༄།།འབྲི་གུང་༧སྐྱབས་མགོན་མཆོག་ཕྲིན་ལས་ལྷུན་གྲུབ་མཆོག་གིས་བསྒྱུར་གནང་བའི་<<རྒྱལ་པོ་ཨ་ཤོ་ཀའི་མདོ>>དངོས་སུ་ཐེ་ཝན་དུ་དཔར་བསྐྲུན་མཛད་བཞིན་ཡོད་པ་རེད།  མདོ་དེའི་ནང་རྒྱལ་པོ་ཨ་ཤོ་ཀ་དང། རྒྱལ་བའི་གཏད་རབས༤་པ། འཕགས་པ་ཉེར་སྦས་དབར་གྱི་གསུང་གླེང་དང་། རྒྱལ་པོའི་མཛད་རྗེས་དང་། ཉེར་སྦས་ཀྱིས་སློབ་མ་འདུལ་ཇི་ལྟར་གནང་ལུགས་སོགས་ཀྱི་སྐོར་ཁོད་ཡོད་པ་རེད།

འབྲི་གུང་༧སྐྱབས་མགོན་མཆོག་གིས་ ༢༠༠༥ ནས་དབུ་བཙུག་སྟེ། རྒྱལ་པོ་ཨ་ཤོ་ཀའི་མདོ་རྒྱ་ཡིག་ནས་བོད་སྒྱུར་མཛད་ཅིང་། འདས་པའི་མི་ལོ ༡༥་ཙམ་རིང་། ཕན་ཚུན་ཕྱོགས་ཕེབས་ཀྱི་མཛད་བྲེལ་བར་སེང་དུ། སྐུ་ངལ་ཁྱད་བསད་ཀྱིས་དུམ་བུ་རེ་ཙམ་བསྒྱུར་བར་མཛད་དེ། ད་ལྟ་ཡོངས་རྫོགས་བསྒྱུར་གྲུབ་པས། ང་ཚོས་འབྲི་གུང་༧སྐྱབས་མགོན་མཆོག་ལ་ཨ་ཤོ་ཀའི་མདོའི་སྐོར་ལ་བཅར་འདྲི་ཞུ་རྒྱུའི་གོ་སྐབས་བྱུང་བ་གཤམ་གསལ།

ལོ་ཙཱ་བའི་སྐུ་པར།

 

བཀའ་འདྲི་དང་པོ།

སྐུ་ཉིད་ནས་སྐུ་ངལ་ཁྱད་བསད་ཀྱིས་ཨ་ཤོ་ཀའི་མདོ་བོད་བསྒྱུར་གནང་རྒྱུའི་དགོངས་བཞེས་གཙོ་བོ་གང་ཡིན་ནམ། མདོ་དེར་ཁྱད་འཕགས་རང་བཞིན་གང་དག་ཡོད་དམ།

བཀའ་ལན་གཉིས་པ།

རྒྱལ་པོ་ཨ་ཤོ་ཀ་ནི། རྒྱ་གར་རྒྱལ་ཡོངས་གོང་བུ་གཅིག་གྱུར་བཟོ་མཁན་གྱི་རྒྱལ་པོ་ཐོག་མ་དེ་ཡིན་ཞིང་།  ཁོང་གིས་ནང་ཆོས་དེ་ཤར་ལྷོ་ཨི་ཤི་ཡ་དང་། ཨ་རབ། དེ་བཞིན་ཧོ་ལན་དང་གྷི་རི་སི་སོགས་ལ་ཁྱབ་སྤེན་མཛད་ནས། ནང་བསྟན་ལོ་རྒྱུས་ཐོག་ལ་མཛད་རྗེས་གཟེངས་སུ་ཐོན་པའི་ལོ་རྒྱུས་མི་སྣ་གལ་ཆེན་ཞིག་ཆགས་ཡོད།

མདོ་དེའི་ནང་ཁྱོན་ལེའུ་བཅུ་ཡོད་པས། ལེའུ་ཚང་མའི་མཚན་བྱང་ལ་”རྟེན་འབྲེལ་”ཞེས་བཏགས་ཡོད་པ་དཔེར་ན། “བསོད་སྙོམས་ཕུལ་བའི་རྟེན་འབྲེལ་”དང་།  “འཕགས་པ་ཉེར་སྦས་མཇལ་བའི་རྟེན་འབྲེལ་”སོགས་ནང་པའི་རྟེན་འབྱུང་གཞུང་ལུགས་ཀྱི་སྙིང་པོས་བརྒྱན་ཡོད།

