གྲོགས་ལེགས་མཐོང་ལ་ཕུལ།

རྩོམ་པ་པོ།  བླང་དོར་བ།

མདོ་དང་སྔགས་ཀྱི་ཟབ་ཆོས་འཆད་པའི་ཚེ། །

ཐུན་མིན་མཆོག་གི་མན་ངག་མང་མོད་ཀྱང་། །

མདོ་སྔགས་ཀུན་ལས་ལྷག་པའི་གསང་ལམ་མཆོག །

ལྷན་ཅིག་སྐྱེས་སྦྱོར་ཨེ་མ་ངོ་མཚར་ཆེ། །

 

ཁ་སྔོན་དྲྭ་གྲོགས་ལེགས་མཐོང་ལགས་ཀྱིས་ཕྱག་ཆེན་གཅིག་པུས་སངས་རྒྱས་དཀའ་ཟེར་བའི་རྩོམ་ཡིག་མི་ཉུང་བ་ཞིག་བྲིས་མཛད་འདུག་ཅིང་། ངས་ཀྱང་དོ་སྣང་ཆེན་པོས་ཚར་ཁ་ཤས་བཀླགས་པ་ཡིན། ཚིག་སྦྱོར་དང་རྩོམ་གཤིས་གང་ཅིའི་ཐད་ནས་ཡག་པོ་འདུག ང་རང་སྒེར་གྱི་ཚོར་སྣང་ལྟར་ན། རྩོམ་འདིའི་བརྗོད་བྱ་ལ་དཔྱད་དགོས་པའི་དོན་འགའ་ཤས་རེ་ཡོད་པར་སྣང་ལ། ཁྱུང་པོ་རྣལ་སེམས་ལགས་ཀྱིས་ཀྱང་འདི་དག་ལ་དཔྱད་པ་རེ་ངེས་པར་དགོས་འདུག་ཅེས་བཀའ་སྩལ་བས། ད་ཐེངས་དཔྱད་གཞི་ཅུང་ཟད་རེ་འབྲི་བར་འདོད། འབྲུ་འདེད་ཀྱི་སྒོ་ནས་དཔྱད་པ་ལ་དགོས་པ་ཆེར་མ་མཐོང་བས། བརྗོད་བྱ་གཙོ་ཆེ་བ་སྡེ་ཚན་གསུམ་དུ་བྱས་ནས་དཔྱད་པར་འདོད།

 

༡  དྭགས་པོའི་ལུགས་ཀྱི་ཕྱག་ཆེན་བཤད་སྲོལ་ལ་གནས་སྐབས་གསུམ་གྱི་རྣམ་བཞག་ངེས་པར་དགོས་པ།

 

