡུལ་ཅན་ལ་མི་རུང་བས་ཡུལ་ལ་འཇོག་པར་གསུངས་ཤིང་། བུ་སྟོན་གྱིས་ཀྱང་འདི་ལྟར་བཞེད་པར་སྙམ་སྟེ་དཔྱད་དོ། ། གསུམ་པ་ནི། འདིའི་ཐད་ཀྱི་ཀུན་མཁྱེན་གོ་རམས་པའི་ཕར་ཕྱིན་ཡིག་ཆ་ཁག་ཏུ་ཁ་གསལ་མ་མཐོང་མོད། བླ་མ་དམ་པ༼༥༢༨༽དང་བུ་སྟོན།༼༣༤༥༽ཉ་དབོན།༼༣༦༠༽སེ་ར་༼༣༧༩༽སོགས་ཀྱིས་ནི་སྦྱོར་བ་འདིའི་ཚིག་ཟུར་གྱི་སྐད་ཅིག་མ་འདི་བྱ་རྫོགས་ཀྱི་སྐད་ཅིག་མ་ལ་གོ་དགོས་པར་གསུངས་ཤིང་། སྐྱེད་ཚལ་མཁན་པོས་༼༢༣༩༽ནི་དུས་མཐའི་སྐད་ཅིག་མ་ཡིན་པར་གསུངས་པས། དེ་གཉིས་ལས་གང་ཞིག་འཐད་པའི་ཕྱོགས་སུ་བཟུང་ཞེ་ན། ཁོ་བོ་ནི་ཕྱི་མ་སྟེ། རྒྱན་སྣང་༼༦༤༣༽ལས། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་བསྒོམས་པས་ནི་སྐད་ཅིག་མ་གཉིས་པ་ལ་ཆོས་ཀྱི་སྐུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་པས། ཞེས་གསུངས་པའི་ཕྱིར་རོ། ། བརྒྱད་པ་འབྲས་བུ་ཆོས་སྐུ་ལ་མཚོན་བྱེད་ཀྱི་ཆོས་བཞི་ཡོད་པ་རྣམས་ཕྱོགས་གཅིག་ཏུ་བཤད་ན། འདི་ལ། རྒྱན་ལས་སྐུ་གསུམ་དང་སྐུ་བཞི་གང་བཞེད་དཔྱད། སྐུ་གསུམ་དང་སྐུ་བཞི་འདོད་པའི་ལུགས་ཀྱི་ཁྱད་པར་ལ་དཔྱད། སྐུ་གསུམ་གྱི་ངོ་བོ་ལ་དཔྱད། ཞར་བྱུང་མཛད་པ་ཕྲིན་ལས་ལ་དཔྱད་པའོ། ། དང་པོ་ལ། འདིར་སྐུ་གསུམ་དང་སྐུ་བཞི་འདོད་པའི་ལུགས་ལ་དཔྱད་ན། ཟབ་མོ། ༼༢༩༦༽ཚིག་དོན་རབ་གསལ།༼༤༧༥༽རབ་གསལ་༼༥༠༦༽༼༡༥༦༽རྣམ་གཉིས་སོགས་ཀྱི་ལུགས་ལ་སྐུ་གསུམ་དུ་གྲངས་ངེས་པ་ཡིན་ནོ།། སྐུ་གསུམ་དུ་འདོད་དགོས་པའི་སྒྲུབ་བྱེད་ནི། གལ་ཏེ་སྐུ་བཞི་ཡིན་ན། ངོ་བོ་ཉིད་ལོངས་རྫོགས་བཅས་དང་ཞེས་པའི་བར་དུ་ཆོས་སྐུ་ཞེས་པ་འོང་དགོས་པ་དང་། དེ་བཞིན་གཞན་པ་སྤྲུལ་པ་ནི་ཞེས་པ་ཡང་དེ་བཞིན་གཞན་པ་སྤྲུལ་བ་དང་ཞེས་གསུང་དགོས་པ་དང་། རྣམ་པ་ཐམས་ཅད་མཁྱེན་ཉིད་དང་ཞེས་པ་ཡང་རྣམ་པ་ཐམས་ཅད་མཁྱེན་ཉིད་ནི་ཞེས་བརྗོད་དགོས་པའི་སྐྱོན་བཏང་བའོ། ། དོན་གསལ་གྱི་ལུགས་དེ་སློབ་དཔོན་གྱི་དགོངས་པ་མིན་པའི་རྒྱུ་མཚན་ནི། ཁ་ཅིག་གིའོ་ཞེས་གསུངས་པས་སྐུ་བཞིར་མི་འདོད་པ་གཞན་གྱི་ལུགས་ཡིན་ཞེས་གསུངས་སོ། ། འོ་ན་རྒྱན་ལས། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། ། ཞེས་དང་། ཆོས་ཀྱི་སྐུ་དང་དེ་རྣམས་བརྒྱད། ། ཅེས་དང་། ཆོས་སྐུ་མཛད་པ་དང་བཅས་པ། །ཞེས་དང་། ཆོས་སྐུ་འཕྲིན་ལས་འབྲས་བུ་ནི། ། ཞེས་གསུངས་པའི་ཕྱིར་སྙམ་ན། དེ་ནི་ཡུམ་དོན་རབ་གསལ་ལས་གསུངས་པ་ལྟར། དང་པོ་ནི། ཆོས་ཉིད་ཀྱི་སྐུ་ལ་སྡེབ་སྦྱོར་གྱི་དབང་གིས་ཆོས་སྐུ་ཞེས་སྦྱར་བ་དང་། ཕྱི་མ་བཞི་ནི་སྐུ་གསུམ་གྱི་དབྱེ་བཞིར་གྱུར་བའི་སྦྱོར་བཞི་སྒོམ་པའི་རྣམ་སྨིན་མཐར་ཐུག་ལ་ཆོས་སྐུར་བཞག་པ་དེ་ཉིད་ཡིན་པའི་ཕྱིར། དེ་བཞིན་མཁས་གྲུབ་གཡག་གིས་ཀྱང་སྐུ་གསུམ་དུ་བཞེད་པའི་ཕྱོགས་གསུངས་ཤིང་། གལ་ཏེ་སྐུ་བཞི་ཡོད་ན། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། ། ཞེས་པའི་ངོ་བོ་ཉིད་ཀྱི་མཇུག་ཐོགས་དེ་མ་ཐག་ཏུ་ཆོས་ཀྱི་སྐུ་ཞེས་པའི་ཚིག་གཅིག་འབྱུང་རིགས་པར་ཐལ་བ་སོགས་གསུངས་སོ། ། འོན་ཀྱང་། གསེར་གླིང་པས་༼༣༣༢༽དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་པས། ཞེས་དང་། ཆོས་བཤེས་ཀྱིས༼༥༣༢༽རྣམ་པ་བཞི་ཡིན་པས་ཞེས་བྱ་བ་ནི་ངོ་བོ་ཉིད་དང་། ཆོས་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་རྣམས་སོ། ། ཞེས་གསུངས་པ་དང་། ཆོས་རྗེ་བླ་མ་དམ་པས་༼༥༣༣༽༼༥༤༤༽ཀྱང་འཕགས་སེང་གཉིས་ཀྱི་དགོངས་པ་སོ་སོར་བྱས་ནས་སློབ་དཔོན་གྱི་ལུགས་ནི་སྐུ་བཞིར་འདོད་པའི་ཕྱོགས་སུ་བགྲང་ཞིང་། བུ་སྟོན་༼༣༥༤༽༼༣༦༣༽གྱིས་ཀྱང་ཡེ་ཤེས་ཆོས་སྐུ་ངོ་བོ་ཉིད་སྐུ་ལས་ཐ་མི་དད་པར་འདོད་པའི་འཕགས་པ་གྲོལ་སྡེའི་འདོད་པ་བཀག་ནས། ཡེ་ཤེས་ཆོས་སྐུ་ངོ་བོ་ཉིད་སྐུ་ལས་ལོགས་སུ་བགྲངས་ནས་སྐུ་བཞིར་གསུངས། པཎ་ཆེན་ཤཱཀ་མཆོག་༼༤༠༣༽༼༤༠༧༽གིས་རྗེ་བཙུན་གྱིས་གཞུང་གཞུང་རྩ་བ་རྣམས་སུ་རྩོད་མེད་དུ་གསལ་བར་མེད་ན་ཡང་། རྣམ་པ་བཞིར་ནི་ཡང་དག་བརྗོད། ། ཅེས་སྐུ་བཞིར་བསྟན་པ་ནི་སློབ་དཔོན་བཟང་པོའི་ཞབས་ཀྱི་བཞེད་པའོ། ། ཞེས་གསུངས། འོན་ཀྱང་པཎ་ཆེན་རང་གི་དགོངས་པ་ནི་སྐུ་གསུམ་བཞེད་པའི་ཕྱོགས་ཡིན་ནོ། །བོ་དོང་པཎ་ཆེན་༼༤༣༢༽གྱིས་སློབ་དཔོན་གྱི་ལུགས་ལ་སྐུ་བཞིར་གསུངས། སྐྱེད་ཚལ་མཁན་པོས་༼༧༧༽ཀྱང་སློབ་དཔོན་གྱིས་མཁན་པོ་རྣམ་སྣང་མཛད་ཀྱི་རྗེས་སུ་འབྲངས་ནས་རང་གི་ལུགས་ལ་ཡང་སྐུ་བཞིར་འདོད་པར་གསུངས་ཤིང་། སྐྱེད་ཚལ་མཁན་པོ་ཉིད་ཀྱི་བཞེད་པ་ཡང་སྐུ་བཞིར་འདོད་པའི་ཕྱོགས་ཡིན་ནོ། ། རྗེ་ཙོང་ཁ་པས་གསེར་ཕྲེང་༼༣༨༣༽༼༣༨༤༽ལས་ཀྱང་སློབ་དཔོན་གྱི་འགྲེལ་བ་ཆེ་ཆུང་གཉིས་ཆར་གྱི་ལུགས་ལ་གཟུགས་སྐུ་ལ་གཉིས་དང་ངོ་བོ་ཉིད་དང་ཡེ་ཤེས་ཆོས་སྐུ་སྟེ་སྐུ་བཞིར་འདོད་པ་གསུངས་ཤིང་། འགྲེལ་ཆེན་གྱི་བསྔོ་བའི་སྐབས་སུ། རྣམ་པ་ཀུན་གྱི་མཆོག་ལྡན་སྐུ་ནི་གསུམ་པོ་ངེས་པར་ཐོབ་པར་ཤོག ། ཅེས་པའི་སྐུ་གསུམ་ནི་ངོ་བོ་ཉིད་ལོངས་རྫོགས་སྤྲུལ་གསུམ་ལ་གོ་དགོས་པ་མིན་པར་ཆོས་ལོངས་སྤྲུལ་བའི་སྐུ་གསུམ་ལ་དགོངས་པས་མི་འགལ་ཞེས་གསུངས། རྒྱལ་ཚབ་རྗེས་རྒྱལ་བའི་སྲས་པོ་སེང་གེ་བཟང་པོས་ཀྱང་སྐུ་བཞིར་མཛད་པ་ནི་དབྱེ་བསྡུ་ཙམ་ཡིན་གྱི། སྐུ་གསུམ་དུ་མ་འདུས་པར་བཞེད་པ་མིན་ནོ། ། ཞེས་གསུངས་ཤིང་། འཇམ་བཞེད་༼༤༧༤༽༼༤༧༥༽ཀྱིས་ཀྱང་འདི་དང་མཐུན་པར་གསུངས་སོ། ། དེ་དག་ལས་ཁོ་བོ་ནི་ལུགས་སྔ་མའི་རྗེས་སུ་འབྲང་སྟེ། རྒྱན་རྩ་བ་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། ། དེ་བཞིན་གཞན་པ་སྤྲུལ་པ་ནི། ། ཆོས་སྐུ། ། ཞེས་དང་། ཉི་སྣང་༼༣༤༩༽ལས། ད་ནི་ཆོས་ཀྱི་སྐུ་བརྗོད་པར་བྱ་བ་ཡིན་ལ། དེ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ངོ་བོ་ཉིད་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། ། ཞེས་དང་། རྒྱན་སྣང་༼༦༤༦༽ལས། སྐུ་བཞིའི་མཇུག་ཏུ་ཞེས་བྱ་བ་ནི་ཁ་ཅིག་གི་ཡིན་ནོ། ། ཞེས་དང་། ཡང་རྒྱན་སྣང་༼༦༩༤༽གི་བསྔོ་བ་ལས། རྣམ་པ་ཀུན་གྱི་མཆོག་ཏུ་གྱུར་པའི་སྐུ་ནི་གསུམ་པོ་ངེས་པར་ཐོབ་པར་ཤོག ། ཅེས་དང་། བསོད་ནམས་རྩེ་མོས་ཕར་ཕྱིན་ཐེག་པའི་ལུགས་ལ་སྐུ་གསུམ་དུ་གསུངས་པ་སོགས་མགོན་པོ་བྱམས་པ་དང་འཕགས་སེང་གཉིས་རྗེ་བཙུན་བསོད་ནམས་རྩེ་མོ་སོགས་ཀྱི་དགོངས་པ་འདི་ཁོ་ན་ཡིན་ནོ། ། འོ་ན་དོན་གསལ་༼༡༠༩༽དང་། རྒྱན་སྣང་༼༦༤༦༽ལས་སྐུ་བཞིའི་རྣམ་བཞག་གསུངས་པ་རྣམས་ཡི་ལྟར་ཞེ་ན། དེ་ནི་མཁན་པོ་རྣམ་སྣང་མཛད་ལ་སོགས་པའི་བཀའི་དབང་གིས་རང་ལུགས་ལྟར་སྣང་དུ་བཀོད་པར་གསུངས་པ་ལྟར་ཡིན་ནོ། ། གཉིས་པ་ནི། སྐུ་གསུམ་གྲངས་ངེས་པ་དག་གི་ལྟར་ན་ནི། ཟག་པ་མེད་པའི་ཆོས་གང་དག་ཅེས་པ་དེ་ནི་ཟག་མེད་སྡེ་ཚན་ཉེར་གཅིག་པོ་ལ་གོ་དགོས་ལ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་ཞེས་པ་དེ་ཡང་ཆོས་སྐུའི་རྒྱས་བཤད་དུ་འགྲོ་དགོས་སོ། ། སྐུ་བཞིར་འདོད་པ་དག་གིས་ནི་ཟག་པ་མེད་པའི་ཆོས་གང་དག་ཅེས་པ་ནི་ཆོས་ཉིད་ཀྱི་སྐུ་ལ་གོ་དགོས་ལ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་ཞེས་པ་ཡང་ཆོས་ཉིད་ཀྱི་སྐུའི་རྒྱས་བཤད་དུ་འགྲོ་མི་དགོས་པར་ཡེ་ཤེས་ཆོས་སྐུ་ཞེས་ལོགས་སུ་བཤད་པ་ཡིན་ནོ། ། སྐུ་བཞིར་འདོད་པ་དང་མི་འདོད་པའི་ཕྱོགས་གཉིས་ཀས་ཀྱང་སྐུ་ལ་གསུམ་དུ་བསྡུ་བར་འདོད་པ་ནི་འདྲ་མོད། འདོད་ཚུལ་ནི་མི་འདྲ་སྟེ། སྔ་མས་སྐུ་ལ་གསུམ་དུ་བསྡུ་བའི་ཚེ། ཆོས་སྐུ་དང་ལོངས་སྐུ། སྤྲུལ་སྐུ་གསུམ་དུ་དབྱེ་ནས་ངོ་བོ་ཉིད་སྐུ་དང་ཡེ་ཤེས་ཆོས་སྐུ་གཉིས་ཀ་ཆོས་སྐུའི་ཁོངས་སུ་བསྡུ་ལ། ཕྱི་མས་སྐུ་ལ་གསུམ་དུ་གྲངས་ངེས་བཞག་པའི་ཚེ། སྐུ་ལ་ངོ་བོ་ཉིད་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