བཙན་སྲས།

རྩོམ་ཡིག་འདི་ནི་བདག་གིས་ད་ལོ་གནས་མཆོག་ཁང་སར་རི་ཁྲོད་དུ་བཀོད་པའི་ཟིན་བྲིས་ཤིག་ཡིན།

 

དཔལ་ལྡན་དབྱི་ཤོད་ཁང་སར་རི་ཁྲོད་དུ།  །
ཟབ་ཆོས་ནོར་བུ་རྣམ་བཞིར་མངའ་བརྙེས་ཏེ།  །
སྟག་བསྟན་སྒྲུབ་བརྒྱུད་ཉི་ལྟར་གསལ་མཛད་ཆེ།  །
གྲུབ་དབང་ཨ་ཡི་མཚན་ཅན་དམ་པར་འདུད།  །

 

དེ་ཡང་སངས་རྒྱས་ཀྱི་བསྟན་པ་འཛིན་པ་ལ་ཟླ་དང་བྲལ་བ།  རྒྱལ་བ་འགྲོན་མགོན་བཀའ་བརྒྱུད་ཀྱི་བྱེ་བྲག་མཉམ་མེད་སྟག་ལུང་བཀའ་བརྒྱུད་ཀྱི་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ཆེན་མོ༧གྲུབ་དབང་ཡིད་བཞིན་ནོར་བུ་བླ་མ་བུ་སྐྱིད་མཆོག་གིས་དཔལ་རྒྱལ་བ་སྟག་ལུང་བཀའ་བརྒྱུད་ཀྱི་ངེས་པ་དོན་གྱི་བརྒྱུད་པ་དང་ལྟ་གྲུབ་ཀྱི་གནད་ལ་གཞོལ་ཏེ་སྒྲུབ་བརྒྱུད་གོང་མའི་རྣམ་ཐར་སྐྱོང་བཞིན་བཞུགས་ཡོད།  དེའང་སྤྱིར་སྟག་ལུང་བཀའ་བརྒྱུད་ཅེས་མིང་དང་དོན་དུ་མཐུན་པར།  མདོ་སྔགས་ཐེག་པའི་རྣམ་གྲངས་ཐམས་ཅད་སོར་སྡོམ་དང་བྱང་སྡོམ་སྔགས་སྡོམ་སྟེ་ལམ་བསླབ་པ་གསུམ་གྱི་ཁོངས་སུ་དྲངས་ནས་ལག་ལེན་ཚུལ་བཞིན་བྱེད་པ་དང་།  དེ་ལས་ཀྱང་གྲུབ་མཐའ་དང་ཆོས་ལུགས་གཞན་ལས་ཁྱད་པར་འཕགས་པའི་ཚེ་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་སྟེར་བར་ནུས་པའི་ཟབ་ཆོས་ཐམས་ཅད་ཀྱི་སྙིང་པོ།  རིང་ལུགས་དྲི་མེད་ཀྱི་སྲོལ་བཟང་།  རྒྱལ་བ་རྡོ་རྗེ་འཆང་གིས་བརྒྱུད་པ་བཅུ་གསུམ་གྱི་བར་དུ་ཆིག་བརྒྱུད་ཀྱི་བཀའ་རྒྱ་བཏབ་སྟེ་གནང་བའི་མཁའ་འགྲོ་ཏཻ་ནཱ་མར་མི་དྭགས་ནས་རིམ་པར་བརྒྱུད་པའི་སྙན་བརྒྱུད་ཡིད་བཞིན་ནོར་བུ་དེ་ཉིད།  འགྲོ་མགོན་ཕག་གྲུ་རྡོ་རྗེ་རྒྱལ་པོས།  ཉིད་ཀྱི་ཐུགས་སྲས་མཆོག་ཏུ་གྱུར་པ་མོས་གུས་མཐར་ཕྱིན་ཆོས་རྗེ་སྟག་ལུང་ཐང་པ་བཀྲ་ཤིས་དཔལ།  ཁྲི་དཀར་པོ་འཕངས་མཐོ་ཞིང་རྒྱ་ཆེ་བ་གོས་འབོལ་དང་བཅས་པའི་སྟེང་དུ་བཞུགས་སུ་གསོལ་ཏེ།   ཕྱག་འཁར་ཐུགས་ཀར་གཏད་དེ།  ཁོ་བོའི་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་འདི་རྣམས་སྒམ་པོ་ནའང་གྲྭ་པ་རྣམས་ལས་ཁོ་བོ་མིན་པ་གཞན་གྱིས་མི་ཤེས།   འདིར་ཡང་ཁྱོད་མིན་པ་གཞན་སུ་ལའང་བསྟན་དུ་མ་བཏུབ།  འདི་རྣམས་ཀྱི་བདག་པོ་ཁྱོད་ཀྱིས་བྱེད་དགོས་པ་ཡིན།  སུ་རུང་རུང་ལ་མ་སྦྱིན།  