ཁོང་གི་དཔྱད་གཏམ་འདི་ལ་མཁས་པ་ཚད་ལྡན་ཞིག་གིས་དཔྱད་པ་རེ་སྤེལ་ཨི་ཡོང་བསམ་ནས་རེ་སྒུག་བྱས་ཡོད་ཀྱང་མཁས་པ་སུས་ཀྱང་དཔྱད་བརྗོད་སྤེལ་གྱིན་མེད་པ་འདྲ། དགག་ལན་མི་གནང་བ་ནི་ཁོང་རྣམ་པས་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ཐམས་ཅད་འཇིག་རྟེན་ཆོས་བརྒྱད་ཀྱི་ངང་ཚུལ་དུ་གཟིགས་ཏེ་བསྟན་པ་ཉམས་ན་ཡང་ཉམས་སུ་བཅུག་པ་ཡིན་ལས་ཆེ། ཡང་ན་ཁོང་རྣམ་པ་ནི་ཧ་ཅང་མཁས་ཆེ་བས་རྩོམ་ཡིག་འདི་དག་ལ་དཔྱད་བརྗོད་བྱ་རིན་མེད་དོ་སྙམ་ནས་བཞག་མཛད་པ་ཡིན་ཀྱང་སྲིད། འོན་ཀྱང་ཁོ་བོར་མཚོན་ན་གྲོགས་ཁོང་གི་དྲྭ་རྩོམ་འདི་དག་ལ་ནུས་ཤུགས་མི་དམན་པ་ཞིག་ཡོད་འདུག་སྙམ་པའི་ཚོར་སྣང་ཧ་ཅང་ལྕི་བས་འདི་དག་གི་ཐད་ལ་དགག་སྒྲུབ་ཅུང་ཟད་བྱ་འདོད་པ་ཡིན། སྤྱིར་ཕྱག་རྒྱ་ཆེན་པོའི་ཚུལ་ལ་བཤད་སྲོལ་སྣ་ཚོགས་པ་ཞིག་ཡོད་པ་ནི་ཁྱེད་ཀྱི་དཔྱད་རྩོམ་དུ་ཡང་བཤད་འདུག་པ་ལྟར་ཡིན་ལ། འོན་ཀྱང་སྐུ་ཉིད་ཀྱིས་བཤད་སྟངས་ལ་བལྟས་ན་གནད་འགག་གཙོ་བོའམ་ཁྱེད་རྩོམ་གྱི་བརྗོད་བྱ་གཙོ་བོ་ནི་དྭགས་ལུགས་ཀྱི་ལྷན་ཅིག་སྐྱེས་སྦྱོར་དེ་གདུལ་བྱ་དབང་པོ་འབྲིང་ཙམ་ལ་བསྟན་རྒྱུའི་ཕྱག་ཆེན་གྱི་རྣམ་བཞག་ཡིན་པར་གསུངས་པ་དང་། དེ་ཡང་མདོའི་ཕྱག་ཆེན་གྱི་རྣམ་བཞག་ལས་ལོགས་སུ་མེད་པར་གསུང་པ་དེ་ཡིན་པར་སྣང་། འོན་ཀྱང་འདི་ལ་ཅུང་ཟད་དཔྱད་དུ་ཡོད་དེ། ཞིབ་ཀྱིས་བསམ་ཚེ་རང་རེའི་ལུགས་འདི་ལ་མདོ་སྔགས་ཀྱི་ཕྱག་རྒྱ་ཆེན་པོའི་བཤད་སྲོལ་སོ་སོར་ཡོད་པ་སྨོས་མི་དགོས་པར་མ་ཟད། དེ་གཉིས་ལས་ལོགས་ཤིག་ཏུ་གསང་བའི་ལམ་མཆོག་ཅེས་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་ཚུལ་ཐུན་མིན་ཞིག་ཡོད་པར་ཤིན་ཏུ་གསལ་ཡང་། སྐུ་ཉིད་ཀྱིས་རྟགས་ལྟར་སྣང་ཁ་ཤས་ཞིག་གིས་མདོ་སྔགས་གཉིས་ཀྱི་ཕྱག་ཆེན་ལས་ལྷག་པའི་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་ཚུལ་བཤད་པ་ལ་ཁུངས་མེད་གསུངས་པ་འདི་ཧ་ཅང་ཐལ་ཆེ་འདུག །ལྷན་ཅིག་སྐྱེས་པར་སྦྱོར་བའི་ཟབ་མོའི་ལམ་ལ་གོ་ཆ་གཉིས་ཡོད་པའི་ནང་གི་ལྟ་བའི་གོ་ཆ་ནི་མཚན་ཉིད་བཞི་སྦྱོར་གྱི་སྒོ་ནས་བཤད་པ་སོགས་དགེ་བཤེས་ལྕགས་རི་བ་ནས་བརྒྱུད་པའི་གདམས་ཚུལ་དང་། རྒྱ་གར་གྱི་བླ་མ་པ་ར་ཧེ་ཏ་ནས་བརྒྱུད་པ་བྱམས་ཆོས་ཕྱག་ཆེན་གྱི་ལུགས་ལྟར་བཀྲལ་ཚུལ་སོགས་ནས་འབྱུང་བ་དང་།  ཤེས་རབ་ཀྱི་གོ་ཆ་ལ་གསང་སྔགས་ཀྱི་ཐབས་དང་འབྲེལ་བའི་སྒོ་ནས་བཤད་པ་དང་། ཐེག་པ་ཐུན་མོང་གི་ཐབས་དང་འབྲེལ་བའི་སྒོ་ནས་བཤད་པ་སོགས་བཤད་ཚུལ་དུ་མ་ཞིག་ཡོད་ཀྱང་། རང་ལུགས་ཐུན་མིན་གྱི་ཉེ་ལམ་བཤད་པའི་སྐབས་འདིར་ནི་ཡེ་ཤེས་ཉིད་གཅེར་བུར་བུད་ཚུལ་དང་འབྲེལ་བའི་སྒོ་ནས་མདོ་རྒྱུད་རེ་རེ་བའི་མདོ་སྔགས་ཀྱི་ཐབས་ལམ་གྱི་སྤྲོས་པ་ཅི་ཡང་མེད་པར་ཐད་ཀར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ལ་སྦྱོར་ཚུལ་གྱི་རྣམ་པར་བཞག་པའི་ཚུལ་དང་འབྲེལ་བའི་གསང་བའི་ཉེ་ལམ་བླ་ན་མེད་པ་ཞིག་བསྟན་པ་སྟེ།  མདོར་ན་ལྟ་བའི་གོ་ཆ་ལ་ཁྱད་པར་ཆེར་མེད་ཀྱང་ཤེས་རབ་ཀྱི་གོ་ཆ་དང་འབྲེལ་བའི་ཕྱག་རྒྱ་ཆེན་པོའི་ཚུལ་ལའང་མདོ་ཙམ་གྱི་ཐབས་དང་འབྲེལ་བའི་སྒོ་ནས་བཤད་པ་དང་། གསང་བ་སྔགས་ཙམ་གྱི་ཐབས་དང་འབྲེལ་བའི་སྒོ་ནས་བཤད་པ་དང་། ཐབས་སྤྲོས་གང་གིས་ཀྱང་མ་གཡོགས་པར་ཡེ་ཤེས་ཉིད་རྗེན་གཅེར་དུ་སྦྱོར་ཚུལ་བཤད་པ་སྟེ། དེ་ལྟར་གནས་སྐབས་གཙོ་ཆེ་བ་གསུམ་ཙམ་ཡོང་གིན་པར་ཤིན་ཏུ་གསལ་ཞིང་ཕྱི་མ་ནི་སྔ་མ་གཉིས་ལས་ཀྱང་ལྷག་པར་མ་ཟད་དབང་རྣོན་ལ་གདམས་པའི་གསང་ལམ་ཡིན་ཞེས་པ་གྲུབ་འདུག་ཀྱང་། གནས་སྐབས་གསུམ་གྱི་ཞིབ་ཆ་འདི་ལྟར་མི་ཤེས་པ་དག་གིས་གསུམ་པ་འདི་དང་པོའི་ཁོངས་སུ་གཏོགས་པ་ཡིན་ཞེས་རྨོངས་གཏམ་ཐར་ཐོར་སྤྲོས་འདུག་གོ །ཁྱད་པར་དུ་ཁྱེད་ཅག་ལྟར་ན་རྗེ་མི་བསྐྱོད་པའི་གསང་གཏམ་ཡང་དག་མ་དང་སྙིང་པོ་གསང་དོན་དུ་མདོ་སྔགས་གཉིས་ཀྱི་མཐོང་ལམ་མངོན་དུ་བྱས་པ་ལས་ཀྱང་ལུགས་འདིའི་རྣམ་རྟོག་ཆོས་སྐུར་ཤེས་པ་དང་ཐ་མལ་གྱི་ཤེས་པ་མངོན་དུ་བྱས་པ་ཁྱད་པར་དུ་འཕགས་པས། མདོ་སྔགས་གཉིས་ཀྱི་མཐོང་ལམ་མངོན་དུ་བྱས་པ་ལས་ཀྱང་ལུགས་འདིའི་མཐོང་ལམ་མངོན་དུ་བྱས་པ་ཁྱད་པར་དུ་འཕགས་ཞེས་གསུངས་མཛད་པའི་དགོངས་པ་ཇི་ལྟར་ཡིན་ཁྱེད་ཅག་གིས་བཤད་དཀའ་བར་གནས་པ་ཡིན་ལ། ཁོ་བོ་ལྟར་ན་གོང་དུ་ཞུས་པ་ལྟར་གནས་སྐབས་གསུམ་གྱི་དབྱེ་མཚམས་ལེགས་པར་འཇོག་རྒྱུ་ཡོད་པས་སྔ་མ་སྔ་མ་ལས་ཀྱང་ཕྱི་མ་ཕྱི་མ་ཁྱད་པར་དུ་འཕགས་པ་སྨོས་ཅི་ལ་དགོས་ཕྱིར། མདོ་སྔགས་ཀྱི་མཐོང་ལམ་ལས་ཀྱང་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་ཚུལ་འདི་ཤིན་ཏུ་ཁྱད་པར་དུ་འཕགས་པ་ཡིན། འདི་ལ་སྒྲུབ་བྱེད་ཅི་ཡོད་ཅེ་ན། རྗེ་མི་བསྐྱོད་པའི་ཁྲིད་ཐུང་བརྒྱ་རྩ་ལས་གསལ་བ་ལྟར་ན་མདོ་རྒྱུད་བསྟན་བཅོས་ཀུན་ལས་ལྷག་ཅིང་མདོ་རྒྱུད་བསྟན་བཅོས་ཀུན་གྱི་དགོངས་པ་མཐར་ཐུག་པའི་རྣམ་པར་བཞག་པ་ཡིན་ཞེས་གསུངས་པ་ལྟར་གྲུབ་པ་ཡིན་ཏེ། དཔལ་ཡེ་ཤེས་རྡོ་རྗེའི་སེམས་ཀྱི་ལམ་སྦྱོང་བ་ལས། མདོ་རྒྱུད་བསྟན་བཅོས་ལས་ལྷག་དོན་མེད་དོན་འདི་བཟང་། །འགྲོ་རྣམས་རིམ་གྱིས་ཐར་པའི་ལམ་རྙེད་སྐུ་བཞིའི་དོན། །རི་ཁྲོད་རྗེས་བཟུང་སེམས་བསྐྱེད་གསུམ་དོན་བདག་ལ་གསལ། །འདིས་བསྐུལ་རྐྱེན་དགོས་བདེ་བས་ལས་སྦྱོང་འདིར་བཤད་བྱ། །ཞེས་སོགས་གསུངས་པས་སོ། །དེ་ལྟར་མ་ཟད་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་ཚུལ་འདིས་རྫོགས་རིམ་གྱི་གོ་ཆོད་པའི་དོན་ཡང་འོག་ཏུ་བཤད་པ་བྱ། དྭགས་པོའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་འདི་མདོ་སྔགས་གཉིས་ལས་ཀྱང་ལྷག་པ་ཞིག་ཡིན་པར་གསལ་བ་ཡིན་ལ། བྲམ་ཟེ་ཆེན་པོ་ས་ར་ཧ་སོགས་རྒྱ་གར་གྱི་གྲུབ་ཆེན་ཚད་ལྡན་རྣམས་ཀྱི་གཞུང་ལ་བལྟས་ནའང་ཕྱག་རྒྱ་ཆེན་པོ་འདི་ལ་གསང་སྔགས་ཀྱི་ཐབས་དང་འབྲེལ་བ་དང་མ་འབྲེལ་བ་གཉིས་ཀྱི་སྒོ་ནས་བཤད་པ་ཤིན་ཏུ་གསལ་ལ། རྗེ་མི་བསྐྱོད་པའི་གླིང་དྲུང་པ་ལ་འདོར་བའི་དྲིས་ལན་དུ། ལ་ལ་བཞི་པའི་དོན་འཆད་པ་ལ་ཞུགས། །ལ་ལ་