་དུ་དབྱེ་ནས་གྲངས་ངེས་ལ་ངོ་བོའི་གྲངས་ངེས་དང་སྡེ་ཚན་གྱི་གྲངས་ངེས་གཉིས་ལས། ཕྱི་མའི་ཁུངས་སུ་གཏོགས་ལ། དེའི་ཚེ་ཡེ་ཤེས་ཆོས་སྐུ་ངོ་བོ་ཉིད་སྐུའི་སྡེ་ཚན་གྱི་ཁུངས་སུ་གཏོགས་པ་དང་ལོངས་སྐུའི་མཚན་དཔེ་རྣམས་ལོངས་སྐུའི་ཁུངས་སུ་གཏོགས་པ། སྤྲུལ་སྐུའི་མཚན་དཔེ་རྣམས་སྤྲུལ་སྐུའི་ཁུངས་སུ་གཏོགས་སོ། ། འོན་ཀྱང་ཡུམ་དོན་རབ་གསལ་༼༡༡༡༽ལས་དེའི་ཁུངས་སུ་གཏོགས་ན་ནི་དེ་ཡིན་པས་མ་ཁྱབ་སྟེ། ཡེ་ཤེས་ཆོས་སྐུ་དེ་ངོ་བོ་ཉིད་སྐུའི་ཁོངས་སུ་གཏོགས་པའི་ཕྱིར་ཞེས་གསུངས་པ་ལྟར་རོ། ། སྐབས་འདིར་སྐྱེད་ཚལ་མཁན་པོས་༼༢༥༦༽གསུངས་པ་བཞིན་རང་ལུགས་ལ་ཡང་སངས་རྒྱས་ཀྱི་མིག་ཤེས་སོགས་ཀྱང་ཡེ་ཤེས་ཆོས་སྐུ་དང་ལམ་ཤེས། སེམས་བསྐྱེད་སོགས་ཀྱི་གཞི་མཐུན་དུ་ཁས་ལེན་པར་སྙམ་མོ། ། གསུམ་པ་ནི། ངོ་བོ་ཉིད་སྐུ་ནི་དག་པ་གཉིས་ལྡན་གྱི་དབྱིངས་མཐར་ཐུག་དང་ཟག་མེད་ཀྱི་ཡོན་ཏན་དབྱེར་མེད་དུ་གྱུར་པའི་རང་དོན་དམ་པའི་སྐུ། རྒྱུད་བླའི་དངོས་བསྟན་གྱི་སངས་རྒྱས་དཀོན་མཆོག་དང་འདི་གཉིས་དོན་གཅིག་ཏུ་ཤེས་པར་བྱ་སྟེ། ཀུན་མཁྱེན་ཆེན་མོས་ཡུམ་དོན་རབ་གསལ་༼༡༠༩༽ལས་རྒྱུད་བླར་དངོས་སུ་བཤད་པའི་སངས་རྒྱས་དཀོན་མཆོག་དང་མངོན་རྟོགས་རྒྱན་ནས་བཤད་པའི་ངོ་བོ་ཉིད་སྐུ་དོན་གཅིག་ཏུ་གསུངས་ཤིང་། དག་པ་གཉིས་ལྡན་གྱི་དབྱིངས་མཐར་ཐུག་དང་མཁྱེན་བརྩེ་ནུས་པའི་ཡོན་ཏན་དབྱེར་མེད་པའི་འདུས་མ་བྱས་ཀྱི་སྐུ་དེ་རྒྱུད་བླའི་དངོས་བསྟན་གྱི་སངས་རྒྱས་དཀོན་མཆོག་གི་མཚན་ཉིད་དུ་གསུངས་སོ། ། ལོངས་སྐུ་ནི་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག་གོ ། འདི་ལ་གསེར་ཕྲེང་༼༣༩༢༽ལས། འདི་ལ་ངེས་པ་ལྔ་ལྡན་དུ་སྨྲ་བ་ལ་ནི་དོན་བསྡུས་སྒྲོན་མེར། ངེས་པ་བཞི་སྟེ་འཁོར་དང་ནི། ། གནས་དང་སྟོན་པ་ཆོས་སུ་སྟེ། ། ཞེས་པ་ཙམ་ལས་མ་མཐོང་ལ་འདིས་ནི་ཁུངས་མི་ཐུབ་ཅིང་དེར་མ་ཟད་ཐེག་བསྡུས་ལྟར་ན་དེ་ལ་གནོད་པ་ཡང་སྣང་བས་དཔྱད་པར་བྱའོ། ། ཞེས་དང་།པཎ་ཆེན་ཤཱཀ་མཆོག་༼༤༡༡༽གིས་བོད་སྔ་མ་རྣམས་ངེས་པ་ལྔ་ལྡན་ཞེས་གསུངས་མོད། ཁུངས་ཡོད་མེད་དཔྱད་པར་བྱའོ། ། ཞེས་གསུངས་མོད། དེའི་ཁུངས་ནི། ཕལ་པོ་ཆེའི་མདོ་ལས། འཇིག་རྟེན་གྱི་ཁམས་མི་མཇེད་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ནང་དུ་ཆུད་པ་ནི་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པ་ཞེས་བྱ་བ་ཡིན་ནོ། ། ཞེས་པ་ནས། བཅོམ་ལྡན་འདས་དེ་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་ཏེ་