རྒྱུན་ཆད་དུ་མ་གཞུག   སྙན་བརྒྱུད་ཡི་གེར་མ་འབྲི།  བརྡ་བརྒྱུད་ཚིག་ཏུ་མ་སྟོན། ཉམས་མྱོང་ཁྲོམ་གླུ་མ་ལེན།  དགེ་སྦྱོར་སྨྱོ་ཐབས་མ་བྱེད།  སངས་རྒྱས་དང་བླ་མའི་གསུང་བཞིན་བྱས་པས་ཆོས་སྐུའི་ཡེ་ཤེས་མངོན་དུ་བྱེད་པ་ཡིན།  ཞེས་ཆེད་དུ་བརྗོད་དེ་ཆོས་ཀྱི་སེང་གེའི་ཁྲི་ལ་རྒྱལ་ཚབ་དམ་པར་བཀའ་ཡིས་མངོན་པར་དབང་བསྐུར་ཏེ་བསྟན་པའི་བདག་པོར་མངའ་གསོལ་བས།  ཐང་པས་ཀྱང་ཚེ་འདི་སྣང་གི་བྱ་བ་མཐའ་དག་བློས་བོར་ནས་སེང་གླིང་བྲག་སྐྱ་རྡོ་རྗེའི་རྫོང་ལ། ཐུགས་དམ་ཉམས་བཞེས་ལ་རྩེ་གཅིག་ཏུ་གཞོལ་བས།  ཟུང་འཇུག་སྐུ་བཞིའི་གོ་འཕང་བདེ་བླག་ཏུ་ཐོབ་པར་མཛད་དེ།  སྟག་ལུང་རྡོ་རྗེའི་གདན་ལ་ཉིད་ཀྱིས་གདན་ས་ཆེན་མོ་ཕྱག་བཏབ་ནས།  སྒྲུབ་བརྒྱུད་སྙིང་པོ་དཔལ་ལྡན་སྟག་ལུང་བཀའ་བརྒྱུད་ཀྱི་རིང་ལུགས་ཞེས་འགྲན་མེད་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་སྲོལ་གཏོད་པས།  སྟག་ལུང་བཀའ་བརྒྱུད་མཆོག་གི་རིང་ལུགས་ཀྱིི་སྲོལ་རྒྱུན།   ལྟ་གྲུབ་ཀྱི་གཙོ་བོ།  ཐུགས་དམ་གྱི་རྩ་བ།   ཉམས་ལེན་གྱི་སྙིང་པོ་ནི།  ཕྱི་ཡིད་ཆེས་སྐྱེད་པར་བྱེད་པ་བརྒྱུད་པ་ཡིད་བཞིན་ནོར་བུ།   ནང་ཉམས་མྱོང་སྐྱེད་པར་བྱེད་པ་སྨིན་ལམ་ཡིད་བཞིན་ནོར་བུ།  གསང་བ་ཟུང་འཇུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་སྤྲོད་པར་བྱེད་པ་གྲོལ་ལམ་ཡིད་བཞིན་ནོར་བུ།   ལམ་གྱི་ཆ་རྐྱེན་མ་ཚང་བ་མེད་པ་ཁ་སྐོང་ཡིད་བཞིན་ནོར་བུ་སྟེ།  དེ་ལྟར་སྟག་ལུང་བཀའ་བརྒྱུད་མཆོག་གི་རིང་ལུགས།  གྲུབ་མཐའ་དང་ཆོས་ལུགས་གང་གིས་ཀྱང་འགྲན་དུ་མེད་པའི་ཡོད་ན་དེས་ཆོག་པ།   མེད་ན་ཐབས་ཆག་པས་མེད་དུ་མི་རུང་བའི་ཆོས།  ཟབ་གསང་མཆོག་ཏུ་གྱུར་པ་སྙན་བརྒྱུད་ནོར་བུ་བཞི་སྐོར་ཞེས་ཡོངས་སུ་གྲགས་པ་དེ་ནི།   ཉིད་ཀྱི་རྒྱལ་ཚབ་སྐུ་ཡལ་སྤྲུལ་པའི་སྐྱེས་མཆོག་ནས།  ཆོས་སྐུ་སངས་རྒྱས་ཡར་བྱོན་གྱི་ཐུགས་སྲས་མཁས་གྲུབ་མངྒ་ལ་གུ་རུ་དང་།  མཆོག་སྤྲུལ་གྲགས་པའི་དཔལ་རྣམ་གཉིས་ལས།   སྟག་ལུང་ཡར་མར་གྱི་ཆོས་བརྒྱུད་ཆུ་བོ་ཆེན་པོ་གཉིས་སུ་བབས་ནའང་།   ཕྱིས་སུ་རྒྱལ་དབང་ཀུན་དགའ་བཀྲ་ཤིས་དང་མཚོ་སྐྱེས་རྡོ་རྗེ་རྣམ་གཉིས་ལས།  