ཟླ་བ་གཅིག་ལྷག་གི་སྔོན་གྱི་དགུང་མོ་ཞིག་ལ། གྲོགས་པོ་ཨན་རྡི་རེས་རོམ་ནས་ཁ་པར་ཞིག་སླེབས་དུས། ཨན་རྡི་རེ་དང་ཁོང་གི་སྤུན་ཆེ་བ་ཨེན་རིས་ཀོ་དང་། ཨན་རྡི་རེའི་བུ་ཆེ་བ་འཇམ་དཔལ་བཅས་གསུམ་མཉམ་དུ་རོ་མ་གྲོང་ཁྱེར་གྱི་རང་ཁྱིམ་དུ་ཡོད་པ་ཤེས། ཁོ་ཚོ་རེ་རེ་དང་བཀའ་མོལ་ཞུས་པ་དང་། ལྷག་པར་དུ་ཨེན་རིས་ཀོ་དང་ཡུན་རིང་དུ་བཀའ་མོལ་མ་བྱུང་བས་སྐབས་དེར་ཁོང་དང་དམིགས་བསལ་གྱིས་སྐད་ཆ་མང་ཤོས་ཙམ་བཤད། ཁོང་ལ་འཚམས་འདྲི་ཞུས་པར་ཐམས་ཅད་བདེ་ལེགས་ཡིན་པའི་ལན་ཐོབ་ནས་སེམས་ཁ་བདེ། ཡིན་ན་ཡང་། ཉིན་བཅུ་ཙམ་འགོར་རྗེས་ཁོང་གི་སྤུན་ཡ་ཨན་རྡི་རེས་གློ་བུར་དུ་ཁ་པར་ཞིག་སླེབས་སོང་། ཨེན་རིས་ཀོ་ལ་སྐྲན་བྱུང་ནས་སྨན་ཁང་དུ་བསྡད་ཡོད་པ་མ་ཟད། ན་ཚ་དེ་རྙེད་པ་འཕྱི་དྲག་པས་སྨན་བཅོས་ཀྱི་རེ་བས་དབེན་ཟེར་ནས་ཨེན་རྡི་རེའི་ངུ་སྐད་ཤོར་འདུག དེ་ནས་ཉིན་གཅིག་གི་རྗེས་སུ། ཨེན་རིས་ཀོས་ང་ཚོ་བསྐྱུར་ནས་ཞིང་ཁམས་གཞན་དུ་འགྲིམས། གཏམ་དེ་གོ་མ་ཐག་ཏུ་གློ་བུར་གྱི་དོན་རྐྱེན་དེས་ཧང་སངས་པ་མ་གཏོགས་ཅི་ཡང་དྲན་རྒྱུ་མ་བྱུང་མོད། དེ་ལ་ཞིབ་འདང་ཞིག་བརྒྱབ་པས་ཡུན་རིང་པོར་བྱུང་མ་མྱོང་བའི་རྨོངས་པ་ཞིག་གིས་སེམས་ཀྱི་གཏིང་འོག་རྫོགས་ནས་རང་དབང་མེད་པར་ངུ་སྐད་ཤོར་དུས། ངའི་བུ་མོས་སེམས་གསོ་བྱས་པའི་སྐད་ཆ་ཚིག་གཅིག་ཀྱང་རྣ་བར་མ་སོང་།
གྲོགས་མཆོག་ཨེན་རིས་ཀོ་ལགས་ཞིང་ཁམས་གཞན་ཏུ་འགྲིམས་ནས་ཟླ་ཁ་ཤས་འགྱངས་སོང་མོད། ཁོང་གི་འཛུམ་ཞལ་དང་རྩེད་འཇོ་རྣམས་ད་རུང་རྣ་ལམ་དང་མིག་ལམ་ནས་ཡལ་ཐབས་བྲལ། ཁོང་ལ་ཕྱིར་དྲན་གྱི་རྩོམ་ཡིག་ཐུང་ཐུང་ཞིག་འབྲི་བའི་འདུན་པ་སྔར་ནས་འགོག་མེད་དུ་སྐྱེས་མོད། སོར་སྐྱེས་གྲོག་མའི་རྐང་ལག་འཁོར་བའི་ཐང་ཆུར་འབྱར་ནས་ད་རེག་བར་དུ་སྨྱུ་གུའི་ཡུ་བ་ཙམ་ལ་འཇུ་མ་ཐུབ་པར་ལུས།
