Francis Baconགྱིས་བརྩམས།
གནམ་ཕྱུག་རྒྱལ་གྱིས་བསྒྱུར།

 

ཁེར་རྐྱང་ལ་མོས་མཁན་ནི་རི་དྭགས་མིན་ན་སྒོམ་ཆེན་ཡིན། 1ལེགས་བཤད་འདི་སྨྲ་མཁན་རང་གིས་ཀྱང་ད་ནི་ཕལ་ཆེར་ཚིག་དོན་སྙིང་པོར་དྲིལ་ནས་བདེན་པ་དང་འཁྲུལ་པ་འདི་འདྲའི་གསལ་པོར་གླེང་ཐབས་ཡོད་མི་སྲིད། མི་རྣམས་ཀྱིས་སྤྱི་ཚོགས་ལ་ལྷན་སྐྱེས་དང་མི་མངོན་པའི་ཚུལ་དུ་བཅངས་པའི་སྡང་སེམས་ཁྲོད་རི་དྭགས་ཀྱི་གཤིས་ལུགས་ཤིག་ཡོད་མོད། དེའི་ནང་སྒོམ་ཆེན་གྱི་སེམས་གཤིས་ཡོད་ཟེར་ན་ནི་འཁྲུལ་པའི་རྒྱང་ཁད་རིང་མོས་ཆོད་པ་ཡིན་ཏེ། སྡང་སེམས་དེ་ནི་ཁེར་རྐྱང་ལ་མོས་པ་མིན་པར་འཚོ་བའི་ནང་གི་བླ་ན་མེད་པའི་དད་ཞེན་དང་སྨོན་པའི་དོན་དུ་ཡིན་ན་དེར་ཟད། ཁྱད་དུ་འཕགས་པའི་སྨོན་པ་དེ་ནི་ཟེར་སྒྲོས་ངག་རྒྱུན་ཁྲོད་ཕྱི་རོལ་པ་ཁ་ཅིག་གི་ཐོག་ནས་སྣང་ཐུབ། དཔེར་ན། ཁེར་ཋི་གླིང་ཕྲན་གྱི་མི་ཨེབ་མིན་ཌི་སེ་དང་། གནའ་བོའི་རོམ་གྱི་རྗེ་བོ་ཎོམ། ཟི་སི་ལིན་གྱི་མི་ཨེམ་ཕི་ཌོག་ལེག ཐྱ་ཎའི་མི་ཨ་ཕོལ་ཎ་སི་2དང་། མངོན་སུམ་འཚོ་བའི་ནང་གནའ་དུས་ཀྱི་རི་ཁྲོད་པ་མང་པོ་དང་ཆོས་ཁང་གི་ཡེ་ཤུ་བླ་མའི་ལུས་སྟེང་ནས་མཐོང་ཐུབ།

འོན་ཀྱང་སྐྱེ་བོ་ཕལ་པ་ཚོས་ཁེར་རྐྱང་ཟེར་བ་ཅི་ཡིན་མི་ཤེས་པ་དང་དེ་རྒྱ་ཅི་ཙམ་བར་ཁྱབ་པའང་མི་ཤེས། དོན་དམ་པར་བྱམས་བརྩེ་མེད་པའི་ཡུལ་དུ། འདུ་ལོང་བྱེད་པའི་མི་ཚོགས་ནི་མཆེད་གྲོགས་མིན་པ་དང་། རླུང་བུ་ལྟ་བུའི་ངོ་གདོང་དག་ཀྱང་ལྡེབས་རིས་ཙམ་ལས་མ་འདས་ཤིང་། ཁ་བརྡ་གླེང་མོལ་ཡང་གཤོག་སྒྲ་ཟ་ཟི་ཙམ་དང་འདྲ། འདིའི་ཐད་ལ་ཌིང་གི་གཏམ་དཔེར། གྲོང་ཁྱེར་ནི་མྱ་ངམ་གྱི་ཐང་སྟོང་འདྲ། ཞེས་པས་ཕྲན་ཙམ་མཚོན་ཐུབ་པར་ངེས། གྲོང་ཁྱེར་དུ་གྲོགས་པོ་རྣམས་སོ་སོའི་གནས་སུ་ལས་ལ་བྲེལ་བཞིན་ཡོད་པས། སྐྱེ་བོ་ཕལ་མོ་ཆེས་གྲོང་རྡལ་གྱི་མཛའ་བཤེས་སྣང་བ་དེ་འདྲ་རྙེད་དཀའ། འོན་ཀྱང་རང་ཅག་གིས་ཁ་ཚོན་གསལ་པོར་གཅོད་ཆོག་པ་ཞིག་ནི། གྲོགས་མཆེད་ངོ་མ་མེད་ན་ཆེས་སྙིང་རྗེ་འོས་པ་དང་ཡི་མུག་པའི་ཁེར་རྐྱང་ཤ་སྟག་ཅིག་ཡིན་པ་དང་། མཛའ་བཤེས་རྣལ་མ་མེད་ན་འཇིག་རྟེན་འདི་ཡང་གྲང་འཁྱག་གི་མྱ་ངམ་ཐང་སྟོང་ཙམ་ཡིན།  སྤྱིར་དོན་སྙིང་དེ་ལྟ་བུའི་མྱ་ངམ་ཐང་སྟོང་གི་ཡུལ་ཁམས་སུ། མི་དེའི་རང་རྒྱུད་ན་གྲོགས་མཆེད་དུ་འགྱུར་རུང་གི་ཆ་ཞིག་མེད་ཚེ། ཁོའི་རང་གཤིས་ནི་རི་དྭགས་ཀྱི་གཤིས་ལུགས་ཡིན་པ་ལས། མིའི་རིགས་ཀྱི་གཤིས་ལུགས་མ་ཡིན་ནོ། །
མཛའ་བཤེས་ཀྱི་ཕན་ནུས་གཙོ་བོ་ནི་ཡུན་རིང་བསགས་པའི་སེམས་བྱུང་ཕྱིར་ཕུད་ནས་བློ་བདེ་གུ་ཡངས་སུ་འགྱུར་བ་ཡིན། དགའ་སྐྱོ་ཆགས་སྡང་བྱུང་ངོ་ཅོག་གིས་བློ་ཡིད་ལ་མ་ཤོང་བར་ཕྱིར་བྱོ་འདོད་པའི་སྣང་བ་བསྐྱེད་པར་ངེས། འཇིག་རྟེན་པ་རྣམས་ཀྱིས་ན་ཚ་མ་བཅོས་པར་འཇོག་ཡུན་རིང་ན་གཅོང་ནད་དུ་གྱུར་ནས་ཉེན་ཚབས་ཆེ་ཚུལ་རྟོགས་པ་བཞིན། སེམས་བྱུང་སྣ་ཚོགས་བསགས་ཡུན་རིང་ན་ཡང་ཧ་ལམ་དེ་དང་གཅིག་འདྲ་ཡིན།  དེ་ཡང་གུར་གུམ་མཆིན་པར་ཕན་པ་དང་། ཀ་ཀོ་ལར་མཚེར་བར་བཟང་། ཅུ་གང་གློ་བའི་གསོས་སུ་འགྱུར། འོན་ཀྱང་གྲོགས་པོ་ངོ་མ་མ་གཏོགས། ཚེ་ཐོག་འདི་ན་སེམས་བག་བདེ་ལ་སྤྲོ་ལྷང་ངེར་གཏང་ནུས་པའི་ཆིག་ཐུབ་སྨན་མཆོག་གང་ཡང་མེད། རང་སེམས་མཐུན་པའི་གྲོགས་པོའི་གམ་དུ་ཁྱེད་ཀྱིས་ད་གཟོད་སྐྱོ་གདུང་དང་། སྤྲོ་སྐྱིད། འཇིགས་སྐྲག རེ་བ། ཐེ་ཚོམ། བསླབ་བྱ། དེ་བཞིན་སེམས་ངལ་གང་རུང་སྦ་གསང་མེད་པར་བརྗོད་སྲིད་ཅིང་། དེ་ནི་ཆོས་ཁང་ཕྱི་རོལ་གྱི་སོ་སྐྱེ་ཕལ་པའི་བཤགས་པ་བྱེད་སྟངས་དང་འདྲ།