ལེགས་ཚོགས་རྒྱ་མཚོའི་མཆིང་རྣམ་དུ་རོ་གཅིག་ཏུ་འདྲེས་ནས་རིམ་པར་བརྒྱུད་པ་ལས།  སྟག་ལུང་མཁས་གྲུབ་རྣམ་གསུམ་གྱི་ཡ་གྱལ་ངག་དབང་བསྟན་པའི་ཉི་མའི་ཐུགས་མཚོ་རུ་ཞུགས་པས།   རྗེ་དེ་ཉིད་ཀྱི་ཕྱག་ལེན་མན་ངག་གང་ལའང་ནོར་འཁྲུལ་ལྷད་གསུམ་གྱི་སྐྱོན་དང་བྲལ་བའི་བརྒྱུད་འཛིན་གྱི་སློབ་ཆེན་གསུམ་ལས་ཉེ་བར་འོང་བའི་ཚུལ་ནི།  དང་པོ།  རྩེ་སྤྲུལ་གྲགས་པ་ཡོངས་ཁྱབ་ནས་པདྨ་དབང་གྲགས།  དེས་མགོན་པོ་ལྷ་སྲུང་དང་བདུད་འདུལ་རྣམ་གཉིས།   དེ་ལས་སློབ་ཉི་མ་དང་ཚེ་དཔག་རྣམ་གཉིས་ལའོ། །གཉིས་པ། གང་ཤར་དབང་མཛད་ནས་ཐེག་མཆོག་འཇིགས་མེད་དང་།  གསུམ་པ།  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནས་ཐེག་མཆོག་འཇིགས་མེད།  དེས་རྟ་ཤ་སློབ་རྒན་དང་བདུད་འདུལ་རྣམ་གཉིས།  དེ་ལས་ཉི་མ་དང་ཚེ་དཔག་རྣམ་གཉིས་ལའོ། །
ཡང་ཐེག་མཆོག་འཇིགས་མེད་དང་བྱམས་པ་འབྱུང་གནས་ངག་དབང་དཔལ་ལྡན་བྱང་ཆུབ་ཆོས་ཀྱི་ཉི་མ་ལས་ཚེ་དཔག་བཀྲ་ཤིས་ལའོ། །དེ་ལྟར་སློབ་ཆེན་སོ་སོ་ནས་བརྒྱུད་པའི་ཆུ་བོ་ཆེན་པོ་རྣམས་བླ་མ་ཉི་མ་དང་ཚེ་དཔག་རྣམ་གཉིས་ཀྱི་ཐུགས་མཚོ་རུ་རོ་གཅིག་ཏུ་བཞུགས་པས།  དེ་རྣམས་གང་ཟག་དམ་ཉམས་འདྲེ་ཁྱེར་ནང་ཉམས་ལེན་ཉམས་མྱོང་གི་དབུལ་བའི་རྟོག་གེའི་ཚིག་གི་བརྒྱུད་པ་ཙམ་མ་ཡིན་པར།  བརྒྱུད་པ་གོང་མ་དེ་རྣམས་ནང་ཉམས་ལེན་གྱིས་སྲང་ལ་གཞོལ་བས་ཉམས་མྱོང་གི་ལམ་ནས་ཟུང་འཇུག་ཡེ་ཤེས་ཀྱི་གོ་འཕང་མངོན་དུ་གྱུར་པ་དང་།  ཕྱི་མོ་ལུགས་ཀྱང་བསྟན་པའི་ཉི་མ་ནས་ཚེ་དང་སྒྲུབ་པ་མཉམ་པའི་སྒོམ་མཐའ་འཆི་ལ་གཏུག་པའི་བརྒྱུད་པ་ཟམ་མ་ཆད་པ་དེ་ཉིད་ཀྱི་སྨིན་གྲོལ་ཕྱག་ལེན་མན་ངག་གི་བྱེ་བྲག་ལྷག་ལུས་མེད་པ།  བླ་མ་ཉི་མ་དང་ཚེ་དཔག་རྣམ་གཉིས་སོགས་ཀྱིས་༧གྲུབ་དབང་བུ་སྐྱིད་ཁོང་ལ་རྫོགས་པར་གནང་ནས།  ཚེ་དང་སྒྲུབ་པ་མཉམ་དགོས་པའི་བཀའ་སློབ་གནང་བས།  རྩ་བའི་བླ་མ་རྣམ་གཉིས་ཀྱི་བཀའ་སྩལ་སྙིང་གི་དབུས་སུ་བཅངས་ནས།  དེ་སྔོན་མཚམས་ཁོ་ན་ལ་བཞུགས་ནས་བགྲང་བྱ་སོ་ལྔ་ཙམ་སོང་ཡང་།   སླར་ཡང་བརྒྱུད་པ་གོང་མའི་རིང་སྲོལ་དང་རྩ་བའི་བླ་མའི་ཐུགས་དགོངས་ཇི་བཞིན།  ཚེ་འདི་སྣང་གི་བྱ་བ་མཐའ་དག་བློས་བཏང་སྟེ་ཚེ་སྨད་ཕྱི་སྒོ་འདག་སྦྱར་གྱི་ངང་ནས་སྒོམ་མཐའ་འཆི་ལ་གཏུག་པའི་དམ་བཅའི་ལམ་དུ་ཞུགས་པའི་སྐབས།  ངེད་མཆེད་པོ་ཡོངས་ཀྱིས་གསོལ་བ་བཏབ་པའི་ངོར།  སྨིན་གྲོལ་གྱི་གདམ་ངག་བཀའ་དྲིན་ཆེན་པོས་རྗེས་སུ་ཐོབ་པ་རྣམས་མི་བརྗེད་དྲན་ཐོ་འགོད་པ་ལ།
