རྩོམ་པ་པོ། སྒ་ངག་ཆོས།


སང་ཉིན་སྤྱི་ཟླ་༤བའི་ཚེས་༢༣་སྟེ་རྒྱལ་སྤྱི་དཔེ་ཀློག་ཉིན་མོའམ་མིང་ཆ་ཚང་དུ་འཛམ་གླིང་དཔེ་དེབ་དང་པར་དབང་གི་ཉིན་མོ་ཞེས་དཔེ་ཀློག་དང་པར་དབང་བདག་བཟུང་ལ་བག་ཆགས་ཞུགས་བྱེད་ཀྱི་དུས་ཆེན་དེ་ཡིན་སྐད། དུས་ཆེན་འདི་ནི་འཛམ་གླིང་གི་རྒས་དར་གཞོན་གསར་ཡོངས་དཔེ་ཀློག་ལ་སྐུལ་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས་སྤྱི་ལོ་༡༩༧༢ལོར་དཔེ་ཀློག་ནི་མི་ཡི་འཚོ་བའི་གྲུབ་ཆ་ཞིག་ཏུ་འགྱུར་དགོས་པའི་རེ་བའམ་ལྟ་ཚུལ་བཏོན་པ་དང་། སི་ཕེན་ནས་དཔེ་ཀློག་དུས་ཆེན་གྱི་གྲོས་འགོ་བཏོན་པ་བཞིན་སྤྱི་ལོ་༡༩༩༥ལོར་གཏན་ཁེལ་བྱས། དེ་ཡང་སུ་ཕེན་གྱི་“དཔལ་བརྟུལ་ཆའོ་ཀྲེའི་དུས་ཆེན་”ལས་བྱུང་བར་གྲགས། དེ་ཡང་ཁོ་ཚོའི་དམངས་ཁྲོད་ཀྱི་གཏམ་རྒྱུད་གཅིག་ལས་འདི་ལྟར། རི་ཁྲོད་ཀྱི་སྲས་མོ་ཞིག་ཁྲུང་འབྲུག་གིས་གནོད་འཚེ་ཐེབས་སྐབས་དཔལ་བརྟུལ་ཆའོ་ཀྲེས་སྲོག་ལ་མ་འཛེམ་པ་ཁྱུང་འབྲུག་དང་འཐབ་སྟེ་རི་ཁྲོད་ཀྱི་སྲས་མོ་དེ་ཚེ་སྲོག་སྐྱབས་པས་སྲས་མོ་བཀའ་དྲིན་མཚོན་བྱེད་དུ་དཔེ་དེབ་གཅིག་ཕུལ་བར། མཚོན་དོན་ནི་“དཔའ་བརྟུལ་ཆའོ་ཀྲེ་”ལ་དཔའ་དང་སྙིང་སྟོབས་འཛོམ་པས་ད་ཤེས་རབ་ཕུན་སུམ་ཚོགས་པ་ཞིག་སྐྱེ་ན་འགྲན་གྱིས་དོ་མེད་གཅིག་ཏུ་འགྱུར་རོ་ཞེས་པའི་དོན་ཡིན་ཞེས་ཕྱི་རབས་པས་འགྲེལ་བ་དང་། ཡང་དཔེ་དེབ་ནི་བློ་རྒྱ་དང་སྙིང་སྟོབས་མཚོན་བྱེད་ཡིན་ཞེས་ཟེར། དེ་ནས་སི་ཕེན་གྱི་མི་ཚོས་གཉེན་ཉེ་དང་དགའ་རོགས། གྲོགས་པོ་ཕན་ཚུན་བར་ལ་ལོ་རེའི་ཟླ་༤པའི་ཚེས་༢༣ཉིན་རྒྱ་སེར་མེ་ཏོག་དང་དཔེ་དེབ་ཀྱི་ལེགས་སྐྱེལ་འབུལ་སྲོལ་ཆགས་ཟེར། གང་ལྟར་དཔེ་ཀློག་དུས་ཆེན་དེ་ཡུལ་དེ་ག་ནས་དར་ཞིང་མཐའ་འཛམ་གླིང་དཔེ་ཀློག་དུས་ཆེན་དུ་གྱུར་པ་སྟེ། ད་ལྟ་འཛམ་གླིང་རྒྱལ་ཁབ་དང་ས་ཁུལ་བརྒྱ་ལྷག་དུས་ཆེན་འདི་ལ་རོལ་སྟོན་བྱེད། མ་གཞི་དཔེ་ཀློག་གིས་ཤེས་རབ་ཀྱི་མིག་སྤྲད་ཅིང་བློ་རྒྱ་ཅན་གྱི་མི་ཚེ་འཚར་ལོངས་འབྱུང་དུ་བཅུག་པ། དཔེ་ཀློག་ལས་མི་བུ་ཞིག་གི་མི་ཚེའི་ལམ་ག་སྒྱུར་ནུས་པ། དཔེ་ཀློག་ལས་དུས་གསུམ་གྱི་སྤྱི་ཚོགས་སྤྱི་ཁོག་མཇལ་ནུས་པ་བཅས་དཔེ་ཀློག་གི་ཡོན་ཏན་བླ་ན་མེད་པས། ང་ཚོའི་དཔེ་ཀློག་གི་དུས་ཆེན་བསུ་བ་ནི་དཔེ་ཀློག་ལ་དགའ་མོས་ཀྱི་འཚོ་བར་གསོ་སྐྱོང་བྱེད་ཐབས་ཞིག་ཀྱང་ཡིན། དཔེ་ཀློག་དུས་ཆེན་བསུ་སྟངས་ལ། མ་གཞི་ལོ་རེའི་ཟླ་༤པའི་ཚེས༢༣ནས་ཕྱི་ལོའི་ཟླ་༤པའི་ཚེས་༢༣་བར་དུ་དཔེ་ཀློག་གི་རྒྱུན་མི་བཅགས་པ་ནི་དཔེ་ཀློག་གི་དུས་ཆེན་བསུ་སྟངས་ཡིན་ལ། དམིགས་གསལ་ཟླ་༤པའི་ཚེས༢༣ཉིན། རང་ཉིད་ཀྱིས་ལོ་རེའི་དཔེ་ཀློག་གྲངས་ཀ་ལ་བསམ་གཞིག་བྱེད་པ་དང་། དཔེ་ཀློག་སྐབས་ཀྱི་ཟིན་བྲིས་གྲངས་ཀ་བརྩི་བ། དཔེ་ཀློག་ལས་ཐོབ་པའི་དཔེ་ཀློག་གི་ཐབས་ལམ་དཔེ་ཀློག་གིས་སྐྱེད་པའི་ཕན་ནུས་ལྟ་བུ་དཔེ་ཀློག་གི་མྱོང་ཚོར་བགྲོ་གླེང་བྱ་བ། དེ་བཞིན་ལོ་རེའི་དཔེ་ཀློག་གི་བར་གསེང་ནས་རང་ཉིད་ལ་ཁྱད་པར་ཅན་གྱི་བསམ་བློ་དང་དོགས་སློང་། སྒྱུ་རྩལ་དང་མཚར་སྣང་སྟེར་བའི་དམིགས་བསལ་གྱི་དཔེ་ཆ་ངོ་སྤྲོད་བྱེད་པ། དཔེ་སྦྱིན་བྱེད་པ། དཔེ་ཆའི་རིན་གོང་ཕབ་གཅོག་གི་བྱ་འགུལ་དང་། དཔེ་ཆ་དང་འབྲེལ་ཡོད་ཀྱི་བྱེད་སྒོ་གཞན་ཡང་གྱེར་འདོན་དང་ཟློས་གར་ལྟ་བུ་བྱེད་པར་སྣང་། དེ་བས་ཁོ་བོ་ཡང་མི་ཚེ་ཕྱེད་ཀ་དཔེ་ཀློག་ལ་བསྐྱལ་བས་དེའི་གསེང་ནས་རང་ལ་ཐོབ་པའི་ཉམས་མྱོང་གི་གདེང་ཚོར་འགའ་རེ་འདིར་འཛམ་གླིང་དཔེ་ཀློག་ཉིན་མོར་བསུ་བའི་ཚུལ་དུ་རང་དང་བློ་གྲོས་མཉམ་པ་དག་ལ་བགྲོ་གླེང་དང་། མཁས་པ་རྣམ་ལ་སྤྱན་ཞུས་སུ་ཕུལ་ན།

འདུ་ཤེས་གསུམ་དང་རྒྱུན་འཁྱོང་གི་དཔེ་ཀློག

༡༽ རང་གི་ཆེད་དུ་དཔེ་ཀློག་དགོས་པའི་འདུ་ཤེས།

དཔེ་ཀློག་ལ་རིགས་གསུམ་ཕྱེས་ཏེ་གླེང་ན། ངེས་མེད་དུ་དཔེ་ཀློག་བྱས་ཏེ་འཇིག་རྟེན་གྱི་གནས་ལུགས་མཐོང་བའི་ཤེས་རབ་བཙལ་ཚུལ་གྱི་དཔེ་ཀློག
