ལྷ་རྒྱལ་འོད། (ལྷ་ས།)

<<དབུགས་ལྒང་>>ནི་པདྨ་ཚེ་བརྟན་ལགས་ཀྱི་བོད་སྐད་གཏམ་རྒྱུད་གློག་བརྙན་བདུན་པ་ཡིན་ལ། འཁྲབ་ཁྲིད་པ་ཁོང་གི་ཆེས་ཕུལ་དུ་བྱུང་བའི་གློག་བརྙན་ཞིག་ཀྱང་ཡིན་པ་གསལ་བཤད་མ་བྱས་ཀྱང་ཐུན་མོང་ཡོངས་གྲགས་རེད། ལོ་འདིའི་ཟླ་༡༡པའི་ཚེས༢༠ཉིན་དངོས་སུ་ས་གནས་སོ་སོའི་གློག་བརྙན་ཁང་ནས་བཏང་ཞིང་། བོད་མི་མ་ཟད་མི་རིགས་མི་འདྲ་བ་མང་བོ་ཞིག་གིས་ཀྱང་གློག་བརྙན་འདི་ལ་སྐོམ་པའི་ཆུ་བཞིན་དུ་བསྒུག་ནས་འདུག་པ་མངོན་གསལ་རེད། དེ་བས་ངས་ཀྱང་ཉིན་གཅིག་གི་སྔོན་ལ་ལྷ་སའི་གློག་བརྙན་ཁང་ཞིག་ནས་<<དབུགས་ལྒང་>>གི་འཛིན་བྱང་ཉོས་ཏེ། གློག་བརྙན་འདིའི་ཕྱི་ནང་གསེང་གསུམ་ལ་ཞིབ་གྱིས་ལྟ་བསམས་པ་ཡིན། འགོ་ནས་མཇུག་བར་ལྟ་ཡང་ཐུབ་སོང་། བལྟས་པས་ཀྱང་མ་ཚད་གློག་བརྙན་འདིའི་ཕྱི་ནང་གསེང་གསུམ་ལ་སྐད་ཆ་རེ་འགའ་ཡང་བཤད་འདོད་སྐྱེས་སོང་།

