བཅུ་གཉིས་པ་རིན་ཆེན་རྡོ་རྗེའི་རྣམ་ཐར་གླེང་བ།
མྱང་བློ་གྲོས་རབ་གསལ།
དཔལ་ཕག་མོ་གྲུའི་གདན་རབས་ལྔ་པ་སྤྱན་སྔ་བཅུ་གཉིས་པ་རིན་ཆེན་རྡོ་རྗེ་མཆོག་ནི་ཡབ་སངས་རྒྱས་སྐྱབས་དང་། ཡུམ་འབྲོ་ལྡོག་བཟའ་ཡེ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས་པ་ཡིན་ཏེ། ༼རླངས་ཀྱི་པོ་ཏི་བསེ་རུ༽་ལས་“སངས་རྒྱས་སྐྱབས་ཀྱི་སྲས། འབྲོ་ལྡོག་ཟ་ཡེ་མཚོ་ཁབ་ཏུ་བཞེས་པའི་སྲས་གསུམ་འཁྲུངས་པ། ཆེ་བ་རྒྱལ་བ་རིན་པོ་ཆེ། དེ་འོག་རིན་པོ་ཆེ་བཅུ་གཉིས་པ། དེ་འོག་སློབ་དཔོན་དགེ་སློང་དང་མཆེད་གསུམ།”ཞེས་དང་།༼རླངས་ལྷ་གཟིགས་ཀྱི་གདུང་རབས་དྲི་ལན་ཉེར་གཅིག་པ༽་ལས་“རྒྱལ་བ་སྐྱབས་སྲས་སྤྱན་སྔ་གྲགས་འབྱུང་དང་། །སངས་རྒྱས་དང་ཤེས་༼ཡུམ་འགྲོ་འོང་གང་བཟའ༽རབ་རྒྱལ། །མགོན་པོ༼འདི་གུ་བཟའ༽རྒྱལ་དང་སྲས་བཞི་བྱུང་། །ཤེས་རབ་རྒྱལ་སྲས་གྲགས་བསོད་པ། །སངས་རྒྱས་སྐྱབས་སྲས་༼སྤྱན་སྔ༽རྒྱལ་ ༼སྤྱན་སྔ༽བཅུ་གཉིས། །གཏེར་རྒྱབ་རྡོར་རིན་གསུམ་ནི་༼འདི་བཟའ་ཡེ་ཤེས་མཚོ༽མཆེད་བཞི་བྱུང་། །”ཞེས་སོགས་གསུང་པ་ལྟར་རོ། །དེ་ལ་༼དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས༽ལས་“ཡོན་ཆེན་རྒྱལ་བ་སྐྱབས་ལ་ཇོ་མོ་འབྲོ་ལྡོག་བཟའ་དང་། དེ་གུ་མ། འབྲོ་བཟང་ཡེ་ཤེས་མཚོ་དང་གསུམ་ལས། དང་པོའི་སྲས་རྗེ་སྤྱན་སྔ་རིན་པོ་ཆེ་དཔོན་སངས་རྒྱས་བསྐྱབས། དཔོན་ཤེས་རབ་རྒྱལ། གཉིས་པའི་སྲས་དཔོན་མགོན་པོ་རྒྱལ་མཚན། གསུམ་པའི་སྲས་རྒྱལ་བ་རིན་པོ་ཆེ། བཅུ་གཉིས་པ་གཏེར་རྒྱལ་བ་རིན་ཅེན་རྡོ་རྗེ་རྣམས་ལས།”ཞེས་གྲགས་པ་འབྱུང་གནས་དང་གྲགས་པ་བརྩོན་འགྲུས། བཅུ་གཉིས་པ་རིན་ཆེན་རྡོ་རྗེ་སོགས་ཡུམ་མི་གཅིག་ལ་ཡབ་གཅིག་པའི་སྐུ་མཆེད་ཡིན་པར་གསུང་ཡོད་པ་དང་། དེ་བཞིན་དཔའ་ཤོད་རག་ར་སྤྲུལ་སྐུས་ཀྱང་འདིའི་རྗེས་ཟློས་བྱས་ཡོད་དེ། དེ་ཉིད་ཀྱིས་བྱས་པའི་༼རྒྱལ་རབས་ཆོས་འབྱུང་ཤེལ་དཀར་མེ་ལོང་མཁས་པའི་མགུལ་རྒྱན༽་ལས་“དེ་ཡང་ཡོན་ཆེན་རྒྱལ་བ་སྐྱབས་ལ་འབྲོག་ལྡོག་བཟང་དང་། དེ་གུ་མ། འབྲོག་བཟང་ཡེ་ཤེས་མཆོག་དང་གསུམ་ལས། དང་པོའི་སྲས་སྤྱན་སྔ་རིན་པོ་ཆེ། དབོན་སངས་རྒྱས་སྐྱབས། དབོན་ཤེས་རབ་རྒྱལ། གཉིས་པའི་སྲས་དབོན་དགོན་པོ་རྒྱལ་མཚན། གསུམ་པའི་སྲས་རྒྱལ་བ་རིན་ཆེན། བཅུ་གཉིས་པ་གཏེར་ཟབ་རིན་ཆེན་རྡོ་རྗེ་རྣམ་རྒྱལ”ཞེས་གོང་དེ་ཇི་མ་ཇི་བཞིན་དུ་དྲངས་ཡོད་པ་ནི་མ་དག་པ་ཡིན་པ་ནི་གོང་སྨྲས་ཀྱི་རླངས་པོད་སོགས་ཀྱི་ལུང་དང་། གཞན་ཡང་ཕག་གྲུ་གདན་རབས་གསུམ་པ་སྤྱན་སྔ་གྲགས་པ་འབྱུང་གནས་ནི་ཁུ་དང་། ཕག་