མངའ་ཐང་ཅན་གྱི་རྒྱལ་པོ་དང་རྗེ་བོ་ཚོས་རང་ཅག་གིས་གླེང་བའི་མཛའ་བཤེས་སྐོར་ལ་ཅི་འདྲའི་དོ་གལ་ཆེན་པོ་མཛད་ལུགས་རྟོགས་ན། སྐྱེ་བོ་ཀུན་ངོ་མཚར་བར་ཐེ་ཚོམ་མེད། ཁོང་ཅག་རྒྱལ་པོ་དང་རྗེ་བོ་དག་གིས་མཛའ་བཤེས་ལ་དེ་ལྟར་དོ་གལ་ཆེན་པོ་མཛད་ཅིང་། དེའི་དོན་དུ་རང་ཉིད་ཀྱི་བདེ་སྡུག་དང་བླ་མེད་ཀྱི་མངའ་ཐང་ཡང་ཡལ་བར་འདོར་ཕོད། སྤྱིར་ན་རྗེ་བོ་དང་འབངས་མིའི་བར་གྱི་གོ་འཕང་ལ་དཔགས་ཚེ། ཁོ་ཚོའི་བར་མཛའ་བཤེས་དེ་ལྟ་བུ་ཡོད་མི་དཔེ་སྟེ། གལ་སྲིད་ཁོ་ཚོས་མི་རེ་ཟུང་ཞིག་རང་ཉིད་དང་ཧ་ལམ་མཉམ་པའི་བཞུགས་གྲལ་གཅིག་ཏུ་སྤར་བ་མིན་ན། དེ་ནི་དཀའ་རྙོག་མང་པོ་ཡོང་སྲིད། དེང་སང་གི་སྐད་ཆ་ལྟར་བཤད་ན་མི་དེ་ཚོའི་རིགས་ལ་བློས་ཐུབ་བམ་ཡང་ན་ཞེ་མཐུན་ཟེར་ཞིང་། ཁོ་ཚོའི་གོ་གནས་འཕར་བ་ནི་རྒྱལ་པོའི་ཐུགས་བརྩེ་འམ་ཡང་ན་རྗེ་བོ་དང་མཛའ་གཅུགས་དམ་པ་ཁོ་ནའི་དབང་གིས་ཡིན་པར་སྣང་ནའང་། གནའ་བོའི་རོམ་གྱི་སྐད་དུ་མི་དེ་རིགས་ལ་སེམས་ངལ་འཁུར་རོགས་ཟེར་བ་དང་། ཚིག་དེས་ད་གཟོད་ཁོ་ཚོའི་ཕན་ནུས་དང་བསྐོ་གཞག་གི་རྒྱུ་མཚན་ཡང་ངེས་ཐུབ།

དེ་དག་གིས་སེམས་ངལ་འཁུར་རོགས་བྱས་ཏེ་རྗེ་འབངས་རྣམས་མཛའ་བཤེས་སྨོན་འདྲིན་དུ་འགྱུར་བ་རེད། སྐྱེ་བོ་རྣམས་ཀྱིས་གསལ་པོར་མཐོང་བ་ཞིག་ནི། མངའ་འབངས་ལ་ཆུ་དང་འོ་མ་བཞིན་གྱི་གྲོགས་པོ་སྒྲིག་མཁན་ནི་ཉམ་ཆུང་ལ་བརྩེ་གདུང་ཅན་གྱི་རྗེ་བོ་ཁོ་ན་ཙམ་མིན་པར་ད་དུང་རྣམ་དཔྱོད་ཆེ་ལ་འཛམ་གླིང་དབང་དུ་སྡུད་པའི་རྗེ་བོའང་མཆིས། རྗེ་བོ་དེ་དག་གིས་དུས་རྒྱུན་དུ་རང་གི་འཁོར་གཡོག་རེ་ཟུང་ལ་མཉེན་གཤིན་བརྩེ་བ་བཅངས་ཏེ་ཕན་ཚུན་ལ་མཛའ་བཤེས་གྲོགས་པོ་ཞེས་འབོད་ཅིང་། དྲུང་འཁོར་གཞན་ལའང་སྒེར་འབྲེལ་གནས་སྐབས་སུ་ཁོ་ཚོར་དེ་མཚུངས་ཀྱི་མིང་ནས་འབོད་ཆོག་པའི་དགོངས་འཁྲོལ་སྩོལ།

ཟི་ལཱས་རོམ་ལ་དབང་སྒྱུར་དུས་ཕོམ་ཕི༼ཕྱིས་སུ་ཁོ་ལ་སྐྱེས་བུ་དམ་པ་ཞེས་པའི་ཆོ་ལོ་སྩལ༽གོ་འཕང་མཐོན་པོར་བསྐོས་པ་དང་། ཕོམ་ཕིས་ཁོ་བོ་ནི་རྗེ་བོ་ཟི་ལཱ་ལས་ལྷག་པའི་དོ་ཟླ་ཡིན་ཞེས་རང་བསྟོད་བྱས་མྱོང་། དེ་ཡང་ཐེངས་ཤིག་ལ་ཕོམ་ཕི་ཡིས་ཟི་ལཱའི་བསམ་འདུན་ལ་མ་བལྟོས་པར་རང་གི་གྲོགས་པོ་ཞིག་སྲིད་སྐྱོང་དཔོན་དུ་བསྐོ་གཞག་བྱས། དོན་དེའི་ཐད་ཟི་ལཱ་ཅུང་ཟད་ཡི་མ་རངས་པར་རྗེ་བོའི་གསུང་སྟངས་ཀྱི་ཐོག་ནས་གླེང་མགོ་ཚུགས་པ་ན། ཕོམ་ཕིས་ནུབ་ལ་ཉེ་བའི་ས་སྲོས་ཀྱི་ཉི་མ་ལས་དགུང་དུ་ཤར་བའི་ཉི་མར་ཕྱོགས་མཁན་མང3་ཞེས་སོམ་ཉི་མེད་པར་ཕྱིར་ཚིག་མཚོན་བཏབ་སྟེ་དོན་ལ་གསེར་ཞལ་བཙུམ་རྒྱུའི་བཀའ་ཕབ་པ་རེད། ཁའེ་སར་གྱི་དྲུང་དུ་ཌེ་ཁི་མོ་སི·བྷི་རོ་ཋི་སི་ཞེས་བྱ་བ་ཞིག་ཡོད་ལ་དེའི་ཤན་སྟོབས་ཀྱིས་ཁའེ་སར་གྱི་ཞལ་ཆེམས་ནང་ཁོ་རང་ནི་ཡང་ཚའི་འཕྲོ་ཡི་རྒྱུད་འཛིན་པ་གཉིས་པར་གཏན་ཁེལ་མཛད་ཡོད། འོན་ཀྱང་མི་དེ་ལ་ཁའེ་སར་འཆི་ལམ་དུ་རྫོང་བའི་ནུས་རྩལ་རྫོགས

ཁའེ་སར་གྱིས་སྔ་ལྟས་མི་ལེགས་པ་སྐོར་ཞིག་དང་སྒོས་སུ་ཆུང་མ་ཁར་ཕུར་ནེའི་བཀྲ་མི་ཤིས་པའི་རྨི་ལམ་དེ་ཡིད་ལ་འཁོར་ནས་གཙོ་རྒན་གྱི་གྲོས་ར་གྲོལ་དུ་འཇུག་རྒྱུའི་གྲབས་གཤོམ་དུས། བྷི་རོ་ཋི་སི་ཡིས་ཁའེ་སར་གྱི་དཔུང་པར་འཇུས་ཏེ་ག་ལེར་བཞུགས་ཁྲི་ནས་ཡར་བསླངས་ཏེ་ཁའེ་སར་ལ་གཙོ་རྒན་རྣམ་པ་ཡི་མུག་ཏུ་མི་འཇུག་པ་དང་ཁའེ་སར་གྱི་ཆུང་མའི་རྨི་ལམ་ཡག་པོ་ཞིག་རྨིས་རྗེས་གཙོ་རྒན་གྱི་གྲོས་ར་སླར་ཡང་བསྐོང་རྒྱུའི་སྙིང་པོ་མེད་པའི་ལས་དག་མི་སྒྲུབ་པའི་རེ་བ་ཡོད་ཚུལ་བརྗོད་ཅིང་། ཨན་ཋི་ཎིན་ཟིས་འཕྲིན་ཡིག་ཅིག་གི་ནང་ ༼ཟེ་ཤེ་རོ་ཡིས་ཨན་ཋི་ཎིན་ཟིར་སུན་འབྱིན་པའི་རྩོད་ཡིག་ཁྲོད་ནས་ཡི་གེ་ན་གཅིག་ཀྱང་མ་ལུས་པར་འཕྲིན་ཡིག་དེ་ཇི་བཞིན་དྲངས་མྱོང་།༽ཌེ་ཁི་མོ་སི·བྷི་རོ་ཋི་སི་ལ་བདུད་བློན་ཞེས་བོས་མྱོང་བ་དང་ཁོ་པས་སྒྱུ་འཕྲུལ་ལ་བརྟེན་ནས་རྗེ་བོ་ཁའེ་སར་རྨོངས་སུ་བཅུག་པ་དང་འདྲ། དེ་ཙམ་གྱི་ཐོག་ནས་ཀྱང་ཁོ་ལ་རྗེ་བོའི་ཐུགས་བརྩེ་ཟབ་པ་མཚོན་ཐུབ་པར་སྣང་།