སློབ་དཔོན་ནམ་མཁའ་ནོར་བུ་མཆོག་གིས་དབྱི་ཏ་ལི་རྒྱལ་ཁབ་ཀྱི་ཤར་ཕྱོགས་སློབ་གྲྭ་ཆེན་མོར་བོད་ཡིག་དང་སོག་ཡིག་གི་སློབ་ཁྲིད་རྨང་གཞི་བྱས་ནས་བོད་ཀྱི་རིག་གནས་དར་སྤེལ་བྱས་པའི་དུས་མཚུངས་སུ། རྒྱལ་སྤྱིའི་རྫོགས་ཆེན་འདུས་སྡེ་བཙུགས་ནས་རྫོགས་པ་ཆེན་པོས་གཙོས་པའི་བོད་ཀྱི་རིག་གནས་ཡར་རྒྱས་དང་གོང་སྤེལ་བྱེད་པའི་གནས་གསར་བ་ཞིག་བཙུགས། ༡༩༩༡ལོ་ཁོང་སློབ་གྲྭ་ཆེན་མོ་ལས་རྒན་ཡོལ་གནངས་པའི་རྗེས་སུ་ཨར་ཆིས་རྡོ་སོར་གནས་སྤོར་གནང་ནས་དེར་གཏན་སྡོད་བྱས། དེ་ལ་སྔར་སློབ་གྲྭ་ཆེན་མོའི་སྐབས་ཀྱི་སློབ་མ་དང་རྗེས་སུ་སྤྱི་ཚོགས་སྟེང་གི་དབྱི་ཏ་ལི་དང་ནུབ་ཕྱོགས་ཀྱི་ཤེས་ལྡན་པ་གང་མང་ཞིག་འདུས་པས་རྫོགས་ཆེན་འདུས་སྡེ་དེ་གལ་འགངས་ཤིན་ཏུ་ཆེ་བའི་བོད་ཀྱི་རིག་གནས་དར་སྤེལ་གཏོང་བའི་རྒྱལ་སྤྱིའི་ལྟེ་གནས་ཤིག་ཏུ་གྱུར། ཨེན་རིས་ཀོ་ནི་སྔར་སློབ་གྲྭ་ཆེན་མོའི་ནང་དུ་སློབ་དཔོན་མཆོག་གི་སློབ་མ་ཞིག་ཡིན་ཞིང་སློབ་མཐར་ཕྱིན་རྗེས་སུའང་ཁོང་གི་རྗེས་འབྲངས་པའི་རྣམ་དཔྱོད་ཤིན་ཏུ་ཡངས་པའི་གཞོན་ནུ་ཞིག་རེད། རྫོགས་ཆེན་འདུས་སྡེ་ནང་དུ་དེར་གཏོགས་ལས་ཁུངས་ཁ་ཤས་བཙུགས་ཡོད་དེ། ཞང་ཞུང་སློབ་གཉེར་ཁང་དང་། ཞང་ཞུང་དཔེ་སྐྲུན་ཁང་། ཨ་སིས་ཡ་རྒྱལ་སྤྱིའི་མཐུན་ཚོགས། མེ་རི་སྒར་དཔེ་མཛོད་ཁང་། མེ་ལོང་ཚགས་པར་ཁང་། ཞང་ཞུང་གློག་བརྙན་ཁང་། ཞང་ཞུང་རྟེན་མཛོད་བཤམ་སྟོན་ཁང་བཅས་སོ། དེའི་ནང་ནས་ཞང་ཞུང་སློབ་གཉེར་ཁང་ནི་བོད་ཀྱི་རིག་གནས་སྐོར་གྱི་བྱ་འགུལ་སྣ་ཚོགས་སྤེལ་ཞིང་