བོད་སྐད་བཤད་ནས།

ཧ་ལམ་ང་རང་ཕོ་ལོ་བཅོ་བརྒྱད་ཡས་མས་ཤིག་གི་དགུན་ཁར་ཕུ་བོས་ང་ལ་དཔེ་དེབ་འདི་ལེགས་སྐྱེས་སུ་བསྐུར་འདུག ལོ་དེར་ང་རང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཞུགས་པའི་སློབ་སྐབས་དང་པོ་ཡིན་མོད།བོད་ཡིག་དཔེ་ཀློག་གི་ཆུ་ཚད་ཤིན་ཏུ་ཞན་པས་འབྲོག་སྐད་དག་དག་གི་ལམ་ནས་བྲིས་པའི་དཔེ་ཆ་འདི་ཕ་མ་ཚོར་བཏོན་པ་ཙམ་ལས།རང་གིས་ཆེད་དུ་དགའ་ཞེན་དེ་འདྲ་མེད་རྐྱེན་བལྟ་འདོད་ཆེན་པོ་སྐྱེས་མ་སོང་།དེའི་ཕྱིར།དཔེ་ཆ་འདིའི་ལེ་ཚན་ཁ་ཤས་བཏོན་རྗེས་ཁྱིམ་གྱི་གནས་གང་རུང་ཞིག་ཏུ་བཞག་བཞག

དེའི་རྗེས་ནས་སློབ་གྲོགས་འགའ་རེ་ཡི་ཤུགས་རྐྱེན་འོག་ནས་ངས་དཔེ་ཆ་མང་པོ་ཞིག་ཀློག་འདོན་ཐུབ་ཅིང་ནང་དོན་ཡང་རིམ་བཞིན་ལེགས་པོར་ཤེས་དུས།དགེ་སློབ་ཀུན་གྱིས་ནགས་ཚང་ཞི་ལུའི་སྐྱིད་སྡུག་ཅེས་པའི་དཔེ་དེབ་དེ་དངོས་གནས་ཡག་པོ་འདུག་ཅེས་གླེང་གིན་པ་གོ་བས།གྲོགས་པོ་འགའ་ཤས་དང་ང་རང་གིས་ཡུན་རིང་བཙལ་མོད་ལག་རྙེད་མ་བྱུང་།དེའི་དེར་རང་གིས་འབྲོག་ཁྱིམ་ནས་དཔེ་དེབ་དེ་དགོས་མེད་དུ་གཡུག་སྟེ་མ་བལྟས་པར་འགྱོད་པ་ཤིན་ཏུ་སྐྱེས་སོང་།

འོན་ཀྱང་།དུས་ཚོད་ཡུན་རིང་ཞིག་འགོར་སོང་མོད།ངས་ནམ་རྒྱུན་དཔེ་དེབ་འདི་འཚོལ་གྱིན་མཉམ་བཞག གཅིག་བྱས་ན་ངའི་གྲོགས་པོ་དཀོན་པས་མ་རྙེད་པ་ཡིན་ལ།གཅིག་བྱས་ན་ང་དང་དཔེ་དེབ་འདིའི་བར་ལ་ངོ་གཅིག་འཕྲད་པ་ལས་སྐལ་བ་མི་འདུག་པ་ཡིན་སྲིད།ངས་དཔེ་དེབ་འདི་བཙལ་འཚོལ་བྱེད་དུས།མི་མང་པོས་དཔེ་དེབ་འདི་ཁྲིམས་འགལ་ཡིན་པས་ལྐོག་ཚོང་བྱེད་པ་ལས་ཚད་ལྡན་གྱི་དཔེ་ཁང་ནས་ཉོ་ཐུབ་པ་མ་རེད་ཟེར་གྱིན་འདུག ངས་བོད་ཀྱི་དཔེ་དེབ་ཡག་ཤོས་མང་པོ་ཞིག་ལ་ཁྲིམས་འགལ་གྱི་ཞྭ་མོ་འདི་སྐོན་དགོས་པ་ཡ་མཚར་རེད་འདོད་དེ་དཔེ་ཆ་འདི་ད་རུང་ཡིན་ཡང་བཙལ།

ང་ལ་ནམ་རྒྱུན་འདི་ལྟ་བུའི་སེམས་ཚོར་ཞིག་ཡོང་གིན་འདུག ང་ཚོ་བོད་ཀྱི་དཔེ་ཆ་ཐོན་ས་ནི་དཔེ་ཆ་དེ་ཕུད་སའི་ཁོར་ཡུག་ཆུང་ཆུང་ཞིག་ལས་ཁྱོན་ཡོངས་དར་ཁྱབ་འགྲོ་ཐུབ་ཀྱིན་མི་འདུག དེ་ལས་ལྷག་པར་དུ་ཁམས་ཕྱོགས་སུ་དཔེ་ཆ་འགའ་རེ་ཐོན་དུས་དཔེ་ཆ་དེ་ཕུད་ནས་ལོ་མང་པོའི་རྗེས་ཙམ་ཡིན་སྲིད་ལ།ཡང་དཔེ་ཆ་ལ་ལ་སྟེ།ནགས་ཚང་ཞི་ལུའི་སྐྱིད་སྡུག་ལྟ་བུའི་དཔེ་ཆ་འདི་ཚོ་ནམ་ཡང་ཁམས་ཕྱོགས་ཀྱི་དཔེ་ཁང་ནས་མཐོང་ཐུབ་མེད།

རིམ་བཞིན་ང་རང་ཆེར་སོན་ནས་ཡོང་དུས།མི་ཞིག་གིས་རང་གི་འདོད་པ་ལྟར་བྱ་བ་ཙག་ཙིག་རེ་བསྒྲུབ་དགོས་རུང་དཀའ་ལས་ཆེན་པོ་ཡོད་ཀྱིན་འདུག་པས།བདེན་དོན་གཙོ་བོར་བཟུང་ནས་བོད་ཀྱི་ལོ་རྒྱུས་སྟེང་བྱུང་མྱོང་བའི་དོན་དངོས་དག་ད་ལྟའི་སྤྱི་ཚོགས་འདིར་ལྷུག་པོར་བརྗོད་ཐུབ་མཁན་ནི་ཤིན་ཏུ་དཀོན་པས།དཔེ་ཆ་འདིར་དེ་ལས་བལྟ་འདོད་ཆེ་ནས་ཡར་མར་བཙལ་བཙལ་རྗེས།གཞི་ནས་ཉི་མ་འགའི་སྔོན་དུ་ངའི་ལག་ལ་དཔེ་ཆ་འདི་ལག་སོན་བྱུང་བས་དགའ་སྤྲོ་ཤིན་ཏུ་སྐྱེས།

ད་ནི་དོན་དངོས་སམ་ངས་རྩོམ་ཐུང་འབྲི་དགོས་པའི་རྩ་གནད་ལ་ཐུག་པས་རང་གིས་དཔེ་ཆ་འདིར་བལྟས་ཏེ་ཐོབ་པའི་སེམས་བསྐྱེད་འགའ་འདི་རུ་འབྲི་རྒྱུུ་ཡིན།རེད་དེ།འདི་ནི་དཔྱད་བརྗོད་མིན་ལ་འགྲེལ་བ་ཡང་མིན།འདི་ནི་ང་རང་གིས་དཔེ་ཆ་འདི་གལ་ཆེན་པོ་ཞིག་ལ་བཞག་པའི་རྒྱུ་མཚན་ཉུང་ཙམ་འགོད་རྒྱུ་ཡིན།

ཐོག་མར་དཔེ་ཆ་འདི་ཁྲིམས་འགལ་གྱི་དཔེ་ཆ་ཞིག་རེད་མི་འདུག ཉི་མ་འགའི་སྔོན་དུ་ན་གཞོན་གསར་བ་ཚང་གིས་ནགས་ཚང་ནུས་བློ་ལ་བཅར་འདྲི་བྱེད་དུས།རྩོམ་པ་པོ་ཁོང་གིས་འདི་ནི་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་ཞིང་དཔེ་རྟགས་ཡོད་པའི་དཔེ་ཆ་ཚད་ལྡན་ཞིག་ཡིན་པས་ཀུན་གྱིས་བལྟས་ན་ཉོས་ན་སྐྱོན་ཡོད་པ་མ་རེད་གསུང་གིན་འདུག དེས་ན།ང་ཚོ་མི་འགའ་རེ་ཡིས་རི་བོང་ཅལ་འདྲོགས་བྱས་ཏེ་དཔེ་ཆ་འདི་ཁྲིམས་དང་འགལ་འདུག་བརྗོད་པའི་དམིགས་ཡུལ་བཤད་ཐུབ་མེད་རུང་།མི་ཀུན་མི་ཡི་བཤད་སྒྲོས་ཙམ་ལ་འབྱར་ནས་དཔེ་ཆ་འདི་ལྟ་བུའི་དོན་ལྡན་ཁར་ཁེར་ལ་བསྙོན་འཛུགས་ཀྱིན་བསྡད་ན་ཐ་ཤལ་རེད་ཅེས་བརྗོད་རྒྱུ་ཡིན།

དང་པོ་བཤད་ན། དཔེ་ཆ་འདི་ནི་རྙེད་པར་དཀའ་བའི་ལོ་རྒྱུས་ཤིག་རེད།སྤྱི་ཚོགས་རྙིང་བའམ་རིག་གནས་གསར་བརྗེ་ཆེན་མོའི་དུས་སྐབས་ཀྱི་ལོ་རྒྱུས་ཉུང་ཤས་རྒན་པ་ཚོའི་ངག་ནས་ཐོས་མྱོང་བ་ཕུད་རྗེས།པན་ཆེན་ཚང་གི་ཡིག་འབྲི་ཁྲི་བདུན་མ་དང་ཕྱི་སྡོད་བོད་མི་ཁར་ཁེར་གྱིས་བྲིས་པའི་དཔེ་དེབ་འགའ་རེ་ལས།བོད་ནང་མཚོན་སོང་ན་ཧ་ཅང་ཞིབ་ཆ་ཅན་དང་དོན་དངོས་ཡིན་པའི་དེའི་སྐབས་ཀྱི་ལོ་རྒྱུས་ཆེར་མཐོང་རྒྱུ་མི་འདུག དཔེ་ཆ་འདི་ནི་ནགས་ཚང་ཚང་གི་སྐྱིད་སྡུག་གི་འཕེལ་འགྲིབ་དང་བསྟུན་ནས་བོད་མི་རིགས་ཀྱི་དར་རྒུད་མངོན་གྱིན་ཡོད་ཅིང་།ནུས་ཁོ་དང་འཇའ་པེ་གཉིས་ཀྱི་དཀའ་སྡུག་དང་མུ་གེ་མྱོང་བ་ལ་བསྟུན་ནས་དུས་སྐབས་དེའི་ནང་ཡབ་མེས་ཚོས་དཀའ་ལས་ཇི་ལྟར་མྱངས་བ་མཐོང་ཐུབ།

དཔེ་ཆ་འདིའི་རིན་ཐང་ནི་རྩོམ་པ་པོ་ཁོང་གིས་གསུང་བ་ལྟར།ཁོང་གིས་བོད་ཀྱི་ལེགས་ས་བྲིས་ཡོད་ལ་སྡུག་སའང་བྲིས་ཡོད་ཅིང་།རྒྱ་ཡི་སྡུག་ས་བྲིས་ཡོད་ལ་ཡག་སའང་བྲིས་ཡོད།ལོ་རྒྱུས་ནི་ལོ་རྒྱུས་ཡིན་ཏེ།དེ་ལ་རང་སྒེར་གྱི་ཐོབ་ཤོར་དང་བསྟུན་ནས་བསྒྱུར་བཅོས་བྱེད་མི་རུང་བ་གསུང་བ་རེད།འདི་ལྟ་བུའི་སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ནས་ཡོང་བའི་གནོན་ཤུགས་ལ་མ་འཛེམ་པར་སུས་ཀྱང་རག་མི་ཕོད་ས་དང་གླེང་མི་སྤོབས་ས་ནས་དྲང་བདེན་གྱིས་བཤད་ཡོད་པས།འདི་ནི་མི་རིགས་ལོ་རྒྱུས་ཀྱི་རྡོ་རིང་ཞིག་རེད།

དུས་ལོག་ལ་གྱོད་ཡ་བཙལ་ས་མེད་ཅེས་གླེང་མོད།ཀྲུང་གོའི་སྲིད་བློན་ཀྲོའུ་ཙོང་ལི་ཡིས་ལོ་རྒྱུས་ལ་ཞེ་འཁོན་འཛིན་མི་རུང་མོད།དེ་བརྗེད་ཀྱང་མི་རུང་ཞེས་གསུང་བ་ལྟར།ང་ཚོས་རང་གི་ཡབ་མེས་ཚོའི་སྐྱིད་སྡུག་གི་འཚོ་བ་ཤེས་རྒྱུ་དངོས་གནས་གལ་འགང་ཆེན་པོ་རེད།ད་ལྟའི་སྤྱི་ཚོགས་ནི་སྤྱིའི་ཆ་ནས་ཞི་འཇགས་ཡིན་ཞིང་བག་ཕེབས་ལྡན་ལ།ལོངས་སྤྱོད་འཛོམས་པས་མི་མང་པོའི་སེམས་སུ་ཡབ་མེས་ཀྱི་ལོ་རྒྱུས་ཤེས་འདོད་མེད་ཅིང་དེ་གླེང་ན་ཞེན་ལོག་སྐྱེས།མི་མང་པོས་འདས་དོན་གླེང་བས་དགོས་པ་མེད་ཅེས་ལབ་ནས་ཅི་ནུས་ཀྱིས་གླེང་གཞི་འདི་དང་ཁ་འབྲལ།

