ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ།

ཐུན་མོང་བསྡུས་པའི་སྡོམ་ཚིག་ཇི་ལྟར་བརྩམས་པའི་ཚུལ་ལ་བཞི་ལས།

དང་པོ་བསྡུས་གཞུང་འདིའི་མཛད་པ་པོ་བསྟན་པ་ནི། རྩ་བ་ལས།

སློབ་དཔོན་སྨྲ་བའི་སེང་གེ་ཞེས། །

ཞེས་འབྱུང་བ་ལ། དེ་ཡང་སློབ་དཔོན་སྨྲ་བའི་སེང་གེ་ནི་གཞུང་འདིའི་མཛད་པ་པོའི་ཡོངས་འཛིན། ཀར་ལུགས་ཀྱི་རབ་འབྱམས་སྨྲ་བའི་སློབ་དཔོན་སྙན་པར་གྲགས་པ་ཞིག་སྟེ། གོང་ས་ལྔ་པ་ཆེན་པོས་མཛད་པའི་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་གྱི་རྟོགས་བརྗོད་མཁས་པའི་རྣ་རྒྱན་ལས། ཁྲི་ཆེན་འདི་སྔར་རྩེས་ཐང་གི་ཆོས་གྲྭར་ཀར་ལུགས་ཀྱི་རབ་འབྱམས་པ་སྨྲ་སེང་དང་རྩོད་པ་མཛད་ཚུལ་གསུངས་པ་དང་། དེར་མ་ཟད་རྗེ་འདི་གར་དབང་དྲུག་པ་འདི་ཉིད་ཀྱི་བླ་སློབ་གཉིས་ཀ་སྟེ། ཞྭ་དམར་འདི་པའི་དངོས་སློབ་གནས་མདོ་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་འབྱེད། མཁས་གྲུབ་ཀརྨ་ཆགས་མེད་ཀྱི་རི་ཆོས་མཚམས་ཀྱི་ཞལ་གདམས་ལས།

དེ་ནས་ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །

ཞེས་སོགས་བརྗོད་པ་ཞི་གནས་གསོ་སྦྱོང་སྟེ། །

ཡོངས་འཛིན་སྨྲ་བའི་སེང་གེའི་ཞལ་ནས་གསུངས། །

ཞེས་དང་། ཀཾ་ཚང་གསེར་ཕྲེང་རྣམ་ཐར་ཟླ་བ་ཆུ་ཤེལ་ཕྲེང་བ་ལས་གར་དབང་དྲུག་པའི་རྣམ་ཐར་གྱི་ཐད་དུ། རྗེ་འདི་ལ་སློབ་མ་དོན་བརྒྱུད་ཀྱི་སྤྲུལ་པའི་སྐུ་དང་། ཆེ་བཙུན་གྱི་སློབ་མ། མཁས་པའི་སློབ་མ། མཁས་ཤིང་གྲུབ་པའི་སློབ་མ། སྦྱིན་བདག་དང་སློབ་མ་ཐུན་མོང་དུ་གྱུར་པ་སོགས་མང་དུ་ཡོད་པ་ལས། མཁས་པའི་སློབ་མ་རྣམས་ཀྱི་གཙོ་བོ་སློབ་དཔོན་སྨྲ་སེང་ ཞེས་གསལ་བ་དང་། འདི་ཉིད་རྒྱལ་ཚབ་ལྔ་པ་གྲགས་པ་མཆོག་དབྱངས་ཀྱི་ཀློག་པའི་སློབ་དཔོན་ཡང་ཡིན་ཏེ། ཟླ་ཕྲེང་ལས་རིན་པོ་ཆེ་སྨྲ་སེང་ཀློག་པའི་སློབ་དཔོན་དུ་བསྟེན་ཏེ་བསྡུས་གྲྭ་ནས་བརྩམས་གསུང་རབ་རྒྱ་མཚོར་བསླབ་སྦྱོང་མཛད། ཅེས་གསལ་བ་དང་། དེ་བཞིན་ཟླ་ཕྲེང་ཞྭ་དམར་དྲུག་པའི་རྣམ་ཐར་གྱི་ཐད་དུ་ཟངས་རི་དང་ཕག་མོ་གྲུའི་མཁའ་འགྲོའི་གཟིམ་ཁང་དུ་ཚོགས་འཁོར་མཛད། སྡེ་པ་གྲགས་ཁ་བས་གདན་དྲངས། འཛམ་གླིང་ཡོངས་གྲགས་དང་རིན་པོ་ཆེ་སྨྲ་སེང་གཉིས་བགྲོ་གླེང་མཛད། ཅེས་འབྱུང་བ་ལ། འཛམ་གླིང་ཡོངས་གྲགས་ནི་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་རིགས་རུས་དང་འབྲེལ་ཞིང་སངས་རྒྱས་ཀྱི་བསྟན་པའི་འཇུག་སྒོ་དང་མཐུན་པ་ཕྱི་ཡི་རྣམ་ཐར་ལས།

ཀཾ་ཚང་མཁས་པ་འཛམ་གླིང་ཡོངས་གྲགས་དེས། །

ཚད་མ་རྣམ་འགྲེལ་ཁོ་ནའི་འགྲེལ་ཆེན་ལ། །

པོ་ཏི་སུམ་ཅུ་སོ་གཉིས་བློར་བཟུང་སྐད། །

དེ་འདྲ་བྱས་ན་མཁས་པའི་གྲངས་སུ་འགྲོ །

ཞེས་གསུངས་པ་དེ་ཉིད་ཡིན་ཞིང་། གཅིག་ཤོས་སྨྲ་བའི་སེང་གེ་ནི་སློབ་དཔོན་འདི་ཉིད་ཡིན་པར་མངོན་ནོ། །