ནམ་མཁའི་ཁམས་ལ་རྟོགས་པར་བྱེད། །གཞན་དག་སྟོང་ཉིད་ལྟ་བྱེད་པ་སྟེ། །ཕལ་ཆེར་མི་མཐུན་ཕྱོགས་ལ་ཞུགས་པ་ཡིན། །ཞེས་སོགས་དྲངས་ནས་འདི་ལྟར་གསུངས་ཏེ། བཀའ་བརྒྱུད་དྭགས་པོ་ལྷ་རྗེ་བའི་བཞེད་པའི་ཕྱག་རྒྱ་ཆེན་པོ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བཞི་སོགས་ཀྱི་ཉམས་རྟོགས་ལྟ་གྲུབ་ཀྱི་དྲི་མ་དང་ཡེ་བྲལ་ཆེན་པོར་གདོད་ནས་ཡེ་བཞུགས་ཉིད་ཡེ་སངས་རྒྱས་སུ་ལྷུན་གྱིས་གྲུབ་པར་འཆར་བ་ལ་མ་བཅོས་ཨོཾ་སྭ་རེ་འཇོག་པ་ལས། དེ་ལ་དབང་བསྐུར་ཞུར་འགྲོ་བ་དང་། དྲིལ་བུ་འཁྲོལ་བ་དང་། ལྷ་བསྒོམས་ནས་བཟླས་པ་བྱ་བ་དང་། ཡམ་ཤིང་བསགས་ནས་སྦྱིན་བསྲེག་བྱ་བ་སོགས་དང་། འབུལ་སྡུད་བྱས་ནས་སྒྲུབ་མཆོད་འཛུགས་པ་སོགས་ཀྱི་ངལ་བས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པ་མ་ལགས། ཞེས་སོགས་བཤད་པས་ཀྱང་མི་འདྲ་བའི་རྣམ་བཞག་ཡོད་པར་གསལ། འདི་ལྟ་བུའི་ཚུལ་ནི་ལྷན་ཅིག་སྐྱེས་པར་སྦྱོར་བའི་ཚུལ་དབང་པོ་རབ་ལ་གདམས་པ་སྟེ། རྗེ་མི་བསྐྱོད་པའི་ཀརྨ་བསྟན་འཛིན་གྱི་འཕོ་བའི་དྲིས་ལན་ལས། དབང་པོ་རབ་ལ་ཚོགས་བརྒྱད་རྣམ་ཤེས་དང་། །དེ་ཡུལ་སྣང་བ་ཐམས་ཅད་རབ་སངས་ཏེ། །འཁྲུལ་མེད་རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །དབྱེར་མེད་མ་བཅོས་སོར་བཞག་དགེ་བ་དེས། །སྒྲིབ་ཚོགས་མ་ལུས་བཅད་དེ་ཚོགས་གཉིས་པོ། །སྐད་ཅིག་དེར་རྫོགས་སྐུ་གསུམ་གནས་སུ་འཕོ། །འབྲིང་ལ་རྣམ་ཤེས་བརྒྱད་པོའི་འཁྲུལ་སྣང་ཀུན། །རིམ་གྱིས་འགགས་པའི་དུས་སུ་གཉུག་མ་ཡི། །སེམས་ཉིད་ཡེ་ཤེས་རླུང་དང་དབྱེར་མེད་པའི། །བདེ་སྟོང་ཟུང་འཇུག་སྙོམས་འཇུག་དགེ་བ་ཡིས། །རླུང་སེམས་འདུན་པས་སྐད་ཅིག་དེ་ཉིད་ལ། །ས་འོག་ས་སྟེང་མཁའ་སྤྱོད་རྣམ་གསུམ་གྱི། །རིག་པ་འཛིན་པའི་གནས་དེ་གར་འདོད་དུ། །སྐད་ཅིག་ཙམ་ལ་འཕོ་བར་ནུས་པ་ཡིན། །ཐ་མ་ལ་ཡང་མཆོག་དམན་གཉིས་ཡོད་དེ། །མཆོག་ནི་རྟོག་བཅས་བསྐྱེད་པའི་རིམ་པ་དང་། །རྟོག་མེད་རྫོགས་པའི་རིམ་པ་སྒོམ་པ་ལས། །ལྷག་པའི་ལྷ་ཡི་གསལ་སྣང་འཆར་བའི་ཚེ། །མ་དག་རླུང་སེམས་སྔོན་དུ་ལེགས་སྦྱང་བས། །ལེགས་པར་བྱང་བ་ལས་ལ་སྦྱོར་བའི་ཚེ། །རྩ་གསུམ་རླུང་གི་སྦྱོར་བ་བཞི་ལྡན་པས། །ཐིག་ལེ་ནཱ་ད་ཆར་ཡང་སྒྲ་ཚུལ་གྱི། །རིག་པ་འཛིན་པའི་གནས་སུ་འཕོ་བར་བྱེད། །ཅེས་སོགས་གསུངས་ཚུལ་ལ་བལྟས་པས་ཀྱང་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་པ་ནི་དབང་པོ་རབ་ལ་བསྟན་རྒྱུའི་གསང་ལམ་ཡིན་པ་ལས། དབང་པོ་འབྲིང་ལ་གདམས་པའི་མདོ་ལུགས་ཙམ་ཡིན་པར་གཏན་ནས་མི་གསལ། སྒྲ་བསྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱའི་རྒྱུད་བླ་མའི་འགྲེལ་བ་ལས་ཀྱང་། རིགས་ལམ་འཁྱེར་གྱི་ཚུལ་འདི་དབང་པོ་རྣོན་པོ་ལ་ཡིན་པར་བཤད་པ་ལས་དབང་པོ་འབྲིང་པོ་ལ་ཡིན་པར་མ་བཤད་ཅིང་། ཡེ་ཤེས་ཉིད་མངོན་དུ་བྱེད་ཚུལ་གྱི་ཐབས་སྣ་ཚོགས་གསུངས་ཀྱང་ཉེ་ལམ་མཐར་ཐུག་པ་ནི་ལྷན་ཅིག་སྐྱེས་སྦྱོར་འདི་ཉིད་ཡིན་པར་ཡང་གསུངས་ཏེ། དེ་ཉིད་ལས། རིགས་འཕགས་པའི་ལམ་ནི་དབང་པོ་རྣོན་པོས་རང་གི་སེམས་འདི་རང་བཞིན་གྱི་སངས་རྒྱས་སུ་གོ་སྟེ། ཞེས་སོགས་གསུངས་པ་དང་། སེམས་སྨྲ་བསམ་བརྗོད་བྲལ་གྱི་ཆོས་ཉིད་འདི། ཐེག་པ་སྣ་ཚོགས་ཀྱིས་བརྗོད་ཀྱང་། སྙིང་པོ་ངེས་དོན་འོད་གསལ་དུ་ལྟོས་ཤིག་པའོ། །ཞེས་སོགས་གསུངས་ཤིང་། ཕྱག་རྒྱ་པའི་རྒྱ་གཞུང་རྣམས་ལའང་བལྟས་ན་འདི་འདྲ་བའི་ཚུལ་ནི་ཤིན་ཏུ་གསལ་བ་ཡིན་ཏེ། དཔལ་ཡེ་ཤེས་རྡོ་རྗེའི་སེམས་ཀྱི་ལམ་སྦྱོང་བའི་བསྟན་བཅོས་ལས་ནི་ཚུལ་འདི་ཁོ་ན་བཀའ་སྩལ་པར་མཛད་པས་དེ་དག་ལ་ཞིབ་ཀྱིས་གཟིགས་ན་མཁྱེན་ངེས་པར་འདུག །བྱམས་ཆོས་བཤད་པའི་སྐབས་དང་ཧ་ཅང་འབྲེལ་བས་མདོའི་ཚུལ་ལས་མ་འཕགས་སོ་སྙམ་ན། དེ་ནི་རང་རེའི་ཐུན་མིན་གྱི་ལུགས་མ་མཁྱེན་པར་ཟད་དེ། བྱམས་ཆོས་འཆད་ལུགས་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚུལ་གཉིས་ཀྱི་སྒོ་ནས་བཤད་རྒྱུ་ཡོད་ཚུལ་ནི་བཙན་ཁ་བོ་ཆེ་ནས་བརྒྱུད་པའི་ཚུལ་ལུགས་དང་། པ་ར་ཧེ་ཏ་ནས་མར་པ་ལ་བརྒྱུད་པའི་ཚུལ་ལུགས་རྣམས་ཤེས་ན་མཁྱེན་ངེས། དེས་ན་རྗེ་བཙུན་ཆེན་པོ་ཕྲིན་ལས་པས་ཀྱང་། དཔལ་ལྡན་དྭགས་པོ་བཀའ་བརྒྱུད་གོང་མ་རྣམས། །ཐལ་རང་གཉིས་ཀ་ངོ་བོ་ཉིད་མེད་དུ། །སྨྲ་ཕྱིར་རྒྱལ་བ་བྱམས་པའི་ཆོས་ལྔ་པོ། །ད་གཉིས་ལས་འདས་ཕྱག་རྒྱ་ཆེན་པོའི་གཞུང་། །ཟུང་འཇུག་རབ་ཏུ་མི་གནས་དབུ་མར་བཞེད། །ཅེས་གསུངས་པ་ཡིན། དེ་ལྟར་བྱམས་ཆོས་ལྔ་པོ་ཡང་ཐུན་མིན་གྱི་ཚུལ་དུ་འཆད་ན་མདོ་སྔགས་ཀུན་གྱི་རྒྱལ་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་པ་བསྟན་པའི་གཞུང་དུ་བཞག་ཀྱང་སྐྱོན་ཏིལ་འབྲུ་ཙམ་ཡང་ཡོད་པར་མ་མཐོང་སྟེ། ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་པའི་གཙོ་བོ་ལྟ་ཤེས་ཀྱི་གོ་ཆ་གཉིས་ཡིན་པས། མཚན་ཉིད་བཞི་སྦྱོར་གྱི་ལྟ་བའི་གོ་ཆ་ནི་སྐབས་བཞི་པ་ནས་བསྟན་པ་དང་། ཤེས་རབ་ཀྱི་གོ་ཆ་ནི་སྐབས་བཞི་པའི་སྦྱོར་བ་དང་གཙོ་ཆེར་སྐབས་གཉིས་པ་དང་གསུམ་པ་སོགས་ནས་བསྟན་པའི་ཚུལ་ཤེས་ན་འདི་ལ་དཀའ་བ་ཡོད་པ་མ་ཡིན། འདི་དག་གི་ཚུལ་ཁོ་བོས་རྒྱས་འགྲེལ་དུ་བྲིས་ཡོད་པས་སྐབས་འདིར་དེ་ཙམ་ལས་མི་གླེང་རྒྱུ་བྱེད། ཕྱག་རྒྱ་པའི་རྒྱ་གཞུང་དང་སྦྱར་ནས་ཅུང་ཟད་བཤད་ན་འདི་ལྟ་སྟེ། ས་ར་ཧའི་མི་ཟད་པའི་གཏེར་མཛོད་ཀྱི་གླུ་ལས། གཉུག་མའི་ཡིད་ནི་གང་ཚེ་སྦྱངས་གྱུར་པ། །དེ་ཚེ་བླ་མའི་ཡོན་ཏན་སྙིང་ལ་འཇུག་པར་འགྱུར། །འདི་ལྟར་རྟོགས་ནས་མདའ་བསྣུན་གླུ་ལེན་ཏེ། །སྔགས་དང་རྒྱུད་རྣམས་གཅིག་ཀྱང་མ་མཐོང་ངོ་། །ཞེས་མ་བཅོས་དེ་ཀར་འཇོག་པ་ལས་ལྷག་པའི་སྔགས་དང་རྒྱུད་ལ་སོགས་པ་རྣམས་ལ་བརྟེན་ནས་གནས་ལུགས་ཤེས་པའི་ཚུལ་ནི་གཅིག་ཀྱང་མ་མཐོང་ངོ་ཞེས་གསུངས་པས་ཀྱང་ཐུགས་བསམ་བཞེས་གལ་ཆེ། གཞུང་དོན་དེ་ལྟར་ཡིན་པའང་རྗེ་བཙུན་ཆེན་པོ་ཕྲིན་ལས་པས་མཛད་པའི་འགྲེལ་བ་སེམས་ཀྱི་རྣམ་པར་ཐར་པ་དང་། སློབ་དཔོན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