<<དབུགས་ལྒང་>>གིས་བསྐྱེད་པའི་སེམས་ཀྱི་འཛིན་སྟངས།

མདོར་ན་བྱ་དངོས་ཡོད་ཚད་སེམས་ཀྱི་འཛིན་སྟངས་ཤིག་ལ་རག་མ་ལུས་པ་གཅིག་ཀྱང་མི་འདུག་སྟེ། ཐོག་མའི་དུས་སུ་བྱིས་པ་གཉིས་ཀྱིས་སྲུང་ཤུབས་ཤིག་རྩེད་སྤྱད་དུ་ངོས་བཟུང་ཞིང་། དེ་ནས་འཛེམ་དོགས་དང་བཅས་སྲུང་ཤུབས་དེ་གཉིས་བཙན་ཚུགས་ཀྱིས་བཀད་ཅིང་། “རྫོང་ཐོག་ལ་སོང་ན་དབུགས་ལྒང་ངོ་མ་ཞིག་ཉོ་”ཞེས་པའི་སྐད་ཆ་དུམ་ཚན་འདི་ལས་གློག་བརྙན་འདི་གཟོད་འགོ་བརྩམས་པ་མ་ཟད། དེ་ནས་བཟུང་གློག་བརྙན་འདིའི་ཆེས་མཐར་ཐུག་གི་མཇུག་ཀྱང་བསྐྱང་ཡོད་པ་ཤེས་ཐུབ། མདོར་ན། གློག་བརྙན་འདིའི་ནང་གི་སྲུང་ཤུབས་ཀྱི་སྐུད་པའི་སྣེ་མོར་བཏགས་པའི་དད་མོས་དང་སྐྱེ་འཆི་ཐོབ་ཤོར། ཁྱིམ་ཚང་ཞིག་ཁ་འཐོར་དུ་སོང་བའི་སྐྱོ་གར་སོགས་ཡོད་ཚད། གཏམ་བརྒྱ་མདོར་བསྡུས་ཏེ་བཤད་ན་སྲུང་ཤུབས་ལ་བཟུང་བའི་སེམས་ཁམས་ཤིག་གི་སྟེང་ན་ཡོད་པ་འདྲ་སྟེ། དེའང་སྲུང་ཤུབས་འདིའི་ཁ་དོག་ཅིག་ལས་གློག་བརྙན་འདིའི་ཆེས་མཐའ་མཇུག་སྐྱོ་གར་དང་འཁྲབ་ཁྲིད་པ་ཁོང་གིས་དངོས་སུ་བཤད་འདོད་པའི་ལྟ་བའང་སྲུང་ཤུབས་དེའི་སྟེང་དུ་ཡོད་པ་འདྲ། དེ་གང་ཡིན་ཟེར་ན་སྲུང་ཤུབས་ཀྱི་དབང་གིས་ཡན་པོར་གྱུར་བའི་རྣམ་ཤེས། མངལ་དུ་སྦྲུམ་མི་ཐུབ་པ་དང་། དེ་མིན་གློག་བརྙན་འདིའི་ཐོག་མའི་དུས་སུ། དར་རྒྱས་ཀྱིས་ལུག་རྒྱུད་གཞན་པའི་ཁྲོམ་ཞིག་གཡར་ཏེ། རང་གི་ལུག་ཁྱུར་བཏང་སྟེ་ལུག་རྒྱུད་གཞན་དུ་སྤེལ་བ་འདིས་ཀྱང་། མཚོན་དོན་གྱི་ཆ་ནས་འཁྲབ་ཁྲིད་པ་ཁོང་གི་ལྟ་བའི་གནད་ས་ཆེན་པོ་ཞིག་གློག་བརྙན་འདིའི་གོ་ས་ཆེན་པོ་ཞིག་ཏུ་བཏང་འདུག་སྙམ།

<<དབུགས་ལྒང་>>ལས་མངོན་པའི་འཁོར་བའི་སྐྱེ་འཆི།

ཐོག་མའི་སྲུང་ཤུབས་དཀར་བོ་ལས་མཐའ་མའི་དབུགས་ལྒང་དམར་བོའི་བར་དུ་དངོས་ཡོད་ཀྱི་འཚོ་བ་ཞིག་མཚོན་ཐུབ་པ་མ་ཟད། མི་ཞིག་སྐྱ་བོ་ནས་ཡིད་ཆད་དང་བཅས་སེར་མོ་བར་གྱུར་བའི་ལས་དབང་གི་འགྱུར་ལྡོག་ཅིག་ཀྱང་མཚོན་ཐུབ། མ་ཟད་བོད་མིའི་དད་མོས་དང་འཆི་གསོན་གྱི་འདུ་ཤེས་ཀྱང་མཚོན་ཐུབ། འཇམ་དབྱངས་ཀྱི་རྒྱབ་ཀྱི་སྨེ་ལ་བརྟེན་ནས་ཨ་ཕྱི་ཡི་རྣམ་ཤེས་སུ་ངོས་བཟུང་བ་དང་། དེ་ནས་རྨི་ལམ་དུ་སྨེ་དེ་བྱིས་པ་གཉིས་ཀྱིས་བཀོག་སྟེ། ཁྱེར་བ་སོགས་བརྙན་དུ་བླངས་པའང་དོན་མེད་ཅིག་མ་ཡིན་པར་འདོད་ལ། དེ་ལས་ཆེས་ཆེ་བའི་བསམ་བློའི་རྒྱབ་ལྗོངས་ཤིག་སྦས་འདུག་པར་དོགས། དེ་མིན། ཨ་མྱེ་གྲོངས་རྗེས་ཕྱིར་ཁོང་གི་ཁྱིམ་དུ་སྐྱེ་ཐུབ་ཞེས་པ་འདིས་གོང་གི་ཨ་ཕྱིའི་རྣམ་ཤེས་འཇམ་དབྱངས་ཀྱི་སྨྲེ་ལ་བརྟེན་ནས་འཇམ་དབྱངས་ལ་ངོས་བཟུང་བའི་རིག་པ་དེ་ཡང་བསྐྱར་བཀོལ་འདུག་པར་སྙམ། མདོར་ན། དབུགས་ལྒང་ལས་མངོན་པའི་སྐྱེ་འཆིའི་འཁོར་བ་འདི་དར་རྒྱས་བཟའ་ཚོ་གཉིས་ཀྱི་ཁྱིམ་དུ་འཁོར་འདུག་པ་ཤེས། ད་དུང་སྲུང་ཤུབས་ཀྱི་རྐྱེན་པས་ཁྱིམ་ཚང་མང་བོ་ངོ་ཚར་གཏད་པ་སོགས་དོན་དག་ཆུང་ངུ་མང་བོ་ཞིག་གློག་བརྙན་དུ་བླངས་པ་འདིས་བོད་ཀྱི་སྤྱི་ཚོགས་དངོས་མཚོན་པར་བྱས་ཡོད་པར་གདོན་མི་ཟ། དོན་དངོས་གློག་བརྙན་འདི་ནི་”ཟུར་མང་བའི་བསམ་གཞིག”ཅིག་མཚོན་ཐུབ་དང་ཡིད་བརྙན་སྣ་ཚོགས་སྤྱད་དེ། མིའི་རིགས་ཀྱི་སྐྱེ་འཕེལ་གྱི་གནད་དོན་སོགས་འགྲེལ་བརྗོད་བྱས་ཡོད་ལ། གཙོ་བོ་གོང་ནས་བཤད་པ་བཞིན་ལུག་རྒྱུད་སྤེལ་བ་དེ་ལས་གཟོད། འཆར་སྣང་གསར་བ་རེ་ཡོང་སྲིད།