གཉིས་པ་སློབ་དཔོན་སྨྲ་སེང་འདི་ཉིད་ཀྱིས་གསན་སྦྱོང་གང་དུ་མཛད་ཚུལ་ནི། རྩ་བ་ལས།

ཐུབ་བསྟན་བཞད་རི་སྐྱེད་ཚལ་དང་། །

སྐུ་གཞོགས་འོག་མིན་གླིང་གི་གྲྭར། །

ཐ་སྙད་ཚུལ་ལ་ལེགས་པར་སྦྱངས། །

རིགས་པས་རྩོད་པར་སྨྲ་བ་ལ། །

གངས་ཅན་ཙམ་ན་ཕུལ་བྱུང་བ། །

ཞེས་འབྱུང་བའི་ཐུབ་བསྟན་བཞད་རི་སྐྱེད་ཚལ་ཞེས་པ་ནི། བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་གྱིས་བཏབ་པའི་མཚན་ཉིད་ཀྱི་གྲྭ་ས་ཆེན་པོ། འབྲས་ཡུལ་སྐྱེད་ཚལ་ལས་མཆེད་པའི་གྲྭ་ས་ཆེན་པོ་ལྔའི་ཡ་གྱལ་ཞིག་སྟེ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས་ཆོས་འབྱུང་གསལ་བའི་ཉིན་བྱེད་ལྷག་བསམ་རབ་དཀར་ལས།སྐྱེད་ཚལ་ཉིད་ལས་མཆེད་པའི་གྲྭ་ས་ཆེན་པོ་ཡང་ཐུབ་བསྟན་རྣམ་པར་རྒྱལ་བའི་གླིང་དེ་ལས་མཆེད་པ་ཡངས་པ་ཅན་དང་གཉིས། མཉན་ཡོད་བྱ་གཤོངས་དང་། ཆོས་འཁོར་ལྷུན་པོ། གཞའ་རི་དགོན་གསར་བ་རྩ་བ་ཉིད་དང་གྲྭ་ས་ཆེན་པོ་དྲུག་པོ་འདི་ཉིད་ཀྱིས་ཀྱང་འཛམ་གླིང་འདི་མཛེས་པར་བྱས་པ་མ་ཡིན་ནམ། ཞེས་འབྱུང་བའི་གྲྭ་ཚང་འདི་ཉིད་ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་སྔ་ཚར་གྱི་བུ་ཆེན་བསྟན་པ་འདེགས་པའི་ཀ་ཆེན་ལྔའི་ཡ་གྱལ། རྗེ་ཀརྨ་ཕྲིན་ལས་པའི་ཀྱང་སློབ་མར་གྱུར་པ་པཎ་ཆེན་ལྷ་དབང་བློ་གྲོས་ཀྱིས་ཕྱག་བཏབ་པའི་སྐྱེད་ཚལ་འོག་མར་གྲགས་པའང་ཡིན་ཏེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་བསྟན་པའི་རྒྱ་མཚོར་འཇུག་པའི་གྲུ་ཆེན། ཁ་སྐོང་བྱ་བྲལ་བ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ་ལས། ཡང་འཇམ་དབྱངས་རྗེའི་ཐུགས་སྲས་ནོར་བུ་ཕུན་ཚོགས་པ་དང་། པཎ་ཆེན་ལྷ་དབང་བློ་གྲོས་གཉིས་མངའ་རིས་གུང་ཐང་ཕྱོགས་སུ་བྱོན། སྔ་མས་གདན་ས་མཛད། ཕྱི་མས་བཞད་རི་དགོན་གསར་ཏེ་ད་ལྟ་སྐྱེད་ཚལ་འོག་མར་གྲགས་པ་བཏབ་བོ། ། ཞེས་དང་། སྔགས་འཆང་ངག་དབང་ཀུན་བསོད་ཀྱིས་མཛད་པའི་གོ་རམས་པའི་རྣམ་ཐར་ངོ་མཚར་གསལ་བའི་ཉིན་བྱེད་བསོད་ནམས་རབ་རྒྱས་ལས་ མཁས་པ་ཆེན་པོ་ལྷ་དབང་བློ་གྲོས། འདིས་ཞ་རི་སྐྱེད་ཚལ་གྱི་དགོན་པ་གསར་དུ་བཏབ་ ཅེས་འབྱུང་བས་ཀྱང་ཤེས་སོ། །འདིར་བཞད་རི་དང་བཞེད་རི་གཞའ་རི་སོགས་འབྲི་ཚུལ་མི་འདྲ་བ་འགའ་ཙམ་འབྱུང་ཡང་དོན་དུ་སྐྱེད་ཚལ་གོང་འོག་ཏུ་གྲགས་པའི་འོག་མ་དེ་ཡིན་ནོ། །སྐུ་གཞོགས་འོག་མིན་གླིང་ཞེས་པ་ནི། མཚུར་ཕུའི་དྲུང་པ་རྒྱལ་ཚབ་བཞི་པ་གྲགས་པ་དོན་གྲུབ་ཀྱིས་མཛད་པའི་རྗེ་ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེའི་རྣམ་ཐར་ཕན་བདེའི་གཏེར་ཆེན་ལས། རྗེ་བླ་མ་མཆོག་གི་སྙན་དུའང་གསོལ་བར་མཛད་ནས་སྒར་ཆོས་སྡེའི་དྲུང་སྐོར་དང་གྲྭ་པ་གཞོན་ནུ་བློ་གསལ་ཁ་ཡར་བསྡུས་ཏེ་གསན་སྦྱོང་གི་ཕྱག་ཕྱིར་སྐུ་གཞོགས་འོག་མིན་གླིང་གི་གྲྭ་ཚང་འཛུགས་པ་གནང་། ཞེས་རྗེ་དགུ་པ་སྐུ་གཞོན་དུས་གཞུང་ཆེན་གསན་བསམ་གྱི་ཕྱག་ཕྱིར་བཙུགས་པའི་མཚན་ཉིད་ཀྱི་གྲྭ་ཚང་ཞིག་ཡིན་ནོ།།དེས་ན་སློབ་དཔོན་སྨྲ་བའི་སེང་གེས་ཀློག་པ་ཐོས་བསམ་གྱི་སྡེ་དེ་དག་ཏུ་ཐ་སྙད་རིག་པའི་ཚུལ་ལ་ལེགས་པར་སྦྱངས་པས། རིགས་ལམ་ཡང་དག་གི་སྒོ་ནས་རྒོལ་བའི་སྤོབས་པ་འཇོམས་པའི་རྩོད་པ་སྨྲ་བ་ལ་བོད་གངས་ཅན་ཙམ་ན་ཕུལ་དུ་བྱུང་བ་ཡིན་པར་བསྟན་ཏོ།།