གྲུའི་གདན་རབས་གསུམ་པ་གྲགས་པ་བརྩོན་འགྲུས་སམ་རྒྱལ་བ་ཐོག་བརྡུག་པ་སྐུ་མཆེད་དབོན་དུ་བྱས་པར་ཕག་གྲུ་ཁུ་དབོན་ཞེས་འབོད་པ་ཡིན་ལ། དེ་ལྟར་ཡིན་པའང་སྤྱན་སྔ་གྲགས་པ་འབྱུང་གནས་ཀྱི་སྐུ་ཚེའི་རིང་བྱུང་བའི་དོན་ཆེན་འགའི་ལོ་ཚིགས་སུ་བྲིས་པ༼བརླངས་ཀྱི་པོ་སྟི་བསེ་རུ་༽ཞེས་པར་“ཉེར་དགུ་བཞེས་པ་ཆུ་མོ་ཕག་ལོ་ལ། །རྗེ་བཙུན་གྲགས་རྒྱལ་གཅུང་པོ་ས་པན་ཡབ། །དཔལ་ཆེན་འོད་པོ་ང་བཞི་ལོན་པ་གཤེགས། །དབོན་པོ་རྒྱལ་བ་གྲགས་པ་བཙོན་འགྲུས་འཁྲུངས། །”ཞེས་དང་ཡང་དེ་ཉིད་ལས་“ཞེ་བཞི་བཞེས་པ་ས་ཕོ་རྟ་ལོ་ལ། །དབོན་པོ་བཅུ་གཉིས་རྙིང་མ་རིན་རྡོར་འཁྲུངས། །”ཞེས་དང་ཡང་དེ་ཉིད་ལས་“རེ་གཅིག་བཞེས་པ་ཤིང་མོ་ལུག་ལོ་ལ། །ཕག་གྲུའི་གདན་སར་ཁྲི་ཐོག་དབོན་པོ་གཅེན། །རྒྱལ་བ་བརྩོན་འགྲུས་གྲགས་པ་དགུང་ལོ་ནི། །སོ་གསུམ་ལོན་པ་བསྐོས་ཤིང་”ཞེས་དང་ཡང་དེ་ཉིད་ལས་“ཕྱི་ལོ་ས་ཕོ་སྤྲེའུའི་ལོ་ལ་ནི། །སི་ཏུ་ཨ་སྐྱིད་ཨ་ཀོན་ས་ཆར་མངགས། །བོད་ཀྱི་མི་རྩི་དུད་གྲངས་སྟོང་ཁྲི་བསྒྲིགས། །གདན་ཁྲི་གཉིས་ཀྱིས་ཞབས་ཏོག་སྒྲུབ་པ་ལ། །རྗེ་དང་རྒྱལ་བ་ཁུ་དབོན་པ་ཡི་དྲུང་། །མོན་སྒོར་འཇའ་ས་བཅད་ནས་ཕུལ་བ་ཡིན། །”ཞེས་སོགས་གསུངས་པས་ཕག་གྲུ་ཁུ་དབོན་ཞེས་འབོད་པས་ན་དོན་དངོས་གང་ཡིན་པ་ཤེས་པར་འགྱུར་རོ། །
དེ་ལྟར་ཡབ་ཡུམ་དེ་གཉིས་ཀྱི་སྲས་སུ་གང་དུ་འཁྲུངས་པའི་ཡུལ་ནི་ལྕི་ལུང་རག་ནེ་ཡིན་ཏེ༼རླངས་ལྷ་གཟིགས་ཀྱི་གདུང་རབས་དྲི་ལན་ཉེར་གཅིག་པ།༽་ལས་“སྤྱན་སྔ་གྲགས་པ་འབྱུང་གནས་པའི། །ཁམས་ཀྱི་ཡབ་གཞིས་མདོ་སྟོད་པའི། །གནས་དྲུག་སྤྱི་གནས་རག་ནོ་ཡིན། །”ཞེས་དང་ཡང་“རྗེ་དང་རྒྱལ་སོགས་གནས་དྲུག་འཁྲུངས། །”ཞེས་གསུང་པའི་ས་དེར་དུས་ནམ་སྐྱེས་པ་ནི་༼དེབ་ཐེར་སྔོན་པོ༽་ལས་“བཅུ་གཉིས་པ་ནི། འགྲོ་མགོན་རིན་པོ་ཆེའི་སྐུ་སྐྱེར་ཡང་གྲགས་ཏེ། ས་ཕོ་སྟག་གི་ལོ་ལ་འཁྲུངས།”ཞེས་དང་༼ལྷོ་རོང་ཆོས་འབྱུང་༽ལས་“རིན་ཆེན་བཅུ་གཉིས་པ་ནི་འགྲོ་མགོན་རིན་པོ་ཆེའི་སྐུའི་སྐྱེ་བར་ཡང་བྱེད་ལ། དེ་ཡང་ས་ཕོ་སྟག་གི་ལོ་ལ་སྐུ་འཁྲུངས།”ཞེས་གསུངས་པ་ལྟར་རབ་བྱུང་བཞི་པའི་ས་སྟག་ལོ་སྤྱི་ལོ་༡༢༡༨ལོར་འཁྲུངས་སོ། །རིན་ཆེན་རྡོ་རྗེ་ཞེས་ཞུ་བ་ནི་ཁོང་ཉིད་རབ་ཏུ་བྱུང་བའི་མཚན་ཡིན་ལ་༼ཆོས་འབྱུང་མིག་འབྱེད་འོད་སྟོང་༽་ལས་“རིན༌པོ་ཆེ་བཅུ་གཉིས་པ་ནི། འགྲོ་མགོན་རིན་པོ་ཆེའི་སྐུའི་སྐྱེ་བར་ཡང་བྱེད་ལ། དེ་ཡང་ས་ཕོ་སྟག་གི་ལོ་ལ་སྐུ་འཁྲུངས། སློབ་དཔོན་ནམ་འགག་པ་ལས་རབ་ཏུ་བྱུང་སྟེ། མཚན་རིན་ཆེན་རྡོ་རྗེ་གསོལ་ལོ”ཞེས་གསུང་པ་ཇི