ཨོ་རྒི་ཟི་ཏོ་ཡིས་ཆོ་རིགས་དམན་པའི་ཨ་རྒི་རོས་པ་4གོ་ས་མཐོན་པོར་བསྐོས་པར་མ་ཟད་རྗེས་སོར་ཁོང་གི་སྲས་མོ་འཇོ་ལི་ཡའི་གཉེན་དོན་སྐོར་རྨི་ཟེ་ཎ་ཟི་5དང་བློ་འདྲི་གྲོས་མོལ་བྱས་པ་ན། ཕྱི་མ་དེས། ཁྱེད་ཀྱིས་ཁོ་རང་ལ་འདི་འདྲའི་མངའ་ཐང་ལོངས་སྤྱོད་ཅིག་བསྩལ་ཟིན་པས། ད་ནི་སྲས་མོ་བག་མར་བྱིན་ནས་ཁོ་དང་གཉེན་འབྲེལ་དར་གྱི་མདུད་པས་བཅིང་བའམ། ཡང་ན་ཁོ་རང་ལྔ་ལམ་དུ་རྫོང་དགོས།

དེ་མིན་པ་ལམ་ག་གཞན་ཅི་ཡང་མེད། ཅེས་དྲང་པོར་ལན་བཏབ། ཋི་བྷི་རོས་ཀྱིས་དབང་སྒྱུར་སྐབས་ཟི་ཨ་ཎི་ཟི་6དབང་མངའ་ཐང་གི་གསེར་ཁྲི་མཐོན་པོར་འཕོས་ཏེ་ཐ་ན་སྐྱེ་བོ་གཞན་གྱིས་ཀྱང་ཁོ་གཉིས་ནི་གྲོགས་མཆེད་ཟུང་གཅིག་ཡིན་པར་རྩི་ཞིང་དེ་ལྟར་དུ་འབོད། ཋི་བྷི་རོས་ཀྱིས་ཁོ་ལ་སྤྲིངས་པའི་འཕྲིན་ཡིག་ཅིག་གི་ནང་། ངེད་གཉིས་ཀྱི་མཛའ་བཤེས་བསམས་ཏེ། ངས་ཁྱོད་ལ་དོན་འདི་དག་གཏན་ནས་གསང་མ་མྱོང་། ཞེས་འཁོད། ཁོ་གཉིས་ཀྱི་རི་རབ་ལས་དཔངས་མཐོ་ཞིང་རྒྱ་མཚོ་ལས་གཏིང་ཟབ་པའི་མཛའ་གཅུགས་ཟབ་མོར་གུས་བརྩི་བྱ་སླད། གཙོ་རྒན་གྱི་གྲོས་ར་ནས་མཛའ་གཅུགས་ཀྱི་མཆོད་སྟེགས་ཅིག་བརྩིག་རྒྱུར་མགྲིན་གཅིག་དབྱངས་གཅིག་ངང་གཏན་ལ་ཕབ་ཅིང་། མཛའ་གཅུགས་ནི་ལྷ་མོ་ཞིག་དང་འདྲའོ། ། ཟེབ་ཋི་རྨི་དང་ཕུ་ལའོ་ཋི་ཎི་ཟི་7གཉིས་ཀྱི་མཛའ་འབྲེལ་ཡང་གོང་དང་མཚུངས་པའམ་ཡང་ན་དེ་ལས་ལྷག་པའི་ཚོད་ཡིན་ཞེས་ཟེར་ཆོག་པ་འདྲ།

ཟེབ་ཋི་རྨི་ཡིས་རང་གི་བུ་ཆེ་བར་བཙན་ཐབས་ངང་ཕུ་ལའོ་ཋི་ཎི་ཟིའི་བུ་མོ་ཆུང་མར་བསུ་རུ་བཅུག་པའི་ཁར་ཁྲོམ་པ་འདུས་སར་ཕུ་ལའོ་ཋི་ཎི་ཟི་ཡིས་རྒྱལ་སྲས་ལ་བརྙས་སྨོད་གཏོང་བ་ལའང་དུས་རྒྱུན་དུ་བཟོད་སྒོམ་བྱེད། ཁོས་གཙོ་རྒན་གྱི་གྲོས་རར་སྤྲིངས་པའི་འཕྲིན་ཡིག་གི་ནང་། ངོས་རང་སྐྱེས་བུ་ཁོང་ལ་བརྩེ་གདུང་ཆེ། ངོས་ལས་ཁོང་གི་སྐུ་ཚེ་བརྟན་གྱུར་ཅིག ཅེས་བྲིས་མྱོང་། གོང་གསལ་གྱི་རྗེ་བོ་དེ་དག་ནི་ཐྲ་ཌན་ལྟ་བུ་ཞིག་དང་། ཡང་ན་མར་གུ-ཨོ་རེ་ལི་8འདྲ་བ་ཞིག་ཡིན་ཚེ། སྐྱེ་བོ་རྣམས་ཀྱིས་རྗེ་བོ་དེ་རིགས་ཀྱི་མཛད་སྤྱོད་དེ་ནི་བྱམས་སྙིང་རྗེའི་བདུད་རྩི་རྒྱུད་ལ་རང་ཆས་སུ་རྫོགས་པའི་སྟོབས་ཀྱིས་ཡིན་པར་སྙམ་ཡང་སྲིད། འོན་ཀྱང་གོང་གསལ་རྗེ་བོ་དག་ནི་རང་འདོད་ཁོ་ནས་སྙིང་གང་ཞིང་གཞན་གྱི་བདེ་ཚོར་ལ་ཉུང་མ་རྐང་པས་བརྫིས་པའི་རྩིས་ཀྱང་མི་གཏོང་བ་རྐྱང་ཡིན། འོ་ན། གནད་འདི་ལས་ཅི་ཞིག་ཤེས་ཐུབ་ཟེར་ན། རྗེ་རྒྱལ་པོ་རྣམས་ལ་མཛའ་བཤེས་གྲོགས་མཆེད་ཅིག་མེད་ན། འབངས་དཀྱུས་མ་ཡོངས་ཀྱི་ཚེ་གཅིག་ལུས་གཅིག་གི་རྨི་ལམ་དུ་འཁོར་དཀའ་བའི་ལྷའི་མངའ་ཐང་དང་ཀླུའི་ལོངས་སྤྱོད་ལྟ་བུའི་རྩེ་མོར་སླེབས་ནའང་རྗེ་བོ་ཁོ་ཚོའི་ཡིད་མགུ་བ་དང་བློ་ཚིམ་པ་མེད་ཚུལ་ཁུངས་སྐྱེལ་གསལ་པོ་ཐུབ། ད་དུང་རྗེ་བོ་དེ་ཀུན་ལ་ཆུང་མ་བུ་ཚས་ཕྱུག་པའི་རང་ཁྱིམ་སྲིད་པའི་ཕོ་བྲང་ཡོད་ནའང་། མཛའ་བཤེས་སྣང་བའི་དྲོད་ཁོལ་གྱི་བདེ་དགའ་སིམ་པའི་གུར་ཁྱིམ་ཡང་མེད་ཐབས་མེད།
སྐབས་འདིར་ཅིས་ཀྱང་བརྗེད་མི་རུང་བ་ཞིག་ནི་ཁོ་མན་9རང་གི་མི་རྗེ་དང་པོ་ཡུལ་བྷར་གྷན་ཌའི་ཌིའུ་ཀ་ཋར་ལི་ཡི་སྐོར་གྱི་གཏམ་ཡིན། རྗེ་བོ་ཋར་ལི་ཉིད་ཀྱིས་སུ་ལའང་རང་གི་གསང་བ་བཤད་མི་སྲིད་པ་དང་། ཐ་ན་རང་ཉིད་ཐབས་ཟད་འུ་ཐུག་པའི་དཀའ་གནས་ཀྱང་གཞན་ལ་གླེང་བའི་དཔེ་མེད། མུ་མཐུད་ནས་ཡང་ཁོ་མན་གྱིས་ཇི་སྐད་སྨྲས་དོན། སུ་ལའང་གསང་ཞིང་སྦེད་པའི་ཋར་ལིའི་གཤིས་སྤྱོད་དེས་རྒུད་པའི་གཡང་ལ་ལྷུང་ཉེའི་དུས་སུ་ཁོ་རང་གི་འགལ་རྐྱེན་ཉེར་འཚེར་གྱུར་པ་དང་། ཡང་ན་བླང་དོར་གྱི་བློ་མིག་ཅུང་ཟད་བསྒྲིབས་ཡོད་ཅེས་པའོ། ། དོན་དམ་པར་ཁོ་མན་རང་ཉིད་འཐད་ན་གོང་གི་གཏམ་དེ་ཇི་མ་ཇི་བཞིན་དུ་མི་རྗེ་གཉིས་པ་ལའོ་ཟི་བཅུ་གཅིག་པའི་ཐོག་ཏུའང་སྦྱར་ན་འོས་ཤིང་འཚམ། རྒྱལ་པོ་ཁོང་ནི་སྤྱང་ལ་ཟབ་པ་མཐར་ཐུག་ཅིག་ཡིན་པས་སྐྱེ་བོ་སུས་ཀྱང་བསམ་ཚོད་བྱེད་དཀའ་ཞིང་། གཤིས་སྤྱོད་དེ་ཐ་ན་སོ་སོ་རང་ཉིད་ཀྱི་སྡུག་བསྔལ་དུའང་གྱུར་མྱོང་། ཕའེ་སཱ་གྷར་ཟིས་ན་རེ། Cor ne editoརང་གི་སྙིང་མ་ཟ་ཞེས་པའི་གསུང་དེའི་དོན་གོ་དཀའ་ནའང་གནད་ལེགས་པར་ཟིན་འདུག ཁ་གསལ་བར་བཀྲལ་ན། སྙིང་གཏམ་མོལ་སའི་གྲོགས་པོ་མེད་པའི་སྐྱེ་བོ་ནི་སེམས་ཀྱི་མཁའ་དབྱིངས་ལ་སྡུག་གི་སྤྲིན་ནག་གཏིབ་མཁན་རེད།