གསུམ་པ་མཛད་པ་པོའི་ཆེ་བའི་ཡོན་ཏན་ནི། རྩ་བ་ལས།

དེ་ཡི་ལེགས་བཤད་རིགས་པའི་ཆོས། །

བློ་གྲོས་ཅུང་ཟད་གསལ་བྱས་པ། །

རབ་འབྱམས་གཞུང་ལུགས་སྨྲ་བ་ཡི། །

ཞེས་འབྱུང་བ་ནི། རྗེ་ཞྭ་དམར་དྲུག་པས་སློབ་དཔོན་འདི་ཉིད་ཀྱི་དྲུང་དུ་གཏུགས་ནས། དེ་ཡི་ལེགས་བཤད་རིགས་པའི་ཆོས་གཞུང་ལུགས་སྤྱི་དང་། བྱེ་བྲག་ཚད་མའི་སྙིང་པོ་བསྡུས་པའི་གཞུང་དོན་ལ་བློ་གྲོས་ཀྱི་སྣང་བ་གསལ་བར་བྱས་ཤིང་། མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་ལ་སྨྲ་བའི་དབང་ཕྱུག་ཏུ་གྱུར་པར་བསྟན་ཏོ། །དེ་ཡང་ཉིད་ཀྱིས་མཛད་པའི་རྣམ་ཐར་རང་བྱས་གསལ་བ་ལས།

ལོ་བཅུའི་དུས་ནས་བསྡུས་པ་རྫས་ལྡོག་སོགས། །

བསླབ་སྦྱངས་གྲྭར་ཞུགས་བློ་གྲོས་ཅུང་ཟད་སྐྱེས། །

ལྷ་མིའི་ཆོས་ལུགས་རྣམས་ལ་རིག་པ་གསལ། །

གྲྭ་སར་དབང་རྣོན་བྱས་པ་དེ་ལ་འདུད། །

བཅུ་དྲུག་ལོན་ཚེ་མཁས་གྲགས་ལོ་འདོད་སྐྱེས། །

དགའ་ལྡན་བྱམས་པ་གླིང་གི་ཆོས་འཁོར་དུ། །

གཞུང་ལུགས་རྣམས་ལ་བཤད་པ་གྲྭ་བསྐོར་བྱས། །

རབ་འབྱམས་སྨྲ་བར་གྱུར་པ་དེ་ལ་འདུད། །

ཅེས་དང་། ཟླ་ཕྲེང་ཞྭ་དམར་དྲུག་པའི་རྣམ་ཐར་གྱི་ཐད་དུ། གསེར་མདོག་ཅན་དང་། པ་ནམ་དུ་ཕེབས་མངོན་རྟོགས་རྒྱན་གྱི་ལྗགས་བཤད་གནང་། གཞུང་མང་པོ་ཐུགས་ལ་འཛིན་པ་ཚོགས་རྒྱུགས་སྤྲད་དེ། ཇི་སྐད་དུ།