རྒྱལ་སྤྱིའི་རང་བཞིན་གྱི་སྙན་གྲགས་ལྡན་པའི་ལས་ཁུངས་ཤིག་ཡིན་པས། ཨེན་རིས་ཀོས་དེའི་འགན་གཙོ་བཞེས་ན་འོས་ཤིང་འཚམ་པ་ཞིག་རེད་སྙམ། རྒྱུ་མཚན་ནི། ཁོང་དང་འབྲེལ་འདྲིས་གཏིང་ཇེ་ཟབ་ཏུ་གྱུར་པའི་དུས་མཚུངས་སུ། ཁོང་གི་རྒྱུད་ན་ཡོད་པའི་ཡོན་ཏན་ཡང་རིམ་བཞིན་ཅུང་ཙམ་མངོན་ཏེ། ཧྥ་རན་སིའི་སྐད་དང་དབྱིན་ཇིའི་སྐད་ལ་ཁོང་གི་དབྱི་ཏ་ལིའི་ཕ་སྐད་དང་ཁྱད་པར་མེད་པའི་རྒྱུས་མངའ་ལྡན་པ་མ་ཟད། བོད་སྐད་དང་བོད་ཡིག་གི་ཆུ་ཚད་ནི་བོད་པ་མང་པོ་ཞིག་གིས་འགྲན་ཟླ་བྲལ་བའི་གདེངས་ཚོད་འདུག བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས། ལྷག་པར་དུ་བོད་ཀྱི་ཡིག་ཆ་ལ་རྒྱུས་མངའ་ཆེན་པོ་ཡོད་པ་ནི་ངོ་མ་ཧང་སངས་དགོས་པའི་གནས་ཚུལ་རེད། བོད་ཀྱི་རིག་གནས་དང་དེའི་ལོ་རྒྱུས་སྐོར་གྱི་ལྟ་ཚུལ་དོན་དང་ལྡན་པ་གང་མང་བཏོན་པའི་སྐབས་སུ། ཁོང་ལ་བོད་ཀྱི་རིག་གནས་ཕྱོགས་ཀྱི་ཡོན་ཏན་དེ་འདྲ་འབྱོར་ཡོད་པར་ཡ་མཚན་སྐྱེས་པའི་རྗེས་སུ། དེའི་རྒྱུ་མཚན་ལ་ཡང་བསམ་བློ་མི་གཏོང་རང་གཏོང་རེད། ཁོང་གིས་བོད་པ་ནང་བཞིན་ལོ་མང་པོར་བོད་ཡིག་གཞི་བྱས་ནས་བོད་ཀྱི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སོགས་སློབ་སྦྱོང་བྱས་མེད་ན་ཡང་། བོད་ཀྱི་རིག་གནས་ཀྱི་སྤྱི་ཁོག་གི་ངོས་འཛིན་གཏིང་ཟབ་མོ་ཡོད་པ་མ་ཟད། དེའི་ཡར་རྒྱས་དང་གོང་འཕེལ་སྐོར་ལ་བསམ་བློ་མང་པོ་བཏང་ཞིང་ལྟ་བ་དོན་དུ་འཁེལ་བ་མང་པོ་བཏོན་མྱོང་། སློབ་སྦྱོང་དང་འཚོ་བའི་སྐོར་གྱི་མཉམ་རོལ་གྱིས་ཁོང་གི་སྐུ་ཡོན་ལ་རྗེས་སུ་ཡི་རང་ཆེན་པོ་བྱུང་བ་མ་ཟད། ཁོང་གི་གསེར་དང་འདྲ་བའི་མི་གཤིས་ལ་ཡང་འབྲེལ་འདྲིས་ཆེན་པོ་བྱུང་བས། ང་ཚོ་སེམས་ཁོངས་རུས་པའི་གཏིང་ནས་ཕན་ཚུན་སྦ་གསང་མེད་པའི་གྲོགས་པོ་བློས་ཐུབ་པར་གྱུར་པ་དེ་ཡང་སེམས་ཀྱི་དྲོད་ཐིག་ཆེན་པོ་ཞིག་ལོས་ཡིན།