གང་ན་བཞུགས་པའི་གནས་དེ་ནི་སྟུག་པོ་བཀོད་པའི་ཞིང་ཁམས་ཞེས་བྱ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུའི་གནས་ཡིན་ལ། ཞེས་དང་། ཉི་སྣང་དུ་དྲངས་པ། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཤིང་ཆོས་དེ་དག་ཐམས་ཅད་ཐོབ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཐེག་པ་ཆེན་པོ་མཆོག་གི་ཆོས་ཀྱི་ལོངས་སྤྱོད་བླ་ན་མེད་པའི་དགའ་བ་དང་། བདེ་བ་དང་། ཚིམ་པ་དང་། རབ་ཏུ་དགའ་བ་སྟོན་པར་མཛད་པར་འགྱུར་རོ། ། ཞེས་པའི་ལུང་དེས་ཀྱང་ངེས་པ་ལྔ་ལྡན་དུ་གྲུབ་བོ། ། སྤྲུལ་སྐུའི་མཚན་ཉིད་དང་དོགས་གཅོད་དང་བཅས་པ་ནི་གཞུང་ལས་འབྱུང་བ་ལྟར་རོ། ། འདིར་དཔྱད་དགོས་པ་གཞན་ཡང་། སྐུ་གསུམ་པོ་གཞི་མཐུན་མེད་པར་ཁས་ལེན་ལ། དེ་ལྟར་ན་གསེར་འོད་དམ་པའི་མདོ་ལས་སྤྲུལ་པའི་སྐུ་ཡང་ཡིན་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པ་ནི་ལྷག་བཅས་མྱང་འདས་ཀྱི་སྐུའོ་ཞེས་བཤད་པ་ཇི་ལྟར་དྲང་ཞེ་ན། དེ་ནི་བོ་དོང་པཎ་ཆེན་༼༤༢༨༽གྱིས་གསུངས་པ་བཞིན། དེར་ནི་རྣམ་སྨིན་གྱི་སྐུ་ཙམ་ལ་ལོངས་སྐུ་ཞེས་བརྡ་མཛད་པ་ཡིན་པས་ལོངས་སྐུ་དངོས་བཏགས་གཉིས་ཀ་སྨོས་པའི་ཕྱིར་རོ། ། བཞི་པ་མཛད་པ་ཕྲིན་ལས་ལ། མཚན་ཉིད་ནི། ཆོས་སྐུས་བདག་རྐྱེན་བྱས་པ་ལ་བརྟེན་ནས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན། དབྱེ་ན་ཉེར་བདུན་ནོ། ། འདིར་སྐྱེད་ཚལ་མཁན་པོས་༼༢༨༠༽གསུངས་པ་ལྟར། སངས་རྒྱས་ཀྱི་ཕྲིན་ལས་ལ་སངས་རྒྱས་ཀྱི་རྒྱུད་ཀྱིས་བསྡུས་པས་མ་ཁྱབ་སྟེ། བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས། དཔེར་ན་སངས་རྒྱས་ལ་དད་པ་དང་ལྡན་པའི་སེམས་ཅན་གྱི་དགེ་རྩ་ལྟ་བུ་ཡོད་པའི་ཕྱིར་རོ། ། དེས་ན་བྱེད་པ་པོ་ལ་ཡོད་པའི་ཕྲིན་ལས་དང་བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་གཉིས་ཀ་ཡང་སངས་རྒྱས་ཀྱི་ཕྲིན་ལས་མཚན་ཉིད་པར་ཁས་ལེན་དགོས་སོ། ། ད་དུང་དཔྱད་དགོས་པ་མང་དུ་མཐོང་མོད། སྤྲོས་པའི་འཇིགས་པས་དོན་བདུན་ཅུའི་དཔྱད་པ་དེ་རེ་ཞིག་མཇུག་རྫོགས་སོ། ། སླར་སྨྲས་པ།
དངོས་སྟོབས་རལ་བའི་ལུས་ཀྱིས་ཁུར་ལྗིད་ཀྱང་། །
སྒྲུབ་དང་སུན་འབྱིན་རིགས་པའི་མཆེ་སྡེར་གྱིས། །
མཁས་རྣམས་གྲགས་པའི་སྨྲ་བ་གཞོམ་བྱེད་པ། །
སྨྲ་བའི་སེང་གེ་གང་དེས་ད་དུང་སྐྱོངས། །
དེ་ལྟར་རྒྱལ་ཡུམ་མ་དྲོས་མཚོ་ཆེན་ལས། །
ཆུ་ཐིགས་ཙམ་ཞིག་ཁོལ་དུ་ཕྱུང་བ་འདིས། །
ཚེ་རབས་ཀུན་ཏུ་བྱམས་པའི་མགོན་དེ་ཡིས། །
