རྩོམ་པ་པོ། བཙན-ཐུ་བོ།
སྙིང་སྟོབས་གོ་ཆ་སྐུ་ལ་བགོས་ནས་རྒྱ་གར་ཤར་ནུབ་ཆུ་བཞིན་ཉུལ། །
མཁས་གྲུབ་བརྒྱ་རྩ་གཙུག་ཏུ་བསྙེན་ཞིང་མན་ངག་གན་མཛོད་ནམ་དུ་བླངས། །
བཤད་སྒྲུབ་བསྟན་པའི་གདུགས་དཀར་འདེགས་ལ་གངས་རིའི་ལྗོངས་ན་ཟླ་མེད་པ། །
སྒྲ་བསྒྱུར་ལོ་ཙཱའི་མཚན་གྱི་ཅོད་པཎ་སྤྱི་བོར་བཅིངས་དེས་བདག་སྐྱོངས་ཤིག །
དེ་ལ་འདིར་གང་གླེང་བ་བྱ་བ་ནི་བཀའ་བརྒྱུད་རིན་པོ་ཆེ་ཞེས་མཚན་མཆོག་ཐོས་པ་དོན་ལྡན་བྱིན་རླབས་ཀྱི་ངད་པ་མ་ཡལ་བའི་ཐ་སྙད་འདི་ཉིད་དུས་ནམ་ཞིག་དང་གང་ཟག་སུ་ལ་བརྟེན་ནས་བྱུང་བ་ཡིན་མིན་གྱི་སྐོར་ལ་སྐད་ཆ་ཁ་ཤས་མོལ་ན། སྤྱིར་བཀའ་བརྒྱུད་ཅེས་པའི་བརྡ་ཆད་འདི་བེད་སྤྱོད་མཁན་བཀའ་བརྒྱུད་པ་གཅིག་པུ་མ་ཡིན་པ། བཀའ་གདམས་པ་ལ་ཇོ་བོ་བཀའ་བརྒྱུད་དང་། དགེ་ལྡན་པ་ལ་དགེ་ལྡན་བཀའ་བརྒྱུད་ཟེར་བ་དང་། གཞན་བོ་དོང་བཀའ་བརྒྱུད་དང་རྙིང་མའི་གཏེར་ཆོས་ལ་ལའི་ནང་ན་བཀའ་བརྒྱུད་དང་བཀའ་བརྒྱུད་བླ་མ་ཞེས་པའི་ཐ་སྙད་ཡང་མཐོང་རྒྱུ་ཡོད། འོན་ཀྱང་དེང་དུས་ཡོངས་གྲགས་ལ་བཀའ་བརྒྱུད་ཅེས་ཟེར་དུས་བོད་ཀྱི་གྲུབ་མཐའ་བྱེ་བྲག་པ་ཞིག་ལ་གོ་བ་ལས་ཀུན་གྱིས་བེད་སྤྱོད་པའི་བརྡ་ཆད་ཞིག་ཏུ་གྱུར་མེད། དེར་བརྟེན་བཀའ་བརྒྱུད་དང་། དཀར་བརྒྱུད། དཀའ་བརྒྱུད། ཅེས་ཡིག་གཟུགས་ཀྱི་སྟེང་ནས་འབྲི་ཚུལ་འདྲ་མིན་དང་དེ་དག་ལ་འགྲེལ་བཤད་ཀྱང་ཐུན་མོང་དང་ཐུན་མོང་མ་ཡིན་པ་སོགས་དུ་མ་ཡོད་ཀྱང་འདིའི་སྐབས་སུ་དེ་དག་གི་སྤྲོས་པ་རེ་ཞིག་དོར་ནས་མངའ་བདག་མར་པ་ལོ་ཙཱ་ལས་བྱུང་བའི་གྲུབ་མཐའ་འདི་ལ་བཀའ་བརྒྱུད་ཅེས་པའི་མཚན་མཆོག་ཐོས་པ་དོན་ལྡན་དེ་དུས་ནམ་ཞིག་ལ་བྱུང་མིན་གྱི་སྐོར་ནས་སྐད་ཆ་ཤ་ཁ་ཤས་མོལ་རྒྱུ་ཡིན།
རྗེ་བཙུན་མི་ལ་དང་དྭགས་པོའི་དུས་སྐབས་སུ་བཀའ་བརྒྱུད་ཅེས་པའི་བརྡ་ཆད་ཡོད་པ་ནི་ལོ་རྒྱུས་སྨྲ་བ་ཀུན་གྱིས་གཅིག་གྱུར་གྱི་ཁས་ལེན་བྱེད་ཀྱིན་ཡོད། ང་ཚོ་ལ་དོགས་གཞི་ཡོད་པ་ནི་མར་པ་ལོ་ཙཱའི་དུས་ལ་བཀའ་བརྒྱུད་ཅེས་པའི་བརྡ་ཆད་འདི་ཡོད་མེད་དེ་གནད་འགག་ཅིག་རེད།
