༄༅། །བོད་ཀྱི་སྤྱི་ཚོགས་དང་འབྲེལ་བའི་གླེང་བརྗོད་ཉུང་བསྡུས། །
དཔལ་ལྡན་ལེགས་བཤད།
འཛམ་གླིང་གི་ས་མཐོར་ཆགས་པའི་མགོ་ནག་བོད་པའི་འབྱུང་འགྱུར་ནི། གངས་ཅན་ལྗོངས་སུ་འཚོ་བའི་སྐྱེ་བོ་དྲག་ཞན་ཐམས་ཅད་དང་འབྲེལ་བ་དམ་ཟབ་ཡོད་ལ། བོད་མི་སུ་ཞིག་ཡིན་རུང་བོད་ཡུལ་བྱིངས་ཀྱི་འབྱུང་འགྱུར་དང་ཁ་བྲལ་ཐབས་མེད། ཕྲན་གྱིས་སྐབས་འདིར་རང་གི་ཡིད་ངོར་འཆ་ར་བའི་བོད་ཀྱི་སྤྱི་ཚོགས་དང་འབྲེལ་བའི་དོན་གཉིས་གླེང་བར་བྱ་སྟེ། གནའ་བཟང་དེང་སྤྱོད་བྱེད་དགོས་པའི་དོན་དང༌། ངོས་འཛིན་ཡོ་བསྲང་བྱེད་དགོས་པའི་དོན་ནོ། །
ཀ གནའ་བཟང་དེང་སྤྱོད་བྱེད་དགོས་པའི་དོན།
དེང་སང་གི་མི་རྣམས་ཀྱིས་ལོ་རྒྱུས་ལ་ཕྱི་མིག་ལྟ་སྐབས་དཔལ་ཡོན་དང་ལྡན་པའི་མི་རིགས་དང་སྔར་འདས་ཟིན་པའི་སྤྱི་ཚོགས་ཐམས་ཅད་དུ་འོད་སྟོང་ལྡན་པའི་ལོ་རྒྱུས་རེ་བྱུང་མྱོང་བ་ཡིན་ལ། སོ་སོར་རིན་ཐང་ཆེ་བའི་སྲོལ་རྒྱུན་རེའང་ཡོད་པས་ལོ་རྒྱུས་ཀྱི་དངོས་པོ་ཡིན་ན་སྙིགས་རོ་དང༌། སྲོལ་རྒྱུན་ཡིན་ན་དགོས་མེད་ཡིན་པས་མ་ཁྱབ་བོ། ། དེ་བས་ན་བོད་མིའི་སྤྱི་ཚོགས་ཀྱང་གནས་ཚུལ་དེ་ལས་མ་འདས་པས་སྲོལ་རྒྱུན་བཟང་པོ་དེང་སང་གི་དུས་སུ་སྤྱོད་སྒོ་ལྡན་པ་ཤིན་ཏུ་མང་པོ་ཡོད། དེ་ཡང་དཔེར་མཚོན་རིགས་བསྡུས་ཀྱི་ཚུལ་དུ་བརྗོད་ན། ཡིག་ཐོག་ཏུ་བཀོད་ཡོད་པའི་བཅུ་ཕྲག་རིག་གནས་དང༌། ངག་ཐོག་ནས་བརྒྱུད་ཅིང་གནས་པའི་དམངས་ཁྲོད་རིག་གནས་སོགས་ཀྱི་རྣམ་གྲངས་མང་སྟེ། རྒྱབ་ལ་གོན་པའི་གོས་ལུགས། ལྟོ་རུ་གཏོང་བའི་ཟས་ལུགས། གྲོགས་དང་མཐུན་པའི་གཏམ་ལུགས། སེམས་དང་མཐུན་པའི་ཆོས་ལུགས། རྒན་གྲས་བཀུར་བའི་གུས་ལུགས། ན་གཞོན་སྐྱོང་བའི་བྱམས་ལུགས། སྒོ་ཟོག་གསོ་བའི་ཕྱུགས་ལས། སོ་ནམ་བྱ་བའི་ཞིང་ལས། ཡོན་ཏན་ཅན་གྱི་འཇོན་ལུགས། དམན་རིགས་བྲན་གྱི་གཡོག་ལས། ཆེ་རིགས་དཔོན་གྱི་སྲིད་ཐབས། ལས་འབྲེལ་བཟའ་མིའི་ཁྱིམ་ཐབ། དཔོན་སློབ་བར་གྱི་དམ་ཚིག