་བཞིན་དུ་༼དེབ་ཐེར་སྔོན་པོ༽་ལས་“སློབ་དཔོན་ནམ་འགག་པ་ལས་རབ་ཏུ་བྱུང༌། མཚན་རིན་ཆེན་རྡོ་རྗེར་གསོལ”ཞེས་དང་༼ལྷོ་རོང་ཆོས་འབྱུང་༽ལས་“སློབ་དཔོན་ནམ་མཁའ་འགག་པ་ལས་རབ་ཏུ་བྱུང་སྟེ། མཚན་རིན་ཆེན་རྡོ་རྗེར་གསོལ་ལོ། ”ཞེས་དང་ཚིག་དོན་གཅིག་པ་འབྱུང་བ་དང་། སྐུ་ན་ཆུང་དུས་ཁམས་སུ་བཞུགས་པ་དང་དགུང་ལོ་ཉི་ཤུ་རྩ་གཉིས་པ་ལ་དབུས་སུ་བྱོན་པ་ཡིན་ཏེ་༼ཆོས་འབྱུང་མིག་འབྱེད་འོད་སྟོང་༽་ལས་“དེ་ནས་དགུང་ལོ་རྩ་གཉིས་ལ་དབུས་སུ་བྱོན་ནས་རྗེ་རིན་པོ་ཆེ་དང་མཇལ།”ཞེས་གསུང་པ་ཇི་བཞིན་དུ་༼དེབ་ཐེར་སྔོན་པོ༽་ལས་“ལོ་ཉི་ཤུ་རྩ་གཉིས་པ་ལ་དབུས་སུ་བྱོན་ནས་རྗེ་སྤྱན་སྔ་དང་མཇལ།”ཞེས་དང་༼ལྷོ་རོང་ཆོས་འབྱུང་༽ལས་“ དེ་ནས་དགུང་ལོ་ཉི་ཤུ་རྩ་གཉིས་ལ་དབུས་སུ་བྱོན་ནས་རྗེ་རིན་པོ་ཆེ་མཇལ།”ཞེས་སོགས་གསུང་པ་ལྟར་དང་དེར་གསལ་བའི་རྗེ་རིན་པོ་ཆེའམ་རྗེ་སྤྱན་སྔ་ནི་དཔལ་ཕག་མོ་གྲུའི་གདན་རབས་གསུམ་པ་སྤྱན་སྔ་གྲགས་པ་འབྱུང་གནས་ལགས་ཡིན་ཞིང་ཁོང་ནི་རབ་བྱུང་གསུམ་པའི་ཤིང་ལུག་ལོ་སྤྱི་ལོ་༡༡༧༥་ལོ་ལ་འཁྲུངས་པ་ཡིན་པས་སྐབས་དེར་དགུང་གྲངས་བཞི་བཅུ་ཙམ་ལ་ཕེབས་ཡོད་ངེས། ཁོང་ལ་བཅུ་གཉིས་པ་རིན་ཆེན་རྡོ་རྗེ་མཆོག་གིས་ཡུན་རིང་བསྟེན་ཡོད་པ་དང་། བཅུ་གཉིས་པ་རིན་ཆེན་རྡོ་རྗེ་མཆོག་དགུང་ལོ་ཉེར་ལྔ་པ་ལ་རབ་ཏུ་བྱུང་བ་ཡིན་ཏེ།༼ཆོས་འབྱུང་མིག་འབྱེད་འོད་སྟོང་༽ལས་“ཉི་ཤུ་རྩ་ལྔ་པ་ལ་མཁན་པོ་ཞང་སེ་གསེབ་བར་པ་དང་སློབ་དཔོན་ཡར་ཁང་པ། གསང་སྟོན་སྟོད་ལུང་པ་རྣམས་ལ་བསྙེན་རྫོགས་མཛད་དོ”ཞེས་གསུང་པ་ཇི་བཞིན་དུ་༼དེབ་ཐེར་སྔོན་པོ༽་ལས་“ཉི་ཤུ་རྩ་ལྔ་པ་ལ་མཁན་པོ་ཞང་སེ་གསེབ་བར་པ་དང༌། སློབ་དཔོན་ཡར་ཁང་པ་དང༌། གསང་སྟོན་སྟོད་ལུངས་པ་རྣམས་ལས་བསྙེན་རྫོགས་མཛད”ཅེས་དང་༼ལྷོ་རོང་ཆོས་འབྱུང་༽ལས་“ ཉི་ཤུ་རྩ་ལྔ་པ་ལ་མཁན་པོ་ཞང་སེ་གསེབ་བར་པ་དང་། སློབ་དཔོན་ཡར་ཁང་པ། གསང་སྟེ་སྟོད་ལུང་བ་རྣམས་ལ་བསྙེན་རྫོགས་མཛད”ཅེས་སོགས་འབྱུང་བ་ལྟར་རོ། །དེ་ཡང་ཁོང་གང་ལ་བསྟེན་པའི་བླ་མ་གཙོ་ཆེ་ཤོས་ནི་སྤྱན་སྔ་གྲགས་པ་འབྱུང་གནས་ལགས་ཡིན་ཞིང་༼ཆོས་འབྱུང་མིག་འབྱེད་འོད་སྟོང་༽ལས་“དེའི་རྗེས་སུ་རྗེ་རིན་པོ་ཆེ་ལ་བཀའ་བརྒྱུད་ཀྱི་ཆོས་རྣམས་རྫོགས་པར་གསན་ནས་ལོ་བཅུ་གཉིས་ཀྱི་བར་དུ། སྔས་ལ་དབུ་མི་འཇོག་པའི་དམ་བཅའ་བརྟན་པོ་མཛད་དོ། །དུ་མ་རོ་གཅིག་གི་རྟོགས་པ་འཁྲུངས་སོ། །རྗེ་གཤེགས་ཁར་རིན་པོ་ཆེ་པ་ལ་སྐུ་ལུས་བསྟིམ་པ་ཡིན་གསུང་ཞིང་། བྱིན་བརླབས་མཛད་པས་རྟོགས་པ་མཐར་སོན་ཏེ།”ཞེས་གསུང་པ་ཇི་བཞིན་དུ་༼དེབ་ཐེར་སྔོན་པོ༽་ལས་“དེའི་རྗེས་སུ་རྗེ་ལ་བཀའ་བརྒྱུད་ཀྱི་ཆོས་རྣམས་རྫོགས་པར་གསན། ལོ་བཅུ་གཉིས་ཀྱི་བར་དུ་སྔས་ལ་དབུ་མི་འཇོག་པའི་དམ་བཅའ་མཛད་ནས་ཐུགས་དམ་མཛད་པས་དུ་མ་རོ་གཅིག་གི་རྟོགས་པ་འཁྲུངས། རྗེ་གཤེགས་ཁར་བྱིན་རླབས་མཛད་པས་རྟོགས་པ་མཐར་སོན”ཞེས་དང་༼ལྷོ་རོང་ཆོས་འབྱུང་༽ལས་“དེའི་རྗེས་སུ་རིན་པོ་ཆེ་པ་ལ་བཀའ་བརྒྱུད་ཀྱི་ཆོས་སྐོར་རྣམས་རྫོགས་པར་གསན་ནས། ལོ་བཅུ་གཉིས་ཀྱི་བར་དུ་སྔས་ལ་དབུ་མི་འཇོག་པའི་དམ་བཅའ་བརྟན་པོ་མཛད་དོ། །དུ་མ་རོ་གཅིག་གི་རྟོགས་པ་འཁྲུངས། རྗེ་གཤེགས་ཁར་རིན་པོ་ཆེ་པ་ལ་སྐུ་ལུས་བསྟིམས་པ་ཡིན་གསུངས་ཤིང་། བྱིན་རླབས་མཛད་པས་རྟོགས་པ་མཐར་སོན་ཏེ། ”ཞེས་སོགས་ཀྱིས་འཚོན་ནོ། །གཞན་ཡང་ཁོང་གིས་ཁོང་གི་སྐུ་ཡི་གཅེན་པོ་དཔལ་ཕག་མོ་གྲུའི་གདན་རབས་བཞི་པ་རྒྱལ་བ་ཐོག་བརྡུག་པའམ་རྒྱལ་བ་རིན་པོ་ཆེ་གྲགས་པ་བརྩོན་འགྲུས་ལགས་ལའང་བསྟེན་པ་ཡིན་ཏེ།༼ཆོས་འབྱུང་མིག་འབྱེད་འོད་སྟོང་༽ལས་“དེའི་རྗེས་རྒྱལ་བའི་དྲུང་དུ་ཟབ་ཁྲིད་ལྷག་མ་རྣམས་གསན་ནོ།”ཞེས་གསུང་པ་ཇི་བཞིན་དུ་༼དེབ་ཐེར་སྔོན་པོ༽་དང་༼ལྷོ་རོང་ཆོས་འབྱུང་༽ལས་དེ་ལྟར་དུ་འབྱུང་བ་དང་། དེ་བཞིན་ཁོང་ནི་དཔལ་ཕག་མོ་གྲུའི་གདན་སར་ཕེབས་པ་ཡིན་ཏེ་༼ཆོས་འབྱུང་མིག་འབྱེད་འོད་སྟོང་༽་ལས་“མེ་མོ་ཡོས་ཀྱི་ལོ་དགུང་ལོ་ལྔ་བཅུ་པ་ལ་གདན་སའི་གོ་སར་ཕེབས་ཏེ་ལོ་བཅུ་གཅིག་བཞུགས།”ཞེས་དང་༼དེབ་ཐེར་དམར་པོ༽་ལས་“ དེའི་དབོན་པོ་རིན་པོ་ཆེན་བཅུ་གཉིས་པས་གདན་ས་མཛད་ནས་རྒྱལ་བ་རིན་པོ་ཆེའི་རྟེན་སྒོ་མངས་པོ་བཞེངས། ”ཞེས་དང་༼དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།༽་ལས་“འགྲོ་མགོན་རིན་པོ་ཆེའི་སྤྲུལ་པ་བཅུ་གཉིས་རིན་པོ་ཆེ་རྡོ་རྗེ་ལུང་རྟོགས་ཀྱི་ཡོན་ཏན་མཐའ་ཡས་ཤིང་། གདན་སར་ཕེབས”་ཞེས་དང་ཡང་ཀུན་མཁྱེན་པདྨ་དཀར་པོས་མཛད་པའི་༼ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད༽་ལས་“དེའི་གདན་སར་དེ་ཉིད་ཀྱི་དབོན། བཅུ་གཉིས་པ་རིན་ཆེན་རྡོ་རྗེ་ཕེབས་ཏེ། དབོན་བརྒྱུད་རིམ་པར་སྤྱན་སྔ་མཛད། ས་སྐྱ་ནང་འཁྲུགས་ནས་བོད་བྱིང་ལ་འདིའི་དབོན་རིགས་ཀྱིས་ལུང་བརྒྱུགས་པས། ལུགས་གཉིས་ཀ་ལ་ཕག་མོ་གྲུ་པ་ཞེས་འགྲན་ཟླ་མེད་པ་འདི་བྱུང་ངོ་། །”ཞེས་དང་ཡང་རག་ར་སྤྲུལ་སྐུས་བརྩམས་པའི་༼རྒྱལ་རབས་ཆོས་འབྱུང་ཤེལ་དཀར་མེ་ལོང་མཁས་པའི་མགུལ་རྒྱན༽་ལས་“འགྲོ་མགོན་གྱི་སྤྲུལ་པ་བཅུ་གཉིས་རིན་པོ་ཆེན་ནི་ལུང་རྟོགས་ཀྱི་ཡོན་ཏན་མཐའ་ཡས་ཤིང་གདན་སར་བྱོན ”ཞེས་པ་ལྟར་རོ། །ཁོང་ཉིད་གདན་སར་བཞུགས་པའི་དུས་ཡུན་ལ་བཤད་སྲོལ་མི་འདྲ་བ་འགའ་བྱུང་ལ་༼ཆོས་འབྱུང་མིག་འབྱེད་འོད་སྟོང་༽་ལས་“མེ་མོ་ཡོས་ཀྱི་ལོ་དགུང་ལོ་ལྔ་བཅུ་པ་ལ་གདན་སའི་གོ་སར་ཕེབས་ཏེ་ལོ་བཅུ་གཅིག་བཞུགས།”ཞེས་གསུང་པ་དང་༼རླངས་ལྷ་གཟིགས་ཀྱི་གདུང་རབས་དྲི་ལན་ཉེར་གཅིག་པ།༽་ལས་“ཀུན་ཏུ་བཟང་པོ་ཆགས་ཁྲོད་འདིར། །བཀའ་བརྒྱུད་གདན་ས་ལོ་གྲངས་ནི། །དཔལ་ལྡན་ཕག་གྲུ་བཅུ་གསུམ་མཛད། །གྲགས་པ་འབྱུང་གནས་ཉི་ཤུ་བདུན། །རྒྱལ་བས་སུམ་བཅུ་རྩ་གསུམ་བསྐྱངས། །བཅུ་གཉིས་རྙིང་མས་བཅུ་བཞི་མཛད། །”ཞེས་དང་ཡང་༼རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ༽་ལས་“དེའི་གཅུང་པོ་བཅུ་གཉིས་རིན་པོ་ཆེན་རྡོ་རྗེས་གདན་ས་ལོ་བཅུ་བཞི་མཛད།”ཅེས་དང་ཡང་༼མཁས་པའི་དགའ་སྟོན༽་ལས་“བཅུ་གཉིས་པ་རྡོ་རྗེ་རིན་ཆེན་གྱིས་ལོ་བཅུ་བཞི་”ཞེས་དང་ཡང༼ལྷོ་རོང་ཆོས་འབྱུང་༽ལས་“མེ་མོ་ཡོས་ཀྱི་ལོ་དགུང་ལོ་ལྔ་བཅུ་པ་ལ་གདན་སའི་གོ་སར་ཕེབས།”ཞེས་དང་ཡང་“རིན་པོ་ཆེ་པ་དེ་ནི་ལོ་བཅུ་བཞིར་ཚོགས་པ་བསྐྱངས་ནས། དགུང་ལོ་དྲུག་ཅུ་རྩ་གསུམ་པ་ལྕགས་ཕོ་འབྲུག་གི་ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཀྱི་ཉི་མ་གདན་སའི་དབུས་ཟུག་ལ་ཕྱིན་ཙམ་ན། ངོ་མཚར་བའི་ལྟས་དཔག་མེད་དང་བཅས་ཏེ་མྱ་ངན་ལས་འདས་པའི་ཚུལ་བསྟན”ཞེས་དང་དེ་བཞིན་དུ་༼དེབ་ཐེར་སྔོན་པོ༽་ལས་“དགུང་ལོ་ལྔ་བཅུ་པ་མེ་མོ་ཡོས་ལ་གདན་སར་ཕེབས། ལོ་བཅུ་བཞི་བཞུགས།”ཞེས་ཁོང་ཉིད་གདན་སར་བཞུགས་པའི་དུས་ཡུན་ལ་བཤད་སྲོལ་མི་འདྲ་བ་གཉིས་བྱུང་བ་ལ་སྔ་མ་ལྟར་དགུང་ལོ་ལྔ་བཅུ་བཞེས་པའི་མེ་མོ་ཡོས་ཀྱི་ལོ་སྤྱི་ལོ་༡༢༦༧ལོ་ལ་གདན་སའི་གོ་སར་ཕེབས་པ་ནས་༡༢༧༨ལོའི་བར་ལོ་བཅུ་གཅིག་ལས་མ་བཞུགས་པ་ཡིན་ན་ཁོང་མ་འདས་པའི་གོང་ནས་ལོ་གཉིས་ལྷག་ཡུན་ལ་གདན་སའི་ཁྲི་པ་མིན་པར་འགྱུར་པས་དེ་འདྲའི་ཡིག་ཚང་མ་མཐོང་པས་ན་ད་དུང་དཔྱད་པར་བྱའོ། །ཕྱི་མ་ལྟར་ལོ་བཅུ་བཞི་བཞུགས་ན་དགུང་ལོ་ལྔ་བཅུ་བཞེས་པའི་མེ་མོ་ཡོས་ཀྱི་ལོ་སྤྱི་ལོ་༡༢༦༧ལོ་ལ་གདན་སའི་གོ་སར་ཕེབས་པ་ནས་༡༢༨༡ལོ་སྟེ་ཁོང་ཉིད་༡༢༨༠་ལོ་སྐུ་མྱ་ངན་ལས་འདས་པའི་ལོ་ཕྱི་མར་ད་དུང་གདན་སར་བཞུགས་པར་འགྱུར་བས་ལུགས་འདི་མི་འགྲིག་པ་ཡིན། དེས་ན་ལུགས་གཞན་ཞིག་སྟེ་ར་སེ་དཀོན་མཆོག་རྒྱ་མཚོས་མཛད་པའི་༼ཕག་གྲུ་བཀའ་རྒྱུད་ཀྱི་ཆོས་འབྱུང་༽ལས་“གདན་སར་བཞུགས་ཡུན་ཡང་ཞྭ་དམར་བཞི་པས་གོང་མ་བཤེགས་པའི་མཇུག་དེར། ལོ་དེ་ཉིད་ཀྱི་ཧོར་ཟླ་གསུམ་པའི་ཚེས་བཅུ་གསུམ་(རྣམ་ཐར་གྱི་ཡི་གེ་ལ་ལར་དབྱར་ཟླ་འབྲིང་ཟེར)ལ་བཅུ་གཉིས་རྙིང་མ་གདན་སར་ཕེབས་ནས་ལྕགས་ཕོ་འབྲུག་གི་ལོ་བར་ལོ་བཅུ་གཉིས་བཞུགས། ཞེས་འཁོད་ཡོད་པ་དང”ཞེས་ཁོང་གདན་སར་བཞུགས་པའི་དུས་ཡུན་ལ་བཤད་སྲོལ་གཞན་ཞིག་ལུང་དྲངས་ཡོད་པ་འདི་བདེ་ཤོས་སུ་མཐོང་ངོ་། །གཞན་ཡང་དམ་པ་དེ་ནི་ཧ་ཅང་གི་མཛད་འཕྲིན་རྒྱས་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན་ཏེ་༼ཆོས་འབྱུང་མིག་འབྱེད་འོད་སྟོང་༽་ལས་“རབ་གནས་དང་རྟེན་འབྲེལ་ལ་མངའ་བརྙེས་ཤིང་། མངོན་པར་མཁྱེན་པ་ཐོགས་པ་མེད་པ་དང་། པུ་རངས་ལོ་ཆུང་གི་ཐུགས་དམ་དགྲ་ནག་ལ་གསོལ་བ་བཏབ་པས། ལྷོ་རྒྱུད་ཀྱི་འཁྲུག་པ་ཞི་བ་དང་། སྨན་ལུང་པ་དང་། རྔོ་ཐོག་པ། དབོན་ཐུང་རི་བ། རྡོ་རྗེ་དཔལ་རྣམས་ཀྱིས་རིན་པོ་ཆེ་པ་ནི། ཧེ་རུ་ཀ་དང་རྟ་མགྲིན་དང་། བྱམས་པར་མཐོང་བ་དང་། དེ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་འོ”ཞེས་གསུང་པ་ཇི་བཞིན་དུ་༼དེབ་ཐེར་སྔོན་པོ༽་ལས་“རབ་གནས་དང་རྟེན་འབྲེལ་ལ་མངའ་བརྙེས། མངོན་པར་མཁྱེན་པ་ཐོགས་པ་མེད་པ་དང༌། བུ་ཧྲངས་ལོ་ཆུང་གི་དགྲ་ནག་ལ་གསོལ་བ་བཏབ་པས་ལྷོ་རྒྱུད་ཀྱི་འཁྲུག་པ་ཞི། སྨན་ལུང་བ། རྡོར་ཐོག་པ། དཔོན་ཐུང་རི་བ་རྡོ་རྗེ་དཔལ་རྣམས་ཀྱིས་རིན་པོ་ཆེ་པ་ཧེ་རུ་ཀ་དང་རྟ་མགྲིན་དང་བྱམས་པར་མཐོང་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ། གདན་སར་ཕེབས་པ་ཉིད་ནས་རྒྱལ་བ་རིན་པོ་ཆེའི་དགོངས་པ་རྫོགས་ཐབས་ཀྱི་སྒོ་མངས་འགྲན་ཟླ་དང་བྲལ་བ་འདི་བཞེངས་ཏེ། གདན་སའི་སྒོ་མངས་རྣམས་ཀྱི་ཐོག་མ་ཡིན།”ཞེས་དང་༼ལྷོ་རོང་ཆོས་འབྱུང་༽ལས་“རབ་གནས་དང་རྟེན་འབྲེལ་མངའ་བརྙེས་ཤིང་མངོན་པར་མཁྱེན་པ་ཐོགས་པ་མེད་པ་དང་། པུ་རང་ལོ་ཆུང་གི་ཐུགས་དམ་དགྲ་ནག་ལ་གསོལ་བ་བཏབ་པས། ལྷོ་རྒྱུད་ཀྱི་འཁྲུག་པ་ཞི་བ་དང་། སྨན་ལུང་བ་དང་། རྔོ་ཐོག་པ་དང་། དཔོན་ཐུང་རི་པ། རྡོ་རྗེ་དཔལ་རྣམས་ཀྱིས་རིན་པོ་ཆེ་ནི། ཧེ་རུ་ཀ་དང་། རྟ་མགྲིན་དང་། བྱམས་པར་མཐོང་བ་དང་། དེ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་འོ”ཞེས་དང་༼རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ༽་ལས་“རྒྱལ་བ་རིན་པོ་ཆེའི་ནང་རྟེན་ལ། གསེར་གྱི་སྒོ་མང་བཞེངས། གདན་ས་མཐིལ་གྱི་སྒོ་མང་སྔན་མ་ཡིན་ནོ། །”ཞེས་སོགས་གསུང་པ་དང་ཡང་ར་སེ་དཀོན་མཆོག་རྒྱ་མཚོས་མཛད་པའི་༼ཕག་གྲུ་བཀའ་རྒྱུད་ཀྱི་ཆོས་འབྱུང་༽ལས་“མཛད་པའི་སྐོར་གཞན་དང་མི་གསལ་བ་ཁ་གཅིག་ནི་སྤྱན་སྔ་ཞྭ་དམར་བས་མཛད་པའི་ཕག་གྲུའི་ལོ་རྒྱུས་ནོར་བུའི་ཕྲེང་བ་ལས། གོ་སར་མ་ཕེབས་གོང་། དངུལ་བྲེ་ཆེན་བཅུ་གཉིས་ལས་གྲུབ་པའི་ཚེ་དཔག་ཏུ་མེད་པའི་སྐུ་དང་། གོ་སར་ཕེབས་ནས། སྔོན་རྒྱལ་བའི་དྲུང་དུ། རྒྱལ་པོ་ཧུ་ལ་ཧུས་ཕུལ་བའི་གོས་དར་རྣམས་ལས་འཕན་ཆེ་བ་སྟོང་གསུམ་ཟིལ་གནོན། ཆུང་བུ་འཛང་གླིང་རྒྱན་གཉིས་བསྒྲུབས། རིན་པོ་ཆེའི་གདུང་ཁང་དང་། སྐུ་འབུམ་གཟིམ་མལ་གསེར་སྐུ་སོགས་བཞེངས་ཤིང་། ཁྱད་པར་དུ་འཕགས་པའི་སྒོ་མངས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་འགྲན་ཟླ་བྲལ་བ་འདི། རྒྱལ་བ་རིན་པོ་ཆེའི་དགོངས་པ་རྫོགས་པའི་ཆེད་དུ་བཞེངས་པའི་ནང་དུ་རྗེ་མར་པའི་གདུང་རིང་བསྲེལ་དང་ཕྱག་དཔེ་སོགས་ནང་བཞུགས་ཕུན་སུམ་ཚོགས་པར་མཛད། གསུང་རབ་གསར་པ་མང་པོ་དང་། པོ་ཏི་སྟོང་ཕྲག་ཏུ་ཉེ་བའི་འབུལ་བ་བྱུང་། གླིང་རིན་པོ་ཆེ་ཡང་རྒྱས་པ་དང་། དགེ་འདུན་ཉིས་སྟོང་བརྒྱད་བརྒྱ་ཙམ་དུ་འཕེལ་བར་གྲགས་སོ། །ཞེས་འཁོད་འདུག་ལ། འགྲོ་མགོན་རིན་པོ་ཆེ་དང་ཆོས་རྗེ་འབྲི་གུང་པ་འཇིག་རྟེན་མགོན་པོ། སྤྱན་སྔ་རིན་པོ་ཆེ་ཁུ་དབོན་བཅས་ཀྱི་གསུང་འབུམ་ཕྱོགས་བསྒྲིགས་ཀྱིས་བཞེངས་ནས་དཀར་ཆག་བཀོད་པར་གནང་།”ཞེས་སོགས་འཁོད་པ་བཞིན་ཁོང་གི་མཛད་པ་འཕྲིན་ལས་ཕྱོགས་ཙམ་རྟོགས་ཐུབ་པ་ཡིན་ནོ། །དེ་ལྟར་སྐྱེས་ཆེན་དེ་ཉིད་དགུང་ལོ་དྲུག་ཅུ་རྩ་གསུམ་པ་ལྕགས་ཕོ་འབྲུག་གི་ལོ་སྤྱི་ལོ་༡༢༨༠་ལོ་སྐུ་མྱ་ངན་ལས་འདས་པ་ཡིན་ཏེ་༼ཆོས་འབྱུང་མིག་འབྱེད་འོད་སྟོང་༽ལས་“རིན་པོ་ཆེ་པ་དེ་ནི། དགུང་ལོ་དྲུག་ཅུ་རྩ་གསུམ་པ་ལྕགས་ཕོ་འབྲུག་གི་ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཀྱི་ཉི་མ་གདན་སའི་དབུས་ཟུར་ལ་ཕྱིན་ཙམ་ན། ངོ་མཚར་བའི་ལྟས་དཔག་མེད་དང་བཅས་ཏེ་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཞིང་ཆོས་ཉིད་ཀྱི་ངང་དུ་གཤེགས་སོ”ཞེས་གསུང་པ་ཇི་བཞིན་དུ་༼དེབ་ཐེར་སྔོན་པོ༽་ལས་“དགུང་ལོ་དྲུག་ཅུ་རྩ་གསུམ་པ་ལྕགས་ཕོ་འབྲུག་གི་ལོའི་ཧོར་ཟླ་བཅུ་གཉིས་པའི་ཉིན་གཤེགས། ལོ་འདི་ལ་འགྲོ་མགོན་འཕགས་པ་ཡང་གཤེགས།”ཞེས་དང་༼ལྷོ་རོང་ཆོས་འབྱུང་༽ལས་“རིན་པོ་ཆེ་པ་དེ་ནི་ལོ་བཅུ་བཞིར་ཚོགས་པ་བསྐྱངས་ནས། དགུང་ལོ་དྲུག་ཅུ་རྩ་གསུམ་པ་ལྕགས་ཕོ་འབྲུག་གི་ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཀྱི་ཉི་མ་གདན་སའི་དབུས་ཟུར་ལ་ཕྱིན་ཙམ་ན། ངོ་མཚར་བའི་ལྟས་དཔག་མེད་དང་བཅས་ཏེ་མྱ་ངན་ལས་འདས་པའི་ཚུལ་བསྟན”ཞེས་པ་ལགས་ཤིང་ཁོང་འདས་དུས་ཡང་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཡིན་པ་རྒྱུ་མཚན་དུ་བྱས་ནས