དང་པོ་སྨིན་བྱེད་དབང་གི་སྐོར་ནི།  ནོར་བུ་རྣམ་བཞི་ལྟར་ན།  དང་པོ་བརྒྱུད་པ་ཡིད་བཞིན་ནོར་བུ་ལས།  འགྲོ་མགོན་བཀའ་བརྒྱུད་ཡོངས་ཀྱི་གཙུག་རྒྱན་རྒྱལ་བ་མར་མི་དྭགས་གསུམ་གྱི་དབང་དང་།  རྒྱལ་དབང་སྟག་ལུང་ཐང་པའི་བླ་སྒྲུབ་ཀྱི་དབང་།   གཉིས་པ་སྨིན་ལམ་ཡིད་བཞིན་ནོར་བུ་ལས།  ལྷག་པའི་ལྷ་མཆོག་འཁོར་ལོ་སྡོམ་པ་དྲུག་ཅུ་རྩ་གཉིས་ཀྱི་དབང་རྒྱས་པ་དང་།   རྡོ་རྗེ་ཕག་མོ་བཀའ་བབས་སུམ་ལྡན་གྱི་དབང་།  བདེ་མཆོག་ལྷན་སྐྱེས་ཀྱི་དབང་།   གསུམ་པ་ཁ་སྐོང་ཡིད་བཞིན་ནོར་བུ་ལས།  མགོན་པོ་ཕྱག་བཞི་པའི་རྗེས་གནང་གི་དབང་དང་།  དཔལ་ལྡན་ལྷ་མོའི་རྗེས་གནང་གི་དབང་།  དངོས་གྲུབ་ཀུན་འབྱུང་མའི་བཀའ་གཏད་ཀྱི་དབང་།   དབྱི་རྒྱལ་རིན་ཆེན་གྱི་བཀའ་གཏད་བཅས་སྨིན་བྱེད་དབང་གི་སྐོར་རྣམས་ཚུལ་བཞིན་ཐོབ།    གཉིས་པ་གྲོལ་བྱེད་ཁྲིད་ཀྱི་སྐོར་ལས།   ཐོག་མར་ཕྱག་ཆེན་སྔོན་འགྲོ་བཞི་སྦྱོར་ལས།  ཐུན་མོང་བློ་ལྡོག་རྣམ་བཞི་དང་ཐུན་མིན་འབུམ་བཞིའི་སྐོར་གྱི་ཁྲིད་ལུང་དང་།  བརྒྱུད་པ་ཡིད་བཞིན་ནོར་བུ་ལས།  རྒྱལ་བ་མར་མི་དྭགས་གསུམ་གྱི་བླ་སྒྲུབ་དང་།  སྟག་ལུང་བླ་མ་མཆོད་པ།  རྗེ་ཉིད་ཀྱིས་མཛད་པའི་སྟག་ལུང་ཐང་པའི་བླ་སྒྲུབ་བཅས་ཀྱི་འདོན་ཆའི་ཁྲིད་ལུང་ཆ་ཚང་།   སྨིན་ལམ་ཡིད་བཞིན་ནོར་བུ་ལས།  འཁོར་ལོ་སྡོམ་པ་དྲུག་ཅུ་རྩ་གཉིས་དང་།  ཕག་མོ་བཀའ་བབས་སུམ་ལྡན་གཉིས་ཀྱི་བདག་མདུན་བུམ་གསུམ་སོགས་དང་། བདེ་མཆོག་ལྷན་སྐྱེས་དང་།  ཡང་ལྷན་སྐྱེས་ཀྱི་བདག་བསྐྱེད་དང་།   མར་སྟོན་རྡོ་རྗེ་འཆང་གིས་མཛད་པའི་བདེ་མཆོག་ལྷན་སྐྱེས་བཅས་ཀྱི་འདོན་ཆའི་ཁྲིད་ལུང་ཆ་ཚང་།  གྲོལ་ལམ་ཡིད་བཞིན་ནོར་བུ་ལ་ཐབས་གྲོལ་གཉིས་ལས།  ཐབས་ལམ་ནཱ་རོའི་ཆོས་དྲུག་ནི་ངག་དབང་གྲགས་པས་མཛད་པའི་ཆོས་དྲུག་དང་།  སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་།  འཕོ་བ་ཧཱུྃ་སྔོན་མ་བཅས་ཀྱི་ཁྲིད་ལུང་ཆ་ཚང་།   གྲོལ་ལམ་ཕྱག་རྒྱ་ཆེན་པོ་ལ།  ས་ར་ཧ་དང་ཏཻ་ལོ་སོགས་ཀྱིས་མཛད་པའི་དོ་ཧ་མཛོད་བརྒྱད་དང་།  