ཁྱིམ་མཚེས་བསྟེན་པའི་མཐུན་ལམ། འབྱུང་ཁམས་སྙོམས་པའི་བསམ་སྤྱོད། མཆོད་སྦྱིན་དགེ་བའི་སྦྱོར་བ། དྲག་པོ་གཉའ་ནས་གནོན་ཚུལ། ཉམ་ཆུང་སྙིང་རྗེས་འདྲེན་ལུགས་སོགས་ཉི་མ་བརྒྱ་ལ་བཤད་མི་ཚར་བ་དང༌། མཚན་མོ་སྟོང་ལ་རྨི་མི་ཚར་བ་ཡོད་དོ། །དེ་དག་ཀྱང་ཟས་གོས་ལུས་ལ་འཚམ་པ་དང༌། དྲག་ཞན་མཐུན་པར་འགྲོགས་པ། སྤྱོད་ལམ་ཁོར་ཡུག་ལ་འཕྲོད་པ། འདི་ཕྱི་གཉིས་དང་མཐུན་པའི་རིག་གནས་སྐུད་པ་ལྟ་བུ་དེས་སྤྱི་ཚོགས་ཕྲེང་བ་ལྟ་བུ་འདི་གཅིག་ཏུ་སྦྲེལ་ཞིང༌། ཡུན་དུ་གནས་ཐུབ་པར་བྱུང་བས་ན། རྒན་གཞོན་བར་མ་ཀུན་གྱིས་གནའ་བཟང་བདུད་རྩིའི་བུམ་པ་མ་ཆག་མ་ཟགས་པར་བསྟེན་པ་གལ་ཆེའོ། །
བདུད་རྩིའི་བུམ་པ་ཞེས་པ་ཡང་སྲོག་གི་དབང་པོ་འཚོ་ཞིང་ལུས་ཀྱི་ཕུང་པོ་གནས་པའི་རྩི་བཟང་པོ་བླུགས་པའི་བུམ་པ་ཞིག་ལ་ཟེར་བ་ཡིན་པས་བོད་མི་ཀུན་གྱིས་བདུད་རྩི་བདུད་རྩིར་ངོས་ཤེས་ཤིང༌། བུམ་པ་བཟང་པོར་སྲོག་དབང་ལ་གནོད་ཅིང་ལུས་ཕུང་ལ་འཚེ་བའི་གསར་བྱུང་དུག་ཆུ་མ་འདྲེས་པར་བྱེད་དགོས། འདིར་སྲོག་གི་དབང་པོ་ནི་བོད་ཀྱི་སྤྱི་ཚོགས་ལ་ཟེར་བ་ཡིན་ལ། ལུས་ཕུང་ནི་བོད་ཀྱི་སྤྱི་ཚོགས་སུ་གཏོགས་པའི་སྐྱེ་བོ་ཕོ་མོ་ཐམས་ཅད་ལ་གོ་དགོས། གསར་བྱུང་དུག་ཆུ་ཟེར་བ་ནི་འདི་ཕྱི་མེད་པའི་བསམ་སྤྱོད་དང༌། མཆོད་སྦྱིན་མེད་པའི་ཧམ་ཟས། དྲག་ཞན་འབྱེད་པའི་ཇུས་ཐབས་སོགས་ལ་ཟེར་བ་ཡིན། དེ་ཡང་ཞིབ་པར་སོ་སོས་རང་རྒྱུད་ལ་བརྟགས་ཏེ་ཤེས་དགོས། བུམ་པ་མ་ཆག་པར་བསྟེན་ཞེས་པ་ནི་གནའ་བཟང་ཇི་སྙེད་སོ་སོའི་ནུས་པས་ལྕོགས་ཚོད་ཀྱི་སྒོ་ནས་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་གནའ་དེང་བར་དུ་ཟམ་མ་ཆད་པར་བདུད་རྩིའི་རྒྱུན་དེ་གནས་སུ་འཇུག་དགོས་པའི་དོན་ཡིན། བདུད་རྩིའི་བུམ་པ་མ་ཟགས་པར་བསྟེན་ཞེས་པ་ནི་གཙོ་བོ་ད་ལྟའི་དུས་སུ་འཚོ་བཞིན་ཡོད་པའི་བོད་མི་ཀུན་གྱིས་རང་རྩ་ལ་ཐུག་དུས་སེམས་མེད་བེམ་པོ་དང་ནུས་མེད་བྱ་ཁྲས་བདས་པའི་བྱེའུ་ལྟ་བུ་མ་བྱས་པར་རང་སྐལ་དུ་ཐོབ་པའི་བདུད་རྩི་དེ་རང་རྒྱུད་ལ་བསྟེན་པ་ལས་ས་རུ་མ་འབོ་ཟེར་བའི་དོན་ཡིན།