ངས་ནི་དཔེ་དེབ་འདི་ལ་བལྟས་ཀྱིན་བལྟས་ཀྱིན་ཤིན་ཏུ་ངུ་འདོད་ཅིག་སྐྱེས་བྱུང་།ང་ཚོའི་ཡབ་མེས་ཚོ་ནི་ནུས་པ་ཅན་དང་བློ་རིག་ཅན།བདེན་པ།ཕྱུག་པོ།སྔོན་ཐོན།མཐིན་སྒྲིལ་ཅན་སོགས་ཡིན་པ་རེད་བརྗོད་སྤོབས་མེད།རེད་དེ།ང་ཚོའི་ཡབ་མེས་ཚོས་དུས་སྐབས་དེར་མི་སེམས་ལ་ཤོང་ཐུབ་མེད་པའི་དཀའ་སྡུག་མྱོང་འདུག མི་ལུས་ཀྱིས་འདེགས་ཐུབ་མེད་པའི་གཅར་རྡུང་རག་འདུག དེ་ལས་འཁྲུག་གསོད་ལ་ཞུགས་ཏེ་ཤི་བ་ཡོད་ལ།རྒྱ་དམག་གིས་སྙིང་རྗེ་མེད་པར་བགྲོངས་བ་ཡང་ཡོད།ད་རུང་བུ་མོ་ཚོར་བཙན་གཡེམ་དང་གྲྭ་བླ་ལ་རྡོག་བརྫི་སོགས་བྱས།ལོ་ལོན་དང་བྱིས་པ་ཚོར་ཟས་མ་བསྐྱལ་ནས་མུ་གེས་ཤི་བ་སོགས་ཅི་བདོ་བདོ་ཡོད་པས།ཡིག་ཕྲེང་འདི་ཚོ་ལ་མིག་གིས་བལྟས་ཤིང་ངག་གིས་ཀློག་ནས་མར་མར་སོང་ན།ངའི་མིག་ལམ་དུ་དུས་སྐབས་དེའི་བོད་ཆོལ་གསུམ་མེད་པར་ཕྱོགས་ཡོངས་བཅིངས་གྲོལ་དམག་གིས་བཟུང་ནས་དུས་ལོག་ཡ་ང་བ་ཞིག་ཤར་གྱིན་འདུག

ང་ཚོས་ལྷོད་པོར་བསམ་བློ་བཏང་ན།འདི་དག་ལ་རྒྱུ་རྐྱེན་མང་པོ་ཡོད་དེ།བོད་ཀྱི་སྲིད་གཞུང་གི་ནུས་ཤུགས་ཐབས་རྡུགས་ཤིང་བོད་སྤྱི་ལ་ཆིག་སྒྲིལ་གྱི་བསམ་བློ་མེད་ཅིང་།དུས་ཡུན་ཤིན་ཏུ་རིང་བོ་ཞིག་ལ་འཐོར་ཞུགས་ཀྱི་རྐྱེན་གྱིས་གཞན་གྱིས་དཀའ་ལས་ཆེ་ཙམ་ཡང་རྒྱག་མ་དགོས་པར་ལེགས་འགྲུབ་བྱུང་སྟེ།སྤྱང་ཚོགས་ཀྱིས་ལུག་གསོད་གསོད་བྱས་ཏེ་བོད་ཀྱི་སྡེ་གྲོང་ལ་འཐོར་ལུང་འཐོར་དུ་གྱུར་།

དུས་སྐབས་དེའི་ནང་དུ་བྱུང་བའི་ཞིབ་ཕྲའི་གནས་ཚུལ་ལ་བོད་མི་ཞིག་ཡིན་ཚེ་ཀུན་གྱིས་རྒྱུས་བླང་ན་འགྲིག རྩོམ་པ་པོ་ཁོང་གིས་ངས་འདི་དག་འབྲི་བ་ནི་རྗེས་རབས་པར་ཤ་འཁོན་ཡོད་པས་ཤ་ལན་ལེན་དགོས་པའི་སྐུལ་བའམ་སྐད་ཆ་བཤད་པ་མིན།ང་ཚོས་རང་གི་ཡབ་མེས་ཚོས་མྱོང་བའི་ལོ་རྒྱུས་ཤེས་དགོས་ཞེས་གསུང་བ་ལྟར།ངས་ཀྱང་འདི་ནས་ང་ཚོའི་མགོ་ལ་འདི་ལྟ་བུའི་ཆག་སྒོ་བྱུང་འདུག ཕ་བཟང་བུ་ཚོ་ཤ་འཁོན་ལེན་དུ་འགྲོ་ཞེས་བཤད་ཀྱིན་མེད།དོན་དག་འདི་ལས་གོ་ཐུབ་པའི་གནས་ལུགས་ཤིག་ནི།འཇིག་རྟེན་འདིར་འཚོ་གནས་བྱེད་དགོས་ན།རང་ས་ནས་ལེ་ལོ་དང་སྒྱུད་ལུག་གི་དབང་དུ་གྱུར་ནས་ཡར་ཐོན་གྱི་བྱ་བ་མ་བསྒྲུབ་པའི་ཐོག གནད་ལ་ཐུག་དུས་མི་སེམས་སོ་སོ།རང་ལམ་ཁ་ཁ་བྱས་ཏེ་འཚོ་བ་རོལ་མཁན་གྱི་མི་སྒེར་དང་ཁྱིམ་ཚང་།མི་རིགས།རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་འཇིག་རྒུད་ཀྱི་དཀའ་ལས་ལ་འཕྲད་པ་ནི་དོན་དངོས་སམ་འཚོ་གནས་ཀྱི་ཆོས་ཉིད་ཡིན་པ་རྟོགས་ཐུབ།

ངས་བོད་ཀྱི་མཁས་པ་མང་པོ་ཞིག་གིས་ཉེ་རབས་ཀྱི་ལོ་རྒྱུས་རེ་འབྲི་ཐུབ་ན་ཧ་ལས་ཡག་པོ་རེད་བསམ་མྱོང་།འདས་པའི་ལོ་རྒྱུས་དང་བསྡུར་ན།ཉེ་རབས་ཀྱི་ལོ་རྒྱུས་ནི་ང་ཚོ་དང་ཐག་ཉེ་བས་དེ་ལ་སྒྲོ་འདོགས་དང་ཚུགས་འགྱུར་ཆེན་པོ་བྱུང་མེད།དེའི་ཕྱིར་ན།ཉེ་རབས་ཀྱི་གནས་ཚུལ་ནི་ཅུང་འབྲི་ཅུང་སླ།རེད་དེ།གཙོ་བོའི་གནད་འགག་ནི་ལོ་རྒྱུས་འགའ་ཤས་ཤིག་ཆབ་སྲིད་འཁོར་ཡུག་གང་རུང་ནས་བྲིས་ན།དེ་མ་གཞི་ཁྲིམས་འགལ་ཞིག་མིན་མོད།མི་འགའ་རེ་ཡི་དོགས་ཟོན་དང་ཐེ་ཚོམ།ཡང་ན་སྲིད་དབང་ག་གེ་མོར་ཕོག་ཐུག་འགྲོ་བའི་རྒྱུ་མཚན་གྱིས་ཁྲིམས་འགལ་དུ་གྱུར་འགྲོ ངས་བསམ་ན།བོད་ཀྱི་མཁས་པ་གཙོ་ཆེ་བ་འདི་ལ་སྐྲག་པ་ཡིན་པ་ལས།ཁོ་ཚོར་ཉེ་རབས་ཀྱི་ལོ་རྒྱུས་འབྲི་བའི་ནུས་པ་མེད་པ་ག་ལ་ཡིན།