གངྒ་མ།  རྗེ་སྒམ་པོ་པས་མཛད་པའི་ལམ་མཆོག་རིན་ཆེན་ཕྲེང་བ་བཅས་ཀྱི་ལུང་།  རྒྱལ་བ་སྟག་ལུང་ཐང་པས་མཛད་པའི་གཞུང་ཆུང་ཡིད་བཞིན་ནོར་བུ་དང་།  ཕྱག་ཆེན་སྐུ་བཞི་ཁང་བཟང་གཉིས་ཀྱི་ཁྲིད་ལུང་ཆ་ཚང་།  ཁ་སྐོང་ཡིད་བཞིན་ནོར་བུ་ལས།  གཏོར་བསྔོས་དངོས་གྲུབ་ཀུན་འབྱུང་མའི་ཁྲིད་ལུང་།  ཚེ་རིང་མ་དང་།  སྤྲག་དབྱི་གཉིས་ཀྱི་གཏོར་ཆོག་དང་།  བསྐང་གསོལ་འདོན་ཆའི་ཡིག་ཆུང་དང་བཅས་པའི་ལུང་།  གཞན་ཡང་ནོར་བུ་རྣམ་བཞིའི་རྒྱུན་ཁྱེར་པོ་ཏི་ཆ་ཚང་ཁྲིད་ལུང་དང་།
གྲུབ་དབང་མཆོག་གི་གསུང་འབུམ(སྙིང་པོ་དོན་གྱི་ལམ་སྟོན)ལས།  ཐོག་མར་ཉིད་ཀྱི་མཛད་རྣམ་མདོར་བསྡུས་ལུང་དང་།  སྙན་བརྒྱུད་ནོར་བུ་བཞི་སྐོར་གྱི་བརྒྱུད་རིམ་མདོར་བསྡུས་སྐལ་བཟང་ཡིད་ཀྱི་གསོས་སྨན་ཞེས་པའི་ཁྲིད་ལུང་།  དངོས་གྲུབ་ཀུན་འབྱུང་མའི་དམིགས་རིམ་གྱི་ཁྲིད་ལུང་།  སྒྲུབ་བརྒྱུད་བསྟན་པར་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་སྒྲུབ་བླ་རིམ་བྱོན་ལྔ་ཡི་མཛད་རྣམ་མདོར་བསྡུས་ལུང་དང་།   གསོལ་འདེབས་མོས་གུས་གདུང་དབྱངས་ཞེས་པའི་ཁྲིད་ལུང་།    བྱིན་འབེབས་བྱིན་རླབས་མྱུར་སྩོལ་ཞེས་པའི་ཁྲིད་ལུང་།   སྙན་བརྒྱུད་ནོར་བུ་བཞི་སྐོར་རང་ལུགས་བརྒྱུད་པའི་ཉམས་ལེན་ངོ་སྤྲོད་མདོར་བསྡུས་ཞེས་པའི་ཁྲིད་ལུང་།   སྨྱོ་གཏམ་ཆལ་ཆོལ་བྲིས་པ་བླང་དོར་མིག་འབྱེད་ཅེས་པའི་ཁྲིད་ལུང་།   སྔོན་འགྲོ་བློ་ལྡོག་རྣམ་བཞིའི་བློ་སྦྱོང་སྐལ་ལྡན་ཐར་པའི་ལམ་བཟང་ཞེས་པའི་ཁྲིད་ལུང་།  མདོ་སྔགས་སྤྱི་ཡི་ལམ་རིམ་ཐར་པར་བགྲོད་པའི་ཤིང་རྟ་ཞེས་པའི་ཁྲིད་ལུང་།   འཁོར་ལོ་སྡོམ་པའི་མན་ངག་གི་ཟུན་རྒྱན་ཞེས་པའི་ལུང་།  ནོར་བུ་རྣམ་བཞིའི་ཉམས་ལེན་སྐབས་ཀྱི་སྒྲིག་ཡིག་ཅེས་པའི་ལུང་།  འཕྲུལ་འཁོར་གྱི་དམིགས་ཁྲིད་མདོར་བསྡུས་ཞེས་པའི་ལུང་།  ཕྱག་ཆེན་ཁྲིད་ཡིག་བསྡུས་པ་གཅེར་མཐོང་རང་གྲོལ་ཞེས་པའི་ཁྲིད་ལུང་། བདེ་མཆོག་དཀར་ཆག་དངུལ་དཀར་མེ་ལོང་ཞེས་པའི་ལུང་།   སྟག་ལུང་བསྟན་རྒྱས་སྨོན་ལམ་བདེན་ཚིག་རྡོ་རྗེའི་གསུང་ཞེས་པའི་ལུང་བཅས་ཚུལ་བཞིན་ཐོབ་པར་མ་ཟད།