གནའ་བཟང་དེང་སྤྱོད་བྱེད་པའི་ཚེ་ན། བོད་ཀྱི་གཏམ་དཔེར། བཟའ་ཆེས་ན་སྦྲང་དཀར་གྱིས་མཆིན་པ་དུག ཟེར་བ་ཡིན་པས་ཀུན་གྱིས་ནམ་ཡང་བསམ་སྤྱོད་ཐམས་ཅད་རང་ཁམས་དང་འཚམ་པར་བྱེད་དགོས་ཏེ། སྐྱ་སེར་གྱི་སྤྱོད་པ་ཕན་ཚུན་འཆོལ་རྒྱུ་མེད། འཆོལ་བར་གྱུར་ན་ཆོས་སྲིད་གཉིས་ཀྱི་བར་དུ་མེ་ཆུ་ལྟ་བུའི་འགལ་འདུ་ཞིག་འབྱུང་སྲིད་པ་ཡིན་ཏེ། རབ་བྱུང་སེར་མོ་བས་སྐྱ་བོ་ལྟར་འཇིག་རྟེན་ཆོས་བརྒྱད་ཞྭ་རུ་བསྐོན་བར་མི་བྱ། སྐྱ་བོ་ཁྱིམ་པས་རབ་བྱུང་ལྟར་ཚེ་འདིའི་འཚོ་ཆུས་ཡལ་བར་འདོར་མི་ཉན། ཡང་གཏམ་དཔེར། མི་ཆོག་མཁན་གྱིས་གང་ཡང་མི་ཆོག རྒྱལ་བ་བྱམས་པས་ལྷམ་ཡང་གོན་མི་ཆོག ཆོག་མཁན་གྱིས་གང་ཡང་ཆོག དཔལ་ལྡན་ལྷ་མོས་དྲེལ་ཡང་རྐྱ་ཆོག་ཅེས་ཟེར་བ་ཡིན་པས་དེ་འདྲ་ཡང་བྱེད་རྒྱུ་མེད་དེ། དེང་སང་གི་འགྲོས་དང་བསྟུན་ཁུལ་གྱིས་རང་དབང་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཞིག་རྩོད་ལེན་བྱེད་ཅིང་ཡོད་པས། ན་གཞོན་མི་ཉུང་བས་རང་དབང་ཞེས་པ་ནི་གང་ཡང་བྱེད་ཆོག་པ་ལྟ་བུ་ཞིག་ཡིན་པར་བསམས་ནས། ཆ་ལུགས་ལ་ཕོ་མོའི་ཁྱད་པར་མེད། འདུག་གནས་ལ་སྐྱ་སེར་གྱི་ཁྱད་པར་མེད། བཟའ་བཏུང་ལ་རྒྱ་བོད་ཀྱི་ཁྱད་པར་མེད། འགྲོ་འདུག་ལ་ཉིན་མཚན་གྱི་ཁྱད་པར་མེད། བྱ་བ་ལ་དཀར་ནག་གི་ཁྱད་པར་མེད་པ་ཞིག་བྱས་ཏེ་མཐར་རང་རྒྱུས་རང་གིས་མི་ལོན། རང་ཚོད་རང་གིས་མི་ཐིག རང་ཡིད་རང་ལ་མི་ཆེས་པ་ཞིག་བྱེད་བཞིན་ཡོད་པ་འདི་ནི་མགོ་ནག་བོད་པ་མ་ཡིན་ལ། བྱ་བ་དེ་རིགས་ནི་དེང་དུས་སུ་བཤད་པའི་རང་དབང་ཟེར་བ་དེ་ཡང་མ་ཡིན། རང་དབང་ཞེས་པ་ལ་ཡུལ་དུས་གནས་སྐབས་མི་འདྲ་བ་ལ་བཤད་སྟངས་དང་གོ་སྟངས་མི་འདྲ་བ་ཡོད་ཀྱང༌། མདོ་དོན་ནི་ལུས་སེམས་ལྷོད་ཆགས་པའི་