བོད་ཀྱི་དབྱངས་ཡིག་བཀླག་ཐབས།
འདི་ནི་གུས་པས་ཉེ་ཆར་བྲིས་པའི་རྒྱ་ལྕེ་ནང་འདྲེན་གྱི་བོད་ཡིག་བཀླག་ཐབས་ཞེས་པའི་རྩོམ་ཐུང་དེའི་ནང་གི་དབྱངས་ཡིག་སྐོར་གྱི་གསལ་བཤད་ཅིག་དུ་བྲིས་པ་ཡིན།
གནམ་གསས་དར་རྒྱལ།
བོད་ཡིག་དབྱངས་ཀྱི་སྦྱོར་ཀློག་གི་རིམ་པ་ལ་རྣམ་པ་གསུམ་དུ་ཡོད། རིམ་པ་དང་པོར་གི་གུ་ཞབས་ཀྱུ་འགྲེང་བུ་ན་རོ་ཞེས་བཀླག་གི་ཡོད། དེ་ནི་དབྱངས་བཞིའི་མིང་ཡིན་ཡང་། མིང་དེ་དབྱངས་བཞི་སོ་སོའི་སྒྲ་གདངས་ལ་ལྟོས་ནས་བཏགས་པའི་དབང་གིས། མིང་དེ་རྣམས་ངག་ཏུ་ལེགས་པར་བྱང་བ་ཡིན་ན། གསལ་བྱེད་ཀྱི་ཡི་གེ་ལ་སྦྱར་ནས་དབྱངས་སོ་སོའི་སྒྲ་གདངས་ཚུལ་བཞིན་འབྱུང་བ་ལ་ནུས་པ་ཁྱད་པར་བ་ཐོན་གྱི་ཡོད་པ་ཡིན།
དབྱངས་ཀྱི་དབྱེ་བ་འདྲེན་དུས་ཀྱང་དང་པོ་དང་གཉིས་པ་སོགས་རྣམ་གྲངས་ཙམ་གྱིས་ཁྱད་པར་འབྱེད་པ་མ་ཡིན་པར། སྒྲ་རྟགས་དང་དབྱངས་གདངས་གཉི་གའི་ཁྱད་ཆོས་ཡོད་པའི་མིང་འདིའི་ཐོག་ནས་དབྱེ་བ་འདྲེན་ཆོག་པ་ཡིན། མཚན་འདི་ནི་མཁས་པའི་མཛངས་འཕྲུལ་ལས་ཐོན་པའི་རླབས་ཆེ་བའི་དབྱངས་ཡིག་བཀླག་ཐབས་ཀྱི་མན་ངག་ཅིག་ཡིན།
རིམ་པ་གཉིས་པ་ནི་དབྱངས་ཀྱིིས་ཁྱད་པར་དུ་བྱས་པའི་མིང་དེའི་སྒོ་ནས། གསལ་བྱེད་ཨ་ལ་དབྱངས་ཡིག་ཞུགས་ནས་སྒྲ་ཡི་གདངས་ཁྱད་པར་བ་འདོན་པའི་དབྱངས་སོ་སོའི་བྱ་བ་གསལ་བོ་རུ་མཚོན་པར་བྱེད་པའི་ཨི་སོགས་དབྱངས་ཡིག་ཀློག་ཚུལ་ཏེ། ༼ཨི༽ ཨ་གི་གུ་ཨི། ༼ཨུ༽ ཨ་ཞབས་ཀྱུ་ཨུ། ༼ཨེ༽ ཨ་འགྲེང་བུ་ཨེ། ༼ཨོ༽ ཨ་ན་རོ་ཨོ། ཞེས་པའི་ཚུལ་དུ་བཀླག་པ་ཡིན།
དེ་ནི་གསལ་བྱེད་ཡི་གེའི་སྒྲ་རྩོལ་གྱི་ཤན་ཆེན་པོར་མ་ཞུགས་པའི་དབྱངས་ཀྱི་སྐྱེ་གནས་དང་བྱེད་རྩོལ་རྣམས་ཀྱི་སྒྲ་གདངས་ཕལ་ཆེར་ཐོན་གྱི་ཡོད་སྟབས་ཐོག་མར་འདི་ཉིད་ངག་ཏུ་གོམས་པར་བྱས་ཤིང་། དེ་ནས་རིམ་གྱིས་ཀ་ནས་ཨའི་བར་དུ་གསལ་བྱེད་རེ་རེ་ལ་གོང་གི་ཀློག་སྟངས་ཀྱི་རིགས་འགྲེ་སྦྱར་ནས་བཀླག་པའི་རིམ་པ་དེ་ཡིན།