༈ ཞོར་དུ་སྒྲུབ་བླ་བསྟན་འཛིན་གྱིས།  ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་འཛམ་གླིང་གྲགས་པའི་དགོངས་རྒྱན་གྱི་ལུང་དང།  རྒྱལ་རྔའི་ལུང་།  སྙན་བརྒྱུད་འགྲེལ་ཆེན་གྱི་ལུང་བཅས་དང་།
༈ སྒྲུབ་བླ་པ་སངས་ཀྱིས།   ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་གི་སྙིང་པོ་གྲུབ་པའི་བདུད་རྩིའི་ལུང་དང་།   སྟག་ལུང་ཐང་པའི་ཆོས་དྲུག་གི་ལུང་།   ཕྱག་ཆེན་གངྒ་མའི་འགྲེལ་བ་ཡེ་ཤེས་སྒྲོན་མེ་ཞེས་པའི་ལུང་།   གྲུབ་དབང་མཆོག་གིས་མཛད་པའི་ཆོས་དྲུག་དང་སྙན་བརྒྱུད་ཟུང་འབྲེལ་གྱི་ལག་ལེན་ཟིན་བྲིས་མདོར་བསྡུས་གྲུབ་དབང་གོང་མའི་ཞལ་ལུང་ཞེས་པའི་ལུང་།  གྲུབ་དབང་མཆོག་གིས་མཛད་པའི་སྙན་བརྒྱུད་འཕྲུལ་འཁོར་གྱི་སྟངས་སྟབས་ལག་ལེན་རྨད་བྱུང་རབ་གསལ་བྱང་ཆུབ་མྱུར་དུ་བགྲོད་པའི་བ་ལ་ཧ་ཞེས་པའི་ལུང་བཅས་རྒྱ་ཆེར་ཐོབ།

ཨེ་མ།  ཉམས་དགའ་བ་ཞིག་སྟེ།  ཞོགས་པའི་ཉི་འོད་ཀྱི་གློག་བཞུ་ཚར་དུ་དངར་ཞིང་།  མཇོལ་མོ་དང་བྱིའུས་སྐད་སྙན་ལྷང་ལྷང་དུ་སྒྲོག་པའི་ཚེ།  བླ་མ་རིན་པོ་ཆེས་སྒོ་གསུམ་བཅོས་མེད་ཀྱི་ངང་ནས་མཁན་པོ་རྣམས་དང་དཔེ་ཆ་བ་མང་པོའི་ལྷན་དུ་དམ་པའི་ཆོས་ཀྱི་བགྲོ་གླེང་ཟབ་རྒྱས་མཛད་ཅིང་།  སྐབས་འགར་ཁོང་གི་གསུང་སྒྲོས་དག་གིས།  མཁན་པོ་དང་སློབ་གཉེར་བ་དག་ལ་སྨྲ་བརྗོད་བྱེད་རྒྱུ་ཕར་ཞོག  མགོ་བོ་མི་ལྕོགས་པའི་ངལ་བ་ལན་མང་དུ་བྱུང་སོང་།   དེ་ནས་ཁོང་གིས་སྒྲ་བསྒྱུར་མར་པ་ལོ་ཙཱ་དང་རྗེ་བཙུན་མི་ལ་སོགས་མཁས་གྲུབ་གོང་མ་རྣམས་ཀྱི་ཞལ་ལུང་དང་།  ཁྱད་པར་དུ་སྟག་ལུང་ཀུན་མཁྱེན་ངག་དབང་རྣམ་རྒྱལ་གྱི་ཞལ་སྲོལ་དང་།   སྟག་ལུང་མཁས་གྲུབ་མ་སྤྲུལ་ངག་དབང་བསྟན་པའི་ཉི་མའི་མན་ངག་སོགས་ལ་གཞིར་བཅོལ་ཏེ།  འོ་སྐོལ་རྗེས་སུ་འཇུག་པ་དག་གིས་བསྟན་པའི་རིང་ལུགས་ཡང་དག་པར་འཛིན་སྐྱོང་སྤེལ་གསུམ་བྱེད་སྟངས་སྐོར་ལ་བཀའ་སློབ་ནན་གྱིས་གསུང་དོན།  སྟག་ལུང་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་གོང་མའི་རིང་སྲོལ་ཇི་བཞིན་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་རེད་མ་གཏོགས།  སྟག་ལུང་བཀའ་བརྒྱུད་ཀྱི་བླ་མ་གོང་མའི་རིང་ལུགས་ལས་ལོགས་སུ་བཀར་བའམ་གསར་བརྗེ་བྱས་པའི་སྟག་ལུང་བཀའ་བརྒྱུད་ཀྱི་བསྟན་པ་ཞིག་མེད།  རྗེ་མར་མི་དྭགས་གསུམ་ནས་འགྲོ་མགོན་རིན་པོ་ཆེ་ཕག་མོ་གྲུབ་པ་དང་།  ཆོས་རྗེ་སྟག་ལུང་ཐང་པ་ཡབ་སྲས་སོགས་སུ་བརྒྱུད་པའི་ཞལ་སྲོལ་དང་།  ལྷག་པར་དུ་ཀུན་མཁྱེན་ངག་དབང་རྣམ་རྒྱལ་དང་། མ་སྤྲུལ་བསྟན་པའི་ཉི་མ་སོགས་ཀྱི་ཞལ་རྒྱུན་གྱི་ལྟ་གྲུབ་ཐུན་མོང་མ་ཡིན་པ་རྒྱལ་བ་སྟག་ལུང་བཀའ་བརྒྱུད་ཀྱི་རིང་ལུགས་ཚང་ལ་མ་ནོར་བ།  ཡོད་ན་དེས་ཆོག་པ།    མེད་ན་ཐབས་ཆག་པས་མེད་དུ་མི་རུང་བར་གྱུར་པའི་ཟབ་ཆོས་ནི།  ཕྱི་ཡིད་ཆེས་སྐྱེད་པར་བྱེད་པ་བརྒྱུད་པ་ཡིད་བཞིན་ནོར་བུ།  ནང་ཉམས་མྱོང་སྐྱེད་པར་བྱེད་པ་སྨིན་ལམ་ཡིད་བཞིན་ནོར་བུ།   གསང་བ་ཟུང་འཇུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་སྤྲོད་པར་བྱེད་པ་གྲོལ་ལམ་ཡིད་བཞིན་ནོར་བུ།  ལམ་གྱི་ཆ་རྐྱེན་མ་ཚང་བ་མེད་པ་ཁ་སྐོང་ཡིད་བཞིན་ནོར་བུ་སྟེ་སྙན་བརྒྱུད་ནོར་བུ་བཞི་སྐོར་གྱི་མན་ངག་འདི་ཉིད་ཡིན་པས།  གོང་མའི་མཛད་སྲོལ་འདི་དག་འཁྲུལ་མེད་དུ་རྩལ་འདོན་བྱེད་དེ།  ད་ལྟའི་སློབ་གཉེར་བ་རྣམས་ཀྱིས་སློབ་སྦྱོང་དང་སྒོམ་སྒྲུབ་སོགས་བྱེད་རྒྱུ་དང་།  མ་ཟད་ཤེས་ཡོན་པ་དང་མཁན་པོ་རྣམས་པས་འདིའི་སྐོར་ནས་མ་འོངས་པའི་མི་རབས་རྗེས་མ་དག་གིས་མཐོང་ན་ངེས་ཤེས་སྐྱེ་ཐུབ་པའི་ཡིག་ཚགས་ཤིག་བཟོ་ཐུབ་པ་ཡིན་ན་དཔེ་མི་སྲིད་པའི་ཡག་པོ་རེད།  དེ་མ་གཏོགས་མི་ཚེ་རྣམ་གཡེང་དང་གཡམ་རྒྱུག་མཁན་ཤ་སྟག་བྱས་བསྡད་ན།  སྟག་ལུང་བཀའ་བརྒྱུད་ཀྱི་ཆོས་ཀྱི་ཆེ་བ་དང་བརྒྱུད་པ་བཟང་པོའི་མན་ངག་སོགས་གང་འདྲ་ཞིག་ཡིན་པར་ཤེས་མི་ནུས་ཤིང་ཕན་ཡང་མི་ཐོག་པས།  ནོར་བུ་རིན་ཆེན་འདམ་དུ་བྱིང་བ་རེད།   དེས་ན་ཁྱེད་རྣམ་པས་རྣམ་གཡེང་ཆོས་བརྒྱད་སོགས་རྫས་སྦྱོར་མགྱོགས་ཐུག་སྐམ་པོ་ལྟ་བུ་ལ་མི་ཚེ་མི་འཛད་པར།  ངེས་དོན་ནོར་བཞི་བཅུད་ལྡན་མར་གྱི་ཉིང་ཁུ་ལྟ་བུ་དེ་གསོལ་རོགས། གལ་ཏེ་རང་ལུགས་མར་གྱི་ཉིང་བཅུད་ཡི་གར་མི་འཕྲོད་པར་འདུག་ན།  བཀའ་བརྒྱུད་གོང་མའི་རྣམ་ཐར་དང་ལོ་རྒྱུས་སོགས་ལ་ཞིབ་འཇུག་གི་མཁྲིས་སྨན་དེ་ལ་མང་ཙམ་བསྟེན་རོགས་གནོངས་ཤིག་གསུངས།