དགྱེས་བཟུང་ཐུགས་རབ་མཉེས་པའི་རྒྱུ་རུ་བསྔོ། །
འདི་ན་གཞན་གྱི་ཡིད་ལ་མ་ཤར་བའི། །
སྔོན་མེད་དཔྱད་པའི་དགའ་སྟོན་མེད་ནའང་། །
ཕྱི་རབས་རང་བཟོ་མཁན་པོའི་ལུགས་སྤངས་ཏེ། །
སྔ་རབས་མཁས་པའི་བཞེད་པ་ཇི་བཞིན་བཀོད། །
ཅུང་ཙམ་བྲིས་འདི་རང་གི་འབད་པ་དང་། །
དགེ་བའི་བཤེས་དང་ཆོས་མཐུན་གྲོགས་པོ་དག །
གཙུག་གི་ནོར་བུར་བསྟེན་པའི་དྲིན་ཡིན་པས། །
དགེ་བ་འདི་ཡང་ཁོང་ཅག་དགྱེས་ཕྱིར་བསྔོ། །
དཀའ་བས་བསགས་པའི་རྔུལ་ཆུའི་ཟོང་ནོར་གྱིས། །
ཆུང་ནས་ད་ལྟའི་བར་དུ་རབ་བསྐྱངས་ཤིང་། །
ཤི་ཡང་ཕྱི་མིག་བུ་ལ་འཁྲེང་ངེས་པའི། །
བྱམས་ལྡན་ཡབ་ཡུམ་གཉིས་ཀྱང་དགྱེས་ཕྱིར་བསྔོ། །
མདོར་ན་འདིས་མཚོན་རྣམ་དཀར་ཕུང་པོ་དུས་གསུམ་དུས་ཀྱིས་བསྡུས་པ་རྣམས། །
གཅིག་ཏུ་བསྡོམས་ཏེ་ཡོངས་སུ་བསྔོའོ་གང་དུ་མགོན་མེད་སེམས་ཅན་རྣམས། །
དུག་གསུམ་མེ་ཡིས་རབ་ཏུ་བསྲེགས་པའི་འཁོར་བ་སྡུག་བསྔལ་རྒྱ་མཚོ་ཡི། །
རྒྱུན་འདི་ཆོད་ནས་གཏན་གྱི་བདེ་བ་བདེ་ལེགས་འགྲུབ་པའི་བཀྲ་ཤིས་ཤོག །
ཅེས་རྒྱ་བོད་མཁས་པའི་བཞེད་ཚུལ་ཕྱོགས་གཅིག་ཏུ་བསྡུས་པ་ལེགས་བཤད་འོ་མཚོ་བསྲུབས་པའི་ནོར་བུ་ཞེས་བྱ་བ་འདི་ནི། བཀའ་དྲིན་གཞལ་མཐའ་བྲལ་བའི་དགེ་བའི་བཤེས་གཉེན་བསོད་གྲགས་དང་དགེན་དམ་པ་རྣམ་རྒྱལ་རྡོ་རྗེ་སོགས་ཀྱི་དྲུང་ནས། སློབ་དཔོན་སེང་གེ་བཟང་པོའི་འགྲེལ་བ་དོན་གསལ་དང་། ཀུན་མཁྱེན་རོང་སྟོན་ཆེན་མོའི་ཤེར་འགྲེལ་ཚིག་དོན་རབ་གསལ། ཀུན་མཁྱེན་གོ་རམས་པའི་དཀའ་འགྲེལ་སྦས་དོན་ཟབ་མོ་དང་ཤེར་འགྲེལ་སྦས་དོན་རབ་གསལ། གཞན་ཡང་ཀུན་མཁྱེན་གོ་རམས་པའི་ཕར་ཕྱིན་གྱི་ཟུར་བཀོལ་ཁག་སྟེ། ཆོས་འདི་ལ་བགྲང་བྱ་གཉིས་ལྷག་གི་རིང་ལ་བག་ཆགས་ཅུང་ཙམ་བཞག་པའི་སྐལ་བ་ཅན། བོད་གངས་ཅན་ལྗོངས་ཀྱི་སློབ་གཉེར་བའི་གྲལ་མཐའ་འཛིན་པ།གླང་ཡག་པདྨ་བདུད་འདུལ་དུ་འབོད་པ་དེས། ཕར་ཕྱིན་སློབ་མའི་མཐར་ཕྱིན་རྩོམ་ཡིག་ཏུ་དམིགས་ཏེ། རིས་མེད་བསྟན་པའི་ཆུ་འགོ ། མདོ་སྔགས་རིག་པ་འབྱུང་བའི་ཕ་ཁྱིམ། ཤེས་རབ་ཀྱི་དབལ་རབ་ཏུ་ཚ་བའི་ཞིང་། གངས་ལྗོངས་ཀྱི་ནཱ་ལེནྡྲ་ཁམས་ཀྱི་ཆོས་སྡེ་ཆེན་མོ་རྫོང་སར་ལྔ་རིག་ཐུབ་བསྟན་སློབ་གླིང་གི་རང་ཤག་ཏུ་མཇུག་རྫོགས་པར་བྲིས་པའོ། ། འདི་ཡང་བསྟན་པ་རིན་པོ་ཆེ་ཕྱོགས་ཀྱི་མཐའ་གྲུ་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག་གུ།
དཔྱད་གཞིའི་ཡིག་ཆ།
༡༽ ཤེར་ཕྱིན་སྟོང་ཕྲག་བརྒྱ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
༢༽འཕགས་པ་རྣམ་གྲོལ་སྡེས་མཛད་པའི་ཉི་སྣང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
