ཉེ་སྔོན་ཚ་ཚ་འུར་འུར་གྱི་བརྙན་ལམ་སྐད་ཆ”ལྟ་བའི་འགུལ་སྟངས་བྱ་འཕུར་མ”ཞེས་བྱ་བ།
མགར་ཐང་དཀར།མཚོ་ལྷོ།
ཉེ་ལམ་དྲ་ལམ་ཁག་སོ་སོ་ནས་གཞས་མ་གཡང་ཕྱུག་མཚོའི་གླུ་གཞས་གསར་པ«ཨ་ཅེ་འབྲུག་མོ»ཞེས་པ་དེར་ལྟ་ཚུལ་འདྲ་མིན་སྣ་ཚོགས་ཤིག་ཚ་ཚ་འུར་འུར་གྱིས་སྒྲོག་གིན་འདུག སྤྱིར་གླུ་གཞས་ཀྱང་སྒྱུ་རྩལ་ཞེས་པ་དེའི་བྱེ་བྲག་ཅིག་ཡིན་མོད།འོན་ཀྱང་དེང་གི་ཆ་འདིར་གླུ་གར་སྒྱུ་རྩལ་གྱིས་མ་གཞིའི་སྒྱུ་རྩལ་ཞེས་པའི་མིང་ཚིག་འདིའི་བརྒྱ་ཆའི་ཅིག་ཤོས་ཤིག་ཟིན་ཡོད་པ་འདྲ།ཡིན་ཡང་དྲ་ལམ་གྱི་ལྟ་ཚུལ་དེ་དག་ནི་ཕྱོགས་གཉིས་སུ་གྱེས་ཡོད་པ་འདྲ་སྟེ།”སྤྱི་ཡོངས་རང་བཞིན”དང”སྒེར་སྡོམ་གྱི་བསམ་ཚུལ”གཉིས་སོ།།
གསན་མཁན་ཁ་ཅིག་གིས་གཡང་ཕྱུག་མཚོ་ནི་སྐད་གཉིས་སྨྲ་བའི་གླུ་མ་དང་སྒྱུ་རྩལ་པ་སྔོན་ཐོན་ཅན་ཞིག་ཡིན་ཞིང་། ཁོ་མོས་ཐུན་མིན་གྱི་མི་རིགས་གླུ་གར་སྒྱུ་རྩལ་གྱི་ཉིང་བཅུད་དང་ཁྱད་ཆོས་སོགས་རྒྱལ་ཁབ་ཕྱི་ནང་ལ་བསྒྲགས་ཡོད་ཅིང་། ཁོ་མོའི་གཙོ་འཁྲབ་པ་གཉིས་པ་བྱས་པའི་གློག་སྙན་བརྩམས་ཆོས«ཐར་ལོ»ཡིས་རྒྱལ་ཕྱི་ནང་ལ་དུས་བབས་རང་བཞིན་གྱི་ཆར་ཆེན་ཆེན་པོ་ཞིག་ཕབ་པ་རེད་ཅེས་བཤད་ཀྱིན་ཡོད། ཡིན་ཡང་བསམ་ཚུལ་སྒེར་སྡོམ་པ་ཁ་ཅིག་གིས་གཡང་ཕྱུག་མཚོ་ནི་མི་རིགས་གླུ་གར་ཞེས་པ་ངོ་མི་ཤེས་ཤིང་མི་རིགས་གླུ་གར་གྱི་མ་འོངས་ཁ་ཕྱོགས་བསྒྱུར་མཁན་གྱི་གླུ་བ་གླུ་མ་དེའི་རིགས་རེད་ཅེས་ཁ་ཚོན་སྦད་དེ་གཅོད་ཀྱིན་གདའ།
བསམ་གཞིག་རེ་བཏང་ན་ང་ལ་བསམ་ཚུལ་དེ་གཉིས་ལས་མ་འགལ་བ་ཞིག་བཤད་རྒྱུ་མེད་པ་འདྲ་སྟེ། རྒྱུ་མཚན་ངས་གཡང་ཕྱུག་མཚོ་ཞེས་པའི་གླུ་མའམ་འཁྲབ་སྟོན་པ་འདིའི་གླུ་གཞས«ཧི་མ་ལ་ཡི་སྲས་མོ»དང་གློག་བརྙན«ཐར་ལོ»སོགས་ལ་ལྟ་དུས་དངོས་གནས་ཐུན་མིན་གྱི་བོད་དྲི་ཞིམ་པོ་ཞིག་ལས་ཅི་ཡང་མ་ཚོར་བ་འདྲ་མོད།ཡིན་ཡང་ཕྱོགས་གཞན་ཞིག་ནས་བལྟས་ན་སྒེར་སྡོམ་གྱི་བསམ་ཚུལ་དེ་དག་ཀྱང་མཐའ་གཅིག་ཏུ་སྙིགས་མ་རུ་བརྩིས་ནས་གཡུག་བཞག་ན་མི་འགྲིག་སྟེ། དཔེར་ན་སྒེར་སྡོམ་པ་དག་གིས་བཤད་པའི་མི་རིགས་གླུ་གར་ལ་ཤན་ཤུགས་ཚུལ་མིན་སྣོན་མཁན་ཞེས་པ་ལྟ་བུ་དེ་རེད།