ཁོ་བོ་༡༩༩༣ལོའི་སྟོན་ཁར་དབྱི་ཏ་ལི་ནས་ཕྱིར་ལོག་པའི་རྗེས་སུ། ཁོང་དང་མཇལ་བའི་གོ་སྐབས་ཉུང་རུ་གྱུར་ན་ཡང་། དེའི་རྗེས་སུ་ཁོང་གིས་ཀུན་ཕན་ཐེབས་རྩའི་ཚོགས་པའི་འགོ་འཛིན་གྱི་འགན་བཞེས་པས། ཀྲུང་གོར་ཕེབས་པའི་གོ་སྐབས་མང་དུ་ཕྱིན། ཁོང་གི་ལས་ཁུངས་ཀྱི་རོགས་སྐྱོར་ལས་གཞིའི་སྐོར་ནས་འབྲེལ་བ་ཅི་ཡང་མ་བྱུང་ན་ཡང་། བོད་དུ་ཕེབས་པར་པེ་ཅིན་བརྒྱུད་པའི་སྐབས་དང་རོགས་སྐྱོར་ལས་གཞིའི་ཆེད་དུ་བོད་ཁམས་སུ་བསྐྱོད་པའི་སྐབས་སུ་ཞལ་མཇལ་བའི་གོ་སྐབས་རེ་འགའ་བྱུང་བས་དགའ་བས་རབ་ཏུ་བཏེགས། ཁོང་གིས་བོད་ཀྱི་རིག་གནས་དང་སྤྱི་ཚོགས་ཀྱི་གནས་སྟངས་ལ་རྒྱུས་མངའ་ཆེན་པོ་ཡོད་པས། དེའི་སྐབས་སུ་ས་གནས་སྲིད་གཞུང་དང་མཉམ་འབྲེལ་བྱས་ནས་གནད་དུ་འཁེལ་བའི་རོགས་སྐྱོར་ལས་གཞི་གང་མང་བསྒྲུབས་པ་དེ་དག་གིས་ད་རེག་བར་དུ་ས་གནས་ཀྱི་མང་ཚོགས་དང་སློབ་མ་རྣམས་ལ་ཕན་ཐོགས་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད། དེང་སང་བལྟས་ན། ཁོས་དེ་དུས་བདམས་ཤིང་བསྒྲུབས་པའི་རོགས་སྐྱོར་ལས་གཞི་དེ་དག་གནད་དུ་འཁེལ་ཡོད་ཅིང་ཕན་ཐོགས་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་པ་དང་། ཁོ་རང་གིས་བོད་ཀྱི་རིག་གནས་དང་སྤྱི་ཚོགས་ཀྱི་དགོས་མཁོ་གསལ་བོར་རྟོགས་ཡོད་པ་ཤེས་ཐུབ་ལ། དེ་ཡང་ཁོས་བོད་ཀྱི་རིག་གནས་ལ་སློབ་སྦྱོང་གཏིང་ཟབ་མོ་བྱས་པའི་གྲུབ་འབྲས་ལོས་ཡིན། རོགས་སྐྱོར་གྱི་ལས་གཞི་གང་སྒྲུབ་ན་ཡང་། གཙོ་བོ་བྱ་བའི་ཡུལ་དེ་ལ་ཕན་ཐོགས་མིན་དེ་བྱ་བའི་དམིགས་ཡུལ་གཙོ་བོར་འཛིན་ཞིང་། གལ་ཏེ་རོགས་སྐྱོར་གྱི་ལས་གཞི་མང་པོ་ལས་གདམས་དགོས་པ་བྱུང་ན། ལས་གཞི་གང་ལ་དགོས་མཁོ་ཆེ་ཞིང་ཕན་ཡུན་རིང་ན་དེ་གདམ་རྒྱུ་ཡིན་ཞེས་ཁོང་གི་ཞལ་ལས་དངོས་སུ་ཐོས། ཁོང་ནི་ཕན་སེམས་ཤིན་ཏུ་ཆེ་བའི་མི་ཞིག་ཡིན་པས། སྐབས་སྐབས་སུ་རོགས་སྐྱོར་གྱི་ལས་གཞིར་མ་ཚུད་པའི་རེ་ཞུས་བྱུང་ན། ཁོང་སྒེར་གྱིས་འགྲོ་གྲོན་བཏང་ནས་རོགས་རམ་བྱས་པ་ཡང་གང་མང་ཐོས་པ་མ་ཟད་ཐེངས་གཅིག་དངོས་སུ་མཐོང་སྟེ། ཐེངས་དེར་མཚོ་སྔོན་ཟི་ལིང་ནས་ངེད་གཉིས་མཉམ་དུ་ཇ་འཐུང་བའི་སྐབས་སུ། སློབ་མ་ལོ་བཅུ་ལྷག་ཅན་ཞིག་ལ་འཕྲུལ་རྟས་རྡུང་ཐུག་བྱུང་ཞིང་དབང་བོ་སྐྱོན་ཅན་དུ་གྱུར་ནས་སློབ་གྲྭར་འགྲོ་མི་ཐུབ་པའི་གནས་ཚུལ་ཐོས་ནས། ཁོང་སྒེར་གྱིས་ཀྲུང་གོ་སྒོར་མོ་དྲུང་སྟོང་ལྷག་བྱིན་ནས་གློག་འཁོར་འཕྲུལ་རྟ་ཞིག་ཉོས་པས་སློབ་མ་དེ་སློབ་གྲྭར་འགྲོ་ཐུབ་པ་བྱུང་། དེ་ལས་ཀྱང་ཁོ་བོར་སེམས་འགུལ་ཆེན་པོ་ཐེབས་པའི་བྱ་བ་ཞིག་ནི། ཉིན་ཞིག་ལ། ཁོ་རང་ཚོའི་རོགས་སྐྱོར་ལས་གཞིས་ཕན་ཐོགས་པའི་བོད་པ་ཞིག་གིས་ཁོང་ལ་བཀའ་དྲིན་ཆེ་ཞུས་པའི་ལན་ལ། ཁོང་གིས། ཁོ་རང་སྦྱིན་བདག་རང་མ་རེད། ཐེབས་རྩའི་ཚོགས་པ་ནང་གི་ལས་ཀ་བྱེད་མཁན་ཞིག་རེད། བཀའ་དྲིན་ཆེ་ཞུ་མི་དགོས། བཀའ་དྲིན་ཞུ་ན་ཡང་སྦྱིན་བདག་རང་ལ་ཞུ་དགོས། བོད་ཀྱི་རིག་གནས་ནི་མིའི་རིགས་ཀྱི་རིག་གནས་ཀྱི་ཤུལ་བཞག་ཅིག་རེད། འཛམ་གླིང་སྟེང་གི་མི་སུ་ཞིག་ཡིན་རུང་དེ་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་ཅེས་ཟེར། ཁོང་གིས་ངག་ནས་དེ་ལྟར་བརྗོད་པ་ཙམ་མ་ཡིན་པར། སེམས་ཁོངས་གཏིང་ནས་ཀྱང་དེ་ལྟར་འདོད་བཞིན་ཡོད་ལ། ཁོང་རང་ལ་མཚོན་ན་གོ་ལ་འདིའི་སྟེང་གི་མི་རིགས་ཆེ་ཆུང་སུ་ཡིན་ཡང་སོ་སོ་ལ་སྲོལ་རྒྱུན་གྱི་རིག་གནས་རེ་ཡོད་པ་དེ་འདྲ་མཉམ་ཡིན་པ་དང་། དེ་ཐམས་ཅད་ནི་མིའི་རིགས་ཀྱི་གཞན་དང་མ་མཚུངས་པའི་རིག་གནས་ཤུལ་བཞག་གི་ཆ་ཤས་ཡིན་པས། གོ་ལའི་སྟེང་གི་མི་སུ་ཡིན་ན་ཡང་དེ་དག་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་པ་དང་། དེའི་ནང་གི་མཐུན་རྐྱེན་འཛོམས་མཁན་ཞིག་ཡིན་ན་ལྷག་པར་དུ་མ་བསྐུལ་དང་དུ་བླངས་ནས་སྲུང་སྐྱོར་དང་དར་སྤེལ་བྱ་དགོས་པ་དེ་རེད། བསམ་བློའི་རྟོགས་པ་དེ་འདྲ་མཐོན་པོ་ལྡན་པའི་ཤེས་ལྡན་མི་སྣ་ཁོང་དང་ཁོང་འདྲ་བ་རྣམས་ཀྱིས་མིའི་རིགས་ཀྱི་ཤེས་རབ་ཀྱི་གྲུབ་འབྲས་ཏེ་སྲོལ་རྒྱུན་རིག་གནས་དེ་དག་སྲུང་སྐྱོབ་དང་དར་སྤེལ་བྱེད་པའི་ཆེད་དུ་ཁོང་ཚོའི་མི་ཚེའི་རྩོལ་བ་དང་ཐ་ན་ཚེ་སྲོག་ཀྱང་སེར་སྣ་མེད་པར་ཕུལ་ཡོད་པ་དང་འབུལ་བཞིན་པ་ནི་ང་ཚོ་སུ་ཡིན་ཡང་རྗེས་སུ་ཡི་རང་ཞུ་དགོས་པ་ལོས་ཡིན། དེང་སང་རྒྱལ་ཁབ་ཕྱི་ནང་གི་རོགས་སྐྱོར་ལས་གཞི་སྒྲུབ་མཁན་གྱི་ཚོགས་པ་དང་མི་སྣ་རྣམས་ལ་མ་རྟོགས་དང་ལོག་རྟོགས་འཛིན་མཁན་དང་། ཐ་ན་ཐབས་བརྒྱ་ཇུས་སྟོང་གིས་བར་ཆད་གཏོང་མཁན་རྣམས་ཀྱི་བསམ་སྦྱོར་དང་བསྡུར་ན། ཁོ་ཚོའི་སེམས་རྒྱའི་བར་དུ་ས་དང་གནམ་གྱི་ཁྱད་པར་ཆེན་པོ་ཤོར་ཡོད་པ་ཡང་ངོ་མ་ཧང་སངས་དགོས་པའི་གནས་ཤིག་ཡིན་པ་དང་། མིའི་རིགས་སྔོན་སྐྱོད་ཀྱི་གོམས་ཁ་རེ་རེའི་ལྗིད་ཚད་དང་དཀའ་ཚད་ཀྱང་དེ་ནས་ཟུར་ཙམ་མཚོན་ཐུབ།