༣༽ སློབ་དཔོན་སེང་གེ་བཟང་པོས་མཛད་པའི་རྒྱན་སྣང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
༤༽སློབ་དཔོན་སེང་གེ་བཟང་པོས་མཛད་པའི་དོན་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
༥༽སློབ་དཔོན་ཆོས་བཤེས་ཀྱིས་མཛད་པའི་ཚིག་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
༦༽གསེར་གླིང་པས་མཛད་པའི་རྟོགས་དཀའི་སྣང་བ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
༧༽ཨར་གྱིས་མཛད་པའི་འགྲེལ་བ་རྣམ་འབྱེད། སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས།
༨༽དཔལ་ལྡན་ས་སྐྱ་པཎྜི་ཏས་མཛད་པའི་ཐུབ་པ་དགོངས་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
༩༽དཔལ་ལྡན་ས་སྐྱ་པཎྜི་ཏས་མཛད་པའི་སྡོམ་གསུམ་རབ་དབྱེ། རྫོང་སར་ཁམས་བྱེའི་རྩིས་འཁོར་འཛིན་གྲྭ་ནས་བསྒྲིགས།
༡༠༽དཔལ་ལྡན་ས་སྐྱ་པཎྜི་ཏས་མཛད་པའི་སེམས་བསྐྱེད་ཆོ་ག་ཆེན་མོ། ཝ་ར་ལྔ་རིག་ལྔ་རིག་ནང་བསྟན་སློབ་གླིང་གིས་དཔར་དུ་བསྐྲུན།
༡༡༽བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་འགྲེལ་བཤད་མངོན་རྟོགས་སྙིང་པོ། སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས།
༡༢༽གཡག་སྟོན་སངས་རྒྱས་དཔལ་གྱིས་མཛད་པའི་བློ་གསལ་མགུལ་རྒྱལ། སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས།
༡༣༽གཡག་སྟོན་སངས་རྒྱས་དཔལ་གྱིས་མཛད་པའི་བསམ་འཕེལ་དབང་གི་རྒྱལ་པོ། གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གིས་དཔར་དུ་བསྐྲུན།
༡༤༽ཉ་དབོན་ཀུན་དགའ་དཔལ་གྱིས་མཛད་པའི་ཡིད་ཀྱི་མུན་སེལ། སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས།
༡༥༽རྗེ་བཙུན་རེད་མདའ་བས་མཛད་པའི་རྣམ་བཤད་ཉི་མའི་འོད་ཟེར། སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས།
༡༦༽རྗེ་ཙོང་ཁ་པས་མཛད་པའི་ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བ། སེར་གཙུག་ནང་བསྟན་དཔེ་ཁང་།
༡༧༽བཅོམ་ལྡན་རིགས་རལ་གྱིས་མཛད་པའི་འགྲེལ་བཤད་མངོན་རྟོགས་རྒྱན་གྱི་མེ་ཏོག སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས།
༡༨༽བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་འགྲེལ་བཤད་ལུང་གི་སྙེ་མ། སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས།