་ཁོང་ལ་སྤྱན་སྔ་བཅུ་གཉིས་པ་ཞེས་ཞུ་བ་ཡིན་ནོ། །སྐབས་དེའི་དུས་སུ་ཁོང་གི་སྐུ་གདུང་བཞུས་པའི་ཚེ་ངོ་མཚར་ཇི་ལྟར་བྱུང་བ་ནི་༼ཆོས་འབྱུང་མིག་འབྱེད་འོད་སྟོང་༽་ལས་“དེའི་གདུང་ཚེས་བཅུ་བདུན་གྱི་ཐོ་རངས་ཞུགས་ལ་ཕུལ་ཏེ་དེའི་ཚེ་མེ་ཏོག་གི་ཆར་དང་། འཇའ་ཚོན་ཁ་དོག་སྣ་ཚོགས་ཀྱི་དཀྱིལ་དུ་བཀྲ་ཤིས་རྟགས་བརྒྱད་དང་གདུང་ལ་བདེ་མཆོག རྟ་མགྲིན། སྒྲོལ་མ། སྤྱན་རས་གཟིགས། མ་མགོན་རྣམས་བྱོན་ཞིང་གཞན་ཡང་རིང་བསྲེལ་དཔག་ཏུ་མེད་པ་དང་། ཐུགས་ལྗགས་དང་དུང་གཡས་འཁྱིལ་གསུམ་བྱོན་པ་དང་། གཤེགས་ནས་ཞག་དགུ་ན་ས་གཡོས་པར་གྱུར་ཏེ་”ཞེས་གསུང་པ་ལྟར་རོ། །
ཁོང་གིས་མཛད་པའི་བསྟན་བཅོས་ལ། ཁོང་ཉིད་ཀྱིས་ཕྱོགས་བསྒྲིགས་ཀྱིས་བཞེངས་པའི་སངས་རྒྱས་གཉིས་པ་དཔལ་ཕག་མོ་གྲུ་པ་ནས་རྒྱལ་བའི་སྲས་པོ་སྤྱན་སྔ་ཁུ་དབོན་ཡན་ཆད་ཀྱིས་མཛད་པའི་དཀའ་འབུམ་རྣམས་ཀྱི་དཀར་ཆག་གསལ་བའི་མེ་ལོང་གི་ནང་དུ། བཅུ་གཉིས་རིན་པོ་ཆེའི་བཀའ་འབུམ་ལ། བཅུ་གཉིས་རིན་པོ་ཆེའི་རྣམ་ཐར་མཐོང་བ་དོན་ལྡན། བླ་མ་རིན་པོ་ཆེའི་རྣམ་ཐར་བསྟན་པའི་རྒྱལ་མཚན་ཉི་མའི་འོད་ཟེར། ཚོགས་ཆོས་རིན་པོ་ཆེའི་འཁོར་ལོ། བཅུ་གཉིས་རིན་པོ་ཆེ་པས་མཛད་པའི་བཅའ་ཁྲིམས་སོ། །ཞེས་འཁོད་འདུག་ཀྱང་། ཁོང་གི་གསུང་ཆོས་འདི་དག་ནི་ད་སྐབས་དཔེ་རྒྱུན་མི་བཞུགས་ལ། ཁོང་ཉིད་ཀྱིས་ཕྱོགས་བསྒྲིགས་ཀྱིས་བཞེངས་པའི་སངས་རྒྱས་གཉིས་པ་དཔལ་ཕག་མོ་གྲུ་པ་ནས་རྒྱལ་བའི་སྲས་པོ་སྤྱན་སྔ་ཁུ་དབོན་ཡན་ཆད་ཀྱིས་མཛད་པའི་དཀའ་འབུམ་རྣམས་ཀྱི་དཀར་ཆག་གསལ་བའི་མེ་ལོང་ཞེས་པ་འདི་ཉིད་བཞུགས་པའོ། །
ཁོང་གི་སློབ་མ་ལ༼ཆོས་འབྱུང་མིག་འབྱེད་འོད་སྟོང་༽ལས་“དེ་ལྟ་བུའི་རིན་པོ་ཆེ་པ་ལ། ཁྱད་པར་འཕགས་པའི་བུ་ཆེན་ཡང་མཁན་ཆེན་ཀུན་གསལ་བ་རིན་ཆེན་རྒྱལ་པོ་ཞེས་པ། རྗེ་བཙུན་མིད་ལ་ལ་བྱུང་བའི་ཐུགས་དམ་གི་ཉམས་སྣང་ཀུན་རྫོགས་པར་བྱུང་ནའང་རི་ཁྲོད་དུ་བསྡོད་ཡུན་ཐུང་པས་རུས་པ་ཁྱོར་བ་ཡ་གྱལ་གང་བྱུང་གསུང་བ་དང་། སློབ་དཔོན་སྟོན་ནག་པ་ལ་སོགས་མང་དུ་བྱོན་ནོ”ཞེས་གསུང་པ་ཇི་བཞིན་དུ་༼དེབ་ཐེར་སྔོན་པོ༽་དང་༼ལྷོ་རོང་ཆོས་འབྱུང་༽ལས་ཀྱང་དོན་འདྲ་བ་འབྱུང་བ་དང་༼དེབ་ཐེར་དམར་པོ༽་ལས་“ དེའི་སློབ་མ་ལ་སྤུ་རྟོགས་ཟེར། དེ་གྲོངས་ནས་སྤུ་རྟོགས་ཚོས་སྒོ་མངས་གཅིག་བཞེངས།”ཞེས་པ་ནས་གསལ་བའི་བུ་སློབ་གཙོ་བོ་དག་དང་གཞན་ཡང་ཧ་ཅང་མང་བའོ། །
ཞེས་མྱང་བློ་རབ་པས་ཡིག་རྙིང་དག་ལས་བཏུས་ནས་སྤེལ་བའོ། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1660
དཔྱད་མཆན་སྤེལ།