ཉམ་ཆུང་བདག་གིས་བཟུང་བའི་རིམ་པ་ལ། །

དབུ་མ་རྩ་ཤེའི་འགྲེལ་པ་ཚིག་གསལ་དང་། །

དབུ་མ་འཇུག་པ་རང་འགྲེལ་དང་བཅས་པ། །

རྒྱ་རོལ་ཉི་སྣང་འགྲེལ་པ་དོན་གསལ་དང་། །

རྒྱུད་བླ་མདོ་སྡེ་རྒྱན་གྱི་འགྲེལ་པ་རྣམས། །

ཤེར་ཕྱིན་ཕྱོགས་ཀྱི་བཟུང་བའི་རིམ་པའོ། །

འདུལ་བ་རྒྱ་ཆེར་འགྲེལ་དང་རང་འགྲེལ་དང་། །

འོད་ལྡན་དང་ནི་འདུལ་བའི་ལུང་རྣམས་ཏེ། །

འདི་རྣམས་འདུལ་བའི་ཕྱོགས་ཀྱི་གཟུང་བའི་རིམ། །

མཛོད་ཀྱི་རང་འགྲེལ་གཞོན་ནུ་རྣམ་རོལ་དང་། །

ཀུན་བཏུས་ཕུང་ལྔའི་རབ་བྱེད་མངོན་པའོ། །

ཡན་ལག་བསྟན་བཅོས་བཞི་དང་རིགས་ཐིགས་འགྲེལ། །

རང་འགྲེལ་རིགས་གཞུང་རྒྱ་མཚོ་ཚད་མའི་སྐོར། །

གསོ་རིག་ཕྱོགས་ལ་རགས་པའི་རིམ་པ་དང་། །

སྒྲ་ཡི་རིག་པ་ཆ་བསགས་མདོ་དང་ནི། །

བཟོ་རིག་བསྟན་བཅོས་ཉི་མའི་མེ་ལོང་དང་། །

ནང་དོན་རང་འགྲེལ་འགྲེལ་པ་དོན་གསལ་དང་། །

འགྲེལ་ཆེན་དྲི་མེད་འོད་དང་སྤྱོད་བསྡུས་ཏེ། །

དེ་ལྟར་སྡེ་ཚན་སུམ་ཅུ་རྩ་གཅིག་རྣམས། །

ད་ལྟ་ལྕེ་ལ་བླངས་ཤིང་གསལ་བར་བདོག །

ད་ནི་ཕལ་ཆེར་སོང་བའི་རིམ་པ་བརྗོད། །

སློབ་དཔོན་དུལ་བ་ལྷ་ཡིས་མཛད་པ་ཡི། །

རིགས་ཐིགས་འགྲེལ་དང་རྣམ་ངེས་འགྲེལ་པ་དང་། །

ས་པཎ་གྱིས་མཛད་རིགས་གཏེར་རང་འགྲེལ་དང་། །

ཤཱཀ་མཆོག་གིས་མཛད་སྡེ་བདུན་ངག་མཚོ་དང་། །

དར་མ་རིན་ཆེན་གྱིས་མཛད་ཚད་མའི་འགྲེལ། །

དེ་རྣམས་ཕལ་ཆེར་སོང་བ་ཚད་མའི་སྐོར། །

སྡོམ་གསུམ་འགྲེལ་པ་དགའ་གདོང་གིས་མཛད་སོགས། །

བལྟས་པའི་རབས་ལ་བརྗོད་ཀྱིས་མི་ལངས་སོ། །

ཞེས་པ་རང་ལོ་བཅུ་དྲུག་གི་ཐོག་ཏུ་བྲིས་པའོ་ཞེས་འབྱུང་། དཔལ་འཁོར་ཆོས་སྡེ་ནས་རྐྱང་འདུར་དང་། བྱ་གཤོང་། ཐུབ་བསྟན། བཀྲ་ཤིས་ལྷུན་པོ། གསེར་མདོག་ཅན། གྲྭ་ཚང་ཆེན་མོ། གསུང་རབ་གླིང་པ། འབྲས་ཡུལ་སྐྱེད་ཚལ་རྣམས་ཀྱི་དགེ་བཤེས་མཁས་པ་རྣམས་བསྡུས་པའི་དབུས་སུ་རྗེ་ཉིད་ཀྱིས་ཐོག་མར་འདུལ་བ་ལ་དམ་བཅའ་འཇོག་པར་མཛད་ནས། ཉིན་ཞག་འགའ་ཞིག་ལ་རིགས་ལུང་ཁོ་ནས་དུས་འདའ་བར་མཛད་པས་མཁས་པའི་གྲགས་པས་ཁྱབ། དེ་ཐམས་ཅད་ཀྱིས་ཐུན་མོང་མིན་པའི་དད་པ་ཐོབ།  ཅེས་ཆུང་ངུའི་དུས་ནས་ཡོངས་སུ་གྲགས་པའི་བཤད་པའི་གྲྭ་ས་རྣམས་སུ་གཞུང་ཆེན་ལ་འཆད་རྩོད་ཀྱི་མཁྱེན་པ་ཤིན་ཏུ་རྒྱས་པ་ཞིག་བྱུང་བར་མངོོན་ཏེ། བྱ་བྲལ་ངག་དབང་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་ས་སྐྱ་པའི་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་རྣམ་ཐར་བྱིན་རླབས་ཀྱི་ཆར་རྒྱུན་དད་པའི་དབྱར་མཚོ་རྒྱས་བྱེད་ལས་ཀྱང་།  ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་ལོ་དགུང་ལོ་ཉེར་དགུའི་སྟེང་དུ་ཕེབས་མཚམས། དགུན་ཆོས་སྟེང་དུ་བཀའ་བརྒྱུད་ཡོངས་ཀྱི་གཙུག་རྒྱན་ཐུབ་པའི་བསྟན་པ་དང་། གཞུང་ལུགས་མཐའ་དག་དང་། གཞན་ཡང་མཁྱེན་ཡངས་དཔག་མེད་རྒྱས་པ་རྒྱལ་དབང་ཀརྨ་པ་ཞྭ་དམར་ཐམས་ཅད་མཁྱེན་པ་སྤྲུལ་སྐུ་གར་གྱི་དབང་ཕྱུག་དེ་ཉིད་ངམ་རིང་ཆོས་སྡེ་ཆེན་པོར་བསྟན་པའི་རྣམ་གཞག་ལ་འཁོར་མཁས་གྲུབ་དུ་མའི་ཚོགས་དང་། སྡེ་དཔོན་རིགས་ཡང་བྲན་གྱི་ཚོགས་མང་པོས་བསྐོར་ཏེ་ཆིབས་ཀྱི་ཁ་ལོ་བསྒྱུར་བའི་སྒོ་དོད་པ་དང་། མདོག་དཀར་གུང་དེ་ངམ་རིང་ཆོས་སྡེ་ཆེན་པོའི་ལས་ཆེན་དགོས་པའི་གྲྭ་ཚང་ཞིག་ཡིན་པས་བགྲེས་ཐོག་སྐུ་ཡོན་ཆེ་བ་འགའ་ཡོད་ཀྱང་སྤྲུལ་པའི་སྐུ་དེ་མཁྱེན་པའི་སྒྲ་དབྱངས་མཐོ་བར་བརྟེན་སྐུ་ཡོན་ཆེ་ངེས་པ་ཞིག་གཞུང་བསྐྱུར་མཁན་ལ་མི་དགོས་ཁ་མེད་ཀྱི་བྱང་ཆོས་རྒྱལ་མཆོད་ཡོན་བཀའ་བགྲོས་ཏེ། དམ་པ་འདི་ཉིད་སྐུ་ན་གཞོན་ཡང་ལས་ཆེན་སློབ་དཔོན་དུ་བསྐོ་བཞག་གནང་ཞིང་སྤྲུལ་པའི་སྐུ་དེ་ཉིད་ཀྱིས་སླར་ཆོས་སྡེ་ཆེན་པོར་གཏན་ཚིགས་རབ་དབྱེ་མ་ལྟ་བུ་ལའང་། རྒྱ་བོད་ཆོས་བོན་སོ་སོའི་བཤད་ཚུལ་མི་འདྲ་བ་བཅུ་གཅིག་རང་གནང་བ་སོགས་གཞུང་ལུགས་མཐའ་ཡས་པ་ལ་བཤད་ཚུལ་སྦྱོར་བཀོད་བསམ་ལས་འདས་པ་གནང་བ་ལ། དམ་པ་འདི་ཉིད་ཀྱིས་གང་ལ་གང་དགོས་ཐམས་ཅད་ཐོགས་མེད་དུ་བྱུང་འདུག་ཅིང་། ལོ་དེ་ཉིད་ལ་འདུལ་བའི་སྤྱི་དོན་ཆེན་མོ་འདིའི་ཕམ་པའི་སྐབས་ཡན་ཆད་ཀྱི་གསུང་རྩོམ་ཡང་གནང་འདུག་གོ །སྤྲུལ་པའི་སྐུ་དེ་ཉིད་ཕྱིས་ལ་སྟོད་ལྷོ་ཕྱོགས་སུ་ཆུ་དབར་སྒྲུབ་སྡེ་གསར་འཛུགས་སོགས་ལ་ཕེབས་སྐབས་བསྟན་པའི་སྐུ་ཆགས་ཀྱི་ཞིང་ཁམས་འཕྲལ་དུ་བརྗེས་པ་མ་གཏོགས། དམ་པ་འདིའི་ཕྱི་ནང་གསང་བའི་སྐུའི་ཡོན་ཏན་གྱི་སྙན་པ་གསན་ཅིང་དགོངས་པར་བཞུགས་པ་ལ་བརྟེན་གསང་བའི་བླ་མར་བཞེས་པའི་སྒོ་དོད་ངེས་སུ་བྱུང་འདུག་ཅེས་ཀྱང་ཐོས་སོ། །  ཞེས་འབྱུང་བས་སྐབས་དེ་དུས་རྗེ་འདིའི་མཁས་པའི་སྒྲ་དབྱངས་ཀཾ་ཚང་ཙམ་དུ་མ་ཟད་རིས་མེད་གྲུབ་མཐའ་གཞན་ལའང་མངོན་པར་མཐོ་བ་ཤེས་ནུས་སོ། །

ཐུགས་རྩོམ་མཛད་པའི་བསྟན་བཅོས་ཀྱི་རིགས་ཀྱང་། ཕྱི་ནང་གི་དབྱེ་བ། བཀའ་ཆེན་བཞི་དབུ་མ་དང་ལྔ་ཡི་ཐལ་ཕྲེང་། རྗེ་ཡབ་སྲས་ཀྱི་འཁྲུངས་རབས་རྣམ་ཐར། རྗེ་དགུ་པའི་རྣམ་ཐར། སྡོམ་པ་ཐག་དྲྭ་མའི་ཤེས་བྱེད། དཔག་བསམ་འཁྲི་ཤིང་གི་མེ་ཏོག དབུ་མའི་སྤྱི་དོན། ཚོགས་ཆོས་མུ་ཏིག་ཕྲེང་བའི་འགྲེལ་པ། བདེ་དགྱེས་སོགས་ཀྱི་སྒྲུབ་ཐབས། བསྟན་བཅོས་འཆི་མེད་བདུད་རྩི་སོགས་དང་། བྱང་ཆུབ་སེམས་དཔའ་ཀྲི་ཀྲིའི་རྟོགས་བརྗོད་ལེགས་སྦྱར་ནས་བོད་བསྒྱུར་མཛད་པ་སོགས་རྣམ་ཐར་དུ་གསལ་བ་ཁག་དང་།གདམས་པ་ཚིགས་སུ་བཅད་པ་ཉེར་ལྔ་པ་དང་། སྤྱི་ལན་རིང་མོ། བསྟན་པ་རྒྱ་མཚོ། བལ་ཡུལ་གྱི་ལམ་ཡིག །མཛོད་ཀྱི་སྤྱི་དོན་དབྱིག་གཉེན་བཞེད་པ། ཚད་མའི་སྤྱི་དོན་འཇམ་དབྱངས་བཞད་པ། འདུལ་བའི་སྤྱི་དོན། ཆོས་དྲུག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ་སོགས་ད་ལྟའང་མཐོང་ཐོས་ཀྱི་སྐལ་བར་བཞུགས་པ་རྣམས་མཇལ་ན་ཚིག་དོན་གཉིས་ཆ་ནས་ཁྱད་དུ་འཕགས་ཤིང་། གསུང་གི་འགྲོས་དང་སྒྲ་འཇམ་རྩུབ་སོགས་ལ་དཔག་ན་ཐུན་མོང་བསྡུས་པའི་བསྟན་བཅོས་འདི་རྗེ་ཉིད་ཀྱི་གསུང་དུ་ངེས་པ་རྙེད་པར་འགྱུར་བ་ཡིན་ནོ། །