འབྲས་བུ་ཅན་ཞིག་ལ་ཟེར་དགོས་པ་ཡིན་ནོ། ། ཡང་གཏམ་དཔེར། ཕ་ཁང་ཆུ་ཡིས་ཁྱེར་ན་ཡང་ཧཱ་ཧཱ། བ་ར་དགྲ་ཡིས་དེད་ན་ཡང་ཧཱ་ཧཱ། ཟེར་བ་ཡིན་པས་ལོ་ན་སོང་བའི་དེང་དུས་ཀྱི་བོད་མི་རྒན་གྲས་མི་ཉུང་བའི་བསམ་སྤྱོད་ལྟར་དུ་ཡང་སྡོད་རྒྱུ་མེད་དེ། རང་གི་བུ་ཚ་ཡང་རྒྱུད་ཐམས་ཅད་ཡུལ་འདིར་རྒྱུད་མཆེད་ཅིང་བདེ་བར་གནས་ཐུབ་རྒྱུའི་ལས་འགན་དེ་ཁྱོད་ཚོའི་ཕྲག་པ་ལས་གཡོལ་ཐབས་མེད་པས་སོ། །གཏམ་དཔེར་བྱུང་བའི་བ་ར་ཞེས་པ་ནི་སྒོ་ཟོག་བ་དང་ར་སོགས་རང་གི་འཚོ་རྟེན། ཧཱ་ཧཱ་ཞེས་པ་ནི་སེམས་ཁྲལ་གང་ཡང་མེད་པར་ཧཱ་དགོད་བྱེད་པའི་དོན་ཡིན་ནོ། །
གོང་སྨོས་བོད་ཀྱི་གནའ་བཟང་རྣམས་ལ་རིག་གནས་པས་སྡོམ་ཚིག་ཅིག་བཞག་ན། ཞི་བདེ་ཞེས་པའི་ཡིག་འབྲུ་གཉིས་པོ་འདི་དང་འབྲེལ་བའི་རིག་གནས་ཤིག་ཡིན་ཏེ། བོད་ཀྱི་ཁོར་ཡུག་ཞི་བདེ། བོད་མིའི་བསམ་བློ་ཞི་བདེ། བོད་མིའི་སྤྱོད་པ་ཞི་བདེ། བོད་མིའི་འཚོ་ཆུས་ཞི་བདེ་ཡིན་ནོ། །དེས་ན་ཞི་བདེ་ཡོང་བའི་རིག་གནས་དེ་ཉིད་ངག་ཐོག་ནས་སམ། ཡིག་ཐོག དྲྭ་ཐོག་སོགས་ཀྱི་ཐབས་སྒོ་དུ་མ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པའོ། །དེང་སྤྱོད་བྱེད་རྒྱུའི་བྱ་བ་ལེགས་པར་འགྲུབ་པའི་ཆེད་དུ་ཁྱིམ་ཚང་སློབ་གསོ་དང༌། སྤྱི་ཚོགས་སློབ་གསོ། སློབ་གྲྭའི་སློབ་གསོ། དགོན་པའི་སློབ་གསོ་རྣམས་ལེགས་པོ་གཉེར་སྤེལ་བྱེད་དགོས་པས། ཕ་མ་དང་སློབ་དཔོན་སོགས་ཀྱིས་རང་གི་སྣ་ཐག་གཞན་ལ་མི་འཆོར་བར་བྱེད་དགོས་ཤིང༌། རང་གི་ལས་འགན་གཞན་གྱི་ཕྲག་ཐོག་ཏུ་དགལ་རྒྱུ་ག་ལ་ཡོད། དེར་མ་ཟད་གསར་དུ་འཚར་ལོངས་འབྱུང་བཞིན་ཡོད་པའི་གཞོན་ནུ་རྣམས་ཀྱིས་ཀྱང་རང་ཉིད་ལ་སློབ་གསོ་ཐོབ་པའི་གོ་སྐབས་གང་ཡོད་དམ་དུ་འཛིན་བཞིན་བརྩོན་འགྲུས་ཆེན་པོ་བྱེད་རྒྱུ་གལ་ཞིན་ཏུ་ཆེ་བས་གོ་སྐབས་ཆུད་ཟོས་སུ་གཏོང་རུང་བ་མ་ཡིན་ནོ། །
ཁ ངོས་འཛིན་ཡོ་བསྲང་བྱེད་དགོས་པའི་དོན།