<<དབུགས་ལྒང་>>ལས་བྱུང་བའི་རྣམ་ཤེས་ཀྱི་འགག་འཕྲང་།

གློག་བརྙན་འདིའི་ནང་གི་སྲུང་ཤུབས་དེ་ལས་མིའི་རིགས་ཀྱི་སྐྱེ་འཕེལ་གྱི་གནད་དོན་གལ་ཆེན་ཞིག་བཤད་ཡོད་པ་གོང་ནས་རབ་སྤྲོད་བྱས་པ་བཞིན། འདིའི་ནང་འཁྲབ་ཁྲིད་པ་ཁོང་གིས་དབུགས་ལྒང་ལ་ཁ་གཡར་ཏེ། ཚེ་སྲོག་གི་གེགས་རྐྱེན་དང་མི་རེ་རེའི་ལས་དབང་གི་ཁ་དོག་སོགས་དབུགས་ལྒང་གི་ཁ་དོག་ཏུ་བསྡེབས་ཏེ བཤད་ཡོད་དོ། །བཤད་སྟངས་ཀྱི་ཆ་ནས་ཀྱང་བརྙན་མིག་དུ་བསྐོར་ཏེ་དོན་དག་མང་བོ་ཞིག་དུས་གཅིག་ཏུ་བཤད་ཐུབ་པ་འདིའང་རྨད་དུ་བྱུང་བ་ཞིག་ཅི་ལ་མིན། དེ་མིན་ཚེ་སྲོག་གི་ལྗིད་ཚད་ཀྱི་ཆ་ནས་ཀྱང་ལྕི་བ་དང་ཡང་བ་ཡི་གནད་དོན་མང་བོ་ཞིག་རིམ་བཞིན་བཤད་ཡོད་ལ། དཔེར་ན། བླ་མའི་ནོར་བ་མེད་པའི་གསུངས་ལ་བརྟེན་ཏེ། ཁོ་མོའི་ལས་དབང་གི་རླུང་བུ་དེ་ཡང་གཏམ་རྒྱུད་ཀྱི་ཆགས་སྡང་ལ་སྦྱར་དེ་གཡུག་ཏུ་བཅུག་པ་འདིས་བུད་མེད་དེའི་ལས་དབང་ལ་སྙིང་རྗེ་རྗེ་བྱེད་ཐུབ་པའི་གནད་ས་གཅིག་རེད།