དེ་བས་ཀྱང་ངོ་མཚར༼ངས་འདི་ལ་བརྟེན་ནས་མཛའ་བཤེས་ཀྱི་ཕན་ནུས་དང་པོའི་གཏམ་རྫོགས་པར་བྱ༽བ་ཅིག་ནི། རང་ཉིད་ཀྱི་གྲོགས་པོ་དང་མཉམ་དུ་ཁ་བརྡ་ཅི་འདོད་གང་འདོད་དུ་བྱས་ན་འབྲས་བུ་མི་འདྲ་བ་གཉིས་འབྱིན་ཏེ། སྤྲོ་སྐྱིད་ཇེ་ཆེར་འགྲོ་བ་དང་སྐྱོ་ངལ་ཇེ་ཆུང་དུ་འགྱུར་རོ། ། ཅིའི་ཕྱིར་ཞེ་ན། མཛའ་བཤེས་གྲོགས་པོ་ལ་ཡིད་སྤྲོ་བའི་དོན་དག་གླེང་ཚེ་རང་ཉིད་ཀྱི་སྤྲོ་སྣང་སྔར་བས་ཇེ་ཟབ་ཏུ་འགྲོ་ཞིང་། སྐྱོ་ངལ་གྱི་དོན་དག་བརྗོད་ན་རང་ཉིད་ཀྱི་གདུང་སེམས་ཇེ་ཡང་དུ་འགྱུར་ལུགས་ཚོར་བས་ཡིན། དེའི་ཕྱིར་སེམས་ལ་བསྐྱེད་པའི་ེཕན་ནུས་ནི་གསེར་མགར་གྱི་རྡོ་ནོར་བུས་མིའི་ལུས་པོར་བསྐྱེད་པའི་ཕན་ནུས་དང་ཤིན་ཏུ་འདྲ་སྟེ། རྡོ་ནོར་བུ་དེས་ཀྱང་མིའི་ལུས་པོར་ཕན་ནུས་ཡོངས་སུ་མི་མཐུན་པ་བསྐྱེད་ནའང་ངོ་བོ་ནི་ལེགས་པ་འབའ་ཞིག་ཡིན།  10འོན་ཀྱང་གསེར་མགར་ལ་མ་བརྟེན་ཚེ་རང་ཅག་གི་འཚོ་བའི་ཁྲོད་དུའང་ཆ་ཡོངས་སུ་འདྲ་བའི་དཔེ་མངོན་སུམ་པ་དེ་འདྲ་མཐོང་བར་ངེས། རིགས་མཐུན་ལྷན་ཅིག་ཏུ་འདུས་ན་རང་བཞིན་གྱི་ཕན་ནུས་ཅི་རིགས་འཕེལ་བ་དང་། དུས་མཚུངས་སུ་རང་ལ་གནོད་པའི་འགལ་རྐྱེན་ཉེར་འཚེའི་ཕྱོགས་ཀྱང་ཟློག་ཐུབ། ཕྱི་སྣང་སྲིད་ཀྱི་ཆོས་ཡོངས་སུ་རྫོགས་པ་དེ་བཞིན་ཡིན་ལ། ནང་སེམས་རྒྱུད་ཀྱང་དེ་དང་གཅིག་འདྲའོ། །
མཛའ་བཤེས་ཀྱི་ཕན་ནུས་དང་པོ་ལས་སེམས་བྱུང་སྣ་ཚོགས་པར་ཕན་པ་ཇི་བཞིན་དུ། མཛའ་བཤེས་ཀྱི་ཕན་ནུས་གཉིས་པས་ཤེས་པ་ཆ་ཡོངས་སུ་རྫོགས་པར་ཕན་པ་བླ་ན་མེད། དེ་ཡང་མཛའ་བཤེས་ཀྱིས་སེམས་བྱུང་ཅི་རིགས་ཀྱི་སྨག་ཆར་རླུང་འཚུབ་དག་ཉི་མ་དྲོ་ལ་བསིལ་རླུང་འཇམ་པོར་བསྒྱུར་ཐུབ་ཅིང་། ཤེས་པའི་རབ་རིབ་སྨག་མུན་དེ་ཉིན་མོའི་སྣང་བར་བསྒྱུར་ནུས། ནུས་མཐུ་དེ་ནི་གྲོགས་པོའི་བསླབ་བྱ་ཁོ་ན་ལས་བྱུང་བར་བསམས་ན་མི་འཚམ། དེའི་སྔོན་གྱི་ཡུན་རིང་མོ་ཞིག་ནས་བསམ་པའི་དོན་གང་ཞིག་སྐྱེ་བོ་གཞན་ལ་གླེང་མོལ་དང་བརྒལ་བརྟག་བྱས་ན། བློ་སྒོ་ཕྱེ་ནས་ཤེས་པ་སྔར་བས་ཇེ་གསལ་དུ་གྱུར་ཏེ་ལས་སླ་མོའི་ངང་ལྟ་ཚུལ་འདོན་ཐུབ་པ་དང་། མ་འཆོལ་མ་འདྲེས་པར་རིགས་ལམ་གུང་སྒྲིག་པ་དང་འབྲེལ་རང་གི་བསམ་བློ་དེ་སྐད་ཆར་འགྱུར་དུས་ཚུལ་ཇི་ལྟར་ཡིན་ལུགས་ངེས་པ་དང་། མཐར་ཐུག་སྔར་ལས་ཀྱང་ཤིན་ཏུ་བློ་རྣོ་བར་འགྱུར། དེ་ལ་ཆུ་ཚོད་གཅིག་གི་གླེང་མོལ་ནི་ཉི་མ་གཅིག་གི་བསམ་སྒོམ་ལས་ལྷག་ཅེས་ཟེར་ཆོག སི་མེས་ཋོག་ལི་11ཡིས་སྟག་གཟིག་རྒྱལ་པོར་བརྗོད་པའི་གཏམ་དེ་ཧ་ཅང་བདེན་པར་ངེས།

ཁོ་ན་རེ། སྐད་ཆ་ནི་གཅལ་དུ་བཀྲམ་པའི་སྣམ་བུ་དང་འདྲ་བར་བསམ་འདུན་གྱི་རྒྱུ་སྤུན་མངོན་པར་གསལ་བ་དང་། བསམ་བློ་ནི་ཕྱོགས་གཅིག་ཏུ་བསྒྲིལ་བའི་སྣམ་བུ་དང་མཚུངས་ཞེས་ཟེར། དེ་ཡང་ཤེས་པ་གསལ་ཞིང་རྣོ་བར་སྒྱུར་བའི་མཛའ་བཤེས་ཀྱི་ཕན་ནུས་གླེང་ན། བསླབ་བྱ་འདོམས་ནུས་པའི་གྲོགས་པོའི་ཚོགས༼ཁོ་ཚོ་གྲོགས་པོ་རབ་ཡིན་པ་སྨོས་ཅི་དགོས༽ཙམ་དུ་མ་ཟད། སྤྱིར་གྲོགས་པོ་དེ་འདྲ་བ་མེད་ཀྱང་། སྐྱེ་བོ་དེས་རང་ཉིད་ལ་ཆིག་ལབ་བྱས་ནའང་ཡོན་ཏན་སྐྱེ་བ་དང་རྣམ་དཔྱོད་རྒྱས་ཐུབ། ཆུ་གྲི་བརྡར་ན་རྣོ་དབལ་ཇེ་ཆེར་འགྱུར་བ་ལས་རྡར་རྡོ་ལ་མི་གནོད་པ་དང་གཉིས་སུ་མ་མཆིས། ཚིག་གསུམ་མདོར་བསྡུས་ན། སྐྱེ་བོ་སུ་ཡིན་རུང་། རང་གི་ཆགས་སྡང་གི་སེམས་བྱུང་ཀུན་ཡིད་ལ་ཉར་ནས་རྨེག་མེད་དུ་བཅོམ་པ་ལས། འཇིམ་བརྙན་ཞིག་གམ་ཡང་ན་རི་མོ་ཞིག་ལ་གླེང་བས་ཀྱང་ལེགས། ད་རེས། མཛའ་བཤེས་ཀྱི་ཕན་ནུས་གཉིས་པ་ཆ་ལག་ཡོངས་སུ་རྫོགས་པར་གོ་བའི་དོན་དུ། རང་བཞིན་གྱིས་ཤིན་ཏུ་རྟོགས་སླ་བར་ཡོད་ཀྱང་། སྐྱེ་བོ་ཕལ་པ་དག་གིས་གསལ་པོ་མ་ཤོད་པའི་གནད་ཅིག་སྟེ་གྲོགས་པོའི་བསླབ་བྱ་བསྐྱར་དུ་བརྗོད་པར་བྱ།

