ཁྲིམས་ཀྱི་སྒོ་ཁ་རུ་སོ་ལྟ་བ་ཞིག་འགྲེངས་ཏེ་འདུག་ཅིང་ཉིན་ཞིག་གྲོང་གསེབ་པ་ཞིག་ཁྲིམས་ཀྱི་སྒོ་ཁ་རུ་ཡོང་སྟེ་སོ་ལྟ་བ་དེར་ཁྲིམས་ཀྱི་སྒོ་ནང་དུ་འགྲོ་རུ་འཇུག་པར་རེ་བ་ཞུས། སོ་ལྟ་བས་ཁོ་ལ་ད་ལྟ་ནང་དུ་སོང་མི་ཆོག་ཅེས་བཤད་ཅིང་གྲོང་གསེབ་པ་དེས་བསམ་བློ་འཁྱུག་ཙམ་བཏང་རྗེས་ཅུང་ཙམ་འགོར་རྗེས་སོང་ཆོག་པ་ཡིན་ནམ་ཞེས་དྲིས་པར་སོ་ལྟ་བས་ཁོ་ལ་ལས་དྲང་ན་འགྲོ་ཐུབ་ན་ཐང་། གང་ལྟར་ད་ལྟ་སོང་མི་ཆོག་ཅེས་བཤད།

ཁྲིམས་ཀྱི་སྒོ་ཆེན་དུས་རྒྱུན་ཆེས་ཆེར་ཕྱེས་ཡོད་པས་སོ་ལྟ་བ་དེ་ཕྱོགས་གཞན་དུ་ལྟ་བར་བྱིན་ཙ་ན། གྲོང་གསེབ་པ་དེས་མགོ་བོ་སྒུར་ཏེ་ནང་དུ་འགྲོ་རྩིས་བྱས་པར་སོ་ལྟ་བས་མཐོང་བས་ཧབ་ཆ་ཞིག་བརྒྱབ་སྟེ། ཁྱེད་ནང་དུ་འགྲོ་འདོད་དེ་མི་བཟོད་ཚེ་ཚོད་ལྟ་ཞིག་བྱོས་དང་། ངས་བཀག་འགོག་བྱེད་བཞིན་པ་ཁྱི་རྒན་ལོ་ལོན་ཞིག་ཟུག་རྔུ་བྱས་ཙམ་གྱི་ཚད་དུ་བཞག་ཆོག འོན་ཀྱང་། ཁྱེད་ཀྱིས་ཤེས་དགོས་པ་ཞིག་ལ་ང་ནི་དེ་འདྲའི་ཉམ་ཆུང་ཞིག་མིན།ད་རུང་གཅིག་བཤད་ན་ང་ནི་རིམ་པ་ཆེས་མདའ་པའི་སོ་ལྟ་བ་ཡིན། ཕྱི་སྒོ་ནས་བར་སྒོ།བར་སྒོ་ནས་ནང་སྒོ་རེ་རེ་ན་སོ་ལྟ་བ་རེ་རེ་ཡོད་ལ་གཅིག་ལས་གཅིག་འཇིགས་པོ་ཡོད། ལྷག་པར་དུ་ནང་སྒོ་ན་ཡོད་པའི་སོ་ལྟ་བ་དེ་ཧ་ཅང་འཇིགས་པོ་ཡོད། ཁོའི་གདོང་ངས་ཀྱང་ཐད་ཀར་ལྟ་མི་ཕོད། ཅེས་བཤད།