ངེས་ཡོད་དུ་དཔེ་ཀློག་བྱས་ཏེ་རང་གི་འདོད་པ་བཙལ་ཚུལ་གྱི་དཔེ་ཀློག གཞུང་ལུགས་སྲུང་ཆེད་དུ་སྣ་རེའི་དཔེ་ཀློག་བྱེད་ཚུལ་ཏེ་གསུམ་ཡོད། དེ་ལ་དང་པོ་ནི། ཤེས་རབ་ཁྱད་པ་བཙལ་བའི་དོན་དུ་སྣ་མང་རིག་གཞུང་སྦྱོང་བའི་ལམ་ལུགས་སྟེ། མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པ་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟར་བས་ན་གཞན་དག་ཚར་གཅོད་རྗེས་བཟུང་དང་། །རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་གསུངས་པ་བཞིན་དུ་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་རྣམ་ཤེས་ཀྱི་ནུས་པའི་གསང་བ་རྙེད་པའི་ཤེས་རབ་ཁྱད་པ་ཅན་འཚོལ་བའི་དོན་དུ་དཔེ་ཀློག་བྱེད་པ། ཡང་ན་རང་ཉིད་ཀུན་ཤེས་དང་ཀུན་ནུས་སུ་འགྱུར་བའི་ཆེད་དུ་སྣ་མང་རིགས་གཞུང་ངམ་འཛམ་གླིང་རིག་གནས་ཡོངས་སམ། རིག་པའི་གནས་ལྔ་ལ་སློབ་སྦྱོང་བྱེད་པ། ད་ལྟ་ལྟར་ན་རྒྱལ་ཕྱི་ནང་གི་སྐད་ཅིག་མང་པོ་ཤེས་པ་བྱེད་པ་དང་། ནང་རིག ཚན་རིག རྩིས་རིག དངོས་ལུགས་དང་རྫས་འགྱུར། གནམ་རིག་དང་ས་ཁམས། མཚན་ཉིད་རིག་པ། སྐྱེ་དངོས་རིག་པ་དང་སྤྱི་ཚོགས་རིག་པ་ལྟ་བུ་རིག་གནས་ཀུན་ཤེས་ཀྱི་ཤེས་རབ་སྐྱེད་ཆེད་དཔེ་ཀློག་བྱེད་པ་སྟེ། དེ་ལྟ་བུ་དཔེ་ཀློག་སློབ་སྦྱོང་ནི་ལམ་རིམ་གྱི་སྐད་ཆ་ལྟར་བྱས་ན་སྐྱེས་བུ་ཆེན་པོའི་ལམ་ཟེར་ན་འགྲིག

གཉིས་པ་ངེས་ཡོད་དུ་དཔེ་ཀློག་བྱས་ཏེ་རང་གི་འདོད་པ་བཙལ་ཚུལ་གྱི་དཔེ་ཀློག་ནི། ཇོ་བོ་རྗེས། ཚེ་ནི་ཡུན་ཐུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་མཚོ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླངས་ཤིག་ཨང་། ཅེས་པ་སྟེ་འཇིག་རྟེན་གྱི་ཤེས་བྱ་ནི་ཚད་མེད་གྲངས་མེད་ཡིན་ཞིང་། དེ་ལ་སློབ་སྦྱོང་བྱེད་མཁན་གྱི་མི་ནི། ཚེ་ཡི་་ཡུན་ཐུང་བ། རྣམ་ཤེས་ཀྱི་ནུས་ཚད་ཡོད་པ། ང་ཚོ་ནང་པ་སངས་རྒྱས་པས་བཤད་པ་ལྟར་བྱས་ན་སྐྱེ་ལུས་རྙེད་དཀའ་བ། རྙེད་པ་དོན་ལྡན་བྱ་དགོས་པ་བཅས་ཀྱིས་རྒྱུ་མཚན་གྱིས་ཁེ་ཕན་རིང་ལུགས་ཀྱི་རིག་གཞུང་སྦྱོང་བའི་ལམ་ལུགས་སྟེ། ཆོས་པ་ཡིན་ན་ཐར་བ་ཐོབ་བྱེད་ཀྱི་ལམ་རིམ་སྒོམ་བདེ་ཉན་བདེ་ལྟ་བུ་འཇུག་པ་དང་། ཁྱིམ་པ་ཡིན་ན་འཚོ་བའི་དགོས་མཁོ་འགྲུབ་པའི་རིག་གཞུང་དཔེ་ཀློག་ལ་ཞུགས་པ་སྟེ། དུས་ཡུན་ངེས་ཅན་གཏོང་ཟིན་པའི་སློབ་སྦྱོང་གི་ཤེས་རབ་དེས་ཚེ་འདིའི་འཚོ་ཚིས་ཐག་ཆོད་ནུས་དགོས་པས། ལག་རྩལ་སྣ་གཅིག་ལྟ་བུ་རིག་གཞུང་སློབ་སྦྱོང་གི་དཔེ་ཀློག