༡༩༽བོ་དོང་པཎ་ཆེན་གྱིས་མཛད་པའི་དཀའ་འགྲེལ་ལུང་གི་སྙེ་མ། སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས།
༢༠༽ཀུན་མཁྱེན་རོང་སྟོན་གྱིས་མཛད་པའི་ཚིག་དོན་རབ་གསལ། སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས།
༢༡༽ཀུན་མཁྱེན་རོང་སྟོན་གྱིས་མཛད་པའི་དཀའ་འགྲེལ་གནད་ཀྱི་ཟླ་འོད། སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས།
༢༢༽རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་བཤད་སྙིང་པོའི་རྒྱན། སེར་གཙུག་ནང་བསྟན་དཔེ་ཁང་།
༢༣༽པཎ་ཆེན་ཤཱཀ་མཆོག་གིས་མཛད་པའི་ལུང་རིགས་རོལ་མཚོ། སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས།
༢༤༽ཀུན་མཁྱེན་གོ་རམས་པས་མཛད་པའི་སྦས་དོན་ཟབ་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
༢༥༽ཀུན་མཁྱེན་གོ་རམས་པས་མཛད་པའི་ཡུམ་དོན་རབ་གསལ། སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས།
༢༦༽ཀུན་མཁྱེན་གོ་རམས་པས་མཛད་པའི་འགྲེལ་བ་དོན་གསལ་གྱི་ངག་དོན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
༢༧༽ཀུན་མཁྱེན་གོ་རམས་པས་མཛད་པའི་སྦས་དོན་རབ་གསལ། རྫོང་སར་ཁམས་བྱེའི་རྩིས་འཁོར་འཛིན་གྲྭ་ནས་བསྒྲིགས།
༢༨༽ཀུན་མཁྱེན་གོ་རམས་པས་མཛད་པའི་དབུ་མའི་རྣམ་བཞག་སྤྱིའི་ངག་གིས་སྟོན་པ་ངེས་དོན་རབ་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
༢༩༽ཀུན་མཁྱེན་གོ་རམས་པས་མཛད་པའི་གསུང་རབ་དགོངས་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
༣༠༽ཀུན་མཁྱེན་གོ་རམས་པས་མཛད་པའི་སྡོམ་གསུམ་འཁྲུལ་སྤོང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
༣༡༽འཇམ་མགོན་ཀུན་དགའ་ཆོས་བཟང་གིས་མཛད་པའི་ལུང་རིགས་རྒྱ་མཚོ། སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་ནས་བསྒྲིགས།
༣༢༽པཎ་ཆེན་ངག་ཆོས་ཀྱིས་མཛད་པའི་དགོངས་འགྲེལ་རབ་གསལ། གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གིས་དཔར་དུ་བསྐྲུན།
༣༣༽རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་མཐའ་དཔྱོད་མཁས་པའི་མགུལ་རྒྱན། འཇང་དགུན་གྲ་སྒྲིག་ཚོགས་ཆུང་གིས་དཔར་དུ་བསྐྲུན།
༣༤༽རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་ཕར་ཕྱིན་མཐའ་དཔྱོད། ནོར་བུ་བདུན་སྤུངས་དཔེ་མཛོད་ཁང་།
༣༥༽ཀུན་མཁྱེན་འཇམ་དབྱངས་བཞད་པས་མཛད་པའི་ཕར་ཕྱིན་མཐའ་དཔྱོད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1715
དཔྱད་མཆན་སྤེལ།