འདོད་ཆུང་ཆོག་ཤེས་ནི་ཁོང་གི་བསམ་སྤྱོད་བསྔགས་འོས་པ་གཞན་ཞིག་ཡིན་ཏེ། ཁོང་གིས་རྒྱལ་སྤྱིའི་ཐེབས་རྩའི་ཚོགས་པ་སྟོབས་འབྱོར་ཅན་ཞིག་གི་གཙོ་འགན་བཞེས་ཡོད་པས་རོགས་སྐྱོར་ལས་གཞིའི་ཆེད་དུ་ཀྲུང་གོའི་ས་གནས་མང་པོར་ཕེབས་དགོས་པ་བྱུང་དུས་འགྲོ་གྲོན་གྱི་ཆ་རྐྱེན་གང་ལེགས་ལྡན་པ་བཤད་མ་དགོས་མོད། ཁོ་རང་ནམ་ཡིན་ཡང་མགྲོན་ཁང་དཀྱིལ་མ་ཞིག་གི་ནང་དུ་བཞུགས་རྒྱུ་དང། ཞལ་ཟས་སྟབས་བདེ་ཞིག་ལ་རོལ་བ་དང་། ཞི་ཞིང་དུལ་བའི་བྱ་སྤྱོད་ཀྱིས་མི་རྣམས་ལ་འབྲེལ་འདྲིས་བྱས་པས། ཁོང་དང་འབྲེལ་འདྲིས་བྱུང་མཁན་སུ་ཞིག་ཡིན་ན་ཡང་། མི་ཆེན་ཞིག་དང་རྒྱུ་ཆེན་ཞིག་དང་ཡང་ན་སྦྱིན་བདག་ཅིག་གི་སྣང་ཚོར་གཏན་ནས་མཐོང་རྒྱུ་མེད་པར་མ་ཟད། དུས་དང་རྣམ་པ་ཀུན་ཏུ་བློས་ཐུབ་པའི་གྲོགས་པོ་ཞིག་དང་། བྱ་བ་ལ་ཡོ་ཟུར་མེད་པའི་ནན་ཏན་གནང་མཁན་གྱི་ལས་བྱེད་པ་ཞིག་གི་སྣང་ཚུལ་བསྟན་པས། ཐེངས་དང་པོར་ཞལ་མཇལ་ན་ཡང་རྩེད་མཚར་གྱིས་མི་སེམས་ལྷོད་ཡངས་སུ་བཏང་ནས་བྱ་བ་ཐམས་ཅད་ངང་གིས་འགྲུབ་ཐུབ་པ་ཞིག་ཡིན།
ཉིས་སྟོང་བཅུ་བདུན་ལོའི་ཟླ་བརྒྱད་པའི་ཚེས་པ་ཉེར་དགུ་ལ། གྲོགས་མཆོག་ཨེན་རིས་ཀོའི་ཚ་བོ་འཇམ་དཔལ་ཟེར་བ་ཕོ་གསར་ཉི་གཞོན་འདྲ་བོ་ཞིག་པེ་ཅིན་དུ་སླེབས་ནས་དྲོས་ཇ་མཉམ་དུ་འཐུང་། ཁོ་དང་མཉམ་དུ་ཨེན་རིས་ཀོའི་གནས་ཚུལ་ཡར་སྐྱར་གླེང་མོལ་ཙམ་བྱས་ནས་སེམས་སྡུག་གི་གནས་སུ་བསྐྱལ་མོད། ཧོ་ལན་རྒྱལ་ཁབ་ནས་དཔལ་འབྱོར་སྐོར་གྱི་ཞིབ་འཇུག་དང་སློབ་ཁྲིད་བྱེད་བཞིན་པའི་གཞོན་ནུ་དེའི་སློབ་སྦྱོང་གི་སེམས་ཤུགས་དང་རྣམ་དཔྱོད་ཀྱི་རྣོ་ངར་དེ་ཚོར་ནས་གྲོགས་མཆོག་ཨེན་རིས་ཀོ་ལ་རྗེས་འཛིན་པ་གཞན་དང་མ་མཚུངས་པ་ཞིག་ཡོད་པ་ཤེས་ནས་དགའ་སྤྲོ་ཆེན་པོས་བཏེགས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1566
དཔྱད་མཆན་སྤེལ།