ཧེར་ཁུ་ལ་ཋི་སི་ལ་ཟབ་མོའི་དོན་ཅན་གྱི་གསུང་ཁྱད་པར་བ་ཞིག་ཡོད་པ་ཇི་སྐད་དུ། Dry light is ever the best. 12སྐྱེ་བོ་ཞིག་གིས་རང་གི་གོ་བ་ཙམ་ལ་བརྟེན་ནས་དོན་ལ་བརྡར་ཤ་བཅད་པའི་ལྟ་ཚུལ་དང་བསྡུར་ན། གྲོགས་པོའི་བསླབ་བྱ་གཞིར་བཟུང་ནས་ཆགས་པའི་བསམ་ཚུལ་ནི་སྤྱིར་བཏང་དུ་སྔར་ལས་དཔྱད་བཟོད་པ་དང་བདེན་པར་འགྱུར་ངེས། དེ་ཡང་སོ་སོ་རང་གི་གོ་སྟོབས་དང་བློའི་ནུས་པ་ནི་དུས་རྒྱུན་དུ་རང་ཉིད་ཀྱི་མོས་པ་དང་སྲོལ་ལུགས་ཀྱི་རྗེས་སུ་འབྲང་བའི་དབང་གིས་རེད། དེའི་ཕྱིར། གྲོགས་པོའི་བསླབ་བྱ་དང་གཡོ་ཅན་གྱི་ཚིག་སྙན་ལ་ཁྱད་པར་ཆེ་བའི་དཔེ་བཞིན་དུ། གྲོགས་པོའི་གྲོས་གཏམ་དང་རང་གི་འདོད་ཚུལ་ལ་ཁྱད་པར་ཧ་ཅང་ཆེ་སྟེ། རང་ཉིད་ལ་ལེགས་སོ་དང་བདེན་ཁ་སྟེར་བར་རབ་ཏུ་འདོད་མཁན་ནི་རང་ཉིད་ཡིན་པས། རང་རློམ་དང་ཁེངས་པ་དེ་བཅོས་ནུས་པའི་གསོས་སྨན་དཔའ་བོ་ཆིག་ཐུབ་ཀྱང་གྲོགས་པོའི་བསླབ་བྱ་ཁོ་ན་ཡིན། བསླབ་བྱ་ལ་རིགས་གཉིས་ཡོད་དེ། གཅིག་ནི་སྤྱོད་ལམ་གྱི་ཐད་དང་། ཅིག་ཤོས་ནི་ལས་དོན་གྱི་སྐོར་རེད། སྤྱོད་ལམ་གྱི་ཐད་ནས་གླེང་ན། སེམས་རྒྱུད་ལ་ཕན་པའི་བདུད་རྩི་སྨན་ལྟ་བུ་ནི་གྲོགས་པོའི་གོ་སྐོན་བསླབ་བྱ་ཤ་སྟག་ཡིན། རང་གིས་རང་ཉིད་གཅུན་པ་ལ་ཚ་ནན་དུ་སོང་ན། ལན་རེར་ཐལ་དྲགས་ཏེ་རོ་ཁ་བའི་སྨན་དང་འདྲ་ཞིང་། ལུགས་ཀྱི་བསྟན་བཅོས་བཀླགས་པའི་ཚེ་ཡང་ཡིད་ཀྱི་དང་བ་ཅུང་ཟད་འདྲེན་དཀའ། སྐྱེ་བོ་བཟང་པོ་མིག་ལྟོས་སུ་བྱས་ན་སྐབས་རེར་ཡང་རང་ངོས་དང་མི་འཚམ། དེའི་རྐྱེན་གྱིས་བཟང་སྨན་གྱི་མཆོག༼ཕན་ནུས་ཆེ་ལ་བསྟེན་སླ་བའི་སྨན་ཡང་ཡིན༽ནི་གྲོགས་མཛའ་བཤེས་ཀྱི་བདུད་རྩི་ལྟ་བུའི་ཚིག་གོ ། གླེང་ན་ཧ་ལས་ཤིང་དཔག་དཀའ་བ་ཞིག་ལ། སྔོན་དུས་ཀྱི་སྐྱེ་བོ་མང་དག་ཅིག༼ལྷག་པར་དཔའ་བོ་སྟག་ཐུལ་ཅན་སྐོར་ཞིག༽གིས་གྲོགས་པོའི་བསླབ་བྱར་མ་མཉན་པར། འགྱོད་པ་རྟས་མི་ཟིན་པའི་ནོར་འཁྲུལ་གྱི་ལམ་པོ་ཆེར་ཞུགས་ཏེ་སྙན་པའི་གྲགས་པ་དང་ཁ་རྗེ་རླུང་རྟ་ཆུ་ལ་བསྐྱུར་མྱོང་།

དེ་དག་ནི་ཡ་ཀོབ་ཀྱིས་ཇི་སྐད་དུ། ལན་རེར་མེ་ལོང་དུ་ལྟ་ཙམ་བྱེད་ནའང་ཕར་འཁོར་ནས་རང་གི་གཟུགས་བྱད་བརྗེད་ངས་ཀྱི་རླུང་ལ་སྐུར13་ཟེར་བའི་རིགས་ཡིན།  ཡང་ལས་དོན་གྱི་སྐོར་ནས་འཆད་ན། སྐྱེ་བོ་གང་ཞིག་གིས་རང་གི་ཞེ་འདོད་ལྟར་མིག་གཉིས་ཀྱིས་མཐོང་བ་ནི་མིག་གཅིག་གིས་མཐོང་བ་ལས་ལྷག་པ་ཅང་མེད་བསམ་ཆོག ཡང་ན་མིག་མངས་རྩེ་མཁན་ནི་དུས་ནམ་ཡང་མིག་མངས་ལྟ་མཁན་ལས་བློ་གསལ་བ་དང་། ཁོང་ཁྲོའི་དབང་དུ་གྱུར་མཁན་ནི་དབྱངས་གསལ་ཉེར་བཞི་ཟློ་མཁན་ལས་ལྷག་པར་བློ་མཛངས་པ། 14ཡང་ན་མེ་མདའ་ལག་ཏུ་བཅངས་པ་དང་སར་བཙུགས་ནས་འཕེན་པ་གང་ཡིན་ཡང་འབེན་ལ་ཕོག་ཚད་གཅིག་འདྲ་ཡིན་པར་སྙམ་ཆོག མདོར་དྲིལ་ན། རང་གི་བསམ་བསམ་བཞིན་དུ་རང་རློམ་གྱི་གཤོག་ཟུང་མུ་མཐའ་མེད་པར་བརྐྱངས་ནས་རང་ཉིད་ནི་ཡོན་ཏན་ཀུན་ལྡན་གྱི་གཙུག་རྒྱན་དུ་བསམ་ཆོག་ནའང་། སྦྱོར་བ་དེ་དག་ལག་ཏུ་བསྟར་བའི་ཕྱིས་སུ། བསླབ་བྱ་འབའ་ཞིག་གིས་ནི་ད་གཟོད་ལས་དོན་དྲང་པོའི་ལམ་གྱི་རིམ་པར་འཁྲིད་ཐུབ་པ་ངེས་སུ་འཇུག་གོ །