དཔེ་ན་འཐག་རྩལ། རླངས་འཁོར་བཟོ་རྩལ། རི་མོ་འབྲི་རྩལ། རྩིས་འཕྲུལ་སྒུལ་རྩལ་ལྟ་བུ་དང་། འཚོ་ཚིས་ཀྱི་ཆེད་དུ་བསླབ་པ་སྐད་ཡིག་སྣ་གཅིག རིག་གཞུང་སྣ་གཅིག་བསླབ་པ་ལྟ་བུ་ཡིན། ཡང་ན་རང་གི་ཁ་ཕྱོགས་དང་མཚམས་པའི་དཔེ་ཀློག ཆེད་ལས་དང་མཚམས་པའི་དཔེ་ཀློག དམིགས་ཡུལ་གང་ཞིག་ལེགས་འགྲུབ་ཡོང་ཐབས་ཀྱི་དཔེ་ཀློག་ལྟ་བུ་ཡིན། འདི་ཡང་གོང་བཞིན་ལམ་རིམ་གྱི་སྐད་ཆ་བྱས་ན། སྐྱེས་བུ་འབྲིང་གི་སློབ་སྦྱོང་ངམ་དཔེ་ཀློག་ལམ་ལུགས་ཡིན།

གསུམ་པ་གཞུང་ལུགས་སྲུང་ཆེད་དུ་སྣ་རེའི་དཔེ་ཀློག་བྱེད་ཚུལ་ནི། ཡུལ་གྲུ་གཞན་དང་རྒྱལ་ཁམས་གཞན་དུ་འདི་འདྲ་ཨེ་ཡོད་མ་ཤེས་ཀྱང་། ངེད་རང་བོད་པ་ཚང་ལ་ལུགས་འདི་རྒྱ་ཁྱབ་ཏུ་དར་ཆེ་ནས་འཚབ་ཆེན་རང་བཞིན་དུ་སོང་སྟེ། རིག་གཞུང་གིས་མི་རིགས་ཚུར་གཞོམ་པའི་ཉེན་ཁའི་མཚམས་སུ་སླེབས་ཡོད་པ་སྟེ། གཙོ་བོ་ཆོས་བརྒྱུད་སོ་སོ་ཡི་རིག་གཞུང་སྲུང་ཆེད་དུ་མི་ཚེ་དེ་ལ་ཕུལ་ཏེ་ངེད་ཀྱི་བླ་མ་བརྒྱུད་པ་དང་། མཁས་པའི་བརྒྱུད་པ་ནི་འཁྲུལ་ཟད་དམ་པའི་གཞུང་ལུགས་ཡིན་ཞེས། མདོ་ལ་འགལ་ན་མདོ་འགྲེལ། སྔགས་ལ་འགལ་ན་སྔགས་འགྲེལ་ནས། རང་གི་འདོད་ཐོག་ཏུ་མ་ཡོང་བར་དུ་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ན་བཀའ་འགྲེལ། རྗེས་འཇུག་མཁས་པའི་བསྟན་བཅོས་ཡིན་ན་ཁས་མི་ལེན་ཟེར་ཕོད་ན་ཟེར། དེ་ཟེར་མི་ཕོད་སར་འགྲེལ་ནས་རང་གི་ལྟ་བ་དང་རང་གི་བླ་མ་ཚད་མར་སྒྲུབ་བཞིན་པའི་ལམ་ལུགས་འདི་ཡིན། སྤྱིར་ན་རིག་གཞུང་གི་རྩོད་པ་དར་ན་ཡག་པོ་བཟང་པོ་ཡིན་པ་དང་། མཁས་པ་གཅིག་གི་རིག་གཞུང་ལ་སློབ་སྦྱོང་བྱེད་པར་ནོར་སོང་བ་མིན་མོད། རང་ཉིད་ཀྱི་ཤེས་རབ་འཚོལ་ཆེད་དང་རང་གི་ཤེས་རབ་ཀྱི་གསང་བའི་ནུས་པ་སྔོག་འདོན་བྱེད་ཆེད་མ་ཡིན་པ། རང་གི་ཤེས་རབ་ཀྱི་ནུས་པ་ཡོད་ཚད་གཞན་གྱི་ལྟ་གྲུབ་སྲུང་ཆེད་ལ་ཕུལ་བ་ནི། དམ་པ་གོང་མ་ཁོང་རྣམས་པ་འཁྲུལ་བ་མིན་རུང་། རང