པའི་གཉུག་མའི་དེ་ཉིད་རབ་ཏུ་སྟོན་པའི་རྒྱ་ཆེར་བཤད་པ་སོགས་ལ་བལྟས་པས་ཤེས་ནུས། སྐབས་འགར་གཞུང་འདི་དག་ཏུ་དབང་དང་བྱིན་རླབས་རྒྱས་བསྡུས་གང་རུང་རེ་དགོས་པ་དང་། སྐབས་ཅི་རིགས་པར་ལྷ་བསྒོམ་པའི་ཚུལ་ཡང་བཤད་དེ། དེ་ལྟར་ན་གསང་སྔགས་ཀྱི་ཐེག་པའི་དབྱེ་བས་དགོས་སོ་ཞེས་སྨྲ་ཡི། དེ་ཉིད་དུ་ངེས་སོ་ཞེས་ནི་མི་སྨྲ་སྟེ། སྨྲ་ན་ནི་ཉིད་ལའང་ཧ་ཅང་ཐལ་ཏེ། སྐབས་འགར་དབང་དང་བྱིན་རླབས་མི་དགོས་པ་ལྟར་ཡང་གསུངས་པས་དེར་ཉིད་དུ་ངེས་སོ་ཞེས་ཁྱབ་པ་གྲུབ་པར་ཐལ་ལོ། །བྲམ་ཟེ་ཆེན་པོ་ཉིད་ཀྱི་གཞུང་ལ་དཔྱད་ན་སྙིང་པོའི་ལམ་ཞེས་གསང་ལམ་ཞིག་ཏུ་བཞེད་པར་སྣང་སྟེ། དོ་ཧ་ལས། ཐེག་པ་ཆེན་པོ་བླ་མེད་སྙིང་པོའི་ལམ་འདི་ནི། །འབྲས་བུ་ལམ་དུ་ཁྱེར་ན་གདོད་ནས་འབྲས་བུར་གནས། །ཞེས་དང་། དཀྱིལ་འཁོར་བ་དང་སྦྱིན་སྲེག་པས་སྟོང་ཞིང་། །སྔགས་དང་ཕྱག་རྒྱ་རབ་གནས་ལ་སོགས་རྣམ་བྲལ་བ། །རྒྱུད་དང་བསྟན་བཅོས་ཀུན་གྱིས་བསྒྲུབ་པར་མི་ནུས་པའི། །རྡོ་རྗེ་ཡེ་ཤེས་འདི་ནི་རང་བཞིན་གནས་ན་མཛེས། །ཞེས་དང་། རྒྱུད་མེད་སྔགས་མེད་བསམ་གཏན་བསམ་བྱ་མེད། །དེ་ཀུན་རང་ཡང་འཁྲུལ་པར་བྱེད་པའི་རྒྱུ། །ཞེས་དང་། མར་མེ་ཅི་དགོས་ལྷ་བཤོས་དེ་ཅི་དགོས། །དེ་ལ་ཅི་བྱ་གསང་སྔགས་བསྟན་པས་ཅི། །ཞེས་པ་ལ་སོགས་པ་གསུངས་པས་ལམ་རང་གི་ངོ་བོ་གསང་སྔགས་ལ་མ་ལྟོས་པར་བཤད་ཅིང་། དེའང་རྐྱེན་གསུམ་དང་བྲལ་བ། དགའ་བ་བཞི་ལས་འདས་པ། འོད་གསལ་ལས་ཁྱད་པར་དུ་གྱུར་པ་ཞིག་བཞེད་ལ། བཙུན་མི་དོ་ཧར་ལས་ཀྱི་ཕྱག་རྒྱ་བསྟེན་ཚུལ་དང་། དེ་དབང་གིས་སྨིན་པར་བྱ་ཚུལ་དང་། བརྟུལ་ཞུགས་ཀྱི་སྤྱད་པ་སྤྱོད་ཚུལ་ཡང་བཤད་པས་གསང་སྔགས་དང་སྦྲེལ་ནས་སྦྲེལ་དུ་རུང་བར་བརྒྱུད་པ་རིན་པོ་ཆེ་འདིས་བཞེད་ལ། སྦྲེལ་བའི་སྐབས་ཡོད་པར་ཡང་བཞེད་ཅེས་སྔར་བཤད་པ་ལྟར་ཡིན་པས། སྐབས་འདི་དག་སོ་སོར་ཕྱེ་མ་ནུས་པར་འགལ་འདུ་འདུག་ཅེས་མ་སྨྲས་ན་མཛེས། མཉམ་མེད་དྭགས་པོའི་གསུང་ལས་ཏེ་དུས་གསུམ་མཁྱེན་པའི་ཞུས་ལན་ལས། རིན་པོ་ཆེའི་ཞལ་ནས་ལམ་རྣམ་པ་གསུམ་དུ་འགྲོ་དགོས་གསུང་ངོ་། །རྗེས་དཔག་ལམ་དུ་བྱེད་པ་དང་། བྱིན་བརླབས་ལམ་དུ་བྱེད་པ་དང་། མངོན་སུམ་ལམ་དུ་བྱེད་པ་གསུམ་ཡིན་གསུང་། མཚན་ཉིད་དམ་ཕ་རོལ་ཏུ་ཕྱིན་པ་ནི་རྗེས་དཔག་ལམ་དུ་བྱེད་པ་བྱ་བ་ཡིན། ཐེག་པ་ཆེན་པོ་གསང་སྔགས་ནི་བསྐྱེད་རྫོགས་གཉིས་ལ་བརྟེན་ནས་བྱིན་བརླབས་ལམ་དུ་བྱེད་པ་ཡིན། མངོན་སུམ་ལམ་དུ་བྱེད་པ་ནི་ལྷན་ཅིག་སྐྱེས་པ་འོད་གསལ་བྱ་བ་ཡིན་གསུང་། ཞེས་དང་། དེ་ལ་ལམ་རྣམ་པ་གསུམ་ནི། རྗེས་དཔག་ལམ་དུ་བྱེད་པ་དང་། བྱིན་རླབས་ལམ་དུ་བྱེད་པ་དང་། མངོན་སུམ་ལམ་དུ་བྱེད་པ་དང་གསུམ་ཡིན་གསུང་། དེ་ལ་རྗེས་དཔག་ལམ་དུ་བྱེད་པ་ནི། ཆོས་ཐམས་ཅད་གཅིག་དང་དུ་བྲལ་གྱི་གཏན་ཚིགས་ཀྱིས་གཞིགས་ནས། འགྲོས་ས་འདི་ལས་མེད་ཟེར་ནས་ཐམས་ཅད་སྟོང་པར་བྱས་ནས་འཇོག་པ་ནི་རྗེས་དཔག་གོ། ལྷའི་སྐུ་བསྐྱེད་པའི་རིམ་པ་ལ་བརྟེན་ནས་རྩ་རླུང་དང་ཐིག་ལེ་དང་། སྔགས་ཀྱི་བཟླས་བརྗོད་ལ་སོགས་པ་བྱིན་བརླབས་ཀྱིས་ལམ་མོ། །མངོན་སུམ་ལམ་དུ་བྱེད་པ་ནི་བླ་མ་དམ་པ་ཅིག་གིས་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་འོད་གསལ་བྱ་བ་ཡིན་གསུང་བ་དེ་ལྟ་བུ་ངེས་པའི་དོན་གྱི་གདམས་ངག་ཕྱིན་ཅི་མ་ལོག་པ་ཅིག་བསྟན་པས། རང་ལ་ངེས་པའི་ཤེས་པ་ལྷན་ཅིག་སྐྱེས་པ་དེ་ལ་ལྟ་སྤྱོད་བསྒོམ་གསུམ་ཡ་མ་བྲལ་བར། གཉུག་མའི་ཤེས་པ་ལམ་དུ་ཁྱེར་བ་ནི་མངོན་སུམ་ལམ་དུ་བྱེད་པའོ། །ཞེས་དང་། ཆེན་པོ་སྟེ། སྤང་བྱ་མེད་གཉེན་པོ་མེད་སྒྱུར་དུ་མེད། སྒྱུར་བྱེད་མེད་དེ་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན་ལ། སེམས་ཉིད་གདོད་མ་ནས་སྐྱེ་བ་མེད་པའི་དོན། ཆོས་སྐུ་རང་ཆས་སུ་ཡོད་པ་ངོ་ཤེས་མཐོང་བ་གོམས་པར་བྱེད་པས་སངས་རྒྱ་པའོ། །ཡང་གསུམ་དེ་དབང་པོ་བརྟུལ་པོ་དད་པ་ཅན་ཚོགས་ཀྱི་ལམ་དུ་འཇུག་པ་ནི་ཕ་རོལ་ཏུ་ཕྱིན་པའོ། །འབྲིང་རྟོག་པ་དང་ཉོན་མོངས་པ་ཅན་ཐབས་ཀྱི་ལམ་དུ་འཇུག་པ་ནི་གསང་སྔགས་སོ། །དབང་པོ་རྣོན་པོ་ཤེས་རབ་ཅན་དེ་ཁོ་ན་ཉིད་ལ་འཇུག་པ་ནི་ཕྱག་རྒྱ་ཆེན་པོའོ། །ཞེས་གསུངས་པས་མདོ་སྔགས་གཉིས་ཀ་ལས་ལོགས་སུ་གྱུར་པའི་གསང་ལམ་ཞིག་ཡིན་པར་བཞེད་ཅིང་། སྐབས་འགའ་ཞིག་ཏུ་བྱིན་རླབས་ཀྱི་ལམ་ཞེས་པའི་ཐ་སྙད་ཀྱང་གསུངས་ཏེ། བླ་མ་རྟོགས་པ་དང་ལྡན་པ་ཅིག་གིས་སློབ་མ་སྐལ་ལྡན་ཚེ་འདིའི་བྱ་བ་བློས་བཏང་བ་ཅིག་འཁྲིད་པ་ལ། མདོ་སྔགས་ཀྱི་གཞུང་ལམ་ལ་མ་ལྟོས་པར་ཕྱག་རྒྱ་ཆེན་པོའི་ལམ་གཅིག་ཆོད་ཀྱིས་གྲོལ་བར་བཞེད་པ་ཡིན་ལ། ཕྱིས་ཀྱི་སྒྲུབ་བརྒྱུད་པ་དག་གིས་མདོ་སྔགས་གཉིས་ཀ་དང་སྒོ་བསྟུན་པའི་དབང་དུ་བྱས་ནས། སྨིན་བྱེད་དུ་དབང་དགོས་པ་དང་སྔོན་འགྲོའི་སྐོར་དང་བོགས་འདོན་གྱི་སྐབས་ཅི་རིགས་སུ་མདོ་སྔགས་ཀྱི་ཉམས་ལེན་མང་པོ་སྦྱར་བར་སྣང་བས། དེ་ལྟར་ན་མདོ་སྔགས་ཐུན་མོང་བའི་ཟབ་ལམ་དུ་བཤད་པའི་སྐབས་ཤིག་བཞག་ཀྱང་བློ་མཆོག་དམན་མང་པོ་ལ་མཁོ་ཞིང་འགལ་བ་མེད་པ་ཡིན། གོང་དུ་དྲངས་པའི་གཞུང་དེ་དག་ལ་ཞིབ་ཀྱིས་བལྟས་ན་མདོ་སྔགས་གཉིས་ཀྱི་ཕྱག་རྒྱ་ཆེན་པོ་དང་། གཉུག་མ་འོད་གསལ་སྐྱོང་བའི་ཕྱག་ཆེན་ནམ་ཐ་མལ་གྱི་ཤེས་པ་སྐྱོང་བ་ཞེས་སུ་གྲགས་པའི་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་པ་བསྟན་པ་ལ། བར་པ་དབང་འབྲིང་དང་ཕྱི་མ་ནི་དབང་རྣོན་ཉིད་ལ་སྦྱར་བ་སོགས་བཤད་པས་དྭགས་ལུགས་དྲི་མེད་འདི་ལ་རང་བཟོ་ངན་པས་བཅོས་ལྷད་མི་མཛད་པར་ཞུ། དེའང་དོན་འདྲི་བ་ལ་དགོངས་ཏེ་རྗེ་མི་བསྐྱོད་པས་མཛད་པའི་གློ་བུར་གྱི་དྲི་མ་ཐ་མལ་གྱི་ཤེས་པར་བཤད་པ་ལེགས་བཤད་ནོར་བ་སྤངས་པ་དང་། རང་ལས་ངེས་པའི་འགྲེལ་བ་གནས་ལུགས་བདུད་རྩིའི་ཉིང་ཁུ། ཟབ་མོའི་ཕྱག་ཆེན་སྣ་ཚོགས་འདུས་པའི་གཏེར། སྔོན་བྱུང་དྭགས་བརྒྱུད་ལུགས། ཕྱག་ཆེན་སྒྲོས་འབུམ་སོགས་ལ་ཞིབ་ཀྱིས་གཟིགས་དང་མདོ་སྔགས་ཀུན་ལས་ལྷག་པའི་གསང་མཆོག་གི་ལམ་འདིའི་ཁྱད་ཆོས་མཁྱེན་ངེས་སོ། །ཕྱག་རྒྱ་པའི་རྒྱ་གཞུང་ལ་མཚོན་ནའང་ཤིན་ཏུ་མང་སྟེ། དཔལ་ཡེ་ཤེས་རྡོ་རྗེས་མཛད་པའི་སེམས་ཀྱི་ལམ་སྦྱོང་བ་དང་། སློབ་དཔོན་ཆེན་པོ་དཱ་རི་ཀ་པས་མཛད་པའི་གསང་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་མན་ངག །ཐབས་དང་ཤེས་རབ་རྩེ་བ་ལྔ་པ། སློབ་དཔོན་ཞི་བ་མཚོའི་དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། སློབ་དཔོན་ཆོས་ཀྱི་དབང་པོའི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྡུས་པ་སོགས་ཤིན་ཏུ་མང་ངོ་། །ཚུལ་འདི་ཕ་རོལ་ཏུ་ཕྱིན་པའི་མདོ་གཞན་སྙིང་པོ་བསྟན་པའི་མདོ་དང་བྱམས་ཆོས་སོགས་ཟབ་ཆོས་རྣམས་ནས་རྙེད་པར་ཡང་གསུངས་ཏེ། བྲམ་ཟེ་ཆེན་པོ་ཉིད་ཀྱིས། འོད་གསལ་བ་ཡི་ཆོས་ཉིད་དེ་ནི་ངེས་མཐོང་ནས། །བླ་མའི་དུས་ཐབས་བསྟེན་པ་དེ་ནི་ཆེར་རྟོགས་ལ། །ཤེས་རབ་ཕ་རོལ་ཕྱིན་དང་མདོ་གཞན་ལས་རྙེད་ཅིང་། །ཀུན་ལ་སྦྱར་བའི་སེམས་ནི་རབ་ཏུ་བསྒོམ་པར་བྱ། །ཞེས་སོགས་སོ། །སྤྱིར་རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་གཞུང་འགར་ཕྱག་རྒྱ་ཆེན་པོའི་རྣམ་བཞག་མཐར་ཐུག་པ་ནི་གསང་བ་སྔགས་ཀྱི་རྣམ་བཞག་ཡིན་དགོས་ཚུལ་དང་། གནས་སྐབས་ཀྱང་གཉིས་ཙམ་བཤད་པ་གཙོ་ཆེ་ཡང་། དེ་ཙམ་གྱིས་དེ་ཁོ་ནར་ངེས་པ་ཡིན་ཞེས་བསྒྲུབ་དཀའ་བ་དང་། དེ་ཙམ་དུ་མ་ཟད་མདོ་སྔགས་ལས་ལྷག་པའི་ཟབ་ཆོས་འདི་འདྲ་ཞིག་མེད་ན། རྗེ་མི་བསྐྱོད་ཆེན་པོའི་ཕྱག་ཆེན་སྒྲོས་འབུམ་སོགས་སུ་ཐོག་མར་སངས་རྒྱས་པའི་ལུས་རྟེན་བཤད་པ་ན་འགྲོ་བ་དྲུག་ཀའི་ལུས་རྟེན་ལ་ཡོད་པར་བཤད་པ་དང་། དེ་ཡང་ཐ་མལ་གྱི་ཤེས་པ་སྐྱོང་ཚུལ་རགས་ལས་པའི་ཚུལ་སོགས་གསུངས་ལ། དེ་ནི་མདོའི་རྣམ་བཞག་ཐུན་མོང་བ་དང་མཐུན་དཀའ་ཞིང་། གསང་སྔགས་རང་ལུགས་ལྟར་བཤད་ཚེ་ཐོག་མར་མིའི་རྟེན་ལ་ངེས་པར་སངས་རྒྱས་དགོས་པ་དང་རིག་མ་ཡང་མིའི་རྟེན་ལ་བསྟེན་དགོས་པ་བཤད་པ་སོགས་དགོངས་གཅིག་གསང་སྔགས་ཚོམས་ཀྱི་རྣམ་བཤད་དང་གཞན་ཡང་གཞུང་འགའ་འགའི་སྐབས་སུ་འབྱུང་བ་དེ་དག་འགལ་བ་སྟག་སྤྲོད་དུ་ཁས་ལེན་པ་ལས་ཐབས་མེད་པ་ཡིན་ནམ། ངོས་ཀྱིས་བསམ་ན་དེ་ལྟར་མ་ཡིན་ཏེ། མདོ་སྔགས་གསང་མཆོག་གསུམ་གྱི་ཕྱག་རྒྱ་ཆེན་པོའི་གདམས་ཚུལ་སྔ་མ་སྔ་མ་ལས་ཀྱང་ཕྱི་མ་ཕྱི་མ་ཁྱད་པར་དུ་འཕགས་པའི་ཚུལ་གྱི་རྣམ་བཞག་དང་། རྣམ་བཞག་དེ་རྣམས་སོ་སོའི་སྐབས་སུ་བཤད་ཚུལ་མི་འདྲ་བ་ཇི་ལྟར་ཡོད་ཚུལ་རྣམས་ལེགས་པར་མཁྱེན་ཚེ་འགལ་མེད་དུ་གོ་རྒྱུ་ཡོད་བཞིན་དུ་འགལ་ཅན་དུ་བསྒྲུབ་པའི་ངལ་བ་སུ་ཡིས་བྱེད། ཕྱག་ཆེན་སྒྲོས་འབུམ་སོགས་སུ་ལྷན་ཅིག་སྐྱེས་སྦྱོར་གྱི་ཕྱག་རྒྱ་ཆེན་པོའི་གདམས་ཚུལ་དང་འབྲེལ་བའི་རྣམ་བཞག་བཤད་པར་སྣང་ལ། སྐབས་དེར་ཞི་ལྷག་གི་རྣལ་འབྱོར་བཤད་པའི་ཚེ་ཡང་འདིར་བསྟན་གྱི་ཞི་གནས་དེ་མདོའི་ཞི་གནས་ཀྱི་ཚུལ་ལས་ཀྱང་ཁྱད་པར་དུ་འཕགས་ཞེས་བརྗོད་པ་ལ་རྒྱུ་མཚན་མེད་པ་ག་ལ་ཡིན་ཨང་། ལྷན་ཅིག་སྐྱེས་སྦྱོར་གྱི་ཉམས་ལེན་གྱི་ཚུལ་ནི་མདོའི་ཉམས་ལེན་ཙམ་ཡིན་པ་དང་དེའི་སྐབས་ཀྱི་ཞི་ལྷག་གི་ཚུལ་ཡང་མདོའི་གནས་སྐབས་ཞི་ལྷག་ཙམ་ལ་སྦྱར་ནས་བཤད་དགོས་ཟེར་བ་ནི་རང་བཟོ་ཙམ་ལས་མ་འདས་སྙམ། དེ་ཙམ་དུ་མ་ཟད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཤད་པའི་གནས་སྐབས་སུ་བདུད་ལས་ཞེ་དྲུག་བཤད་ལ། སྐབས་འདིར་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་ཚུལ་ཟབ་མོ་དེ་འདྲ་བ་ཡོད་ཀྱང་དེ་བོར་ནས་ཐབས་མང་ལ་འཇུག་པ་ནི་བདུད་ཀྱི་ལས་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་ཉིད་བསྒོམ་པ་ལས་རྣམ་པ་མ་ལུས་རྫོགས་པ་ཡིན་ནའང་དེ་ལས་གཞན་དུ་ཐབས་བཙལ་བ་ནི་བདུད་ཀྱི་ལས་ཡིན་པར་གསུངས་ཤིང་། ཆོས་རྗེ་དྭགས་པོས་ཀྱང་དེ་ལྟར་དུ་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་པ་བོར་ནས་ཐབས་མང་བཙལ་ན་ངལ་བའི་རྒྱུ་ཡིན་པར་གསུངས། ཁྱད་པར་དུ་ཚོགས་ཆོས་ཆེན་མོར་འཁྲུལ་པ་ཡེ་ཤེས་སུ་འཆར་ལུགས་བཤད་པ་ན། མདོ་ལུགས་དང་སྔགས་ལུགས་གཉིས། ཁྱད་པར་དུ་འཕགས་པ་ལྷན་ཅིག་སྐྱེས་སྦྱོར་ཞེས་གོ་ཆ་གཉིས་ཀྱིས་ལམ་དུ་འཁྱེར་བ་ཞེས་སྔ་མ་གཉིས་ལས་ཀྱང་ལམ་མཆོག་ཁྱད་པར་ཅན་དུ་གསུངས་པ་ཤིན་ཏུ་གསལ་བས་འདི་ཉིད་འཐད་དོ་སྙམ། རྒྱ་གཞུང་ལ་བསམ་ཡང་དཔག་ཏུ་མེད་དེ། མཉམ་མེད་ལྷ་རྗེ་ཉིད་ཀྱིས་དྲངས་པའི་ལུང་ལའང་ཤིན་ཏུ་མང་བར་བཞུགས་འདུག་པས་སོ། །སངས་རྒྱས་ཉིད་ཀྱི་ཐེག་ཆེན་ཐུན་མིན་གྱི་བཀའ་ལའང་འདི་འདྲ་བའི་རིགས་གསུམ་ངེས་པར་འབྱུང་སྟེ། མདོ་ལུགས་ཀྱི་ཐབས་དང་འབྲེལ་བའི་སྒོ་ནས་སྙིང་པོ་གཏན་ལ་འབེབས་པའི་བཀའ་དང་། སྔགས་ལུགས་ཀྱི་ཐབས་དང་འབྲེལ་བའི་སྙིང་པོ་བསྟན་ལ་འབེབས་པའི་བཀའ་དང་། སྙིང་པོ་ཉིད་གཅེར་བུར་བུད་པ་ལྟ་བུའི་ཚུལ་དང་འབྲེལ་བའི་སྒོ་ནས་གཏན་ལ་འབེབས་པའི་བཀའ་གསུམ་ལེགས་པར་བཞུགས་འདུག་པར་སྣང་བས་སོ། །ཡར་དཀྲི་མར་དཀྲི་མང་དུ་མི་མཛད་པར་ཕྱག་རྒྱ་པའི་རྒྱ་གཞུང་རྣམས་ཀྱི་དགོངས་པ་འགལ་མེད་དུ་བསམ་སྟེ་ཞིབ་ཀྱིས་དཔྱད་ཚེ་གནས་སྐབས་གསུམ་གྱི་སྒོ་ནས་འགལ་མེད་དུ་འཆད་ན་གཞུང་གི་དགོངས་པར་སོང་བ་ལས་གཞན་ཇི་ལྟར་འགྲེལ་ཡང་རང་བཟོ་ཙམ་ལས་མ་འདས་པའི་ཕྱིར། རྒྱལ་དབང་བདུན་པ་བརྒྱད་པ་སོགས་ཀྱིས་སྐབས་རེར་དབང་དང་ངེས་པར་འབྲེལ་དགོས་པའི་གདམས་ཚུལ་འགའ་ཞིག་བཞུགས་ཡོད་མོད། དེ་དག་ཀྱང་གནས་སྐབས་གསུམ་གྱི་ནང་ནས་གང་གི་སྐབས་སུ་དགོངས་ཏེ་གསུངས་འདུག་ཞིབ་པར་དཔྱད་གལ་ཆེ། ཁྱེད་ཅག་ལྟར་ན་གོང་ནས་ཞུས་པའི་རྒྱལ་དབང་བརྒྱད་པའི་གཞུང་གི་བཤད་ཚུལ་དེ་དག་ནི་གཅིག་ཏུ་མ་ངེས་པར་ནང་ཕན་ཚུན་འགལ་བ་མང་དུ་བཤད་འདུག་པས་ལུགས་སོ་སོར་བཤད་འདུག་ཅེས་སྨྲ་ཡི་འདུག་ནའང་། ཁོ་བོར་མཚོན་ན་གནས་སྐབས་གསུམ་སོ་སོར་ཕྱེས་པའི་སྒོ་ནས་གོ་བ་བླང་ཚེ་ཇི་སྐད་ཞུས་པའི་རྒྱལ་དབང་མི་བསྐྱོད་པའི་གཞུང་ནས་འབྱུང་བའི་མི་མཐུན་པ་ལྟར་སྣང་བའི་ཚུལ་དེ་དག་འགལ་མེད་དུ་བཤད་ནུས་པར་འདུག །འདིར་དགག་སྒྲུབ་ཀྱི་སྤྲོས་པ་རྒྱ་ཆེར་བྱ་རྒྱུ་ཡོད་ཀྱང་དེ་ཙམ་གྱིས་ཆོག་པར་བྱ།