སྤྱིར་ནས་བོད་གླུ་ལེན་དུས་འགྲོས་ཆ་དོད་པོས་མི་རིགས་ཀྱི་སྐད་དང་མཐུན་ཞིང་གླུ་ཚིག་ངོས་ཐད་དུ་རྒྱའི་འགུག་སྟངས་མང་པོ་ཁྱེར་མ་ཡོང་ན་རབ་འདུག་སྙམ། རྒྱུ་མཚན་ངས་མི་རིགས་གཞན་གྱི་རིག་གནས་ལ་མཐོང་ཆུང་དང་ཕྲག་དོག་བྱེད་པ་རྩ་བ་ནས་མིན་ཏེ་ར་མགོ་ལུག་ལ་སྦྱར་ན་དེ་འདྲའི་ཁྱད་ཆོས་ཅི་རིགས་འཛོམས་པའི་མི་རིགས་ཀྱི་གླུ་དག་མ་ཞིག་ཨེ་འཁྱོངས་འཕྱང་མོ་ཉུག དེའི་རྐྱེན་གྱིས་ངས་ལན་རེར་རང་ཉིད་མཐར་ལྷུང་རིང་ལུགས་པ་ཞིག་ཡིན་ཞེས་མི་སྒྲུབ་ཐབས་མེད་དུ་ཆགས་ཀྱི་ཡོད།
ཐེངས་འདིའི་གཡང་ཕྱུག་མཚོའི་གླུ་གཞས་གསར་པ«ཨ་ཅེ་འབྲུག་མོ»ཞེས་པ་འདིར་ཉན་མ་ཐག་ནས་རྒྱའི་མགྱོགས་ལེན་གླུ་མ་ཞིག་གི་འགུག་སྟངས་དང་འདྲ་ཞིང་།སྤྱིར་བཏང་བོད་པ་ཞིག་གིས་ཉན་ཀྱང་མི་འདོད་པའི་ཚོད་རེད་སྙམ། རྒྱུ་མཚན་ཆབ་འགག་ལགས་ཀྱི་གཞས་ཚིག་ལན་སོང་བ་མ་ཡིན་པར་རོལ་མོ་དང་རོལ་མོར་བརྟེན་དྲགས་པའི་འགུག་ལུགས་ལན་སོང་བ་རེད་སྙམ། སྤྱིར་བོད་གླུ་ལ་དྭངས་ཆ་དང་ལྷོད་ཆ་ཡོད་ན་ད་གཟོད་ཉན་སྤྲོ་ལ།མཐོ་གདངས(高音)དང་དམའ་གདངས(低音)ཡོད་ན་ལྷག་ཏུ་ཉན་སྤྲོ་བ་ཞིག་རེད་སྙམ། མ་གཏོགས་ངས་ཕུལ་བྱུང་སྒྱུ་རྩལ་པ་གཡང་ཕྱུག་མཚོ་ལ་འདོད་མི་འདོད་ཅི་རིགས་ཤིག་རྩ་བ་ནས་ལབ་ཀྱི་མེད་ལ། དེ་འདྲ་ལབ་དགོས་དོན་ཡང་མི་འདུག་སྟེ་རྒྱུ་མཚན་ངེད་གཉིས་ཡུལ་ཕྱོགས་གཅིག་པ་ཡིན་ཞིང་ཁོ་མོ་ནི་ཕ་ཡུལ་གྱི་སྙན་པ་སྒྲོག་མཁན་དེའི་རིགས་སུ་ཐེ་བས་སོ།།
མཐར་ཀློག་པོ་དང་ལྟ་ཚུལ་བརྗོད་མཁན་དག་གིས་ཐེངས་འདིའི་དྲ་ལམ་ཉོག་ནག་འདི་ལ་མུ་ནས་རྩོད་པ་ཆེར་མི་རྒྱག་པར་རང་རང་གི་ལྟ་ཚུལ་ཡང་དག་ཡིན་སྙམ་ན་ཤོག་ངོས་སུ་ཕབ་སྟེ་ཀློག་པོ་ཡོངས་ལ་གཟིགས་རྟེན་དུ་ཕུལ་རྒྱུ་རེ་བ་ཧ་ཅང་ཆེའོ།། དེའི་འཕྲོར་གཞས་མ་གཡང་ཕྱུག་མཚོའི་སྒྱུ་རྩལ་གྱི་ལམ་ཁ་སྔར་ལས་ཡངས་པའི་བཀྲ་ཤིས་སྨོན་ལམ་དང་བཅས་མཇུག་གྲུབ་བོ།།
གསལ་བཤད། ཁ་བརྡ་འདི་འགྲིག་ཅེས་ནན་བྱས་མེད་ལ་མི་འགྲིག་ཅེས་མཐར་ཡང་གཡུག་མེད་པས་ཀློག་པ་པོ་དག་གིས་རང་རང་སྒེར་གྱི་ལྟ་བ་ལྟར་གོ་བ་བླངས་ཆོག་ཅིང་།ཞུ་དག་གི་མཆན་ཀྱང་དེ་དེ་བཞིན་སྤེལ་བར་རེ་བ་ནན་གྱིས་ཞུའོ།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1423
དཔྱད་མཆན་སྤེལ།