་གི་དཔེ་ཀློག་གི་ཁ་ཕྱོགས་ནི་ནོར་བ་ཡིན་ཏེ། རང་གི་བླ་མ་དང་ཆོས་བརྒྱུད་ཞེས་པ་ལྟ་བུས་ཞེན་རྒྱ་ཞིག་གི་ཀློང་ནས་དཔེ་ཀློག་དང་སློབ་སྦྱོང་གི་ཁ་ཕྱོགས་དེ་ལ་བཅོལ་དགོས་པ་ནི། ལམ་རིམ་ལྟར་ན་སྐྱེས་བུ་ཆུང་ངུ་ལམ་ལུགས་དང་། གཞན་ཞིག་བྱས་ན་རང་ཉིད་དཔེ་ཆའི་བྲན་གཡོག་རུ་སོང་ནས། དཔེ་ཆའི་ཆེད་དུ་རང་གིས་སློབ་སྦྱོང་བྱས་པ་ལས། རང་གི་ཆེད་དུ་དཔེ་ཆར་སློབ་སྦྱོང་མ་བྱས་ཟེར་དགོས་པ་སྣང་། མ་གཞི་དཔེ་ཆར་སློབ་སྦྱོང་ངམ་རིག་གཞུང་སློབ་སྦྱོང་ནི་ངའི་བསམ་ཚུལ་ཡིན་ན་ཤེས་རབ་བཙལ་ཏེ་རང་ཉིད་ལ་བཀོད་སྒྲིག་ནུས་པ་བྱེད་པ་སྟེ། རིག་གནས་རང་གི་བེད་སྤྱད་ཀྱི་ལག་ཆ་ཡིན་པ་ལས། རང་ཉིད་རིག་གནས་ཀྱི་བྲན་གཡོག་མིན་པས། རིག་གཞུང་གི་ཁྱད་དུ་སློབ་སྦྱོང་བྱེད་དགོས་པ་མིན་དྲན།

༢༽ སྤྱི་ཚོགས་ལ་གདོང་གཏད་དེ་སྣ་མང་རིག་གནས་ངོས་ལེན་ཀྱི་འདུ་ཤེས།

ངེད་ཀྱི་ཡུལ་དུ་ཕྱི་རིག་ནང་འདྲེན་ལ་ཐུགས་མི་དགྱེས་མཁན་མང་ཞིང་། དེང་དར་རིག་གནས་ཀྱི་རིན་ཐང་ལ་ངོས་ལེན་གནང་མི་ཐུབ་མཁན་ཡང་ཡོད་པས། དེ་བས་ཆེད་དུ་འདིར་སྤྱི་ཚོགས་ལ་གདོང་གཏད་དེ་སྣ་མང་རིག་གནས་ངོས་ལེན་གྱི་འདུ་ཤེས་དགོས་ཟེར་བ་ཡིན། ངེད་ལ་ཕུན་སུམ་ཚོགས་པའི་རིག་གཞུང་ཡོད་བཞིན་དེ་དག་སློབ་པ་མཐའ་ཕྱིན་མི་བྱ་བ་གཞན་རིག་ཟར་ཟིར་ལ་རྒྱུགས་པ་ཅོལ་ཆུང་ཟེར་མཁན་གྱི་མཁས་དབང་རྣམས་ལ་ཕྱི་རིག་ནང་འདྲེན་དང་སྣ་མང་རིག་གནས་ཀྱི་དགོས་མཁོ་ནི་ངེད་ཚོ་དང་ཁ་འབྲལ་ཐབས་མེད་པའི་ངོས་ལེན་གྱི་འདུ་ཤེས་དགོས་ཟེར་བ་ཡིན། ལྷག་པ་རྒྱལ་སྤྱི་རང་བཞིན་གྱི་སྐད་ཡིག་དང་། ཁྱིམ་མཚེས་རྒྱལ་ཁབ་ཀྱི་རིག་གཞུང་། དཔེ་ན་ལོ་རྒྱུས་དང་ཆབ་སྲིད། སྤྱོད་ལམ་དང་སྐད་ཡིག་ལྟ་བུ་ཤེས་དགོས་ངེས་ཀྱི་རིག་གཞུང་ཡིན་ཏེ། འུ་ཚོའི་བོད་ནི་ནང་དོན་རིག་པ་ཚད་མ་རིག་ལྟ་བུ་ཕུན་སུམ་ཚོགས་པོ་ཡོད་ཀྱང་། ལོ་རྒྱུས་དང་ས་ཁམས་རྫས་འགྱུར་རྩིས་རིག་ནི་ཕལ་ཆེ་མེད་པ་དང་། ཡོད་ཀྱང་མཐུས་མ་ཚང་བ་དག་ནི་ཁྱིམ་མཚེས་ལ་དྲིས་ན་ཅུང་ཟད་གོ་རྒྱུ་ཡོད་པས་རང་གི་རིག་གཞུང་གི་ཆེད་དུ་ཁྱིམ་མཚེས་རྒྱལ་ཁབ་དང་མི་རིགས་ཀྱི་རིག་གཞུང་ལ་བསླབ་པ་དང་། དེང་དར་རིག་གནས་ལས་དྲྭ་བའི་རིག་གནས་ཏེ་འཛམ་གླིང་ཁྱིམ་ཚང་གཅིག་ཏུ་བྱེད་པའི་རིག་གནས་འདི་ཡིན། དཔེ་ན་ཚན་རྩལ་ལས། བརྙན་འཕྲིན། འཁོར་རིགས། ལམ། ཁ་པར་ལྟ་བུ་སྟེ། འདི་འདྲའི་རིག་གནས་མང་པོ་ཞིག་འུ་ཚོས་བེད་སྤྱོད་ཀྱང་ཡག་པོ་མི་ཤེས་ན་བཟོ་རྩལ་སོགས་ནི་ཅུང་ཟད་ཀྱང་གང་དུ་ཡོད། དེ་བས་རིག་གནས་འདི་དག་ལ་མེད་ན་མི་ཆོག་པའི་ངོས་ལེན་ཀྱི་འདུ་ཤེས་དེ་ཡང་དགོས་ཟེར་བ་ཡིན། འདི་ན་སྐད་ཆ་མང་ཡང་། དུས་ཀྱི་དབང་གིས་བསྡུས་ཏེ་ཅུང་ཟད་གླེང་བས་མཐུས་པ་བྱས་སོ།

༣༽ དུས་དང་བསྟུན་ཏེ་གདོད་མའི་རིག་གནས་བེད་སྤྱད་ཀྱི་ནུས་པ་འཚོལ་བའི་འདུ་ཤེས།

རིག་གནས་གང་ཡིན་ཡང་བེད་སྤྱད་ཀྱི་རིན་ཐང་ཉམས་ཚེ་དེ་ཡི་རྒྱུད་རིམ་གྱི་ལོ་རྒྱུས་ཇི་ཙམ་ཆེ་ཡང་ཉམས་པ་འགྱུར་ལ། མཁོ་སྤྱོད་མེད་ཚེ་རིག་གཞུང་དེ་ཉམས་ཀྱང་སེམས་ཕོངས་ཅུང་ཟད་ཙམ་ཡང་ག་ལ་སྐྱེ། དེ་བས་འུ་ཚོའི་ཕ་མེས་རིག་གནས་ཀྱང་བེད་སྤྱད་ཀྱི་རིན་ཐང་འཚོལ་བ་ནི་ཅིས་ཀྱང་གལ་ཆེ། དཔེ་ན་ནང་ཆོས་ལྟ་བུ་ནི་ད་ལྟའི་དུས་རབས་ལ་བེད་སྤྱད་ཅི་ཙམ་ཡོད། གང་ཡོད། མེད་ན་ཐབས་ཅི་ཆག ལམ་གཞན་དེའི་ཚབ་ནུས་པ་འདུག་གམ། དེ་བཞིན་ཚད་མ་རིག་པ་དང་ལོ་རྒྱུས་རིག་པ་ལྟ་བུ་ཐམས་ཅད་ལ་དེ་ལྟར་རིག་གཞུང་བེད་སྤྱད་ཀྱི་ནུས་པ་བཙལ་དགོས་པ་ཡིན། འོན་ཀྱང་རིག་གཞུང་བེད་སྤྱད་ཀྱི་ནུས་པར་ཤེས་པར་རིག་གཞུང་དེ་ལ་ཞིབ་འཇུག་གི་རྒྱུས་ལོན་ཡོད་དགོས་པ་ལས། མར་ཁེ་སིས་ཆོས་ལུགས་དགག་འདུག་པས། ངེད་ཀྱི་ཆོས་ལུགས་ཀྱང་དུག་ཡིན་ནོ་ཟེར་མཁན་དང་། རིག་གནས་གསར་བརྗེ་ཡི་བག་ཆགས་འགོས་ནས་ཕ་མེས་བརྒྱུད་པའི་རིག་གཞུང་ཡོད་ཚད་རྗེས་ལུས་ཡིན་པས་གཏོར་དགོས་ཟེར་ནས་འུར་འདུག་མཁན་དག་ནི། ཤ་ཁྱིས་རིག་ནས་ཟུག་བོས་ཁྱིས་མ་རིག་ཟུག་ཟེར་བ་བཞིན་དང་། ཁྱི་རྒན་ཀུ་ཅོ་འདོན་པ་ལ། ། རྒྱུ་མཚན་མེད་པ་གཞན་དག་རྒྱུགས་ཟེར་བའི་མང་ཡོ་ཁྱི་རྒྱུགས་ཡིན་པས། དེ་ལྟ་བུ་མ་མཛད་པ་རིག་གཞུང་ལ་རྒྱུས་ལོན་བྱུང་རྗེས་བེད་སྤྱད་གླེང་བ་ནི་ཅིས་ཀྱང་གལ་ཆེ། རིག་གཞུང་ཞིབ་འཇུག་གི་རྒྱུ་ཆ་ནི་མཚན་ཉིད་རིག་པ་དང་ཆོས་ལུགས་ནི་ཡི་གེ་རྙིང་པ་དང་མཁས་པ་སྔ་མ་ལ་གཏུག་ནས་ཞིབ་འཇུག་བྱེད་དགོས་ལ། ལོ་རྒྱུས་ལྟ་བུར་རྫས་དངོས་དཔང་པོ་བཙལ་བ། ཡིག་རྙིང་ལ་ཕུགས་གཏུགས་པ། གཉིས་ཀ་ལ་དཔྱད་གཞིག་གིས་དབྱེ་འབྱེད་ནུས་པ་བཅས་གལ་ཆེ་བ་ཡིན། དེ་བཞིན་འུ་ཚོའི་ནང་དོན་རིག་པ་དང་ཚད་པ་རིག་པ་ལྟ་བུ་ཡིན་ན།རིག་གཞུང་གི་ནང་དོན་ལ་མཁས་པ་སྔ་མ་དག་གི་བཞེད་སྲོལ་སྣ་མང་ལ་རྒྱུས་ལོན་བྱེད་པ་དང་རིག་གཞུང་དེ་ཡི་དུས་རབས་དང་དེའི་ལོ་རྒྱུས་དང་སྦྲགས་ནས་ཞིབ་འཇུག་བྱས་ན་རིག་གཞུང་གི་རྒྱུས་ལོན་ཡང་དག་ཡོང་བས། དེ་ལྟ་བུ་རིག་གནས་སློབ་སྦྱོང་གི་ལམ་དེ་མ་ཤི་བར་དུ་ཞག་དང་ཉི་མས་བར་མ་ཆོད་པ་རྒྱུན་འཁྱོང་བྱེད་དགོས། དེ་ཡང་མ་ཧ་གྷན་དྷིས། གཏན་དུ་འཚོ་དགོས་པ་ནང་བཞིན་སློབ་སྦྱོང་གྱིས། གསུངས་པ་དང་། གུང་ཐང་ཚང་གིས། བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་བསྟེན་ཅིག་ཨང་། །སློབ་སྦྱོང་དང་དཔེ་ཀློག་ནི་ཆུ་བོའི་རྒྱུན་བཞིན་རང་གི་མི་ཚེའི་འཚོ་བའི་གྲུབ་ཆ་ཞིག་བསྒྱུར་བ་དང་། དེ་ཡང་མི་འགའ་དང་པོ་ཐོས་བསམ་ལ་འཇུག་ཀྱང་བར་དུ་དཔེ་ཀློག་ཤེས་མི་ཤེས་ཀྱིས་དཔེ་ཀློག་དང་སློབ་སྦྱོང་གི་མཚམས་ཆད་པ་ཡོད་མོད། གནད་ནི་བརྩོན་འགྲུས་ཀྱི་རྒྱུན་འཁྱོང་མ་ནུས་པ་དེ་རང་ལན་དེ། ཇི་ལྟར་དཔེ་ཀློག་མང་བ་དེ་ལྟར་དཔེ་ཀློག་ལ་གོམས་པར་འགྱུར་ལ། ཇི་ལྟར་དཔེ་ཀློག་ལ་གོམས་པ་གྱུར་པ་དེ་བཞིན་དཔེ་ཀློག་ལ་མཁས་པ་འགྱུར་ཞེས་པ་དེ་ཡིན། ད་དུང་གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པ་བཞིན་རང་ཉིད་དེ་ལ་གོམས་ནུས་ན་སླ་བ་དང་ཤེས་པ་མི་ནུས་པའི་དོན་ནི་གཞལ་ཡང་མེད་དོ། དེ་ཡང་གོང་དུ་ཞུས་པ་བཞིན་སློབ་སྦྱོང་དང་དཔེ་ཀློག་ནི་བླང་དོར་ཧ་གོ་བའི་ཤེས་རབ་་ཁྱད་པ་ཅན་འཚོལ་བའི་ཆེད་དུ་ཡིན་ཏེ། སྔོན་ཤཱཀྱ་ཐུབ་པས་སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས། རིགས་ཀྱི་བུ་ཐོས་པ་དང་ལྡན་ན་ཤེས་རབ་ལྡན་པར་འགྱུར་རོ། ཤེས་རབ་དང་ལྡན་ན་ཉོན་མོངས་པ་ཞི་བ་འགྱུར་རོ་གསུངས་པ་ལྟར་ཉོན་མོངས་ཞི་བ་ནི་རྨོངས་པ་དང་། མི་དགའ་བ། སྙིང་ན་བ། འགྲན་སེམས་དང་ཕྲག་དོག་དེ་དག་མེད་པ་བྱེད་པ་ལ་ཟེར་བ་ཡིན། ཆེས་གདོད་མ་ཟས་སུ་གོག་ནས་འགྲོ་བའི་མི་རབས་ནས་རྡོ་ཆས་རྫ་ཆས་ཀྱི་དུས་རབས་བརྒྱུད་དེ་འཛམ་གླིང་ཧྲིལ་བོར་གཅིག་ཏུ་སྦྲེལ་ནུས་པའི་དྲྭ་བའི་དུས་རབས་སླེབས་པའི་བར་དུ་གོང་འཕེལ་ཡོད་ཚད་ནི་ཤེས་རབ་ལས་བྱུང་ལ། དེ་བཞིན་ད་ལྟའི་ཉེས་ཁ་ཡོད་ཚད་ནི་མ་རིག་པ་དང་མ་ཤེས་པ་དེ། བློ་རྨོངས་པས་སྐྱེད་པ་ཡིན། ཐོས་བསམ་ནི་དཔེ་ཀློག་དང་། དཔེ་ཀློག་ནི་ཆོས་ལུགས་དང་འཇིག་རྟེན་གཉིས་ཀར་ཁ་འབྲལ་ཐབས་མེད་པའི་མཛོད་ཀྱི་ལྡེ་མིག་ཡིན་ནོ། འཇམ་མགོན་ས་པཎ་གྱིས། ཤིན་ཏུ་རྒས་པ་གྱུར་ཀྱང་ནི། །ཐོས་པའི་ནོར་ནི་བཙལ་བྱ་ཏེ། །ཕྱི་མ་ཐོས་པས་ཕན་པ་ཙམ། །སྦྱིན་པ་ཡིས་ཀྱང་ག་ལ་ཕན། །གསུངས་ལ་སྐྱེ་བ་ཕྱི་མར་ཁས་ལེན་པའི་སྐྱེས་བུ་ཞིག་ལ་ཕྱི་མའི་དོན་བྱ་ནི་སང་ཉིན་གྱི་རང་ཉིད་ཀྱི་དོན་བྱ་བཞིན་དུ་དོ་སྣང་བྱེད་པ་ཡིན་པས། དེ་བས་ཐོས་བསམ་ནི་ཁ་འབྲལ་ཐབས་མེད་པའི་ཟས་གོས་ཀྱང་གལ་ཆེ་བ་ཡིན། ཐོས་བསམ་གྱིས་ཚེ་འདི་དང་ཕྱི་མ་གཉིས་ཀ་ལ་རླུང་རྟ་རྒྱས་སུ་བཅུག མཚན་སྙན་འབར་དུ་བཅུག ནོར་ལོངས་སྤྱོད་བསོད་ནམས་དབང་ཐང་ཐམས་ཅད་བཙལ་བ་ཡིན་ནོ། དེ་བཞིན་དུ་ས་པཎ་གྱིས། རིག་པ་ནངས་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པ་མ་གྱུར་ཀྱང་། ། སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་འདྲ་ཞེས་གསུངས་སོ། དེ་ལྟར་སློབ་གཉེར་དང་དཔེ་ཀློག་ལ་འཇུག་སྐབས་སློབ་སྦྱོང་གི་ཁ་ཕྱོགས་དང་དཔེ་ཀློག་གི་གདམ་གསེས་ནི་གཞན་ཕན་དང་ཆོག་ཤེས་བསྟན་པའི་དཔེ་ཆ་དང་རིག་གཞུང་ལ་སློབ་དགོས་པ་ལས། སྒེར་སེམས་དང་ཆགས་སྲེད་རང་བཞིན་གྱི་དཔེ་ཀློག་གིས་ནི་མི་ཚེ་ཕུང་པ་ཡིན།

ཞེས་༢༠༢༡.༤.༢༣འཛམ་གླིང་གི་རྒྱལ་སྤྱིའི་དཔེ་ཀློག་ཉིན་མོར་དཔེ་ཀློག་ལ་བཅང་བའི་བསམ་ཚུལ་ཉུང་ངུར་སྨོས་པ་ལགས་སོ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1617