<<དབུགས་ལྒང་>>གི་མི་སྣ་དག་གི་ལས་དབང་དང་དེའི་མཚོན་དོན།

མི་སྣ་དེ་དག་གི་སྙིང་རྗེ་བའི་ངོ་གདོང་ནི་དོན་ལ་སྤྱི་ཚོགས་འདིའི་ངོ་གདོང་རེེད།གྲང་ཤུར་ཤུར་གྱི་ངོ་གདོང་ལས།གྲང་ཤུར་ཤུར་གྱི་སྤྱི་ཚོགས་འདི་མཚོན་ཐུབ་པ་མ་ཟད། དེའི་རྙོག་དྲ་དང་བྱེ་བྲག་དགར་ཏེ་བཤད་ན། བོད་མི་དག་གི་ངོ་གདོང་མཚོན་ཐུབ། དར་རྒྱས་དང་སྒྲོལ་དཀར། སྟག་འབུམ་རྒྱལ་དང་བྱང་ཆུབ་སྒྲོལ་མ།ཨ་མྱེ་དང་ཚ་བོ་གཉིས། བུ་འཇམ་དབྱངས་དང་སྨན་པ་འབྲུག་མཚོ་སོགས་ཀྱི་ངོ་གདོང་གི་བོད་ཀྱི་སྤྱི་ཚོག་མི་སྣ་རེ་རེ་མཚོན་ཐུབ་པར་བྱས་ཡོད་པ་འདི་ནི་དངོས་གནས་འཁྲབ་ཁྲིད་ཁོང་གི་ཆེས་ལེགས་པའི་ཆ་རེད་འདོད་ཡོད། དོན་ལ། གློག་བརྙན་འདིར་བལྟས་རྗེས་ང་ཚོས་ང་ཚོ་ཤོང་ཐུབ་སའི་མེ་ལོང་ཞིག་གི་ནང་དུ་བལྟས་པ་དང་ཇི་འདྲའི་མཚུངས་ཨང་།

 

<<དབུགས་ལྒང་>>ལས་མངོན་པའི་ཁྱིམ་ཚང་དེའི་མཇུག་གོད་ཆགས་ཅིག་གིས་བསྐྱངས་པ།

མཐར་ཆུང་མ་སྒྲོལ་དཀར་ཡང་བྱུང་ཆུབ་སྒྲོལ་མ་བཞིན་དགོན་པར་སོང་སྟེ་ཇོ་མོ་བྱས་པ་འདི་བོད་ཀྱི་དངོས་ཡོད་ཀྱི་འཚོ་བ་ཞིག་པར་མིག་ཏུ་བླངས་པ་རེད།རྒྱུན་པར་འབྱུང་བཞིན་དོན་དག་ཅིག་པར་མིག་ཏུ་བླངས་ཤིང་མཐར་གནས་ལུགས་ཆེན་པོ་ཞིག་ཏུ་བསྒྱུར་ཐུབ་འདི་པདྨ་ཚེ་བརྟན་ལགས་ཀྱི་ཆེས་ཕུལ་དུ་བྱུང་བའི་ཁྱད་ཆོས་རེད་འདོད་ཡོད། མཐར་གློག་བརྙན་འདིའི་མཇུག་ཁྱིམ་ཚང་དེ་ཁ་འཐོར་དུ་སོང་བ་འདི་དངོས་གནས་སྐྱོ་གར་འབའ་ཞིག་རེད། དོན་དག་འདི་ལྟ་བུ་ང་ཚོའི་འཚོ་བའི་ནང་འབྱུང་བཞིན་ཡོད་ནའང་། སྐྱོ་གར་དེ་སྐྱོ་གར་དུ་མཐོང་མི་ཐུབ་པ་འདི་ང་ཚོའི་ཞན་ཆ་རེད། ཁྱིམ་ཚང་དེའམ་ཡང་ན་གློག་བརྙན་དེའི་འགོའི་དབུ་ཁྱུད་ཀྱང་སྲུང་ཤུབས་དཀར་བོ་ཞིག་ནས་འགོ་བརྩམས་ཏེ། མཐར་དབུགས་ལྒང་དམར་བོ་ཞིག་ནས་མཇུག་བསྡུས་ཡོད་པ་འདི་དངོས་གནས་སེམས་ལ་ན་ཟུག་སྟེར་བའི་སྐྱོ་གར་ཞིག་རེད།

མཇུག་གཏམ་དོགས་པ་ཞིག་ཡིན།

གློག་བརྙན་འདི་ལས་ང་ཚོའི་འཚོ་བའི་ངོས་མང་བོ་ཞིག་མཚོན་ཐུབ་པས། ངས་གློག་བརྙན་འདི་ང་ཚོ་ལྟ་སའི་མེ་ལོང་ཞིག་ལ་ངོས་བཟུང་ཡོད། གློག་བརྙན་འདིར་བལྟས་ཚར་རྗེས། ངས་གློག་བརྙན་འདིའི་ནང་གི་མི་སྣ་སྟག་འབུམ་རྒྱལ་དང་བྱང་ཆུབ་སྒྲོལ་མ་གཉིས་ཀྱི་བརྩེ་གདུང་གི་སྐྱོ་གར་དེ། དར་རྒྱས་བཟའ་ཚོ་གཉིས་ཀྱིས་དངོས་སུ་འཁྲབ་པ་ལྟ་བུའི་དོགས་པ་ཞིག་དབང་མེད་དུ་སྐྱེས་འོང་། མཐར་གློག་བརྙན་འདིའི་ཆེས་འདང་རྒྱག་དགོས་པ་དང་འདང་རྒྱག་དགོས་ས་ནི། དར་རྒྱས་བཟའ་ཚོ་གཉིས་ཀྱི་ཁྱིམ་ཚང་གི་གོད་ཆགས་ཀྱང་མ་རེད་འདོད། ཡིན་རྒྱུ་ནི་སྟག་འབུམ་རྒྱལ་དང་བྱང་ཆུབ་སྒྲོལ་མ་གཉིས་ལ་ཆེས་མཐའ་མཇུག་གི་གྱེས་ཕྱག་ཅིག་ཀྱང་མ་ལྷག་པར་མཇུག་བསྡུས་སོང་བ་དེ་རེད། མཇུག་བསྡུ་སྐབས་ཀྱང་བྱང་ཆུབ་སྒྲོལ་མ་དང་སྒྲོལ་དཀར་གཉིས་ཀྱི་ལས་དབང་ཆུ་ལ་ཆུ་བཞག་པ་ལྟར་ངོ་བོ་གཅིག་ཏུ་གྱུར་སོང་བ་དེ་རེད། དེ་བས་ང་ལ་དོགས་པ་འདི་རང་དབང་མེད་པར་སྐྱེས་པ་ལགས། སྟག་འབུམ་རྒྱལ་གྱིས་ཆེས་མཐའ་མཇུག་གི་བྱང་ཆུབ་སྒྲོལ་མར་ཐུག་པའི་རྒྱུ་བསགས་ཀྱང་འབྲས་བུ་མེད་པ་དེ་དངོས་གནས་སྐྱོ་གར་ཞིག་ཏུ་གྱུར་འདུག ད་དུང་མཇུག་ལྟར་དབུགས་ལྒང་གཅིག་བཀད་ཅིང་གཅིག་རང་དབང་སྒོའི་བར་སྣང་དུ་བསྐྱོད་པའི་གོང་གསལ་གྱི་དོན་དག་མཐའ་དག་མཇུག་སྡོམ་བྱས་པ་ལྟ་བུ་ཞིག་ཏུ་མངོན་འདུག་གོ །

ཟླ་༡༡པའི་ཚེས་༢༡ཉིན་དབུས་ལྷ་ལྡན་གྱི་རང་ཤག་ནས་སྦྱར་བའོ། །

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1447