བཞི་པ་མཛད་པ་པོའི་མཚན་དངོས་སྨོས་པ་ནི། རྩ་བ་ལས།

ཆོས་ཀྱི་དབང་ཕྱུག་ཅེས་བྱའམ། །

དགེ་སློང་འཇམ་དབྱངས་བཞད་པས་བཀོད། །

ཅེས་འབྱུང་། འདིར་ཆོས་ཀྱི་དབང་ཕྱུག་དང་། འཇམ་དབྱངས་བཞད་པ་ཞེས་འབྱུང་བ་ནི་གཞུང་འདིའི་མཛད་པ་པོ་གར་དབང་དྲུག་པའི་མཚན་གྱི་རྣམ་གྲངས་ཡིན་ཏེ། མཁས་གྲུབ་ཀརྨ་ཆགས་མེད་ཀྱི་རི་ཆོས་ལས།

བརྒྱུད་པ་གང་ཡིན་ཐེ་ཚོམ་ཟ་བ་ན། །

ཚིག་གི་བརྒྱུད་པ་རྒྱ་ཆེ་གྲངས་མང་ཡང་། །

དོན་གྱི་བརྒྱུད་པ་ཟུང་འཇུག་བརྒྱུད་རིམ་ཡིན། །

བླ་མ་གང་ཡིན་ཐེ་ཚོམ་ཟ་བ་ན། །

འབྲེལ་ཐོབ་སློབ་དཔོན་སུམ་ཅུ་སོ་བགྲང་ཡང་། །

རྩ་བའི་བླ་མ་བྱང་ཕྱོགས་པཎྜི་ཏ། །

འཇམ་དབྱངས་བླ་མ་ཆོས་ཀྱི་སྣང་བ་ཅན། །

འཇམ་དབྱངས་གསར་དུ་བཞད་པ་ཞེས་བྱ་བ། །

ཀུན་མཁྱེན་དྷརྨེ་ཤྭ་ར་ཉིད་ཡིན་ནོ། །

ཞེས་འབྱུང་བའི་ཕྱིར་རོ། །གཞན་ཡང་གར་དབང་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་བསྡུས་པའི་རྩ་ཚིག་དང་དེའི་འཆད་ཉན་གྱི་རྒྱུན་བཞུགས་ཡོད་ཚུལ་ནི། རྗེ་ཞྭ་དམར་པ་སྐུ་གཤེགས་ནས་ལོ་ངོ་བརྒྱ་ཕྲག་གཅིག་ཙམ་གྱི་རྗེས་སུ་བྱོན་པའི་སི་ཏུ་པཎ་ཆེན་བསྟན་པའི་ཉིན་བྱེད་ཀྱི་རང་རྣམ་དྲི་བྲལ་ཤེལ་གྱི་མེ་ལོང་ལས། སྐབས་འདི་ཤེད་དུ་འབྲས་ཡུལ་སྐྱེད་ཚལ་གྱི་དྲུང་རམས་པ་བསོད་ནམས་རྣམ་རྒྱལ་ལས་སྡུད་སྦྱོར་བསླབ་ཅིང་ཐོག་མའི་ཚིག་བཀྲར་སྐུ་ཡིན་ན་གཟུགས་སྐུ་མ་ཡིན་པ་བུད་ཟེར་ན། ཆོས་སྐུ་ཆོས་ཅན་སོགས་ནས་གཞི་བླངས་ཏེ་བརྩིས། རྗེ་ཆོས་ཀྱི་དབང་ཕྱུག་གིས་སྩལ་བའི་ཐུན་མོང་བསྡུས་གྲའི་སྡོམ་ཚིག་བློར་བཟུང་བས་ཐད་ཀའི་གོ་བ་འཕྲལ་དུ་ཤར་བར་དཀའ་ཚེགས་མ་བྱུང་ཡང་། བསྡུས་པ་སྤྱིའི་གོ་བབ་དང་། ཡིན་འགྱུར་མིན་འགྱུར་ཡོད་ལོག་མེད་ལོག་སོགས་འབྲེལ་མེད་ཀྱི་ཚིག་འཁྲིའི་འགལ་བརྟག་ཚོར། གཞུང་དོན་ཟབ་རྒྱས་གཏན་ལ་འབེབས་པའི་ཚེ་འདི་ལྟའི་དགོས་པ་ཅི་ཞིག་སྙམ་ནས་སྩོལ་བ་སྐྱེད་སྙིང་འདོད་པ་རང་མ་བྱུང་།  ཞེས་གསལ་བར་འབྱུང་ཞིང་། དེ་བཞིན་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་ཤེས་བྱ་ཀུན་ཁྱབ་ལས།