གལ་ཏེ་སྐྱེ་བོ་ཞིག་གིས་བསླབ་བྱ་དང་དུ་ལེན་པར་སྤྲོ་ཡང་དོན་ག་གེ་མོ་ནི་མི་འདི་ལ་གྲོས་ཁ་སྡུར་བ་དང་། དོན་གཞན་གཅིག་གི་ཐད་མི་ཅིག་ཤོས་ལ་བགྲོ་གླེང་བྱེད་པའི་ཐབས་ཅི་རིགས་སྤྱོད་འོས་པར་སྙམ་ན། དེ་ཡང་མི་ཆོག་པ་མེད།༼དེ་ཟེར་དོན་ནི་གཞན་དང་བློ་འདྲི་གྲོས་སྡུར་གཏན་ནས་མི་བྱེད་པ་དང་བསྡུར་ན་བཟང༽ འོན་ཀྱང་ཁོ་རང་ལ་ཉེན་ཆེ་བ་གཉིས་ཡོད། གཅིག ཁོ་ལ་ཁ་ཞེ་མེད་པའི་བསླབ་བྱ་བྱེད་མི་སྲིད། རྒྱུ་མཚན་ནི་འདྲིས་ཆེ་བའི་མཛའ་བཤེས་དམ་པ་ཡིན་ན་མ་གཏོགས་རང་ཉིད་རྒྱལ་ན་སྙམ་པའི་ཁེ་འདོད་ཀྱི་དབང་དུ་མི་འགྲོ་བའི་སྐྱེ་བོ་ཉུང་། གཉིས། ཁོ་རང་ལ་བྱུང་བའི་གྲོས་མགོ་ནི་ཕན་སེམས་ལྡན་ནའང་། ཡིད་བརྟན་མི་རུང་བའི་ཁར་ཐ་ན་གནོད་ཚབས་ཆེ་སྟེ། གསོས་སྨན་ཡིན་རུང་སྲོག་གཅོད་ཀྱི་དུག་ཏུའང་འགྱུར་བ་ལྟ་བུ་རེད།

དཔེ་བཞག་ན། ཁྱེད་ཀྱིས་རང་གི་ན་ཚ་བཅོས་པར་རེ་དུས། ནད་དེ་གསོ་བཅོས་ལ་མཁས་ཀྱང་ཁྱེད་རང་གི་ལུས་ཁམས་ལ་ཆ་རྒྱུས་མེད་པའི་སྨན་པར་ཕྲད་པ་དང་མཚུངས། འབྲས་བུ་ནི་སྨན་པ་དེ་ཉིད་ཀྱིས་གནས་སྐབས་ཀྱི་ནད་གསོ་ཐུབ་ངེས་ཀྱང་དེ་དང་མཉམ་དུ་ཁྱེད་ཀྱི་ལུས་ཁམས་ལ་གནོད་པའི་ས་བོན་བཏབ་པའི་རྐྱེན་གྱིས། ན་ཚ་དྲག་ཀྱང་ནད་པ་ཕུང་ལ་སྦྱོར། ཡིན་ནའང་། ཁྱེད་ལ་ཐབས་ཇུས་དང་ལྟ་ཚུལ་འདོན་མཁན་ནི་ཁྱེད་ཀྱི་ལས་དོན་ལ་ནང་རྒྱུས་ཟབ་པའི་གྲོགས་མཛའ་བཤེས་ཤིག་ཡིན་ཚེ། གོང་དུ་སོང་བའི་དཔེ་དེ་འདྲ་མ་ཡིན་པར་ཁྱེད་ཀྱི་མིག་སྔའི་ལས་དོན་གང་ཞིག་འགྲུབ་པའི་དོན་དུ་འགལ་རྐྱེན་ཡོད་མེད་ལ་བག་ཟོན་བྱེད་ཐུབ་པ་ཡིན། དེའི་ེཕྱིར། གཟུ་བོར་མི་གནས་པའི་བསླབ་བྱ་ཐོར་རེ་ལོང་ངེ་བ་ཙམ་ཚད་མར་འཛིན་མི་རུང་། དེ་དག་གིས་ལེགས་པའི་ལམ་དུ་མི་འཇུག་པར་མཛོ་སྦྲེལ་གཡང་ལ་ལྟུང་བ་ལྟར་གྱོང་ཆེ་བ་ལས་ཕན་ཐོགས་སྐབས་ཉུང་།
གོང་དུ་གསལ་བའི་ཕན་ནུས་ཉམས་དགའ་བ་དེ་གཉིས༼སེམས་བྱུང་ཅི་རིགས་ལ་ཕན་པ་དང་ཤེས་པ་ཆ་ཡོངས་སུ་རྫོགས་པ༽ཙམ་དུ་མ་ཟད། མཛའ་བཤེས་ལ་ད་དུང་ཕན་ནུས་གཅིག་ཡོད། ཕན་ནུས་དེ་ནི་སེ་འབྲུ་དང་མཚུངས་ལ་ཤིང་ཏོག་དེའི་ནང་དུ་འབྲུ་གུ་རྡོག་པོ་ཆུང་ཆུང་མང་། དཔེ་དོན་ནི་ཕན་ནུས་དེ་ཉིད་ནམ་རྒྱུན་གྱི་སྤྱོད་ལམ་དང་ཚོགས་གྲལ་ཅི་རིགས་ནས་མང་དུ་མངོན་ཐུབ་པར་གོ། གནད་དེ་ནས་ཞིབ་པར་བསམས་ཚེ། མཛའ་བཤེས་ཀྱི་དགེ་མཚན་སྣ་ཚོགས་གསལ་པོར་ངེས་སུ་འཇུག་པའི་ཐབས་ལམ་བཟང་ཤོས་ནི་འཚོ་བའི་ཁྲོད་ཀྱི་དོན་བྱ་མང་པོ་རང་ཉིད་ཀྱིས་སྒྲུབ་མི་ནུས་པའི་ངང་ཚུལ་ལ་བལྟ་བར་བྱའོ། ། དེ་ལྟར་བལྟས་ནས་ངེས་པའི་དུས་ན། གནའ་མིིའི་ཁ་དཔེར། གྲོགས་བཟང་པོ་རང་གི་སྤྲུལ་པ་འདྲ། ཟེར་བའང་དོན་དུ་ཅུང་དམན་པའི་ཚིག་ཏུ་སྣང་སྲིད། རྒྱུ་མཚན་ཅིའི་ཕྱིར་ཟེར་ན། གྲོགས་མཛའ་བཤེས་ནི་རང་གི་སྤྲུལ་པ་ལས་ལྷག་པར་གོ་ཆོད་ཅིང་མཐུ་སྟོབས་ཚད་མེད་པ་ཡིན། སྤྱིར་ན་མི་རྣམས་ཀྱི་ཚེ་ནི་ཡུན་ཐུང་ལ་ཚེའི་ཚད་ཅི་ཙམ་ཐུབ་པར་ཡང་ངེས་པ་མེད། སྐྱེ་བོ་མང་པོ་ཞིག་གིས་འཆི་ཁའི་དུས་སུའང་ད་དུང་བུ་ཕྲུག་གི་གཉེན་དོན་དང་བྱ་བ་གྲུབ་མིན་སོགས་ལྟ་བུར་སེམས་ཆགས་ཤིང་ཞེ་འཕྲེང་གིན་ཡོད། འོན་ཀྱང་གྲོགས་མཛའ་བཤེས་ཕྱི་ཐག་ཅན་ཞིག་ཡོད་ཚེ། རང་གི་མ་གྲུབ་པའི་དོན་རྣམས་སྒྲུབ་མཁན་ཡོད་པའི་ཕྱིར་ན། སྐྱེ་བོ་དེས་སེམས་བདེ་མོའི་ངང་ཕྱི་མའི་ལམ་འཕྲང་བསྙེག་ཆོག ཞེ་འཕྲེང་བའི་དོན་དེའི་ངོས་ནས་ཀྱང་མི་དེས་སྐྱེ་བའི་ལུས་རྟེན་སླར་ཡང་བླངས་པ་དང་མཚུངས་སོ། ། མི་གཅིག་ལ་ལུས་གཅིག་ལས་མེད་པ་དང་། ལུས་གཅིག་པོའང་དུས་མཉམ་དུ་ཡུལ་གཉིས་སུ་མངོན་ཐབས་མེད།

ཡིན་ནའང་ཐག་རིང་རྒྱང་ན་རང་ཉིད་ལ་གྲོགས་པོ་ཡོད་ཚེ། ཡུལ་དེ་གར་རང་དང་རང་གི་ངོ་ཚབ་ཀྱི་ཆེད་དུ་བྱ་བ་གྲོགས་པོར་བཅོལ་ཆོག དེར་མ་ཟད། མི་ཚེ་འདིའི་ནང་རང་ཉིད་ཀྱི་རོ་འཛིན་རྐྱོང་དཀའ་བའམ་བརྗོད་པར་མི་འཚམ་པའི་དོན་དག་ཅི་འདྲའི་མང་བ་ལ་ཨང་། དཔེར་མཚོན་ན། མི་སུ་ཞིག་གིས་ཀྱང་རང་གི་བྱས་རྗེས་སྒྲོག་མི་འོས་ལ་ཁེངས་སྐྱུང་ཞི་དུལ་ཅན་དུ་སྣང་འོས་པ་དང་། རང་ཉིད་ཀྱི་ལེགས་བྱས་ལ་དེ་བས་ཀྱང་བསྒྲགས་ལུང་བསྒྲགས་བྱས་ན་མི་འགབ། ཡང་དཔེར་ན། སྐབས་རེར་མགོ་འབུལ་ལུས་འབུལ་ངང་ངོ་ཆེན་ཞུ་མི་ཐུབ་པ་ལྟ་བུའི་རིགས་རྫོགས་མཐའ་མེད།

འོན་ཀྱང་རང་གི་ངག་སྒོ་ནས་ཐོན་ན་ངོ་ཚའི་བཞིན་རས་དམར་པོར་འགྱུར་བའི་གཏམ་དེ་ལྟ་བུའི་རིགས་གྲོགས་པོས་བརྗོད་ཚེ་བབ་ཆགས་ལ་ཤིན་ཏུ་འཚམ། གཞན་ཡང་། སྐྱེ་བོ་ཞིག་ལ་སྤྱི་ཚོགས་ཀྱི་གོ་བབ་མི་འདྲ་ཡོད་པ་ལས་དབྱེ་གསལ་བྱེད་ཐབས་དཀའ་བའི་འབྲེལ་བ་མང་པོ་རང་བཞིན་གྱིས་ཡོད་དེ། དཔེར་ན། ཁོས་བུ་ལ་གཏམ་སྨྲ་བའི་ཚེ་ན་ཨ་ཕའི་ངོས་ཐད་དང་། ཆུང་མར་གཏམ་སྨྲ་བའི་དུས་ན་ཁྱོ་གའི་ངོས་ནས་བསམ་དགོས་པ་དང་། རང་གི་དགྲ་བོར་གཏམ་སྨྲ་བའི་སྐབས་སུ་དེ་བས་ཀྱང་རང་གི་གོ་བབ་ལ་བསམ་དགོས། འོན་ཀྱང་རང་གི་གྲོགས་པོ་གདོང་དུ་བུད་ནས་གཏམ་སྨྲ་བའི་ཚེ་དོན་དག་དེ་རང་གླེང་བས་འཐུས་ཤིང་། ཉན་པ་པོའི་འབྲེལ་བར་བསམ་བློ་གཏོང་མི་དགོས་སོ། ། འདི་ལྟ་བུའི་དཔེ་མཚོན་བགྲང་གིས་མི་ལང་བར་གཞིགས་ཏེ། ངེད་ཀྱིས་ཞུ་རྒྱུའི་རྣམ་སྲོལ་ཞིག་ནི་འདི་སྐད་དུ། མི་ཞིག་གིས་ཕྱོགས་ག་གེ་མོ་ནས་རང་ཉིད་ཀྱི་གོ་བབ་འོས་ཤིང་འཚམ་པའི་ངང་འཛིན་མི་ཐུབ་པ་དང་། ཁོ་ལ་གྲོགས་པོའང་མེད་ན། འཚོ་བའི་གར་སྟེགས་འདི་ནས་མི་སྣང་བར་གྱུར་ན་དགའ་འོ། །

 