 

༢ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ་གཉུག་མའི་ཡེ་ཤེས་གཅིག་ཉིད་བསྒོམ་པ་ལས་ཡོན་ཏན་ཐམས་ཅད་རྫོགས་པའི་ཚུལ།

 

དེ་ལྟར་ན་ལྷན་ཅིག་སྐྱེས་སྦྱོར་གྱི་ཚུལ་འདིས་བླ་མེད་རྫོགས་རིམ་གྱི་གོ་ཆོད་མིན་དང་སངས་རྒྱས་ནུས་མིན་སོགས་འགའ་ཞིག་བཤད་འདུག་པ་དེའི་སྐོར་ནས་ཅུང་ཟད་ཅིག་སྤྲོས་ན་འདི་ལྟ་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ལ་སྦྱོར་བས་ངེས་པར་བླ་མེད་རྫོགས་རིམ་གྱི་གོ་ཆོད་པ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་སྦྱོར་བས་རྣམ་པའི་རྟོགས་རིགས་མ་ལུས་པ་རྫོགས་ཚུལ་བཤད་དུ་ཡོད་པའི་ཕྱིར། སྤྱིར་རྣམ་རྫོགས་སྦྱོར་བའི་སྐབས་སུ་རྣམ་པ་བསྡུས་བསྒོམ་གྱི་དོན་ལ་འཇོག་ཚུལ་མི་འདྲ་བ་མང་ནའང་། སྐབས་འདིར་རང་ལུགས་ཐུན་མིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ་མིང་གཞན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྣམ་པ་གཅིག་ཉིད་བསྒོམ་པས་ཉན་ཐོས་ནས་གསང་བ་སྔགས་ཀྱི་རྫོགས་རིམ་གྱི་བར་གྱི་རྣམ་པའི་རྟོགས་རིགས་མ་ལུས་པ་རྫོགས་ནུས་པའི་ཆ་ནས་འཇོག་དགོས་པའི་ཚུལ་ཡང་མཁྱེན་དགོས་སོ། །ལུགས་འདིའི་ཐུན་མིན་གྱི་རྣམ་བཞག་ལ་དངོས་པོ་བརྒྱད་ཀྱི་ཟབ་ཚད་ཇི་ལྟར་འཇོག་དགོས་ཚུལ་ལེགས་པར་མི་ཤེས་པ་ཞིག་གིས་ལུགས་འདིའི་ལྷན་ཅིག་སྐྱེས་སྦྱོར་ལ་དགག་སྒྲུབ་བྱས་ན་ལེགས་པོ་རང་ཡོད་དམ། ཡུམ་མདོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་ཉིད་བསྒོམ་པ་ལས་ཡོན་ཏན་མ་ལུས་པ་རྫོགས་ཚུལ་བསྟན་པ་བཞིན་དུ་ཕྱག་རྒྱ་ཆེན་པོའི་སྐབས་འདིར་ཡང་ཚུལ་དེ་དང་མཐུན་པར་བཤད་པ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པའི་དེ་ཁོ་ན་ཉིད་བཅུ་པའི་འགྲེལ་བ་ལས་གསང་བ་སྔགས་དང་རྗེས་སུ་མཐུན་པའི་ཕ་རོལ་ཏུ་ཕྱིན་པའི་མན་མག་ཅེས་པ་ཡང་འདི་འདྲ་བ་ལ་དགོངས་པ་ཡིན་པའི་ཕྱིར་དང་། ཕྱག་རྒྱ་པའི་སློབ་དཔོན་ཆེན་པོ་དཔལ་ཡེ་ཤེས་གྲགས་པའི་དེ་ཁོ་ན་ཉིད་ལ་འཇུག་པ་ཞེས་བྱ་བ་བདེ་བར་གཤེགས་པའི་བཀའ་མ་ལུས་པ་མདོར་བསྡུས་ཏེ་བཤད་པའི་རབ་ཏུ་བྱེད་པ་ལས། འདིིར་བཤད་པ། སངས་རྒྱས་གཞན་དོན་ཕུན་ཚོགས་པའི། །འབྲས་བུ་གཙོ་བོ་ཡིན་པར་འདོད། །སངས་རྒྱས་ཉིད་སོགས་དེ་ལས་གཞན། །དེ་ཡི་དོན་གྱིས་འབྲས་བུར་བཤད། །ཅེས་བྱ་བ་ཡིན་ནོ། །དེ་ལྟ་བས་ན་འབྲས་བུ་འདི་དག་ཐམས་ཅད་ཀྱང་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་སྦྱོར་བ་བསྒོམ་པ་དེ་ཉིད་ཀྱིས་རྫོགས་པར་འགྱུར་ཏེ། ཇི་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱའོ་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་རྣལ་འབྱོར་དུ་བྱའོ་ཞེས་བྱ་བ་དང་། དེ་བཞིན་དུ་རང་སངས་རྒྱས་ཀྱི་ས་ལ་ཡང་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ས་ཡང་ཞེས་བྱ་བ་ལ་སོགས་པའི་བར་དུ་རྒྱ་ཆེར་གསུངས་པ་ཡིན་ལ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་མཚན་གཞན་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱང་ཆོས་ཀྱི་སྐུའི་བདག་ཉིད་ཅན་ཏེ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱང་དེ་ཉིད་དོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ནི་གཉིས་སུ་མེད་པ་སྟེ། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བསྒྲུབ་པར་བྱ་བའོ། །ཕྱག་རྒྱ་ཆེན་པོའི་གཉིས་སུ་མེད་པའི་སྦྱོར་བ་ཡང་དེ་ཉིད་དེ། ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་བསོད་ནམས་ཐམས་ཅད་ཀྱི་རང་བཞིན་གྱི་རྣལ་འབྱོར་རོ། །དེ་ནས་དེ་ལ་གོམས་པ་ཉིད་འབྲས་བུ་མ་ལུས་པ་ཡོངས་སུ་རྫོགས་པ་ཡིན་ཏེ། དེ་ལྟར་ན་འདི་ནི་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་སྦྱོར་བ་བསྒོམ་པ་ཉིད་འབྲས་བུ་མ་ལུས་པ་ཐོབ་པར་བྱེད་པ་རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་མོང་ཡིན་ནོ། །དེ་བས་ན་བཅོམ་ལྡན་འདས་ཐེག་པ་གཅིག་སྟོན་པར་མཛད་པར་ཡང་སངས་རྒྱས་བགྲོ་བའི་མདོ་ལས་ངེས་པར་སྟོན་པ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཆོས་ཀྱི་དབྱིངས་ལས་མ་གཏོགས་པར་ཐེག་པ་གཞན་འདི་ན་ཡོད་པ་མ་ཡིན་ནོ། །དེ་ཡང་། ཆོས་དབྱིངས་དབྱེ་བ་མ་མཆིས་པས། །གཙོ་བོ་ཐེག་དབྱེ་ཡོད་མིན་གྱི། །ཁྱེད་ཀྱིས་ཐེག་པ་གསུམ་གསུངས་པ། །སེམས་ཅན་རྣམས་ནི་འཇུག་ཕྱིར་རོ། །ཞེས་འབྱུང་བ་ཡིན་ནོ། །ཞེས་སོགས་གསུངས་པ་ལས་གོ་ནུས་པ་ཡིན། པན་ཆེན་ནཱ་རོ་པའི་རིན་པོ་ཆེའི་འོད་ཅེས་བྱ་བ་ལས། དངོས་པོའི་རང་བཞིན་ཐམས་ཅད་ནི། །ཆོས་ཉིད་དབྱིངས་ཀྱི་ཐིག་ལེ་ཡིན། །དེ་ཉིད་སྒྲུབ་པའི་ཐབས་སུ་ནི། །སྙིང་པོ་རིག་པ་ཉིད་ཤར་བས། །མཐའ་ཡི་མུན་པ་ངང་གིས་དག །སྒྲུབ་མེད་རང་བྱུང་སྒྲུབ་པ་འདིས། །ཁམས་གསུམ་འོད་གསལ་ཐུགས་སུ་སྒྲུབ། །རང་སེམས་རིག་པའི་སྤྱོད་པར་བདེ། །ཡེ་ཤེས་སྤྱོད་པར་རང་གཞག་ཉིད། །བསལ་ན་འདོད་པའི་མཐའ་མི་འགེགས། །ཐུགས་རྗེ་ཚོགས་ཀྱི་བསམ་གཏན་འདིར། །རང་བྱུང་རིག་པ་རྟོགས་གྱུར་ན། །འགྲོ་བ་དྲང་ཕྱིར་རྒྱུན་མི་ཆད། །སྙིང་པོ་སེམས་ཀྱི་དོན་རིག་ན། །ཡེ་ཤེས་མཐར་ཕྱིན་འབྲས་བུར་གནས། །མཚན་དང་དཔེ་བྱེད་རང་བཞིན་གྲུབ། །སྤྲུལ་པ་རང་འདོད་ཅིར་ཡང་འབྱུང་། །ཞེས་དང་། ས་ར་ཧའི་ཐུགས་ཀྱི་མཛོད་སྐྱེ་མེད་རྡོ་རྗེའི་གླུ་ལས། ཕྱག་རྒྱ་ཆེན་པོ་རྟོགས་བྲལ་ཀུན་གྱི་གཞི། །དངོས་གྲུབ་འབྱུང་བས་ངོ་མཚར་རྨད་དུ་ཆེ། །གཉིས་མེད་རང་རིག་སད་ན་བག་ཆགས་བྲལ། །གཟུང་འཛིན་བྲལ་བའི་ཕྱག་རྒྱ་ཆེན་པོ་ནི། །མཚན་ཉིད་བསྟན་པས་ཉན་ཐོས་ལ་སོགས་སྐྲག །རྩེ་གཅིག་བལྟས་ན་ཡོན་ཏན་མཐའ་ཐུག་ལྡན། །རྩེ་གཅིག་བྱས་ཀྱང་ཅུང་ཟད་བསྒོམ་དུ་མེད། །རྣམ་རྟོག་རང་འབར་དྲན་མེད་གསོས་སུ་ཞི། །དྲན་མེད་སྣང་མེད་མེ་ལོང་གཟུགས་བརྙན་འདྲ། །ཐ་སྙད་བྲལ་བས་སྐྱེ་མེད་བློ་འདས་ལམ། །མཚན་མའི་དྲན་པ་བག་ཆགས་དྲི་མར་བསྟན། །ཐོག་མཐའ་བྲལ་ཕྱིར་སྔ་ཕྱིའི་དུས་མི་དམིགས། །ཞེས་དང་། ཞང་རིན་པོ་ཆེས། དེ་ཕྱིར་མ་ལུས་རང་གི་སེམས་ཉིད་ལ། །འཕྲོས་ཕྱིར་རང་སེམས་སེམས་ཉིད་ངོ་ཤེས་ནས། །སེམས་ཅན་ཀུན་གྱི་ཆོས་ཉིད་ཤེས་པར་འགྱུར། །དེ་ཤེས་མྱ་ངན་འདས་སོགས་ཆོས་ཀུན་ཤེས། །ཆོས་ཀུན་ཡོངས་ཤེས་ཁམས་གསུམ་ཀུན་ལས་འདས། །གཅིག་ཤེས་པས་ན་ཀུན་ལ་མཁས་པར་འགྱུར། །རྩ་བ་འགྱེལ་བས་ལོ་འདབ་ངང་གིས་འགྱེལ། །དེ་ཕྱིར་རང་སེམས་གཅིག་ཏུ་གཏན་ལ་དབབ། །ཅེས་སོགས་གསུངས་པའི་རིག་ཚུལ་ལས་དཔྱད་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ལ་སྦྱོར་བས་ཡོན་ཏན་མ་ལུས་པ་རྫོགས་ཚུལ་གྱི་གནས་ལུགས་མཁྱེན་ངེས་སོ། །གཞན་ཡང་སྒྲུབ་བྱེད་མང་དུ་ཡོད་ཀྱང་གཙོ་བོ་ནི། དོ་ཧ་མཛོད་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱང་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་སེམས་ཉིད་ལྷན་ཅིག་སྐྱེས་པ་བསྒོམ་པ་ལས་ཐེག་པ་གསུམ་གྱི་འབྲས་བུ་ལ་སོགས་པ་གང་འདོད་པའི་ཡོན་ཏན་གྱི་འབྲས་བུ་ཐམས་ཅད་སྟེར་བར་བྱེད་པའི་དོན་གྱིས་ན་ཡིད་བཞིན་ཀྱི་ནོར་བུ་དང་འདྲ་བའི་དོན་བསྟན་པ་གང་ཡིན་པ་འདིའོ། །ཁྱེད་ཅག་གིས་བཤད་པ་ལྟར་ན་ཡིད་བཞིན་ནོར་འདྲ་འདི་ཡང་དགོས་འདོད་ཀུན་འབྱུང་གི་དཔེ་ལྟར་མ་ཡིན་པར་ནོར་བུ་བསམ་འཕེལ་ཙམ་མམ་ཡང་ན་ནོར་བུ་རྗེས་མཐུན་པ་ཙམ་གྱི་དཔེ་ཡིན་པ་འདྲ། གཏན་ཚིགས་རིགས་པའི་ངོས་ན་བཤད་ན། སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆོས་ཅན། ཁྱོད་ཉིད་ལ་སྦྱོར་བས་འདོད་པའི་འབྲས་བུ་གཏེར་བར་བྱེད་པ་མ་ཡིན་པ་ཐལ། བླ་མེད་རྫོགས་རིམ་གྱི་ཐོབ་བྱ་གང་ཡིན་པ་དེ་གཏེར་བར་མི་ནུས་པའི་ཕྱིར་ཏེ། ཁྱོད་ལ་སྦྱོར་བས་བླ་མེད་རྫོགས་རིམ་ལ་སྦྱོར་བའི་གོ་མི་ཆོད་པའི་ཕྱིར་རོ། །འཁོར་གསུམ་མོ། །གཞན་ཡང་འདི་ལྟ་བུའི་སྒྲུབ་བྱེད་ནི། བོད་དུ་མཉམ་མེད་དྭགས་པོ་ལྷ་རྗེ་ཉིད་ཀྱིས་དབུས་པའི་འགྲོ་མགོན་བཀའ་བརྒྱུད་པའི་སྐྱེས་ཆེན་དག་གི་གཞུང་ལུགས་དག་ན་ཤིན་ཏུ་མང་བར་བཞུགས་འདུག་ཅིང་། རྒྱ་གར་ན་ཡང་བྲམ་ཟེ་ཆེན་པོས་དབུས་པའི་གྲུབ་ཆེན་དག་གི་རྡོ་རྗེའི་གླུ་དང་གདམས་པ་སོགས་ནས་རྒྱ་ཆེར་བཤད་འདུག་ཀྱང་། ཁྱེད་ཅག་གིས་མ་མཐོང་ན་ང་ལ་ཐབས་ཤེས་ཅི་ཡོད། ངེས་དོན་གྱི་གཞུང་རྣམས་སུ་བཤད་མོད་ད་དུང་ཡིད་མ་ཆེས་པར་དེ་དག་གི་དགོངས་པ་གཞན་དུ་བཙལ་བར་འདོད་ན་བདུད་ཀྱི་ལས་ཡིན་པས་རེ་ཞིག་གོང་མའི་ལམ་འདིར་མ་ཞུགས་པར་འོག་མ་ལ་འཇུག་པར་མཛོད་ཅིག་སྟེ། སློབ་དཔོན་ཆོས་ཀྱི་དབང་པོའི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྡུས་པ་ལས། དེ་ནི་བློ་གྲོས་རྣོན་པོ་རྣམས་ཀྱིས་རྟོགས་པར་ནུས་ཀྱི་གང་ཡང་རྒྱ་ཆེ་བ་ཉིད་དང་ཟབ་པ་ཉིད་ཀྱིས་བློ་ཆུང་བ་རྣམས་ཀྱིས་ཐེག་པ་ཆེན་པོའི་དོན་རྟོགས་པར་མི་ནུས་སོ། །ཞེས་པས་སོ། །ཁྱད་པར་དུ་འདི་ལྟ་བུའི་གསང་ལམ་བསྟན་པའི་ཚབ་མཚོན་གྱི་གཞུང་ཡག་ཤོས་ནི་སློབ་དཔོན་ཆོས་ཀྱི་དབང་པོས་མཛད་པའི་དེ་ཁོ་ན་ཉིད་སྙིང་པོ་བསྡུས་པ་དང་མར་པས་མཛད་པའི་རྒྱུད་བླ་མའི་ཚིག་དོན་རྣམ་པར་འགྲེལ་བ་གཉིས་ཡིན་ལ། དང་པོ་དེ་ལས། ཐེག་པ་ཆེན་པོའི་ཚུལ་འདི་ལ་སྙིང་རྗེ་ཆེན་པོའི་གོ་ཆ་བགོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཐུགས་རྗེ་ཆེན་པོའི་བདུད་རྩིས་ཐུགས་བརླན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མདོ་སྡེ་དང་རྒྱུད་ཀྱི་རྒྱལ་པོ་དཔག་ཏུ་མེད་པ་ལས། ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་གྲངས་མཐའ་ཡས་པར་ཚངས་པའི་གསུང་གི་བདུད་རྩི་ལྟ་བུས་གསུངས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བ་མེད་པ་དང་། ཆོས་ཀྱི་དབྱིངས་ལ་སོགས་པ་རྣམ་གྲངས་དུ་མས་རོ་གཅིག་པའི་མཚན་ཉིད་ཅན་དུ་གསུངས་པ་ཡིན་ལ། དེ་ཉིད་ནི་ཐར་པ་འདོད་པ་རྣམས་ཀྱི་མཆོག་ཏུ་བླང་བར་བྱ་བའི་དེ་ཁོ་ན་ཉིད་དུ་གསུངས་ལ། དེ་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་རིམ་གྱིས་བརྩོན་འགྲུས་འབར་བར་བསླབས་པའི་སྟོབས་ཀྱིས་རིང་པོ་མི་ཐོགས་པར་ཚེ་འདི་ཉིད་ལ་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ཡང་བཅོམ་ལྡན་འདས་ཀྱིས། བདག་གཞན་དོན་ནི་རབ་གྲུབ་པའི། །ཐབས་གཞན་འཁོར་བར་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཞེས་བཤད་པ་ཡིན་ལ། གཉིས་པ་དེ་ལས་ཁམས་ལྟར་རྒྱུ་ལམ་དུ་འཁྱེར་བ་ཞེས་གསུངས་པའི་གདམས་ཚུལ་ཡང་འདི་ཉིད་ལས་གོ་དགོས་པ་མ་ཡིན་ནམ། གནས་སྐབས་གསུམ་རང་བཞིན་གཅིག་ཏུ་བསྲེ་བའི་ཉམས་ལེན་ཞེས་གསུངས་པ་ཡང་ཚུལ་འདི་ཉིད་ལས་གོ་དགོས་པ་མ་ཡིན་ནམ། རྒྱུ་སངས་རྒྱས་སུ་བསྡུས་ཏེ་རང་བཞིན་གསུམ་སེམས་ཐོག་ཏུ་བླང་ཞེས་བྱ་བའི་བསྒོམ་པའི་རིམ་པ་གཞན་ལས་ལྷག་པ་དེ་ཡང་འདི་ཉིད་ལས་ཤེས་དགོས་པ་མ་ཡིན་ནམ། གཞུང་སྔ་མ་དེ་ནི་སྡེ་དགེའི་བསྟན་འགྱུར་རྒྱུད་སྐོར་གྱི་པོད་ཏི་ཙུ་པའི་ལྡེབ་གྲངས་༧༨-༡༠༠ ཡི་བར་དུ་བཞུགས་ཡོད། འདི་ཉིད་རྒྱུད་སྐོར་དུ་བཞུགས་སུ་གསོལ་འདུག་པས་སྔགས་ལུགས་ཀྱི་བསྟན་བཅོས་ཡིན་ནོ་སྙམ་ན། ཞིབ་ཏུ་དཔྱད་ན་ངེས་པ་ཡོད་པ་མ་ཡིན་ཏེ། བོད་ཀྱི་བཀའ་བསྟན་འགྱུར་ན་བཞུགས་པའི་བཀའ་བསྟན་འདི་དག་ལ་ཞིབ་ཀྱིས་མཇལ་ཚེ་ཁོངས་གཏོགས་གང་དུ་བཞུགས་སུ་གསོལ་དགོས་མིན་གྱི་ཚུལ་ལ་ཡང་དཔྱད་དགོས་པའི་གནས་སུ་ཆགས་ཡོད་པས་སོ། །གོང་དུ་ཞུས་པའི་བསྟན་བཅོས་འདི་རྒྱུད་སྐོར་དུ་བཞུགས་སུ་གསོལ་ཡོད་ཀྱང་ཞིབ་ཀྱིས་བལྟས་ན་རྒྱུད་སྐོར་དུ་འཇོག་མི་རིགས་ཏེ། བསྟན་བཅོས་འདི་ནི་གསང་སྔགས་ཐབས་དང་མ་འབྲེལ་བའི་ལྷན་ཅིག་སྐྱེས་སྦྱོར་གྱི་བསྟན་བཅོས་ཡིན་པའི་ཕྱིར་ཏེ། སྡེ་བསྟན”རྒྱུད”ཙུ”༩༩ བསྟན་བཅོས་ཉིད་ལས། གཞན་ཡང་། ལེགས་བརྟགས་ལེགས་པར་དཔྱད་ནས་ནི། །མཁས་པས་རབ་ཏུ་འཇུག་བྱ་ཡིན། །གཞན་དུ་མེར་ནི་འཇུག་པ་ཡིས། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་དང་། ཡང་། དེ་ཉིད་དེ་ཉིད་ཀྱིས་ཤེས་ནས། །ལྷག་པར་མོས་པར་ངེས་བརྟེན་གང་། །དེས་གྲུབ་འགྱུར་གྱི་གཞན་དུ་དེ། །དམྱལ་བ་ཆེན་པོར་ལྟུང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པས་སེམས་ཅན་ཕལ་པ་རྣམས་ལ་སྔགས་ཀྱི་ཚུལ་བསྟན་པ་དགག་པར་མཛད་པ་ཡིན་ནོ། །ཁོ་བོ་ཅག་གིས་ཀྱང་བཅོམ་ལྡན་འདས་ཀྱིས་དགག་པར་གསུངས་པའི་བཀའ་འདི་ཉིད་ཀྱིས། དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྡུས་པ་འདིར་གསང་སྔགས་ཀྱི་ཚུལ་ལ་བསྟན་པའི་ཐབས་ཀྱི་ཁྱད་པར་མ་བསྟན་པ་ཡིན་ནོ། །ཞེས་གསང་སྔགས་ཀྱི་ཚུལ་མ་བསྟན་པ་ཤིན་ཏུ་གསལ་བས་སོ། །འོ་ན་གཞུང་འདི་ཉིད་ལ་མཚོན་ན་གང་གི་ཁོངས་སུ་བཞུགས་སུ་གསོལ་ན་འགྲིག་ཡིན་ནམ་ཞེས་དྲིས་ན། ཕྱག་ཆེན་ཞེས་པའི་སྡེ་ཚན་དུ་བཞུགས་སུ་གསོལ་དགོས་པ་ཡིན་ནོ་ཞེས་བཤད་འདོད། ད་ལྟའི་བསྟན་འགྱུར་ན་དེ་ལྟ་བུའི་སྡེ་ཚན་མེད་དོ་ཞེ་ན། མེད་ཀྱང་དཔྱད་ན་དེ་ལྟར་དགོས་འདུག་པ་ལ་དགོངས་ཏེ་རྒྱལ་དབང་ཆོས་གྲགས་རྒྱ་མཚོས་ཕྱག་ཆེན་རྒྱ་གཞུང་ཞེས་ཟུར་དུ་བསྒྲིགས་པ་ཡིན་ལས་ཆེ་སྙམ། སྡེ་བསྟན་ན་འདི་དང་འདི་འདྲ་བའི་གྲལ་གཏོགས་ཀྱི་བསྟན་བཅོས་མི་ཉུང་བ་ཡོད་པས་རིག་གཞུང་ཞིབ་འཇུག་པ་ཞིག་གི་ངོས་ནས་བཤད་ན་དེ་དག་ཀྱང་དཔྱད་གཞིའི་ཤེས་བྱ་མི་འདྲ་བ་ཞིག་ཀྱང་ཅི་ལ་མིན། དེས་ན་རྒྱལ་དབང་མི་བསྐྱོད་པའི་དྭགས་པོའི་ལུགས་ཀྱི་འབེལ་གཏམ་གྱིས་གཙོས་པའི་རྒྱལ་དབང་སྐུ་གོང་འོག་གི་གཞུང་རྣམས་དང་རྒྱལ་བ་བཀའ་བརྒྱུད་པའི་གཞུང་རྣམས་སུ་མདོ་རྒྱུད་བསྟན་བཅོས་ཀུན་ལས་ལྷག་པའི་གདམས་ཚུལ་ཞིག་ཡོད་ཚུལ་ཡང་ནས་ཡང་དུ་རྒྱས་པར་གསུངས་འདུག་པ་དེ་དག་ཀྱང་འདི་འདྲ་བའི་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་པ་ལ་དགོངས་ཏེ་གསུངས་པ་ཅི་ལ་མིན། ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་ཚུལ་འདི་ཤེས་པར་འདོད་ན་ཕྱག་ཆེན་སྒྲོས་འབུམ་ལས་གསལ་བ་ལྟར་ཤེས་ན་ལེགས།