དེ་ཡང་དོན་ཚན་དང་པོའི་ནང་དུ་དེང་གི་དུས་སུ་སྤྱོད་རུང་བའི་བོད་ཀྱི་བཟང་ཆ་བརྗོད་པ་ཡིན་མོད། མིག་སྔའི་ང་ཚོའི་སྤྱི་ཚོགས་ཀྱི་གནས་ཚུལ་ལ་བརྟགས་ན་མི་ལེགས་པའི་སྐྱོན་ཆའང་མི་ཉུང་བ་ཞིག་འབྱུང་བཞིན་ཡོད་པས་དེ་དག་ངོས་འཛིན་ཡོ་བསྲང་བྱེད་ཐུབ་དགོས་པའང་མང་པོ་ཡོད་དེ། དཔེར་ན། བོད་ཕྲུག་མི་ཉུང་བས་བོད་སྐད་བོད་ཡིག་མི་ཤེས་པ་དང་བོད་ཀྱི་སྐད་ཡིག་གཉིས་ལ་དགའ་ཞེན་དང་འདོད་མེད། རྒྱུན་གྱི་འཚོ་བའི་ནང་དུ་བོད་སྐད་བཟང་པོ་འདི་ར་མ་ལུག་གི་སྐད་རིགས་ཤིག་ཏུ་འགྱུར་བཞིན་ཡོད་པ་དང་གཅིག རང་རེ་འཚོ་ཞིང་གནས་པའི་ཁོར་ཡུག་ལ་གཏོར་བཤིག་ཐེབས་ཤིང་འབགས་བཙོག་ཀྱང་ཚད་ངེས་ཅན་ཤིག་འབྱུང་བཞིན་ཡོད་པ་དང་གཉིས། ཡུལ་མིའི་སླད་མེད་ཀྱི་ལྟ་བ་ལ་འགྱུར་ལྡོག་འབྱུང་གིན་ཡོད་པ་དང་གསུམ། བསྟན་པའི་སྒོ་རུ་ཞུགས་པའི་རབ་བྱུང་མི་ཉུང་བར་འདོད་ཡོན་གྱི་བདུད་ཞུགས་ཚར་བ་དང་བཞི། སྐྱ་བོ་མི་ཉུང་བས་དམ་རྫས་དང་དཀོན་མཆོག་གི་དཀོར་ལ་ཇོལ་ཉོག་ཏུ་སྤྱོད་བཞིན་ཡོད་པ་དང་ལྔ། ཡངས་པའི་རྒྱལ་ཁམས་ཀུན་ཏུ་ཟ་འདོད་འགུལ་འཚེར་ཅན་གྱི་སྐྱེ་བོ་མི་ཉུང་བ་ཞིག་འཁྱམ་བཞིན་ཡོད་པ་དང་དྲུག འབྲོག་ཁུལ་ཁ་ཤས་སུ་བོད་མི་ནང་ཁུལ་ལ་རྩྭ་སའི་རྩོད་གླེང་ཆེ་བ་དང་བདུན། རོང་ཁུལ་ཁ་ཤས་སུ་རི་གྱོད་ཀླུང་གྱོད་མང་བ་དང་བརྒྱད། དགོན་སྡེ་ཕལ་ཆེར་སྐྱེ་བོའི་འདུ་ཚོགས་ཆེ་བའི་གྲོང་སྡེར་འགྱུར་བཞིན་ཡོད་པ་དང་དགུ ཉམ་ཆུང་དད་པ་ཅན་གྱི་མགོ་སྐོར་བའི་གྲྭ་རྫུན་དང་སྤྲུལ་རྫུན་མི་ཉུང་བ་ཞིག་རོང་འབྲོག་ས་ཁུལ་གང་ནའང་ཡོད་པ་དང་བཅུ། གསང་སྔགས་ཟོང་དུ་འཚོང་བའི་མི་ཡོད་པ་དང་བཅུ་གཅིག རང་སར་རང་ཡིག་གིས་ནུས་པ་མི་ཐོན་པའི་གནས་ཚུལ་ཚབས་ཆེ་བ་དང་བཅུ་གཉིས། དུག་རྫས་དང་མཚོན་ཆ་རང་ལུས་རྣམས་ཚོང་ཟོང་དུ་བྱེད་པའི་སྐྱེས་པ་དང་བུད་མེད་ཡོད་པ་དང་བཅུ་གསུམ། གྲོལ་བ་གཉེར་བའི་གྲྭ་ས་ཞི་བའི་གནས་སུ་ཆོས་བརྒྱད་ཀྱི་གོ་ས་རྩོད་པའི་གནས་ཚུལ་ཡོད་པ་དང་བཅུ་བཞི། དཀོན་མཆོག་གསུམ་ལ་བསམ་བཞིན་དུ་སྨ་འབེབས་བྱེད་པའི་བྱ་བ་འབྱུང་བཞིན་ཡོད་པ་དང་བཅོ་ལྔ། སྲོལ་རྒྱུན་བཟང་པོའི་གུས་ལུགས་སོགས་ལ་ཐོག་བརྫིས་གཏོང་བའི་སྤྱོད་ངན་བྱེད་མཁན་ཡོད་པ་དང་བཅུ་དྲུག