དེས་ན།དེབ་འདིའི་ནང་གི་ལོ་རྒྱུས་ནི་མི་དམངས་ཀྱི་འཚོ་བ་དང་འདྲེས་ཡོད་ཅིང་།མགོ་མཇུག་བར་གསུམ་དུ་ཆེན་པོའི་སྲིད་དབང་དང་འབྲེལ་བའི་མཐོ་རིམ་དཔོན་པོ་ཚོའམ་ཆབ་སྲིད་ཀྱི་འགྱུར་བ་ཙམ་གཙོ་བོར་བཟུང་བའི་སྲོག་མེད་ཡིག་ཐོག་གི་ལོ་རྒྱུས་ཤིག་མ་རེད།འདི་ནི་དཔེ་ཆ་འདིའི་རིན་ཐང་གཞན་ཞིག་རེད།ང་ཚོས་འདས་པའམ་ད་ལྟ་འབྲི་བཞིན་པའི་ལོ་རྒྱུས་དག་ལ་བལྟས་ན།ཆབ་སྲིད་ཀྱི་དཔོན་ས་ཞིག་ནས་འཁོར་ཞིང་འཐབ་འཛིང་གི་གྲི་མདོང་གི་རྣོ་ངར་ལ་འཐམ་བསྡད་པ་ལས།སྒེར་རམ་མི་རེ་རེའི་འཚོ་བ་ལ་བབ་ནས་དུས་འགྱུར་ཞིག་གི་ཁྲོད་ནས་དམའ་ས་ནས་བལྟས་པའི་དོན་དངོས་ཤིག་བརྗོད་མཁན་དཀོན།དེའི་ཕྱིར་ན།གོམ་གང་མདུན་སྤོས་ཀྱིས་གླེང་ན་འདི་ནི་དུས་སྐབས་དེར་བོད་ཀྱི་འཚོ་བ་དངོས་མངོན་པའི་ལོ་རྒྱུས་གསོན་པོ་ཞིག་རེད།

དེ་ནས་ང་ཚོ་རྣལ་ལ་བབ་ནས་བསམ་གཞིག་ཉུང་ཙམ་བཏང་ན།ལྷ་སའི་བར་སྐོར་གྱི་མི་དམངས་ཀྱིས་སྡེ་གཞུང་གི་དཔོན་པོ་ཚོར་ཚད་ལས་བརྒལ་བའི་གུས་ཞབས་དང་།སྒོ་སྲུང་བ་ཚོས་གདུག་རྩུབ་ལྡན་པར་འཇལ་སྐོར་བ་ཚོར་རྡུང་གཤད་བྱས་ཚུལ།ད་རུང་དགོན་པའི་ནང་དུ་བོའུ་ཁུར་སོང་ཟེར་ནས་དགོན་པའི་དགེ་བསྐོས་ཀྱིས་འདུར་ཁོར་རྒྱུག་པས་གཞུས་པ་སོགས་ལ་ཞིབ་ཏུ་བསམ་བློ་བཏང་ན།སྲིད་གཞུང་འདི་མཐར་འཇིག་པའི་ལམ་ཁ་ལ་སོང་བའི་རྒྱུ་མཚན་ཉུང་ཙམ་རེ་ཤེས་ཐུབ།

གཉིས་པ།དཔེ་དེབ་འདི་ནི་ཡུལ་སྐོར་ཟིན་བྲིས་ཤིག་རེད།ཁོ་ཚོ་ཆུ་ཁ་མ་ནས་ལྷ་སར་འགྲོ་བའི་ལམ་བར་ནས་བྲིས་པའི་ལེ་ཚན་དེ་དག་ང་ཚོས་ཟུར་དུ་དགར་ནས་བསམ་བློ་གཏོང་དགོས་ས་ཞིག་རེད།ཁོ་ཚོ་ལམ་ནང་ནས་འབྲོང་ཁྱུ་དང་རྒོ་ཁྱུ།རྐྱང་ཁྱུ།སྤྱང་ཁྱུ།གཙོད་ཁྱུ།དྲེད་ཁྱུ།གཉན་ཁྱུ་སོགས་ལ་འཕྲད་པ་དང་དེ་དག་གི་གྲངས་ག་བརྗོད་དུས།རྗེས་རབས་པ་ང་ཚོའི་སེམས་སུ་ཤར་ཐུབ་མེད་པ་ཞིག་རེད།དོན་དག་འདི་ལས་ཅི་ཞིག་རྟོགས་ཐུབ་ཀྱིན་འདུག་ཅེ་ན།དུས་སྐབས་དེར་བོད་ཀྱི་ཡུལ་འདིར་རི་སྐྱེས་སྲོག་ཆགས་ཇི་ལྟར་དར་ཡོད་པའི་རྣམ་པ་ཞིག་མངོན་ཐུབ།

སྐད་ཆ་དྲང་མོར་བཤད་ན།རི་སྐྱེས་སྲོགས་ཆགས་ཀྱི་འཕེལ་འགྲིབ་ཀྱིས་ང་ཚོའི་འཇིག་རྒུད་ལ་ཤུགས་རྐྱེན་ཅི་ཞིག་བཟོ་བཞིན་འདུག་ཅེ་ན།ངས་དངོས་གནས་ཁ་གསལ་བོ་དང་གནས་ལུགས་ལྡན་པ་ཞིག་བཤད་ཐུབ་མི་འདུག རེད་དེ།ཡུལ་ཞིག་ན་མི་ཙམ་མ་ཡིན་པར་སྲོག་ཆགས་གཞན་པ་མང་པོ་ཞིག་མཐོང་རྒྱུ་ཡོད་པ་དང་།དེ་དག་གི་བར་ལ་འཆམ་མཐུན་གྱི་བརྩེ་བ་ཞིག་གིས་སྦྲེལ་ནས་གནས་ཆགས་ཡོད་ཚེ།ང་ཚོས་ཁེ་མི་ལེན་ཐབས་མེད་ནི།རྣམ་པ་དེ་ནི་བདེ་སྐྱིད་ཅིག་དང་ཡིད་འོང་།སྤྲོ་སྣང་ལྡན་པའི་འཚོ་བ་ཞིག་ཡིན་སྣང་སྐྱེས་སོང་།

དེ་ལས་ལྡོག་སྟེ།དེ་རིག་ན་གསོད་ཐབས་དང་གན་རིག་ན་བཤའ་ཐབས་སྤྱོད་དེ་གདུག་རྩུབ་ཆེ་བའི་འཁོར་ཡུག་ཅིག་བསྐྲུན་ན།མི་རྣམས་སྔར་བཞིན་ཆོས་ཉིད་ཅིག་ལ་འཐམ་ནས་འཚོ་བ་རོལ་སྲིད་མོད།མི་ལས་སྲོག་ཆགས་གཅིག་ཀྱང་གོ་ལ་འདིར་འཚོ་ཐབས་མེད་པ་ཞིག་བྱེད་པ་དང་།ཐ་ན་མི་དང་མིའི་བར་དུ་ཡང་གཡོ་སྒྱུ་དང་མགོ་གཡོག་མགོ་སྐོར་གྱིས་གང་བསྡད་ན།གོ་ལ་འདི་ནི་དམྱལ་ཟངས་ཤིག་དང་འདྲ་ལ།འཚོ་བ་འདི་ནི་དམྱལ་ཟངས་སུ་བཙོས་པ་དང་འདྲ་སྲིད།