ཁ་ཅིག་ན་རེ། མར་པ་ལོ་ཙཱའི་དུས་སྐབས་སུ་ཕྱག་རྒྱ་པ་དང་སྒྲུབ་བརྒྱུད་པ་ཟེར་བ་ལས་བཀའ་བརྒྱུད་ཅེས་པའི་བརྡ་ཆད་དེ་མེད་ལ། རུས་པའི་རྒྱན་གྱིས་བརྩམས་པའི་མི་ལའི་མགུར་འབུམ་ནང་གི་རྨི་ལམ་བརྡ་དཀྲོལ་གྱི་མགུར་ལས།
བྱང་དུ་ཀ་ཆེན་བཙུགས་པ་དེ། །
ཁྱོད་གུང་ཐང་གི་མ་ལ་རས་པ་ཡིན། །
ཀ་ཐོག་ཏུ་རྒོད་པོ་ལྡིང་བ་དེ། །
ཁོང་མི་གཞི་རྒོད་དང་འདྲ་བ་ཡིན། །
རྒོད་རྩེ་སྒྲོ་མཐའ་ནས་རྒྱས་པ་དེ། །
སྙན་བརྒྱུད་ཀྱི་གདམས་ངག་ཐེབས་པ་ཡིན། །
རྒོད་ཚང་བྲག་ལ་བཅས་པ་དེ། །
ཚེ་སྲོག་བྲག་ལས་སྲ་བ་ཡིན། །
རྒོད་དེ་ལ་བུ་གཅིག་བྱུང་བ་དེ། །
འགྲན་གྱི་དོ་མེད་གཅིག་འོང་བ་ཡིན། །
བྱ་ཕྲན་གྱི་ནམ་མཁའ་གང་བ་དེ། །
“བཀའ་བརྒྱུད”ཀྱི་བསྟན་པ་དར་བ་ཡིན། །
ཞེས་མགུར་འདིའི་ནང་དུ་ཡོད་པའི་བཀའ་བརྒྱུད་ཅེས་པའི་བརྡ་ཆད་འདི་གཙང་སྨྱོན་གྱིས་ཕྱིས་སུ་ཡར་བསྣན་པ་ལས་མར་པའི་དུས་སྐབས་སུ་ཡོད་པ་ཞིག་མ་རེད། རྒྱུ་མཚན་མར་པའི་མགུར་ཆེན་ཉེར་ལྔ་དང་མཛོད་ནག་མའི་ནང་དུ་ཚིག་དེ་མེད་ཅེས་སྨྲ་མོད། དེ་ནི་རྩིང་བཤད་དུ་སོང་སྟེ། མངའ་བདག་མར་པ་ལོ་ཙཱའི་རྣམ་ཐར་བླ་མ་དགྱེས་པའི་བསྟོད་དབྱངས། རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེས་མཛད་པའི<<བླ་མ་མར་པ་ལོ་ཙཱའི་རྣམ་པར་ཐར་བ།>> མི་བསྐྱོད་རྡོ་རྗེས་མཛད་པའི་<<རྗེ་བཙུན་མར་པ་ལོ་ཙཱའི་རྣམ་ཐར་ངོ་མཚར་བསམ་ཡས།>> སྦྱངས་པ་ཅན་མར་པ་ཆོས་ཀྱི་བློ་གྲོས་ཀྱི་རྣམ་ཐར།ཁྲག་འཐུང་རྒྱལ་པོས་མཛད་པའི་<<སྒྲ་བསྒྱུར་མར་པ་ལོ་ཙཱའི་རྣམ་ཐར་མཐོང་བ་དོན་ཡོད།>>རང་བྱུང་རྡོ་རྗེའི་<<མཛོད་ནག་མ་>>སྟེ་ཕྱི་མ་བཞི་ལས་བཀའ་བརྒྱུད་ཅེས་པའི་མཚན་དེ་ཡོང་གི་ཡོད། ཀརྨ་པ་རང་བྱུང་རྡོ་རྗེས་བརྩམས་པའི་<<མི་ལ་བཞད་པ་རྡོ་རྗེའི་གསུང་མགུར་མཛོད་ནག་མ།>> 2011ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དཔར་དུ་བསྐྲུན་པའི་སྟོད་ཆ་ལྡེབ་ངོས་༨༢ཐིག་ཕྲེང་༦་པའི་ནང་དུ།
བྱང་དུ་ཀ་ཆེན་བཙུགས་པ་དེ༎