རིམ་པ་གསུམ་པ་ནི། ཨི་ཨུ་ཨེ་ཨོ། ཞེས་རྒྱའི་སྒྲ་སྦྱོར་ཡི་གེའི་དབྱངས་ཀློག་སྟངས་ནང་བཞིན་དུ་སྒྲ་རྟགས་སོ་སོ་ལ་བསྟུན་ནས་དབྱངས་ཡིག་ཐད་ཀློག་བྱེད་པ་དེ་ཡིན། རིམ་པ་འདི་གསུམ་ནི་བོད་ཀྱི་དབྱངས་ཡིག་སྦྱོར་ཀློག་ལ་དཀའ་ཚེགས་ཆུང་ཞིང་དབྱངས་སོ་སོའི་བྱ་བའི་བྱེད་པ་མ་འདྲེས་པར་སྒྲ་དག་སྒྲོས་གཙང་ཞིག་ཡོང་བའི་དགོས་པ་དམིགས་བསལ་བ་ཐོན་གྱི་ཡོད།
འོན་ཀྱང་རྒྱུ་མཚན་དང་དགོས་པ་དེ་དག་མི་ཤེས་པའི་གང་ཟག་འགའ་རེས། ཕིན་དབྱིན་སྦྱོར་ཀློག་ལ་རིགས་འགྲེ་སྦྱར་ཏེ་ཨི་ཨུ་ཨེ་ཨོ་ཞེས་དབྱངས་ཡིག་ཐད་ཀློག་མཛད་དེ་དབྱངས་ཀྱི་སྒྲ་གཅིག་བསྡུས་ནས་ཀ་ཨི་ཀི་ཞེས་ཀློག་སྟངས་གསར་གཏོད་བྱས་བཞག་ཡོད་ཅེས་ངོམ་སོ་ཁྱེར་ཡོང་འདུག །རིམ་པ་གསུམ་པོའི་རྣམ་གཞག་བརླགས་ནས་རྒྱ་ལྕེ་ནང་འདྲེན་གྱི་དབྱངས་ཡིག་བཀླག་ཐབས་ཨི་ཞེས་ཐད་ཀློག་བྱེད་པའམ་ཨ་ཨི་ཨི་ཞེས་ཀློག་པའི་ཞྭ་དཔེ་ལྷམ་འགེབས་ཀྱི་འདོན་སྟངས་གསར་གཏོད་མཛད་ཡོད་པ་རེད།
འདི་ནི་ཀ་ཀི་ཀི་དང་ཁ་ཁི་ཁི་སོགས་སུ་ཀློག་པ་དང་ཁྱད་པར་ཆེན་པོ་མེད་སྟབས། རིམ་པ་གཉིས་པའི་གསར་གཏོད་ནི་རྒྱ་ལྕེ་ཁ་ལ་བསྒྲིགས་ནས་སྒྲ་རྟགས་སོ་སོའི་དོན་ལ་བསྟུན་ཏེ་ཀི་དང་ཁི་ཞེས་དབྱངས་ཡིག་ཐད་ཀློག་གི་འདོན་སྟངས་གསར་པ་དེ་ཉིད་ཡིན།
སྐབས་དེར་ཐོན་དུས་དབྱངས་ཡིག་སོ་སོའི་སྐྱེ་གནས་དང་མཐུན་པའི་སྒྲ་གདངས་ཇི་བཞིན་ཡོང་བ་ལ། སྔོན་གྱི་དབྱངས་ཡིག་བཀླག་ཐབས་ཚིག་གཉིས་བརྗོད་པའི་ཡུན་ལས་ལྷག་པའི་དུས་ཚོད་ཅིག་གཏང་དགོས་པ་ནི་གདོན་མི་ཟ་ཡིན། མདོར་ན་བོད་ཀྱི་དབྱངས་ཡིག་སྦྱོར་ཀློག་གི་སྤུས་ཀ་ཇེ་ཞན་དུ་འགྲོ་བའི་འདོན་སྟངས་ཤིག་གསར་གཏོད་མཛད་ཡོད་པ་ནི་སུས་ཀྱང་བསྙོན་དུ་མེད།
དེ་ལ་འགའ་ཞིག་གིས་སྐྱོན་མེད་དེ་བོད་ཡིག་གི་དབྱངས་བཞི་ནི་ཨི་ཨུ་ཨེ་ཨོ་བཞི་ཡིན་ཞེས་གསུང་གིན་འདུག །བཤད་པ་འདི་ལ་བློ་རྩེ་གཏད་ས་གཞན་པ་ཡོད་སྲིད་ཀྱང་གཙོ་བོ་ནི། དབྱངས་ཡིག་ངོས་འཛིན་དུས་ཨི་ཨུ་ཨེ་ཨོ་བཞི་ཡི་སྒོ་ནས་ངོས་འཛིན་མཛད་ཚུལ་དང་། དབྱངས་རྣམས་ཀྱི་སྐྱེ་གནས་དང་བྱེད་རྩོལ་ཡང་ཨི་ཨུ་ཨེ་ཨོ་བཞི་ཡི་ཐོག་ནས་བཤད་པ་དེ་དག་ལ་བརྟེན་པ་ཙམ་ཞིག་ཡིན་འདུག །