དེའི་ཕྱིར།ནུས་བློ་ཡིས་ཁོ་ཚོ་འབྲོང་ཁྱུ་དང་ཐུག་རབས།རྐྱང་ཁྱུ་དང་འཕྲད་རབས།སྤྱང་ཁྱུ་དང་གདོང་ཐུག་བརྒྱབ་རབས་སོགས་གླེང་འོང་དུས།ང་ཚོ་བོད་ཀྱི་ཡུལ་འདིར་གཞན་དང་མི་འདྲ་བའི་འཆམ་མཐུན་གྱི་ཁོར་ཡུག་གམ།གཞན་ཡུལ་དང་མི་འདྲ་བའི་རི་སྐྱེས་སྲོག་ཆགས་མང་པོ་ཡོད་པར་སེམས་སྤྲོ་ཞིང་ང་རྒྱལ་སྐྱེས་འོང་།ང་རྒྱལ་འདི་ནི་ངེད་ཚང་ལ་རྒྱུ་ནོར་གང་ཞིག་ཡོད་པ་དང་མི་འདྲ་ལ།སྤྲོ་བ་འདི་ནི་ང་མི་སྒེར་ལ་ཐོབ་པ་ཅུང་ཙམ་བྱུང་བ་དང་གཏན་ནས་འདྲ་འུ་མི་འདུག

ད་ལྟ་ཡིན་རུང་།མི་ལ་ལས་ང་རང་ཚོ་ལྟེ་བར་བཟུང་ནས་སྲོག་ཆགས་དེ་དག་གནས་འཇིག་གི་ཁེ་ཕན་གླེང་སྲིད་མོད།ངས་ནི་ནམ་ཡང་སྲོག་ཆགས་དེ་དག་ནི་ང་ཚོ་སྒེར་ལ་ཡོད་པའི་རྒྱུ་ནོར་ལས་བརྩི་མཐོང་ཆེན་པོར་འཛིན་གྱིན་ཡོད།ཕྱི་ནས་ཡོང་བའི་མི་རིགས་གཞན་པ་ཞིག་ལ་བཤད་དགོས་རུང་།ང་ཚོའི་ས་ན་འབྲོང་ཡོད།རྐྱང་ཡོད།གསའ་སོགས་ཡོད་གླེང་སྟེ།གཞན་ཡུལ་ན་མེད་པའི་སྲོག་ཆགས་འདི་དག་རང་གི་ཡིན་པ་ལྟ་བུའི་ང་རྒྱལ་འཛིན་པ་ཙམ་ཡིན་རུང་།དེ་ནི་དོན་སྙིང་ལྡན་པའི་བྱ་བ་ཞིག་རེད་འདོད་ཀྱིན་ཡོད།

ང་ཚོས་ད་ལྟ་གཟབ་ལྟ་ཞིག་བྱས་ན།ང་ཚོའི་འབྲོང་ཁྱུ་ཅེ་ཉུང་ནས་ཅེ་ཉུང་།རྐྱང་ཁྱུ་ཅེ་དཀོན་ནས་ཅེ་དཀོན།གཙོད་ཁྱུ་སོགས་ཅེ་མེད་ནས་ཅེ་མེད་དུ་འགྲོ་བཞིན་པའི་གནས་ཚུལ་འདི་མཐོང་དུས།རང་དབང་མེད་པར་སེམས་ཕམ་གྱིན་འདུག འདི་དག་ང་ཚོས་བསད་པས་མེད་པར་འགྲོ་བཞིན་ཡོད་དམ་ཁོ་ཚོ་རང་ཤུགས་ཀྱིས་རྒྱུད་ཆད་དེ་དཀོན་གྱིན་ཡོད་པ་གང་ཡིན་མི་ཤེས་རུང་།ད་ལྟ་ཤིལ་ཏུ་ལྷག་པའི་སྲོག་ཆགས་འདི་ཚོ་ཀུན་པོས་སྲུང་སྐྱོབས་ཤིག་ཐུབ་ན་ཧ་ཅང་ཡག་འདུག

སྐབས་འདིར་ཐོན་དུས།ངས་བོད་ཀྱི་དཔའ་བོ་གཉིས་དྲན་བྱུང་།གཅིག་ནི་གཙོད་ཁྱུ་ལ་སྲུང་སྐྱོབས་བྱས་ཤིང་མཐར་རྔོན་པ་དག་གི་ལག་ནས་མེད་བརླག་ཏུ་ཤོར་བའི་ང་ཚོས་བརྗེད་ཀྱིན་པའི་ཁེར་རྐྱང་གི་དཔའ་བོ་བསོད་ནམས་དར་རྒྱས་དང་།གཅིག་ནི་མཚོ་སྔོན་པོའི་ཉ་ཁྱུ་ལ་སྲུང་སྐྱོབས་བྱས་ཤིང་མཐར་མཚོ་ནང་ནས་འདས་གྲོངས་སུ་སོང་བའི་ན་གཞོན་དཔའ་བོ་ཁ་བ་སྙིང་ལྕགས་རེད།གཅིག་བྱས་ན་བོད་ཀྱི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབས་ཀྱི་ཆེད་དུ་ཚེ་སྲོག་གཏན་ཤོར་དུ་སོང་བ་རྩི་ལས་བྲལ་བ་ཡོད་སྲིད།རེད་དེ།ང་ཚོས་ཁར་ཁེར་རེ་མ་གཏོགས་ཤེས་ཀྱིན་ཡོད་པ་མ་རེད།འདི་ནི་ང་ཚོ་རྗེས་རབས་པར་རྩི་བའི་རོང་འབྲོག་མི་དམངས་སམ་བོད་སྤྱི་ཡིས་འཐུས་ཤོར་དུ་སོང་བའི་བྱ་སྤྱོད་ཀྱིས་བསྐྱེད་པ་ཡིན།

དཔའ་བོ་འདི་གཉིས་ཀྱིས་གཅེས་པའི་ཚེ་སྲོག་བཏང་ནས་བོད་ཀྱི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབས་བྱས་པ་རེད།མི་འགའ་རེའམ་མི་མང་ཆེ་བས་འདི་ལྟར་བྱས་ན་དགོས་པ་ཅི་ཡོད་འདོད་སྲིད།ལན་རེར་ང་ཚོས་འདི་ལྟ་བུའི་བསམ་གཞིག་རེ་ཅིས་ཀྱང་གཏོང་དགོས།འོན་ཀྱང་།བསམ་གཞིག་འདི་ནམ་ཡང་ཐེ་ཚོམ་དང་སྙིང་བོ་མེད་པའི་བར་སྟོང་ནས་འཕེལ་འགྱུར་མ་བྱུང་ཚེ།ང་ཚོས་དཔའ་བོ་ཁོང་ཚོའི་དགོངས་དོན་རྟོགས་ཀྱིན་མེད་པ་དང་རང་གི་བསམ་བློའི་ཆུ་ཚད་དམའ་ས་ཞིག་ཏུ་ཡོད་པ་རྟོགས་ཐུབ།

ངས་སྔོན་ནས་བཤད་པ་བཞིན།གོ་ལ་ནི་མི་རྐྱང་བའི་ཁྱིམ་གཞི་མ་ཡིན་ལ་མཐོ་སྒང་ཡང་བོད་མི་ཁེར་བོའི་གཏན་ས་མ་ཡིན་པ་ང་ཚོས་ཤེས་དགོས།ང་ཚོ་མཐོ་སྒང་གི་ཡུལ་གྲུ་འདི་ནས་སྲོག་ཆགས་དག་དང་མཉམ་པོར་འཆམ་མཐུན་གྱིས་གནས་ཐུབ་ན།མི་རབས་རྗེས་མ་ཚོར་འཚོ་བར་བཅིང་བའི་བསམ་བློ་གསར་བ་ཞིག་གཏད་ཐུབ་ཅིང་ཚེ་སྲོག་མཉམ་གནས་ཀྱི་སེམས་ཁམས་དོ་སྙོམས་པོ་ཞིག་རིམ་བཞིན་ཆགས་ཐུབ།