གྲོབ་གསེབ་པས་ཁྲིམས་ཀྱི་སྒོ་ནང་དུ་འགྲོ་བར་དེ་འདྲའི་དཀའ་ལས་མང་བོ་ཞིག་ཡོད་པ་ཡིད་ལའང་མ་དྲན་པར་ཁྲིམས་ཀྱི་མདུན་ནས་མི་ཚང་མ་འདྲ་མཉམ་ཡིན་པ་དང་ཁྲིམས་ཀྱི་སྒོ་ནང་དུའང་མི་ཚང་མ་སོང་ཆོག་པར་བསམས། འོན་ཀྱང་།ཁོས་ཀོ་བའི་ལྭ་རིང་གྱོན་པའི་སོ་ལྟ་བ་དེར་ཞིབ་ལྟ་ཞིག་བྱས་ཤིང་། ཁོའི་རིང་ལ་ཕྲ་བའི་སྣ་དང་གནག་ཅིང་སྣུམ་པའི་སྨ་རར་ཅིག་བལྟས་རྗེས་ཁོའི་སེམས་སུ་ཅུང་ཙམ་སྒུག་སྟེ་སོ་ལྟ་བས་སོང་ཆོག་པར་མཆོག་མཆན་ཐོབ་རྗེས་སོང་ན་ལེགས་སྙམ། སོ་ལྟ་བས་ཁོ་ལ་རྐུབ་སྟེགས་ཆུང་ཆུང་ཞིག་བྱིན་ཏེ་ཁོ་རང་སྒོ་ཆེན་གྱི་ཟུར་ཅིག་ཏུ་འདུག་ཏུ་བཅུག ཁོ་རང་དེ་རུ་བསྡད་དེ་ལོ་ནས་ལོ་དང་ཟླ་ནས་ཟླ་བྱས་ཏེ་ཡུན་རིང་བསྡད་ཡུན་ཐེངས་དུ་མར་སོ་ལྟ་བས་ཁོ་རང་སྒོ་ནང་འགྲོ་རུ་འཇུག་པར་རེ་བ་ཞུས་ཀྱང་དོན་སྨིན་དུ་མ་སོང་བར་མ་ཟད་སོ་ལྟ་བ་ཡང་ཁོ་ལ་སུན་སྣང་སྐྱེས། སྐབས་དང་སྐབས་སུ་སོ་ལྟ་བས་ཀྱང་ཁོ་ལ་ཁོའི་ཕ་ཡུལ་གང་ནས་ཡིན་པ་སོགས་ཡར་མར་སྣ་ཚོགས་འདྲི། དྲི་བ་དེ་དག་ནི་མི་ཆེན་ཚོས་བཤད་ཀྱིན་པའི་ན་གཟེར་ལ་མི་ཕན་པའི་དྲི་བ་རྐྱང་རྐྱང་རེད། སྐབས་རེར་སོ་ལྟ་བས་ཁོ་ལ་ཁྱེད་ཉིད་ད་དུང་ནང་དུ་འགྲོ་རུ་འཇུག་མི་ཆོག་ཅེས་བཤད།གྲོང་གསེབ་པ་དེ་ཐོག་མར་ཡུལ་སྐོར་དུ་གནས་འདིར་ཐོན་དུས་རྒྱགས་ཕྱེ་མང་བོ་ཞིག་གྲ་སྒྲིག་བྱས་ཡོད་ཀྱང་ད་ལྟ་ཡོད་ཚད་ཚར་སོང་། ཁོས་སོ་ལྟ་བའི་ངོ་སོ་བསྟོད་ཕྱིར་ཅི་ཞིག་བློས་གཏོང་དགོས་ཀྱང་ཆོག་ཆོག་ཏུ་སྣང་། སོ་ལྟ་བས་ཀྱང་གང་བྱིན་ཚང་མ་ཁྱེར་སོང་བ་མ་ཟད་ད་དུང་ཁོ་ལ་ངས་ཁྱེད་ཀྱིས་ཅི་བྱིན་ཐམས་ཅད་ལེན་དོན་ནི་ཁྱེད་ཀྱིས་རང་གི་རྫོངས་པས་མ་ནུས་མི་བསམས་ཆེད་ཡིན་ཟེར།

ལོ་མང་བོའི་རིང་གྲོང་གསེབ་པས་སོ་ལྟ་བ་དེ་ཁོ་ནར་དུས་གཏན་དུ་ལྟ་ཞིབ་བྱས་པ་རེད་ཅེས་བཤད་ཀྱང་ཆོག་སྟེ་གྲོང་གསེབ་པ་དེས་སོ་ལྟ་བ་གཞན་རྣམས་བརྗེད་འདུག་སྟེ་ཁོར་མཚོན་ཏེ་བཤད་ན་ཐོག་མར་འཕྲད་པའི་སོ་ལྟ་བ་འདི་ནི་ཁྲིམས་ཀྱི་སྒོ་ནང་དུ་འགྲོ་བའི་གེགས་གཅིག་པུ་དེ་རེད། སྐབས་རེར་ཁོས་རང་ཉིད་སོ་ལྟ་བ་འདི་དང་འཕྲད་པ་ནི་ལས་མ་དྲང་ཞེས་སེམས་སྡུག་ཅིང་ལོ་འགོ་མ་དག་ལ་ད་དུང་སྐད་གདངས་མཐོན་པོས་སྡིགས་པར་བྱེད། འོན་ཀྱང་། རྗེས་སུ་ཁོ་ལོ་ན་བགྲེས་པོར་གྱུར་རྗེས་ཤབ་ཤུབ་ཀྱིས་སྐད་ཆ་རེ་ཟུང་བཤད་པ་ལས་ཅི་ཡང་མི་བཤད་ཅིང་བྱིས་པ་ངན་ཤོར་ཞིག་དང་འདྲ་བར་རྣམ་འགྱུར་སྣ་ཚོགས་ཀྱང་སྟོན། ཁོས་ལོ་དུ་མར་ལྟ་ཞིབ་བྱས་པ་བརྒྱུད་སོ་ལྟ་བ་དེའི་ལྭ་རིང་འོག་ཏུ་འབུ་ལྗི་བ་ཞིག་སྐུང་ཡོད་པ་ཤེས་གསལ་བྱུང་ཞིང་འབུ་ལྗི་བ་དེས་ཁོ་ལ་རོགས་ཐུབ་པར་རེ་འཆང་མྱོང་།