ཁྱོད་གུང་ཐང་གི་མ་ལ་རས་པ་ཡིན༎
ཀ་ཐོག་ཏུ་རྒོད་པོ་ལྡིང་བ་དེ༎
ཁྱོད་མི་གཞི་རྒོད་དང་འདྲ་བ་ཡིན༎
དང་སྒྲོ་མཐའ་ནས་རྒྱས་པ་དེ༎
ལྟ་བའི་གདར་ཤ་ཆོད་པ་ཡིན༎
བྱ་སྤུ་གནམ་དུ་གཟེངས་པ་དེ༎
རླུང་སྲོག་རྩོལ་གནད་དུ་ཚུད་པ་ཡིན༎
རྒོད་ཚང་བྲག་ལ་བཅས་པ་དེ༎
ཚེ་སྲོག་བྲག་བས་སྲ་བ་ཡིན༎
བྱ་བྲན་གྱི་ནམ་མཁའ་ཁེངས་པ་དེ༎
“བཀའ་རྒྱུད”་ཀྱི་བསྟན་པ་དར་བ་ཡིན༎
ཞེས་འཁོད་ཡོད་ལ་མཛོད་ནག་མའི་ནང་དུའང་རྨི་ལམ་བརྡ་དཀྲོལ་གྱི་མགུར་ལས་བཀའ་བརྒྱུད་ཅེས་པའི་མཚན་དེ་ཡོང་གི་ཡོད། མི་འདྲ་ས་ཞིག་ནི་མི་ལའི་མགུར་འབུམ་ནང་དུ་བཀའ་བརྒྱུད་ཅེས་སྔོན་འཇུག་བ་ཡོད་ལ། མཛོད་ནག་མའི་ནང་དུ་དཀའ་རྒྱུད་ཅེས་བྲིས་ཡོད་པས་སྔོན་འཇུག་ཡོད་མེད་ཙམ་ལས་གཞན་གཅིག་མཚུངས་སུ་གྱུར་ཡོད། གཞན་ཡང་། མི་བསྐྱོད་རྡོ་རྗེས་མཛད་པའི་རྗེ་བཙུན་མར་པ་ལོ་ཙཱའི་རྣམ་ཐར་ངོ་མཚར་བསམ་ཡས། མར་པའི་གསུང་འབུམ་ལྡེབ་ངོས་129ཐིག་ཕྲེང་5པའི་ནང་དུ།
ཤུལ་དུ་ཕྲེང་བ་རྣམ་གསུམ་སྟེ༎
རྗེ་ནཱ་རོ་དང་མཻ་ཏྲིས་སྣ་དྲངས་པའི༎
“བཀའ་བརྒྱུད”་གྱིས་བླ་མ་བརྒྱ་རྩ་བརྒྱད༎
འདི་ཤུལ་ཏུ་ལུས་ཏེ་མ་བས་འཕྲེང་།།
ཞེས་བཀའ་བརྒྱུད་ཅེས་པའི་མཚན་དེ་ཡོང་གི་ཡོད་ལ། གཞན་ཡང་སྦྱངས་པ་ཅན་མར་པ་ཆོས་ཀྱི་བློ་གྲོས་ཀྱི་རྣམ་ཐར། མར་པའི་གསུང་འབུམ་ལྡེབ་ངོས། 63ཐིག་ཕྲེང15པར།
ཤུལ་ན་འཕྲེང་བ་རྣམ་གསུམ་ནི༎
རྗེ་ནཱ་རོ་དང་མཻ་ཏྲིའི་སྣ་དྲངས་པའི༎
“བཀའ་བརྒྱུད”་ཀྱི་བླ་མ་བརྒྱ་རྩ་བརྒྱད༎
འདི་ཤུལ་དུ་ལུས་ཏེ་མ་བས་འཕྲེང་།།
ཞེས་རྣམ་ཐར་གཉིས་ཀའི་ནང་དུ་གཅིག་མཚུངས་ཀྱིས་བཀའ་བརྒྱུད་ཅེས་པའི་མཚན་དེ་ཡོང་གི་ཡོད། ད་དུང་ཁྲག་འཐུང་རྒྱལ་པོས་མཛད་པའི<<སྒྲ་བསྒྱུར་མར་པ་ལོ་ཙཱའི་རྣམ་ཐར་མཐོང་བ་དོན་ཡོད།>>1983ལོར་སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་ལྡེབ་ངོས་༡༧༤ཐིག་ཕྲེང་༡༤པར།
རྒོད་དེ་ལ་བུ་གཅིག་བྱུང་བ་དེ། །
འགྲན་གྱི་དོ་མེད་ཅིག་འོང་བ་ཡིན། །
བྱ་ཕྲན་གྱི་ནམ་མཁའ་གང་བ་དེ། །