དེས་ན།ངས་རང་ཉིད་མཆོག་གྱུར་ཞིག་ཡིན་པ་བརྗོད་ཀྱིན་མེད་ཅིང་ང་ཚོ་མཆོག་གྱུར་གྱི་ལམ་བུ་ལ་ཤིན་ཏུ་བར་ཐག་རིང་།ངས་ནི་བོད་མི་ཞིག་ཡིན་ན་གཞན་དང་མི་མཚུངས་བའི་ཁྱད་ཆོས་ཤིག་ཡོད་དགོས་ལ།ཁྱད་ཆོས་འདི་ནི་ཡབ་མེས་ཚོས་ང་ཚོར་སྤྲད་པའི་བྱམས་སྙིང་རྗེ་འདི་དང་འབྲོང་དང་འདྲ་བའི་གཤིས་ཀ་འདི་ཡིན།དེང་སང་ཁོར་ཡུག་གི་དབང་གིས་ལོ་ཆེ་ཆུང་མེད་པར་བོད་མི་ཚོའི་གོས་ཆས་ཙམ་མ་ཡིན་པར་མི་གཤིས་དེ་རྩ་བ་ནས་འགྱུར་གྱིན་ཡོད།འདི་ནི་རྒྱ་མི་རིགས་ཀྱི་ཤན་ཤུགས་ཐེབས་པས་ཡིན་སྲིད།རྒྱ་མི་རིགས་ཀྱི་གཤིས་ཀ་ལེགས་མི་ལེགས་བརྗོད་སྤོབས་མེད།རེད་དེ།ང་ཚོ་བོད་མི་ཞིག་ཡིན་ན།རང་ལ་རང་གི་རིགས་ཁྱུ་དང་མཐུན་པའམ་གཞན་དང་དགར་བའི་གཤིས་ཀ་ཞིག་ཡོད་ན།ང་ཚོ་བོད་མི་ཚོར་སྒེར་གཤིས་བརྟན་པོ་ཞིག་ཡོད་ཅིང་ཚོགས་ཁྱུ་འདི་ཡུན་རིང་ལ་གནས་པའི་རྨང་གཞི་ཡོད་པ་ཡིན།

དེའི་ཕྱིར།ན་གཞོན་ཚོས་རང་གི་ཕ་མའི་གཤིས་གྱོང་བོ་རེད་མ་འདོད་ལ།སློབ་མ་ཚོས་རང་གི་ཡབ་མེས་ཀྱིས་མི་རྒྱུད་རྗེས་མའི་ངོ་ཚ་ཐང་དུ་གཡུག་འདུག་མ་འདོད།ང་ཚོས་ནམ་ཡང་རྟོགས་དགོས་པ་ནི།རང་གི་ཕ་མ་སྤྲང་པོ་ཞིག་ཡིན་རུང་དེ་ནི་ཁྱོད་རང་འོང་ས་ཡིན་ལ།གཞན་གྱི་ཁྱིམ་རྒྱུད་ཕྱུག་བདག་ཅིག་ཡིན་རུང་དེ་ནི་ཁྱོད་ལ་འབྲེལ་བ་སྤུ་ཙམ་མེད།དོན་དངོས་འདི་མ་ཤེས་ན།ང་ཚོས་ནམ་ཡང་གཞན་གྱི་སྟོབས་འབྱོར་ལ་ཧད་དེ་རང་དང་ཆེས་ཉེ་བའི་མི་དག་ལ་རྨས་སྐྱོན་གཏོང་གིན་པ་རྟོགས་ཐུབ་བྲལ།

གསུམ་པ།འདི་ནི་ལག་ལེན་གྱིས་གྲུབ་པའི་སློབ་གསོའི་དཔེ་དེབ་ཅིག་རེད།དུས་རབས་འདིའི་འཚོ་བར་མིག་སྔར་བལྟས་ཏེ་དཔྱད་ཞིབ་བྱས་ན།མི་རྣམས་བག་ཕེབས་དང་རྒྱས་སྤྲོས་ཀྱི་འཚོ་བར་རོལ་ནས་ཤིན་ཏུ་བདེ་སྐྱིད་ལྡན།འོན་ཀྱང་།གནད་འགག་ཀྱང་འདི་ལྟར་ལོངས་སྤྱོད་མང་བོའི་ཁྲོད་ནས་ཕྱི་ལ་མཆོངས་འོང་།མི་མང་བོ་ཁ་གདངས་ན་ཟས་འབྱུང་བ་དང་ལག་བསྲིངས་ན་གོས་ཡོང་བའི་འཚ་བ་ཞིག་གིས་ལངས་ཤོར་དུ་བཏང་ཡོད།

གལ་ཏེ།ནམ་ཞིག་དཀའ་ངལ་ཆེན་པོ་རེ་བྱུང་ན།ང་ཚོ་གཙོ་ཆེ་བར་འཚོ་གནས་ཀྱི་ནུས་པ་མེད།ང་ཚོ་སྐྱིད་ཆེ་ནས་བརྩེ་དུང་གི་རྨས་སྐྱོན་ཙམ་ཕོག་རུང་དེ་ཉིད་བཟོད་ཐབས་མེད་པར་རང་སྲོག་བློས་གཏོང་མཁན་ཡོད།ང་ཚོ་སྐྱིད་ཆེ་ནས་རྐང་ཐང་དུ་སྨི་བརྒྱ་ཙམ་ལ་འགྲོ་བའང་སྡུག་བསྔལ་དུ་བརྩིས་ཏེ་དུས་རྒྱུན་དགོས་མེད་ཀྱི་སེམས་སྡུག་བསོགས་མཁན་ཡོད།ང་ཚོ་སྐྱིད་ཆེ་ནས་ལྷམ་གོས་ལ་ཐེད་ཧྲལ་ཙམ་ཡང་བྱུང་མེད་རུང་དེ་ཉིད་ཐང་དུ་དོར་ནས་མྱུར་གྱིས་གཞན་ཞིག་ཉོ་བའི་ཕྱོགས་ལ་འཆར་གཞི་འཐེན་མཁན་ཡང་ཡོད།

འདི་ལྟར་བཤད་ན།མི་མང་པོས་ངས་རང་རྒྱུ་སྤྱོད་ན་ཁྱོད་ལ་འབྲེལ་བ་ཅི་ཡོད་འདོད་སྲིད།དེ་བདེན་ཡང་བདེན་ཏེ།ངས་ཀྱང་ཁྱོད་ཀྱི་རྒྱུ་འབྱོར་ལ་ཁ་ཆུ་ཅིའང་འཕོ་འདོད་མེད།དེས་ན་ཅིའི་ཕྱིར་འདི་ལྟར་གླེང་བ་ཡིན་ཞེ་ན།ང་ཚོས་རང་དང་སྤུན་ཟླའི་འཚོ་བ་ལ་རོགས་གདན་གྱི་བསམ་བློ་ཕྲན་བུ་ལས་མེད་རུང་བཤད་ན་འགྲིག