ཡ་ང་བའི་ལྟ་ལོག་དུ་མ་ཡིད་ལ་བདུད་རྩི་བཞིན་དུ་བསྟེན་པའི་གང་ཟག་མི་ཉུང་བ་དང་བཅུ་བདུན། དེ་ལ་སོགས་པ་གྲངས་སུ་འདྲེན་མི་ནུས་པ་དང་ངག་ཏུ་བརྗོད་མི་ཤེས་པའི་གནས་ཚུལ་མང་པོ་ཞིག་གིས་ཞིང་ས་བཟང་པོ་རྩྭ་ངན་གྱིས་བཟུང་བའི་ཚུལ་དུ་ལོ་དུས་ཀྱི་འགྲོས་དང་སྡེབ་ཅིང་བོད་མིའི་ལུས་སེམས་ཟ་བར་བྱེད་བཞིན་ཡོད་དོ། །དེ་དག་གི་ཚབས་ཆེ་ཆུང་དང་མཇུག་འབྲས་བཟང་ངན་གཅིག་ཏུ་མ་ངེས་ཀྱང་བོད་ཀྱི་འབྱུང་འགྱུར་བཟང་པོ་ལ་བསམ་བློ་འཁོར་བའི་བོད་མི་བསམ་ཤེས་ཅན་ཚང་མསབསམ་སྤྱོད་ལོག་པ་དེ་རྣམས་ནི་རང་རེའི་བོད་ཀྱི་སྤྱི་ཚོགས་དང་མི་འཚམ་ཞིང་རང་ཅག་གཡང་ས་ངན་པར་འདྲེན་པའི་སྟོབས་ཤུགས་སམ་སྤྱི་ཚོགས་ཡར་རྒྱས་འགྲོ་བ་ལ་གནོད་པའི་འགོག་རྐྱེན་དུ་འགྱུར་བཞིན་ཡོད་པས་དང་པོ་དེ་རྣམས་སེམས་སུ་ངོས་འཛིན་བྱེད་ཐུབ་དགོས། ངོས་ཟིན་པར་བྱས་ནས་རྣག་ཐོག་ཏུ་གཙག་འཁེལ་བ་ལྟ་བུའི་སྒོ་ནས་རིམ་གྱིས་ཡོ་བསྲང་བྱེད་དགོས་པའོ། །
མདོར་ན། བོད་ཀྱི་སྤྱི་ཚོགས་འདི་ནི་སྐྱ་སེར་གཉིས་ལས་གྲུབ་ཅིང་བློ་ཕུགས་དཀོན་མཆོག་ལ་གཏད་པའི་སྤྱི་ཚོགས་ཤིག་ཡིན། སྔོན་བྱོན་ལོ་པཎ་བཀའ་དྲིན་ཅན་གྱི་ཕྱག་བཞེས་ལྟར་རང་ལ་མཁོ་བའི་རིག་གནས་མང་པོ་དང་ལེན་བྱེད་དགོས་ལ། མེས་པོ་གོང་མ་རྣམས་ཀྱི་ལོ་རྒྱུས་བཞིན་དུ་གནའ་བཟང་དེང་སྤྱོད་ཀྱང་བྱེད་དགོས། དེང་རབས་འཛམ་གླིང་གི་སྐྱེ་བོ་ཡོངས་དང་མཐུན་པར་བློ་ཡི་ཤོང་ཡངས་པོར་བསྐྱེད་དགོས་ལ། བློ་སེམས་རྣལ་དུ་གནས་པའི་གང་ཟག་བཞིན་དུ་ཤེས་བཞིན་དང་ཡང་ལྡན་དགོས་སོ། །། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1479
དཔྱད་མཆན་སྤེལ།