 

༣ ཚེ་ལུས་གཅིག་ལ་སངས་རྒྱས་པ་གསང་སྔགས་ཁོ་ནའི་ཁྱད་ཆོས་ཡིན་དགོས་དོན་མེད་པ།

 

ཚེ་ལུས་གཅིག་ལ་སངས་རྒྱས་པ་མདོ་ནས་མི་འབྱུང་ཞེས་དམ་བཅའ་འཇོག་པའང་ངས་མ་མཐོང་ཞེས་པའི་རིགས་ཚུལ་ཙམ་ལས་མ་འདས་ཏེ། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས་དེའི་བུ་མོ་ཚེ་དེ་ཉིད་ལ་སངས་རྒྱས་པར་གསུངས་པ་དང་། འདི་དྲང་དོན་ཡིན་ཞེས་བུ་སྟོན་གྱིས་གསུངས་ནའང་རྗེ་མི་བསྐྱོད་པས་ངེས་དོན་ཡིན་ཞེས་གསུང་བཞི་བཅུ་པའི་འགྲེལ་བར་གསུངས་སོ། །དེ་ཙམ་དུ་མ་ཟད་རྒྱལ་བའི་ཡུམ་ཉིད་ལས་ཀྱང་བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོ་ལ་ལ་ཞིག་བྱང་ཆུབ་ཀྱི་སེམས་ཐོག་མར་བསྐྱེད་པའི་ལུས་རྟེན་དེ་ཉིད་ལ་སངས་རྒྱས་པར་གསུངས་པ་སོགས་ལ་ཞིབ་གཟིགས་མཛད་པར་ཞུ། འདི་དག་ནི་རང་ལུགས་ཐུན་མིན་གྱི་བཞེད་སྲོལ་དམིགས་བསལ་བ་ཞིག་སྟེ། འཇིག་རྟེན་གསུམ་མགོན་གྱིས། རྒྱུ་ཐེག་པས་ཚེ་གཅིག་གིས་སངས་རྒྱས། ཞེས་རྡོ་རྗེའི་གསུང་ཚིག་བླ་ན་མེད་པ་བཞུགས་འདུག་པ་དེ་དག་གི་དགོངས་པའོ། །དེ་ཙམ་དུ་མ་ཟད་གོང་ནས་བཤད་པ་ལྟར་མདོ་སྔགས་ཀྱི་ཐབས་སྤྲོས་དང་མ་སྦྲེལ་བའི་ཡེ་ཤེས་ཉིད་གཅེར་བུར་བུད་ཚུལ་དང་སྦྲེལ་བའི་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་ཚུལ་འདི་ལས་ཀྱང་ཚེ་ལུས་གཅིག་ལ་སངས་རྒྱས་པའི་ཚུལ་དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྡུས་པ་ལས་བཤད་པ་ལྟར་ཡིན་པར་མ་ཟད། ཕལ་ཆེན་ཚངས་སྤྱོད་ཀྱི་ལེའུ་ལས་ཀྱང་ཆོས་ཐམས་ཅད་སེམས་ཀྱི་རང་བཞིན་དུ་ཤེས་པའི་སྒོ་ནས་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པ་ལ་འཇུག་པའི་བྱང་ཆུབ་སེམས་དཔའ་ནི་སེམས་དང་པོར་བསྐྱེད་པའི་སྐུ་ཚེ་དེ་ཉིད་ལ་བླ་མེད་རྫོགས་བྱང་ཐོབ་པ་ཡོད་ཅེས་གསུངས་ཡོད་པས། ཟབ་དོན་འདི་དག་ལ་ཡིད་ཆེས་པར་ཤིན་ཏུ་གལ་ཆེའོ། །འདི་དག་གི་རྣམ་པར་བཞག་པ་ནི་ཁོ་བོས་རྒྱས་འགྲེལ་དུ་རྒྱ་ཆེར་བྲིས་ཡོད་ཀྱང་རེ་ཞིག་ལེགས་འགྲུབ་མ་བྱུང་། འོན་ཀྱང་མི་རིང་བར་རྒྱ་ཆེན་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་འཆར་ངེས་ཡིན། དེ་རིང་ཁ་སང་གི་དུས་འདིར་དྲྭ་གླིང་རྣམས་སུ་དཔྱད་རྩོམ་གྱི་རིགས་སྣ་མང་ཞིག་འགྲོ་བཞིན་ཡོད་པས། ཚང་མ་ལ་དགག་སྒྲུབ་བྱ་ཚོད་མེད་ཀྱང་། སྐབས་རེར་དཔྱད་རྩོམ་ནུས་པ་ཅན་རེས་གོ་བརྡ་ཕྱིན་ཅི་ལོག་པ་སྤྲད་པའམ། རང་བཟོ་སྣ་ཚོགས་ཀྱིས་ཡང་དག་པའི་ཆོས་ལ་གནོད་པ་ལྟར་ཡང་སྣང་བས། དམ་པ་རྣམས་ཀྱིས་འདི་དག་གི་ཐད་ལ་བདེན་རྫུན་དབྱེ་འབྱེད་ཀྱི་གཏམ་ཡང་དག་རེ་དགོས་པར་འདུག་ཅེས་ཞུ་བ་ལགས།

ཞེས་བྱ་བ་འདི་ནི་ཤེས་རབ་མཆོག་ལྡན་གྱིས་རང་ཤག་རྣམ་པར་གྲོལ་བའི་དགའ་ཚལ་ནས་བྲིས་པ་དགེའོ། །༢༠༢༠”༤”༢༣

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1402