ཆུང་དུས་ནས་རང་ཁ་རང་གསོ་ཐུབ་མཁན་དང་རང་མགོ་རང་གིས་ཐོན་མཁན་ཤིན་ཏུ་དཀོན།དེ་ལས་ད་ལྟའི་དུས་ལ་མཚོན་ན།ཕ་མ་ཚོས་བློ་ཐབས་སྣ་ཚོགས་སྤྱད་དེ་རང་གི་བུ་ཕྲུག་ལ་དཀའ་ལས་མྱོང་དུ་མི་འཇུག ཡིན་ནའང་།མི་ཚེ་ནི་ནམ་ཡང་ཕ་མའི་སྲུང་སྐྱོབས་འོག་ནས་རྫོགས་ཐུབ་མེད།ཕ་མས་ཁྱོད་རང་ནར་སོན་དུ་བཞག་ནས་ཅུང་ཙམ་འགོར་ན།ཁྱོད་ཀྱི་ནར་སོན་དང་བསྟུན་ནས་ཕ་མ་རྒས་ཤིང་ཤི་འགྲོ འདི་ནི་བར་ཐག་རིང་བོ་ཞིག་བརྗོད་པ་ཡིན་ཞིང་འཚོ་བའི་གོམས་སྲོལ་ལྟར་བཤད་པ་ཡིན།

འོན་ཀྱང་།དེ་ལས་ལྡོག་སྟེ།གལ་ཏེ་ཕ་མ་སྔ་མོ་ནས་འདས།གཉེན་ཉེ་ཡིས་ཁ་ཡ་མི་བྱེད།གཞན་གྱིས་རོགས་གདན་མི་གནང་བའི་དུས་འདྲ་བྱུང་ན་ཁྱོད་ཀྱིས་ཇི་ལྟར་གདོང་གཏུག ཡང་གལ་ཏེ་བྱ་བ་ལ་བར་ཆད་འབྱུང་ཞིང་དཔར་འབྱོར་ལ་ཕམ་ཁ་ཐོབ།བརྩེ་དུང་གིས་རྒྱང་བཀྱེད་གནང་བའི་དུས་སྐབས་ལ་ཁྱོད་ཀྱིས་ཇི་ལྟར་གདོང་གཏུག ཡང་གལ་ཏེ་གློ་བུར་དུ་དུས་འགྱུར་བྱུང་ནས་ཁ་ལ་ཟ་རྒྱུ་མེད་རྒྱབ་ལ་གོན་པ་དཀོན་པའི་དུས་ངན་བྱུང་ན་ཁྱོད་ཀྱིས་གདོང་ཇི་ལྟར་གཏད་ནུས།འདི་ལྟར་དཔེ་འགའ་དྲངས་ན།གོ་བ་མེད་མཁན་ཞིག་ལ་བརྡ་སྐར་གང་ཡང་འཕྲོད་ཐུབ་མེད་མོད།དེ་མིན་མི་འགའ་རེ་ལ་སེམས་ཚོར་ག་འདྲ་འདུག

ནུས་བློ་དང་འཇའ་པེ་ཡི་ཨ་མ་ཆུང་དུས་ནས་ཤི་ཞིང་གཡོག་མོ་ངན་པའི་བྱ་སྤྱོད་ཅི་རིགས་ཀྱིས་ཁོ་ཚོའི་རང་ཁ་རང་གསོ་ལ་སྦྱོང་བརྡར་སྤྲད།དེ་ནས་དགོན་པའི་ནང་དུ་སོང་ནས་ཕ་རྒན་མེད་དུས་ཆུ་ལེན་ཇ་བསྐོལ་འབུད་ཤིང་འཐུ་བ་སོགས་ཀྱིས་ཁོ་གཉིས་ལ་དེ་ལས་སྦྱོང་བརྡར་ཐོབ།ཁོ་ཚོ་དགོན་པའི་ནང་དུ་ཡོད་དུས།འཇའ་པེ་ལོ་བཅུ་ཙམ་ཡིན་ཞིང་ནུས་བློ་ལོ་བཞི་ལྔ་ཞིག་རེད།དུས་སྐབས་དེར་འཇའ་པེ་ཆོས་ཚོགས་སུ་སོང་ནས་ཁྱིམ་དུ་མ་ལོག་སྔོན།ནུས་བློས་ཇ་བསྐོལ་ཞིང་འབུད་ཤིང་འཐུ།ཕྱེ་བརྫིས་ཏེ་ཕོ་ལོག་བཅའ་བ་སོགས་དང་།ཐེངས་ཤིག་དགེ་བསྐོས་ཀྱིས་ཁོ་ཚོའི་ཨ་ཕར་རྒྱུག་པས་གཞུས་ཤིང་ནུས་བློའི་མགོ་ལ་རྒྱག་དུས།ལོ་ཤིན་ཏུ་ཆུང་བའི་འཇའ་པེ་ཡིས་མི་ཆེན་དེ་འདྲ་ཞིག་ལ་རྒོལ་བ་སྤྲད་པ་སོགས་ཀྱིས་ཁོ་བུ་སྤུན་གཉིས་ཀྱི་མི་གཤིས་བརྟན་པོ་དེ་དཀའ་ལས་དེ་དག་ལས་རིམ་བཞིན་གཞི་ཆགས་ཀྱིན་ཡོད་པ་རྟོགས་ཐུབ།

དེ་ལས་ཅིས་ཀྱང་བརྗོད་དགོས་པའི་གནད་དོན་ཞིག་ནི།མུ་གེའི་དུས་སྐབས་ཀྱི་ཁོང་བུ་སྤུན་གཉིས་ཀྱིས་འཚོ་གནས་ལ་བརྩོན་པའི་ཐབས་ནུས་དེ་རེད།ཁོར་ཡུག་ཆུང་ཆུང་བདེ་སྐྱིད་ཁང་ལྟ་བུར་མཚོན་ནས་བཤད་ན།དང་པོ་ཕྱུག་པོ་དང་བླ་དཔོན་སོགས་ཀྱི་ཁྱིམ་ལས་བླང་བའི་མར་འཕྱུར་དང་ཤ་སོགས་དྭ་ཕྲུག་དང་ལོ་ལོན་རྣམས་ཀྱི་ཟ་སྟངས་ལ་གཞུག་ན།ཁ་དཔེ་ཞིག་དྲངས་ཚེ་ཤིན་ཏུ་འཚམ།ཡོད་དུས་ཕག་གིས་ཟ་ཟ།མེད་དུས་རྟ་སྒོང་སྒོང་ཞེས་པ་ལྟར།ཐོག་དང་པོ་རྩམ་པ་སྣུམ་ཟས་བྱས་ཤིང་ཟ་མ་ཐུབ་ན་གང་སར་གཏོར་འཕེན་བྱེད་དུས།ནུས་བློས་དེ་དག་བརྒུམས་ནས་ཁུག་མར་བཅུག་རྗེས་མཐར་བྲག་ཁུང་ཞིག་ཏུ་བསྐོངས།