མཇུག་མཐར་ཁོའི་མིག་མི་གསལ་བར་གྱུར། འོན་ཀྱང་ཁོས་རང་ཉིད་ཀྱི་མཐའ་ཁོར་མུན་ནག་ཏུ་གྱུར་སོང་བ་ཡིན་ནམ།ཡང་ན་རང་གི་མིག་གིས་རང་ལ་བསླུ་བྲིད་གཏོང་བཞིན་ཡོད་པ་གང་ཡིན་མི་ཤེས།ཡིན་ནའང་། ཁོ་མུན་ནག་ཏུ་ཡོད་པའི་དབང་དུ་བཏང་ཡང་ཁོས་འོད་ཅིག་གསལ་བོར་མཐོང་ཐུབ། ཁྲིམས་ཀྱི་སྒོ་ནང་ནས་འཕྲོས་པའི་གཟིམ་པ་མེད་པའི་འོད་ཅིག་གསལ་ལེར་མཐོང་ཐུབ། སྐབས་འདིར་ཁོ་རང་མི་ཚེའི་ཆེས་མཐའ་མཇུག་གི་དུས་དེར་ཐོན་སོང་། ཆེས་མཇུག་མཐའི་སྐད་ཅིག་མ་འདིར་ཁོས་གློ་བུར་དུ་རང་མཉམ་མྱོང་ཡོད་ཚད་ཡིད་ལ་གསལ་ལེར་ཤར་ཞིང་དེ་སྔོན་སོ་ལྟ་བར་འདྲི་མ་མྱོང་བའི་དྲི་བ་ཞིག་ཏུ་གྱུར། ཁོས་སོ་ལྟ་བར་ལག་བརྡ་གཏོང་ཙམ་བྱས་ཀྱང་ཁོ་གཞི་ནས་ཡར་ལངས་མ་ནུས། སོ་ལྟ་བས་ཀྱང་ཁོའི་རྒྱབ་ནས་སྐྱོར་སྐྱོར་མི་བྱེད་ཀ་མེད་བྱུང་། ཁོང་གཉིས་ཀྱི་མཐོ་དམའི་ཁྱད་པར་དེ་ཁོ་ལ་ཧ་ཅང་མི་ཕན་པར་གྱུར་འདུག

“དུས་འདིར་ཐོན་ན་ཁྱེད་ཀྱིས་ད་དུང་ཅི་ཞིག་ཤེས་འདོད། ཁྱེད་ལ་ངོ་མ་ཆོག་ཤེས་ཟེར་བ་ཞིག་མི་འདུག”སོ་ལྟ་བས་བཤད།

“མི་ཚང་མས་ཁྲིམས་ལ་སྐྱབས་བཅོལ་བཞིན་པ་མིན་ནམ། ལོ་འདི་དག་གི་རིང་ལ་ང་ཁོ་ན་ལས་མི་གཅིག་ཀྱང་ཁྲིམས་ཀྱི་སྒོ་ནང་དུ་མ་ཡོང་བ་ཅི་རེད།”གྲོང་གསེབ་པས་དྲིས།

སོ་ལྟ་བས་བལྟས་ཙམ་གྱིས་ཁོ་ཤི་ལ་ཉེ་བ་ཤེས་ཏེ་ཁོའི་རིམ་བཞིན་མི་གསལ་པར་འགྲོ་བཞིན་པའི་རྣ་ནང་དུ་སྐད་མཐོན་པོས།“སྒོ་ནང་འདི་རུ་མི་གཞན་སུ་ཡང་སོང་མི་ཆོག  རྒྱུ་མཚན་སྒོ་འདི་ནི་ཆེད་དུ་ཁྱེད་ཁོ་ནར་ཕྱེས་པ་ཡིན།ངས་ད་ལྟ་འདི་གཏན་རྒྱག་བྱེད་ངེས་སོ།”ཞེས་ཟེར་རོ།།

 

༢༠༡༥ལོའི་སྤྱི་ཟླ་༡༡པའི་ཚེས་༢༩ཉིན་གཙང་ཨ་ཚེ་རུ་འབོད་པས་བོད་གངས་ཅན་གྱི་ཡི་གེར་ཕབ་པ་དགེ་ལེགས་སུ་གྱུར་ཅིག

༼མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གིས་༡༩༩༤ལོར་དཔར་བའི་ཁ་ཧྥོ་ཁའི་བརྩམས་སྒྲུང་ཕྱོགས་བསྒྲིགས་ལས་བདམས་ཏེ་བསྒྱུར།༽

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1494