བརྒྱུད་པ་སྔ་མ་རྒྱ་གར་གྱི་ཡི་གེའི་དབྱངས་ཡིག་རྣམས་ལས་བོད་ཡིག་ལ་ཉེ་བར་མཁོ་བའི་དབྱངས་ཨི་ཨུ་ཨེ་ཨོ་བཞི་བླངས་ནས་བཞག་པར་བཤད་པ་དེའང་། སྤྱི་ཁྱབ་ནས་བཤད་ན་བདེན་པ་ལྟར་དུ་སྣང་ཡང་བོད་ཡིག་ལ་འཕྲི་སྣོན་མཛད་པའི་ལྷ་སྒྲུང་དེ་ནི་དུས་ཕྱིས་ཀྱི་ཆོས་འབྱུང་མཁན་པོ་རྣམས་ཀྱིས་བསྒྲིགས་པར་མཛད་པ་ནི་གསལ་བོར་ཡིན་ཏེ། ཡང་སྙིང་གུཔྟའི་ཡི་གེ་དང་། ནཱ་ག་ར། ལཉྫ། ཝརྟུ་སོགས་ཀྱི་མ་ཕྱི་ཡི་གེ་གང་ལ་དཔེ་བྱས་ནས་ཐོན་མིས་བོད་ཡིག་གསར་གཏོད་མཛད་པའི་ལོ་རྒྱུས་དངོས་ནི་རྩོད་གཞིར་ལུས་ཡོད་ལ།
ཐོན་མི་རང་གིས་མཛད་པའི་སུམ་ཅུ་པར་ཨི་སོགས་རྣམ་པ་བཞི་པོ་ཨཱ་ལི་གསལ་བྱེད་ཡིན་པར་བཞེད་པ་ལས་ཨཱ་ལི་རང་དུ་མ་བཞེད་ཅིང་། ཨཱ་ལི་གསལ་བྱེད་ཅེས་པའི་གོ་དོན་དེ་ཡང་ཨཱ་ལི་རང་ཉིད་སྦྱར་བྱ་གསལ་བྱེད་ཀྱི་ཡི་གེ་གང་ཡང་རུང་བ་ཞིག་ལ་ཞུགས་ནས་སྒྲ་ཡི་གདངས་ཁྱད་པར་བ་འདོན་པར་བྱེད་པ་ནི་ཨཱ་ལིའམ་དབྱངས་ཀྱི་བྱ་བ་ཡིན་ལ། དེ་གསལ་བོ་རུ་མཚོན་པར་བྱེད་པ་ལ་བོད་སྐད་ཀྱི་དབང་དུ་ན་ཨི་སོགས་རྣམ་པ་བཞི་པོ་ཡིན་ཞེས་གསུངས་པ་ལྟར་དུ་དོན་ལ་གནས་པ་ཡིན། འདི་ནི་ཚིག་དང་དབྱངས་གཉིས་བསྡེབས་པ་ལས་བྱུང་བའི་གླུའམ་གཞས་ལ་དབྱངས་ཀྱི་ཁྱད་ཆོས་ལྡན་ཡང་དབྱངས་ཀྱི་མིང་གིས་མཚོན་མི་ཐུབ་པ་ནང་བཞིན་དུ། ཨི་སོགས་ཀྱི་ང་རོ་དེ་ལ་དབྱངས་གསལ་གཉི་གའི་གདངས་ཀྱི་ཁྱད་ཆོས་ལྡན་གཤིས་དབྱངས་ཁོ་ན་རུ་འཇོག་མི་ཐུབ་པ་ཡིན།
དེ་བས་བརྡ་སྤྲོད་ཀྱི་བསྟན་བཅོས་རྣམས་སུ་ཨི་ཡིས་མཚོན་པའི་སྒྲ་གདངས་བཀུག་པའི་ཆ་དང་། ཨུ་ཡིས་མཚོན་པའི་སྒྲ་གདངས་སྨད་པའི་ཆ། ཨེ་ཡིས་མཚོན་པའི་སྒྲ་གདངས་བསྒྲེངས་པའི་ཆ། ཨོ་ཡིས་མཚོན་པའི་སྒྲ་གདངས་བསྟོད་པའི་ཆ་ཞེས། ཨི་ཨུ་ཨེ་ཨོ་རྣམ་པ་བཞི་ནི་མཚོན་བྱེད་དང་གི་གུ་ཞབས་ཀྱུ་འགྲེང་བུ་ན་རོ་བཞི་ནི་མཚོན་བྱ་རུ་བཤད་པའི་གཞི་འདི་ལ་བརྟེན་ནས་གུས་པས། མཚོན་བྱེད་དཔེ་ཡིི་དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞི་དང་། མཚོན་བྱ་དོན་གྱི་དབྱངས་ཡིག་གི་གུ་ཞབས་ཀྱུ་འགྲེང་བུ་ན་རོ་བཞི་ཞེས་སོ་སོར་ཐ་སྙད་སྦྱར་བ་ཡིན།
འོ་ན་ཨི་ཨུ་ཨེ་ཨོ་བཞི་པོ་དབྱངས་ཡིག་གི་མཚན་གཞིར་བགྲང་ཞིང་བཤད་པ་ཅི་ཡིན་ཞེ་ན། འདི་ལ་རྒྱུ་མཚན་དང་དགོས་པ་གཉིས་ཡོད་དེ། བརྒྱུད་པ་སྔ་མ་རྒྱ་གར་གྱི་ཡི་གེའི་དབྱངས་ཡིག་རྣམས་ལས་བོད་ཡིག་གི་དབྱངས་སུ་འདི་བཞི་དྲངས་པར་བཤད་པའི་གྲགས་པ་དང་སྒོ་བསྟུན་པ། ཨ་ནི་མཚན་མེད་ཀྱི་ཡི་གེ་སྟེ་གསལ་བྱེད་གཞན་ལས་སྒྲ་རྩོལ་ཞན་སྟབས་དབྱངས་ཀྱི་བྱེད་རྩོལ་ལ་བར་ཆད་ཆེན་པོ་མི་བྱེད་པ་དང་། རྩ་བའི་ཆ་ནས་སྐྱེ་གནས་མགྲིན་པ་ཡིན་པ་དབྱངས་རྣམས་དང་མཚུངས་གཤིས་དབྱངས་ཀྱི་སྒྲ་གདངས་ཚུལ་བཞིན་དུ་འབྱུང་ཐོབ་པའི་གསལ་བྱེད་ཀྱི་ཡི་གེ་ཞིག་ཡིན་པར་བརྟེན། དབྱངས་ཀྱི་བྱ་བ་གསལ་བྱེད་དུ་ཨི་ཨུ་ཨེ་ཨོ་ཞེས་འདྲེན་གྱི་ཡོད་པ་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་ནས་འཆད་པར་སྟབས་བདེ་ཞིང་ཉན་པར་གོ་བདེ་བའི་ཆེད་དུ་ཨི་སོགས་དབྱངས་ཀྱི་མཚན་གཞིར་བཟུང་ནས་དབྱངས་ཀྱི་སྐྱེ་གནས་དང་བྱེད་རྩོལ་ངོས་འཛིན་གྱི་ཡོད་པ་ཡིན། དེ་ལྟས་ཀི་སོགས་ལ་ཨིའི་སྒྲ་གདངས་ཀྱི་ཤན་ཞིག་རང་ཆས་སུ་ཐོན་པ་ནི་དབྱངས་རང་གི་སྐྱེ་གནས་དང་ཨ་ཡིག་དབྱངས་སུ་བཞེད་པའི་རྒྱུ་མཚན་དག་ལ་བརྟེན་ནས་མཁྱེན་པར་གནང་དགོས་ཤིང་ཨི་རང་དུ་ཞེན་པ་ནི་འཁྲུལ་བར་ཤེས་པར་བྱའོ། །
གལ་ཏེ་ཨི་སོགས་མཚོན་བྱ་དོན་གྱི་དབྱངས་ཡིག་ཏུ་བཤད་པ་ཡིན་ན་ནི། སློབ་དཔོན་ཐོན་མིས། ཨཱ་ལི་ཨི་སོགས་རྣམ་པ་བཞི་ཞེས་སྦྱར་མ་ཤེས་པའི་སྐྱོན་དང་། ཨ་ལ་དབྱངས་ཀྱི་བྱ་བ་ཞུགས་པའི་སྒྲའི་གདངས་ཁྱད་པར་བ་ཞིག་མ་ཡིན་པར་ཐལ་བ། རྟགས་འཇུག་ལས་དབྱངས་མོ་ཡིག་ཏུ་བཞག་པ་དེ་ཉིད་མི་འཐད་པ་དང། ཨི་ཨུ་ཨེ་ཨོ་བཞི་ཡི་ང་རོ་ལ་གསལ་བྱེད་ཨ་ཡིག་གི་གདངས་ཡོད་པ་མངོན་སུམ་ཏུ་གྲུབ་གཤིས་ཨི་སོགས་དབྱངས་ཡིག་ཏུ་བཞེད་པ་ནི་མངོན་སུམ་ལ་བསྙོན་གདིང་བ་ཡིན།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1584
དཔྱད་མཆན་སྤེལ།