  • 1ཨྲི་ས་ཏོལ་གྱི《ཆབ་སྲིད་རིག་པ》ཞེས་པའི་ལེའུ་དང་པོའི་དོན་ཚན་དང་པོའི་ནང་གསལ།
  • 2ཨེབ་མིན་ཌི་སེ(Epimenides)ནི་སྤྱི་ལོའི་སྔོན་གྱི་དུས་རབས6པའི་གྷི་རིག་གི་མཚན་ཉིད་རིག་པ་བ་དང་སྙན་ངག་མཁན་ཡིན། དེ་ལོ་ངོ57རིང་ཕུག་པ་ཞིག་ཏུ་གཉིད་མོ་ཆེ་ཡུར་བར་གྲགས། ཎོམ(Numa Pompillus)ནི་གནའ་བོའི་རོམ་གྱི་རྒྱལ་པོས་སྲིད་སྐྱོང་བའི་རིང་གི་རྗེ་བོ་ཁྲི་ཐོག་གཉིས་པ(སྲིད་ཁྲིར་འཁོད་པའི་དུས་ནི་སྔོན་གྱི715-སྔོན་གྱི673)ཡིན་ལ་ཁོང་གིས་ཕུག་པ་ཞིག་ཏུ་ལྷ་མོ་ཨན་ཌེ་ལའི་གདམས་ངག་ཉམས་དུ་བླངས་ཏེ་ཆོས་ཀྱི་རྩིས་མགོ་དང་ཆོ་ག་ཕྱག་ལེན་གྱི་སྲོལ་བཏོད་ཅེས་ངག་རྒྱུན་དུ་ཁྱབ། ཨེམ་ཕི་ཌོག་ལེག(Empedocles ཧ་ལམ་སྔོན་གྱི490-སྔོན་གྱི430)ནི་གནའ་བོའི་གྷི་རིག་གི་མཚན་ཉིད་རིག་པ་བ་ཡིན། ཨེ་ཐི་ཎ་ཞེས་པའི་མེ་རིའི་ནང་མཆོངས་ཏེ་ཤི་བ་དང་དེ་ལྟར་གློ་བུར་དུ་ཡལ་བར་གྱུར་ན་སྐྱེ་བོ་དག་གིས་ཁོ་རང་ལྷ་རུ་བསམ་པའི་ཆེད་དུ་ཡིན་པར་གྲགས། ཨ་ཕོལ་ཎ་སི(Apollonius)ནི་ཏུ་རུ་ཀའི་ཡུལ་ཏི་ཎ་ (Tyana) རུ་སྐྱེས། རྒྱལ་ཁམས་མང་པོ་བསྐོར་ཏེ་ཕྱིས་སུ་གྷི་རིག་ཏུ་གཞིས་ཆགས་ཤིང་། སྤྱི་ལོའི་དུས་རབས་དང་པོའི་རིང་གི་མཚན་ཉིད་རིག་པ་བ་ཞིག་ཡིན་ལ་ཁོའི་སྐོར་གྱི་གཏམ་རྒྱུད་ཆེས་ངོ་མཚར་བ་མང་པོ་ཡོད།
  • 3སྐད་ཆ་འདི་སྤྱི་ལོའི་སྔོན་གྱི་ལོ81པར་ཕོམ་ཕིས་ཨ་ཧྥེ་རི་ཀ་ནས་དམག་དཔུང་ཁྲིད་དེ་རོམ་དུ་ལོག་རྗེས་རྗེ་བོ་ཟི་ལཱར་རང་ཉིད་རྣམ་པར་རྒྱལ་བའི་མཛད་སྒོ་གཉེར་དུ་བཅུག་ནས་བརྗོད་པ་ཞིག་གོ །
  • 4ཨ་རྒི་རོས་པ(Agrippa ཧ་ལམ་སྔོན་གྱི62-སྔོན་གྱི12)ནི་མི་ཁྱིམ་ཕལ་པ་ཞིག་ནས་སྐྱེས་པའི་གནའ་བོའི་རོམ་གྱི་དམག་དཔོན་ཞིག་ཡིན། དམག་འཐབ་ཀྱི་བྱས་རྗེས་ཁྱད་དུ་འཕགས་པས་རྗེ་བོ་ཨོ་རྒི་ཟི་ཏོ་ཡི་བློས་ཐུབ་མཆོག་ཏུ་གྱུར་པ་དང་། སྲིད་སྐྱོང་དཔོན་གྱི་ལས་ཁུར་ལན་གཉིས་ལ་བཟུང་བར་མ་ཟད་རྗེ་བོ་ཨོ་རྒི་ཟི་ཏོའི་སྲས་མོ་ཁབ་ཏུའང་བསུས།
  • 5རྨི་ཟེ་ཎ་ཟི(Maecenas ཧ་ལམ་སྔོན་གྱི70-སྔོན་གྱི8)ནི་གནའ་བོའི་རོམ་གྱི་ཆབ་སྲིད་པ་དང་སྒྱུ་རྩལ་གྱི་ཁ་འཛིན་པ་ཡིན་ཡིན་ལ། ཧོ་ར་ཟི་དང་། ཝེ་ཌེར། ཨོག་ཐེ་ཝེ(འདི་ནི་ཕྱིས་ཀྱི་རྗེ་བོ་ཨོ་རྒི་ཟི་ཏོ་ཡིན)གསུམ་དང་མཛའ་བཤེས་སུ་གྱུར་ཅིང་། རྗེས་སོར་ཨོ་རྒི་ཟི་ཏོ་སྲིད་ཀྱི་ཁྲི་ལ་འཛེགས་རྗེས་དེའི་སློབ་སྟོན་པར་གྱུར།
  • 6ཟི་ཨ་ཎི་ཟི(Sejanus)ནི་གནའ་བོའི་རོམ་གྱི་ཆབ་སྲིད་པ་དང་ལྐོག་གཡོ་པ་ཞིག་ཡིན་ཞིང་། རྗེ་བོ་ཋི་བྷི་རོས་ཐུགས་བརྩེ་བའི་བློན་པོ་ཡིན། ཡུན་རིང་པོར་གོ་ཧྲག་སྲུང་དམག་གི་དམག་དཔོན(15-31)བྱས་པ་དང་སྤྱི་ལོ31པར་སྲིད་སྐྱོང་དཔོན་གྱི་འགན་ཁུར།
  • 7ཕུ་ལའོ་ཋི་ཎི་ཟི(Plautianus)ནི་གོང་གསལ་ཟི་ཨ་ཎི་ཟི་དང་འདྲ་བ་ཡིན་ཏེ། རྗེ་བོ་ཋི་བྷི་རོས(193-211)ཀྱིས་སྲིད་སྐྱོང་བའི་དུས་གོ་ཧྲག་སྲུང་དམག་གི་དམག་དཔོན་བྱས་མྱོང་།
  • 8དོན་དུ་རྗེ་བོ་འདི་གཉིས་ཀྱང་འཐབ་རྩོད་འཁྲུག་ལོང་ལ་དགའ། ཐྲ་ཌན(Trajan སྲིད་ཁྲིར་འཁོད་པའི་དུས98-117) ལ་བྱམས་བརྩེ་ཆེ་བར་བསམས་པ་ནི་རྗེ་བོ་སྔོན་མ་དག་ལས་གཤིས་ཀ་འཇམ་པ་དང་། ཟིང་ཆ་དང་ཀླན་ཀ་དག་ཅུང་ཟད་འོས་འཚམ་གྱི་སྒོ་ནས་ཞི་བར་བྱས་ཏེ་རོམ་གྱི་རྒྱལ་ཁམས་སུ་རྒན་མོ་གསར་ཁུར་ལྟ་བའི་དུས་བདེ་གནས་འཇམ་གྱི་བསྐལ་པ་ཞིག་བྱུང་བའི་དབང་གིས་ཡིན་སྲིད། མར་གུ-ཨོ་རེ་ལི(Marcus Aurelius སྲིད་ཁྲིར་འཁོད་པའི་དུས161-180)ལ་ཆབ་སྲིད་ཀྱི་ལག་རྗེས་ངོམ་དུ་རུང་བ་ཅང་མེད་ཀྱང་། ཁོ་ནི་སི་ཐོག་ལུགས་སྡེ་གསར་མའི་མཚན་ཉིད་པ་ཞིག་ཡིན་ལ་དམག་གི་དཔུང་ཚོགས་ཁྲིད་ནས་འགྲོ་དུས་བརྩམས་གྲུབ་པའི་ཁོང་གི《མནོ་བསམ་གྱི་རེག་ཟིག》ཅེས་པའི་ནང་བྱམས་སྙིང་རྗེ་སྐོར་མང་དུ་གླེང་ཡོད།
  • 9ཁོ་མན(Philippe de Comines ཧ་ལམ1447-1511)ནི་ཧྥ་རན་སེའི་ཆབ་སྲིད་བྱ་འགུལ་པ་དང་ལོ་རྒྱུས་སྨྲ་བ་ཡིན། སྔ་ཕྱིར་ཡུལ་བྷར་གྷན་ཌའི་ཌིའུ་ཀ་ཋར་ལི་དང་། ཧྥ་རན་སེའི་རྒྱལ་པོ་ལའོ་ཟི་བཅུ་གཅིག་པ་དང་ཋར་ལི་བརྒྱད་པ་བཅས་ལ་ཞབས་ཏོག་བསྒྲུབས་ཤིང་། ཚེ་མཇུག་ཏུ《དྲན་ཐོ》བམ་པོ8བྲིས་ཡོད་པར་ལོ་རྒྱུས་དཔྱད་ཡིག་གི་རིན་ཐང་ཆེན་པོ་ལྡན་པ་དང་སྐད་རིགས་མང་པོར་འགྱུར་ཡོད། བྷ་ཁོན་གྱིས་སྐབས་འདིར་དྲངས་པའི་ཚིག་ནི་དཔེ་ཆ་དེའི་བམ་པོ5པའི་ལེའུ3པར་བྱུང་།
  • 10ངག་རྒྱུན་ལ་གྲགས་པའི་རྡོ་ནོར་བུས་ཚེ་རིང་ལུས་བདེ་རུ་གཏང་ཐུབ་པ་དང་ནད་གདོན་བར་ཆད་སེལ་ནུས་པ་སྟེ། སྔ་མ་ཇེ་མང་དང་ཕྱི་མ་ཇེ་ཉུང་དུ་སོང་ནས་གཉི་ག་ཕན་པ་འབའ་ཞིག་ཏུ་འགྱུར།
  • 11སི་མེས་ཋོག་ལི(Themistocles ཧ་ལམ་སྔོན་གྱི524-460)ནི་གནའ་བོའི་ཨ་ཐེན་གྱི་དམངས་གཙོའི་ལུགས་ཀྱི་ཆབ་སྲིད་པ་ཡིན། སྔོན་སྲིད་སྐྱོང་དཔོན་བྱས་ཏེ་ཆབ་སྲིད་ཀྱི་་རྗེས་ཀྱང་ཁྱད་དུ་འཕགས་ནའང་། ཕྱིས་སུ་སྐུ་དྲག་ཕྱོགས་ཁག་གིས་རྒྱང་ཕུད་བཏང་བས་འཁྱར་ནས་སྟག་གཟིག(465)རྒྱལ་ཁམས་སུ་ཕྱིན་པར་སྟག་གཟིག་རྒྱལ་པོའི་གཟིགས་སྐྱོང་མི་དམན་པ་ཐོབ།
  • 12འདི་ནི་ནོར་བ་བརྒྱུད་པའི་གསུང་ཞིག་ཡིན་ཏེ། གནའ་བོའི་གྷི་རིག་གི་སྐད་ནས་ལ་ཌིང་གི་སྐད་དུ་འགྱུར་དུས། lumen siccum (dry light) ཞེས་པའི་ཡི་གེ་གཉིས་བྱུང་། ནུབ་ཕྱོགས་ཀྱི་མཁས་པ་རྣམས་ཀྱིས་འདི་ལ་འགྲེལ་ལུགས་སྣ་ཚོགས་པ་ཞིག་བྱུང་ཡོད་དེ། ཁམ་ཟམ་གཙུག་ལག་སློབ་ཆེན་གྱིCharles H. Kahnགྱིས་ཁོང་གིThe Art and Thought of Heraclitusཞེས་པའི་དེབ་ཀྱི་ནང་ཤོག་ངོས10སྤྱད་ནས་གསུང་འདི་དང་དེའི་ནོར་བ་རྒྱུན་འབྱམས་སྐོར་ཞིབ་མོར་བསྒྲུབས་ཡོད། བྷ་ཁོན་གྱི་དབྱིན་ཇིའི་འགྱུར་ཚིག་ཙམ་མ་ཟད་ད་དུང་གསུང་འདི་ལ། “The dry soul is the wisest and best” ཞེས་དང་། “The dry light is the wisest soul”ཞེས་པ།  “The dry mind(uninfluenced by feelings and appetites) is the wisest and best” ཞེས་པའི་དབྱིན་འགྱུར་ཡང་འདུག རྒྱའི་ལོ་ཙཱ་བ་ཚོ་མིང་ལུན་གྱིས་འདི་ལ། སྒེར་གྱི་ཕྱོགས་ལྷུང་གི་ལྟ་ཚུལ་མི་འཛིན་པ་ནི་བློ་རབ་ཏུ་མཛངས་པ་ཡིན། ཞེས་གོ་བ་བླངས་ཡོད།
  • 13ཡ་ཀོབ་ཀྱིས《ཞལ་ཆད་གསར་པ • ཡ་ཀོབ་ཀྱི་འཕྲིན་ཡིག》གི་ལེའུ1དང་པོའི་དུམ་ཚན23—24ནང་དཔེ་དེ་བཀོལ་ནས་ཡེ་ཤུ་མ་ཤི་ཀའི་བཀའ་ཉན་མཁན་ཙམ་ལས་སྒྲུབ་མཁན་མིན་པའི་རིགས་མཚོན་ཡོད།
  • 14བྷ་ཁོན་གྱི་རིང་། དབྱིན་ཇིའི་གསལ་བྱེད i j u vབཞི་ལ་ཁྱད་པར་མེད་པས་གསལ་བྱེད24ཙམ་ལས་མེད་པ་ཡིན། གཞན་ཡང་། ནུབ་ཕྱོགས་པ་ཚོས་ཁོང་ཁྲོ་ལང་སྐབས་གསལ་བྱེད་དེ་དག་ཤུབ་བུར་ལན་གཅིག་བཟླས་ན་ཁོང་ཁྲོ་ཞི་བར་འདོད།

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1536