བཀའ་བརྒྱུད་ཀྱི་བསྟན་པ་དར་བ་ཡིན། །
ཞེས་འཁོད་ཡོད་ལ། ཡང་རྣམ་ཐར་མཐོང་བ་དོན་ཡོད་ལྡེབ་ངོས་༡༧༢ཐིག་ཕྲེང་༡༤པར།
འཛམ་གླིང་བྱང་ཕྱོགས་ས་སྟེང་དེ། །
བོད་ན་དར་བའི་ཐུབ་བསྟན་ཡིན། །
དེ་སྟེང་གངས་རི་ཆགས་པ་དེ། །
ཕ་རྒན་མར་པ་ལོ་ཙཱ་དང་། །
“བཀའ་བརྒྱུད” ཡོངས་ཀྱི་བསྟན་པ་ཡིན། ། ཞེས་དང་། ཡང་རྣམ་ཐར་མཐོང་བ་དོན་ཡོད་ལྡེབ་ངོས་༡༧༠ཐིག་ཕྲེང་༤པར། ང་ནཱ་རོ་པཎ་ཆེན་གྱི་བུ་རྒྱུད་འདི་རྟེན་འབྲེལ་ལ་མངའ་བརྙེས་པ་ཡིན་ཞིང་། “བཀའ་བརྒྱུད”ཀྱི་བསྟན་པ་ལ་པཎ་ཆེན་ནཱ་རོ་པའི་ལུང་བསྟན་བཟང་པོ་ཡང་ཡོད། ཅེས་དང་། ཡང་རྣམ་ཐར་མཐོང་བ་དོན་ཡོད་ལྡེབ་ངོས༡༧༨ཐིག་ཕྲེང་༥པར། ད་མདོ་སྡེ་འབུམ་ནི་མེད། ངའི“བཀའ་བརྒྱུད”ཀྱི་ཕ་རབས་ཀྱི་གདམས་ངག་དང་བྱིན་རླབས་ཀྱི་བརྒྱུད་པ་ཁྱེད་རྣམས་ལ་གཏད་པ་ཡིན་པས་འབུངས་ཤིག །ཅེས་འཁོད་པ་སོགས་རྣམ་ཐར་ཁག་གི་ནང་ན“བཀའ་བརྒྱུད”ཅེས་པ་འདི་གཅིག་མིན་གཉིས་སུ་ཡང་ཡང་འབྱུང་བ་ལ་བསམས་ན་སྐབས་དེ་དུས་སྒྲུབ་བརྒྱུད་པ་དང་ཕྱག་རྒྱ་པ་ཞེས་པའི་མཚན་དེ་ཁྱབ་ཆེ་བ་ཙམ་ལས་མར་པའི་དུས་སྐབས་སུ་བཀའ་བརྒྱུད་ཅེས་པའི་མཚན་མཆོག་ཐོས་པ་དོན་ལྡན་འདིའང་ཡོད་པར་མངོན།
གསེར་མདོག་པཎ་ཆེན་གྱིས།
ཕྱག་རྒྱ་པ་ལ་བཀའ་བརྒྱུད་ཅེས། །
གྲགས་པ་ཟླ་འོད་གཞོན་ནུ་ཡིན། །
གསུངས་པ་ནི་མཚན་མཆོག་ཐོས་པ་དོན་ལྡན་འདི་ཉིད་མཉམ་མེད་དྭགས་པོའི་དུས་སྐབས་སུ་མཚན་ཡོངས་གྲགས་སུ་སོང་བ་ལས་མར་པའི་དུས་སྐབས་སུ་མེད་པ་ནི་མ་ཡིན་པས་བློ་ལྡན་དག་ལ་ཤེར་རབ་ཀྱི་གྲོས་འདེབས་ཀྱི་ཚུལ་དུ་ཕུལ་བ་ལགས་སོ། །
བོད་རབ་རྒྱན་ལྕགས་བྱི་ལོའི་ཟླ་༡༡པའི་ཚེས༢༠དང་སྤྱི་ལོ་2021/1/3ཉིན་འགྲོ་མགོན་བཀའ་བརྒྱུད་པའི་གྲལ་མཐའ་འཛིན་པ་ཚེ་དབང་དཔལ་འབྱོར་རམ་དྲ་མིང་ལ་བཙན-ཐུ་བོ་རུ་འབོད་པ་དེས་སྦྱར་བས་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པའི་བསྟན་པ་རྒྱས་པའི་རྒྱུ་རུ་གྱུར་ཅིག་གུ།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1508
དཔྱད་མཆན་སྤེལ།