ཁོ་རང་གིས་གསུང་བ་ལྟར།ཁོས་འདི་རྟག་བརྟན་ཞིག་ཨེ་ཡིན་ན་སོགས་ཀྱི་བསམ་བློ་བཏང་བ་སོགས་ནི་དེ་སྔོན་དཀའ་ལས་ལ་གཏད་པའི་སེམས་ཁམས་ཞིག་བསྐྱེད་བསྲིབ་བྱས་ཟིན་པས་ཡིན།འདི་ལ་ང་ཚོས་དོགས་ཟོན་བརྗོད་ན་ཤིན་ཏུ་འགྲིག དེ་ནས་དེའི་རྗེས་རྫོང་ནས་ཟ་མ་མ་སྤྲད་པར་ཁོ་ཚོའི་ཡང་ཟ་མ་ཡོད་ཚད་རྗོགས་རྗེས།བྱིས་པ་སྟོང་དྲུག་ལས་གཞན་གྱིས་ཁྲིད་པ་དང་བདག་པོ་བྱས་པ་ཕུད།ལོ་ཕྱེད་ཙམ་འགོར་རྗེས་གསོན་ཡོད་མཁན་ལྔ་བཅུ་ལྷག་ལས་མེད་པའི་ནང་དུ་ཁོང་བུ་སྤུན་གཉིས་དང་ཁོང་གཉིས་ཀྱིས་རོགས་བྱས་པའི་བྱིས་པ་འགའ་དང་རྒན་རྒོན་འགའ་ཡང་འཐུས་པ་རེད།

ཕྱུག་པོའི་བུ་ཕྲུག་ནི་འཆི་སླ་ཞེས་གསུང་པ་ལྟར།དཀའ་ལས་དང་བར་ཆད་ལ་འཕྲད་མ་མྱོང་བའི་ཁོ་ཚོས་ཟས་འཚོལ་མི་ཤེས་ཤིང་ལྟོགས་བསྲན་མེད་པས་མྱུར་གྱིས་ཤི་འགྲོ ཁོ་གཉིས་ཀྱིས་ནོར་འཚོ་བ་ལས་ཐོབ་པའི་སྒོར་མོ་ཡིས་ཚྭ་དང་བུ་རིམ་ཉོས་ཤིང་གང་སར་བརྐུ་བྱས།གྲོ་མ་བརྐོས།ལྡུམ་རྩྭ་ཟོས།ཨ་བྲ་བསད།ཁྱི་ཤ་བཙོས།རྟ་ཤ་བཟས་པ་སོགས་ཀྱིས་མཐར་ཁོ་གཉིས་ཀྱང་མ་ཤི་བའི་ཐོག་ཏུ།བྱིས་པ་བདུན་བརྒྱད་ཅིག་ཡོད་པར་ཤ་ཁུ་ཉུང་ཙམ་རེ་ཉིན་རྒྱུན་བླུད་ཅིང་དགེ་རྒན་མགྲོན་ལ་བོས་པ་སོགས་གཞན་ལའང་ཅི་ནུས་ཀྱིས་རོགས་བྱས།འདི་ནས་ང་ཚོས་གླེང་དགོས་པ་ནི་ཁོ་གཉིས་ཀྱི་འཚོ་གནས་ཀྱི་ཐབས་ནུས་དང་ཁོར་ཡུག་དེ་འདྲའི་ཐབས་རྡུགས་ཡིན་རུང་གཞན་ལ་ཟས་བྱིན་པའི་བླ་མེད་ཀྱི་གཤིས་ཀ་དེ་རེད།

དེང་སང་ལྟོགས་ཤི་ལ་འགྲོ་བ་ཕར་ཞོག བརྒྱགས་ནས་ལྷག་འཕྲོ་རུ་ཡོད་པའི་བུ་རིམ་ཁར་ཁེར་རེ་ཡང་བྱིས་པ་ཚོས་ལག་པར་བསྡམས་ནས་སྟེར་མི་བྲ།ང་ཚོས་ནམ་རྒྱུན་གནའ་མི་ཚོར་སློབ་སྦྱོང་བྱེད་དགོས་ཞེས་པའི་རྩ་གནད་འདི་རུ་ཡོད།ཁོ་ཚོའི་འཚོ་གནས་ཀྱི་ནུས་པ།བླ་མེད་ཀྱི་མི་གཤིས།འགྲན་མེད་ཀྱི་སྙིང་རྗེ་སོགས་ལ་སློབ་སྦྱོང་བྱེད་དགོས་པ་ལས།དེ་མིན་གཙང་སྦྲ་མེད་པ།རྟུལ་རྨོངས་ཆེ་བ།ལེ་ལོ་ལྡན་པ་སོགས་ལ་ནི་སློབ་སྦྱོང་གནང་དགོས་པ་སུས་ཀྱང་བཤད་མེད།འདི་གཉིས་ཀྱི་དབྱེ་བ་མ་ཤེས་ན།མི་གཙོ་ཆེ་བས་མིག་ཡ་ཙམ་གྱིས་མཐོང་བའི་དོན་དག་བདེན་པར་བཟུང་ནས་དུས་རྒྱུན་དངོས་པོ་གཅིག་གི་ཐོག་ཏུ་ཡོད་པའི་ལེགས་དང་ཉེས་པ་གཉིས་ཆ་སྙོམས་ཀྱིས་ངོས་མི་ཟིན།འདི་ནི་ང་ཚོ་གཞོན་པ་འགའ་རེ་ཡི་བསམ་བློ་གཏོང་སྟངས་ཡིན་ལ་དམིགས་ཡུལ་གཞན་འཆིང་བའི་གོ་སྐབས་རིང་ལུགས་པ་འགའ་རེ་ཡི་བྱ་སྤྱོད་ཀྱང་ཡིན།

དེས་ན།ནགས་ཚང་ཞི་ལུའི་སྐྱིད་སྡུག་གི་དཔེ་དེབ་འདི་ནི་ང་ཚོས་གད་སྙིགས་ཀྱི་ཁྲོད་དུ་འཕེན་བྲ་བ་ཞིག་མ་རེད་ལ།ཁྲིམས་འགལ་གྱི་ཉེས་མིང་བཏགས་ནས་མངོན་དུ་ཕུད་མི་ཕོད་མཁན་གྱི་དཔེ་ཆ་ཞིག་ཀྱང་མ་རེད།འདི་ནི་རྡོ་རིང་ལྟ་བུའི་ཚུགས་ཐུབ་ཅན་ཞིག་དང་མེ་ལོང་ལྟ་བུའི་བདེན་པ་ཡི་ལོ་རྒྱུས་ཤིག་རེད་ལ།འདི་ནི་ཡུལ་སྐོར་བ་ཞིག་གི་སྙུག་རྩེ་ནས་བརྡོལ་བའི་བོད་མིའི་སྐྱེས་ཁམས་ཀྱི་ངོ་གདོང་མངོན་མཁན་ཞིག་རེད།འདི་ནི་དཀའ་ངལ་དང་མུ་གེ་ལ་མི་སྐྲག་ཅིང་དེ་ཉིད་ཕམ་པར་གཏོང་བའི་ལག་ལེན་དང་གསོན་ཉམས་ཀྱིས་ལྷད་པའི་བླ་མེད་ཀྱི་སློབ་གསོའི་དཔེ་ཆ་ཞིག་རེད་ལ།འདི་ནི་དུས་རབས་འདིའམ་བོད་མི་འདི་མ་འཇིག་བར་དུ་ཆེ་ཆུང་རྒན་གཞོན་ཀུན་གྱིས་ཆ་ཚང་བལྟ་དགོས་ཤིང་སློབ་མའི་དཔེ་ཀློག་གི་འཆར་གཞིའི་ནང་དུ་བཀོད་བསྒྲིག་ཆོག་པའི་རིན་ཐང་གི་དཔེ་བཟང་ཞིག་རེད་དོ།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1491