ཤེས་བྱ་གཞལ་བྱ་གཞི་གྲུབ་ཡོད། །

ཆོས་དང་གཞི་དང་རྟེན་འབྲེལ་དང་། །

དམིགས་པ་ཡུལ་ཅན་ཆོས་རྣམས་ནི། །

ཁྱབ་མཉམ་དབྱེ་གཞི་ཆོས་ཅན་ཡིན། །

ཅེས་པ་ལྟར་མིང་གི་རྣམ་གྲངས་དེ་ལྡན་གྱི་ཤེས་བྱ་ནི་དབྱེ་གཞི།

དབྱེ་ན་དངོས་པོ་རྟག་པ་གཉིས། །

དགག་སྒྲུབ་མཚན་མཚོན་མཚན་གཞི་གསུམ། །

བྱས་དང་མ་བྱས་སྐྱེས་མ་སྐྱེས། །

འདུས་བྱས་མ་བྱས་དངོས་དངོས་མེད། །

 

འཇིག་དང་མི་འཇིག་ལ་སོགས་པའོ། །

ཞེས་སྤྱི་ཡི་དབྱེ་བ་དང་། དེ་ལས་བྱེ་བྲག་རྒྱ་ཆེར་དབྱེ་བ་ནི་ཆོས་ཀྱི་དབྱེ་བ།

རྫས་ལྡོག་འགལ་འབྲེལ་སྤྱི་བྱེ་བྲག །

མཚན་མཚོན་རྒྱུ་འབྲས་ཡོད་མེད་རྟོགས། །

ཡིན་མིན་ལོག་དང་རྗེས་འགྲོ་ལྡོག །

དགག་གཞི་བརྩི་ཚུལ་སྔ་ཕྱི་བཙན། །

སྐོར་འབེབས་དང་ནི་བཅུ་གསུམ་ཡོད། །

ཅེས་ནང་གསེས་ཀྱི་དབྱེ་བ་དང་བཅས་པ་ནི་ངེས་པར་བྱ་བའི་རྣམ་གཞག །

ཤེས་པར་འདོད་པའི་ཆོས་ཅན་དང་། །

བསྒྲུབ་བྱའི་ཆོས་སུ་བཟུང་བྱ་དང་། །

ཤེས་བྱེད་ཀྱི་ནི་གཏན་ཚིགས་གསུམ། །

ཐལ་ངག་དགོད་པའི་རྒྱུ་ཡིན་ནོ། །

ཞེས་སོགས་ངེས་བྱེད་ཐལ་འགྱུར་ཁྱབ་ལན་དང་བཅས་པ་དང་།

གཞན་ཡང་བསྡུས་པའི་རིག་པ་ལ། །

དཔྱད་ན་ཐོག་མཐའ་མི་རྙེད་ཅིང་། །

དབུས་སུའང་གནས་པར་མི་འགྱུར་ཏེ། །

ཁས་བླངས་ཐམས་ཅད་འཇིག་པར་འགྱུར། །

ཐོག་མཐའ་མེད་ཅིང་དབུས་མི་དམིགས། །

ཁས་བླངས་མེད་ཅིང་གྲུབ་མཐའ་མེད། །

དེ་ཚེ་དབུ་མ་ཆེན་པོ་འོ། །

ཞེས་པ་ལྟར་ཚད་འབྲས་དངོས་པོ་ཐམས་ཅད་བདག་མེད་སྤྲོས་བྲལ་གྱི་ཐོག་ཏུ་གཏན་ལ་འབེབས་པ་ནི་ལྟ་བ་དབུ་མར་འཇུག་པ་སྟེ་གར་དབང་ཆོས་ཀྱི་དབང་ཕྱུག་ལ་སོགས་པ་སྒྲུབ་བརྒྱུད་རིན་པོ་ཆེའི་སྐྱེས་ཆེན་རིགས་པའི་དབང་ཕྱུག་རྣམས་ཀྱིས་རྣམ་པར་བཞག་པའི་བསྡུས་པ་སྟེ། རྒྱས་པར་གཞུང་ཉིད་དུ་ལྟ་བ་ལས་འདིར་བསྡུ་མི་ནུས་ཤིང་།  ཞེས་བསྡུས་པའི་རྩ་ཚིག་འདིའི་ལུང་འདྲེན་མཛད་པ་སོགས་ཀྱིས་ཀྱང་བསྡུས་པ་འདི་ཉིད་གར་དབང་དྲུག་པས་མཛད་པ་ནི་ཡོངས་སུ་གྲགས་པ་ཞིག་ཡིན་པར་བསྟན་ཏོ། །

དུས་ཕྱིས་ཐུན་མོང་བསྡུས་པའི་རྩ་ཚིག་འདིའི་མཛད་པ་པོ་འཇམ་དཔལ་སྙིང་པོའི་རིང་ལུགས་འཛིན་པ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་ཡིན་ཟེར་བ་དང་། ཡང་གདན་ས་བཀྲ་ཤིས་ལྷུན་པོའི་མཁས་པ་འཇམ་དབྱངས་ཤཱནྟི་པ་བློ་གྲོས་རྒྱལ་མཚན་ཡིན་ཟེར་བ་གཉིས་བྱུང་ཞིང་། སློབ་བརྒྱུད་རྣམས་ཀྱིས་ད་ལྟའང་འཆད་ཉན་མཛད་བཞིན་པ་ཡིན་མོད། གོང་དུ་སྨོས་པའི་རྒྱུ་མཚན་དེ་དག་དང་། ལྷག་པར་ལྟ་བ་དབུ་མར་འཇུག་ཚུལ་གསུངས་པའི་སྐབས་ཀྱི་བརྡ་ཆད་རྣམས་དགེ་ལྡན་པར་ཡོངས་སུ་གྲགས་པའི་ཆོས་སྐད་དང་མི་མཐུན་པ་སོགས་དཔྱད་དགོས་པ་མང་དུ་སྣང་ངོ་། །གང་ལྟར་ཡང་རང་རེ་རྣམས་ཀྱིས་ད་ལྟ་བསྡུས་གཞུང་འདི་ཉིད་མཇལ་བའི་སྐལ་པ་ཡོད་པ་ནི་ཇོ་བོ་དགེ་ལྡན་པ་རྣམས་ཀྱི་བཀའ་དྲིན་ཡིན་པས་བྱས་པ་ཤེས་ཤིང་དྲིན་གཟོ་བར་བྱའོ། །མདོར་ན་བསྡུས་པའི་རྩ་ཚིག་འདིར་ཁྱད་པར་དུ་འཕགས་པའི་ཡོན་ཏན་དུ་མ་ཞིག་ལྡན་པ་ཡིན་ཏེ། བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོའི་ཀུན་མཁྱེན་བར་པའི་དོན་བདུན་ཅུའི་རྣམ་གཞག་གི་གསུང་བཤད་ཟིན་ཐོ་ཞེས་བྱ་བ་ལས་བསྡུས་རྩ་ལས་གྲལ་དུ་སྐྱབས་མགོན་ལ་ཞུས་པར། ཀུན་མཁྱེན་གསུང་ཡིན་མིན་མི་ཤེས་གསུངས། གཞན་ལ་སྐལ་ལྡན་གྱི་ཡིན་ནམ་གསུངས་ཟེར་ཡང་དེའི་བསྡུས་རྩ་ཟུར་དུ་ཡོད། རྩོད་ཚུལ་མང་བས་གང་ལྟར་ལེགས་པར་ཡོད། ཅེས་བསྔགས་པར་མཛད། དེ་དང་མཐུན་པར་གུང་ཐང་ཨ་ཁུ་བློ་གྲོས་རྒྱ་མཚོས་མཛད་པའི་བསྡུས་སྦྱོར་སྙིང་པོ་ཀུན་བཏུས་རིགས་པའི་མཛོད་ཀྱི་དགོངས་དོན་གསལ་བར་བྱེད་པ་ཀུན་གསལ་མེ་ལོང་ལས་ རྗེ་པྲཛྙའི་མཚན་ཅན་གྱི་ཕར་ཕྱིན་དོན་བདུན་ཅུའི་ཟིན་བྲིས་ན་སྐྱབས་མགོན་བར་པས་འདི་ཀུན་མཁྱེན་གྱི་གསུང་ཡིན་མིན་མི་ཤེས་གསུངས་པ་ཆ་པའི་ལུགས་སོགས་ལ་ཡིག་ཆའི་གསུངས་ཚུལ་དང་མི་མཐུན་པ་མང་བས་ཡིན་ནམ། འདིར་མཛད་བྱང་ཡང་གསལ་པོར་ཡོད་ལ། བརྗོད་དོན་འདུས་ཆེ་ཞིང་རྩོད་ཚུལ་ཡང་ཁྱད་པར་དུ་འཕགས་པ་ཆེས་མང་བས་ཀུན་མཁྱེན་གྱི་གསུང་ཡིན་པར་ངེས་སོ། ། ཞེས་གསུངས་ཤིང་། དུས་ཕྱིས་བྱོན་པའི་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་དཀའ་ཆེན་བློ་བཟང་བཟོད་པས་མཛད་པའི་འགྲེལ་པ་ལུང་རིགས་སྨྲ་བའི་རྒྱན་ལས་ཀྱང་། བསྡུས་རྩ་འདི་ནི་རྗོད་བྱེད་ཚིག་གི་སྡེབ་སྦྱོར་ལེགས་ཤིང་གཟུང་བདེ་བ། མདོ་སྔགས་ཀྱི་ལམ་ཆ་ཚང་བར་སྟོན་པའི་བརྗོད་བྱ་རྒྱ་ཆེ་ཞིང་དོན་དང་ལྡན་པ། གདན་ས་འདིར་བྱོན་མཁས་གྲུབ་ཕལ་ཆེ་བས་དང་པོ་སློབ་གཉེར་སྐབས་གཞུང་འདི་ཉིད་བློར་བཟུང་ནས་འབེལ་གཏམ་བགྱིད་ཅིང་། པཎ་ཆེན་ཐམས་ཅད་མཁྱེན་པ་ཆོས་ཀྱི་ཉི་མས་ཀྱང་གཞུང་འདི་ཉིད་ཐུགས་ལ་བཟུང་ནས་བསྔགས་བརྗོད་མཛད་པ་སོགས་བསྡུས་གཞུང་འདི་ཉིད་ཆེ་བའི་ཡོན་ཏན་མཐའ་ཡས་པ་དང་ལྡན་ནོ། ། གཞོན་ནུ་བློ་གསལ་ཤེས་འདོད་རྣམས། །ཞེས་སོགས་མཁས་པ་རྣམས་ཀྱིས་ལན་གཅིག་མིན་པར་བསྔགས་པར་མཛད་པས་སོ། །

ཞེས་པ་༧རྗེ་ཀརྨ་པ་བཅུ་བདུན་པས་མཛད་པའི་ཐུན་མོང་བསྡུས་པའི་རྣམ་བཤད་འཇམ་དབྱངས་བཞད་པའི་འཛུམ་ཟེར་ལས་བཤུས།

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1439