དེ་བཞིན་འཕགས་པ་ཉེར་སྦས་ནི་རྒྱལ་བའི་སློབ་མའི་ནང་སློབ་མ་འདུང་སྦྱོང་མཆོག་གྱུར་དེ་ཡིན་པས། དེའི་སྨད་ཆར་འཕགས་པ་ཉེར་སྦས་ཀྱིས། སློབ་མའི་རྒྱུད་ཚོད་མི་འདྲ་བར་འདུལ་སྦྱོང་གནང་ཚུལ་གྱི་ལོ་རྒྱུས་ཁག་བཀོད་ཡོད།

མདོ་དེའི་ནང་འཕགས་པ་ཉེར་སྦས་ཀྱིས་རྒྱལ་པོ་ཨ་ཤོ་ཀ་སངས་རྒྱས་འཁྲུངས་ས་ལུམ་འབིའི་ཚལ་ནས་འགོ་བཙུགས་ནས། གནས་ཆེ་ཁག་རེ་རེ་བཞིན་དུ་ འཁྲིད་པར་མཛད་ནས་གནད་བཤད་མཛད། རྒྱལ་པོས་གནས་ཆེན་དེ་དག་ལ་གསེར་སྲང་བརྒྱ་ཕྲག་ཕུལ་ཏེ། རིང་བསྲེལ་མཆོད་རྟེན་བཞེངས་ཐོག །དྲན་རྟེན་རྡོ་རིང་བཙུགས་པར་མཛད་པས། དུས་ད་ལྟ་ང་ཚོས་དངོས་སུ་གནས་ཆེན་དག་མཇལ་རྒྱུ་ཡོད་པ་མ་ཟད། བསོད་ནམས་ཀྱི་མཆོད་སྡོང་ཆེན་པོར་གྱུར་པ་དེ་ནི། རྒྱལ་པོ་དེའི་སྐུ་དྲིན་ཉག་གཅིག་ཡིན།

དེ་ནི་གཏད་རབས་བཞི་པ་ཉེར་སྦས་ཀྱིས་གསུངས་པའི་གནས་ཆེན་ཁག་གི་གནས་བཤད་ཡིན་ལ། སངས་རྒྱས་བཅོམལྡན་འདས་ཀྱི་རྣམ་ཐར་ཡང་ཡིན་པས། མཐོང་བ་ཙམ་གྱིས་མ་སྒྱུར་རང་སྒྱུར་བྱུང་པའི་ཚུལ་དེའང་ཡིན།

 

བཀའ་འདྲི་གསུམ་པ།

སྐུ་ཉིད་ཀྱིས་གསུངས་དོན་ལྟར་མདོ་དེའི་སྒྱུར་ཚུལ་ཐད་ལ་དེང་དུས་ཀྱི་རྩོམ་གཤིས་དང་། སྔར་བོད་བཙན་པོའི་སྐབས་ཀྱི་རྩོམ་གཤིས་གཉིས་ཟུངསྦྲེལ་མཛད་ཡོད་གསུང་པ་དེའི་རྒྱབ་ལྗོངས་དང་དགོས་པ་ཅི་ཞིག་ཡིན་ནམ།

 

བཀའ་ལན། ཨ་ཤོ་ཀའི་མདོ་དེའི་ནང་རྒྱལ་པོས་དྲི་བ་བཏང་བ་དང་། འཕགས་པ་ཉེར་སྦས་ཀྱིས་བཀའ་ལན་དུ་བསྩལ་བའི་གསུང་ཚིག་བཅད་མང་བས། དྲི་བར་དེང་དུས་ཀྱི་རྩོམ་གཤིས་ཀྱིས་དྲིས་ན། ལན་ལ་སྔར་གྱི་རྩོམ་གཤིས་ཀྱིས་བརླན་པས། ཀློག་པ་པོས་བལྟས་པ་ཙམ་གྱིས་། ལས་སླ་པོར་དབྱེ་གསལ་ཐུབ་པ་ཡོད་པས། བྲི་ཚུལ་དེ་དེང་བར་བེད་སྤྱོད་ཡོངས་གྲགས་བྱེད་མྱོང་མེད་པས། མཁས་པ་ཚོས་དགོངས་ཕྱོགས་ཡོང་སྲིད་པ་ཞིག་རེད།། །།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1386