དེ་ལྟར་ཕ་ཆོས་ཟབ་མོ་རྣམས་ཀྱི་སྨིན་བྱེད་དབང་དང་།  གྲོལ་བྱེད་ཁྲིད།  རྒྱབ་སྐྱོར་ལུང་བཅས་ཚུལ་བཞིན་ཐོབ་པ་དང་།  དེ་བཞིན་རང་ལུགས་བསྟན་པར་སྨན་པའི་ལྷག་བསམ་དཀར་པོའི་བཀའ་སློབ་ཟབ་རྒྱས་རིན་ཐང་དང་བྲལ་བ་སོགས་ལེགས་པར་སྩལ་བའི་བཀྲ་ཤིས་སྐལ་བཟང་གི་དུས་འདིར།   ཐོག་མར་སྐུའི་མདུན་དུ་ཡོང་མཁན་གྱི་གྲོགས་མཆེད་མང་པོ་ཡོད་ཀྱང་གྲུབ་དབང་བླ་མའི་ཞལ་ནས།  སྟག་ལུང་ངག་དབང་གྲགས་པས།  བསྐྱེད་རིམ་འཁོར་ལོ་བདེ་མཆོག་དང་རྡོ་རྗེ་ཕག་མོ།   རྫོགས་རིམ་ནཱ་རོའི་ཆོས་དྲུག་དང་ཕྱག་རྒྱ་ཆེན་པོ།  བཀའ་སྲུང་ཡེ་ཤེས་མགོན་པོ་དང་དུད་སོལ་ལྷ་མོ་ལ་མཛད་པ་འདི་ངེད་རང་བཀའ་བརྒྱུད་གོང་མ་རྣམས་ཀྱི་སྐུ་བསོད་ཀྱིས་ཐོབ་པའི་ཆོས་སྐལ་ཡིན་པས།  རང་རེ་རྗེས་འཇུག་རྣམས་ཀྱིས་ཀྱང་འདྲིས་གཏིང་ཚུགས་པ་རེ་བྱེད་དགོས་པ་ཡིན་གསུངས་ཡོད་པས།  རང་རེ་ཚོས་ཀྱང་སྟག་ལུང་བཀའ་བརྒྱུད་ཀྱི་བླ་མ་གོང་མ་རྣམས་ཀྱི་ཞལ་རྒྱུན་ལྟར་ཟབ་ཆོས་ཀྱི་སྨིན་གྲོལ་གདམས་ངག་འདི་འདྲ་བ་དག་ཞུ་དགོས་ན།  གོང་མའི་རིང་ལུགས་གང་དག་ཇི་བཞིན་དུ།  རྟག་པར་རྒྱུན་ཁྱེར་དང་ཉམས་ལེན་གཉིས་འདྲིས་གཏིང་ཚུགས་པའི་རང་རྐང་ཟིན་ངེས་ཤེས་པའི་ཁས་ལེན་གྱི་ཡི་གེ་དང་ཁག་ཆགས་ཀྱི་མི་སྣ་བཅས་ངེས་གཏན་ཡོད་པར་བྱེད་དགོས།  ཟབ་མོ་སྨིན་གྲོལ་གྱི་གདམས་ངག་འདི་འདྲ་ཞིག་ཞུས་ཚར་ནས་བཟུང་ཉམས་ལེན་དང་རྒྱུན་ཁྱེར་མ་བྱས་ན་དམ་ཉམས་སུ་འགྱུར་བ་ཡིན་པ་ནི།   སྟག་ལུང་ངག་དབང་བསྟན་པའི་ཉི་མས་མཛད་པའི་སྙན་བརྒྱུད་འགྲེལ་ཆེན་གྱི་གཞུང་ལས་འདི་སྐད་གསུངས་ཡོད།   བསྲུང་བྱའི་དམ་ཚིག་རྣམས་ནི་རྩ་བ་དབང་བཞིའི་ཉམས་ལེན་ཡིན་ཞིང་།  དེ་ཡང་བླ་མའི་སྐུ་གསུང་ཐུགས་དང་དབྱེར་མེད་ཀྱིི་དམ་ཚིག་སྲུང་བར་ཚང་བ་ཡིན་ཏེ།  རྒྱ་ཆེ་བ་སྐུའི་དམ་ཚིག་གི་རྩ་བ་བུམ་དབང་གི་ཉམས་ལེན་ཐུན་མོང་ཡིད་བཞིན་ནོར་བུ།   གཉིས་སུ་མེད་པ་གསུང་གི་དམ་ཚིག་གི་རྩ་བ་གསང་དབང་གི་ཉམས་ལེན་ཏེ་སྟེང་སྒོ་རྣམ་པར་གྲོལ་བའི་གཏུམ་མོ་ཆོས་དྲུག།  ཟབ་པ་ཐུགས་ཀྱི་དམ་ཚིག་གི་རྩ་བ་ཤེས་རབ་ཡེ་ཤེས་དབང་གི་ཉམས་ལེན་ནི་ཆགས་བྲལ་རྡོ་རྗེ་འཛིན་པའི་ཉམས་ལེན་མཆོག་གི་གཏུམ་མོ།  ཤིན་ཏུ་ཆེས་ཟབ་པ་སྐུ་གསུང་ཐུགས་དབྱེར་མེད་ཀྱི་དམ་ཚིག་གི་རྩ་བ་ཚིག་དབང་གི་ཉམས་ལེན་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་རྣམས་ཆ་ལག་དང་བཅས་པ་བསྒོམ་པའོ།  །ཞེས་གསུངས་པས།   དེ་ལྟར་བསྲུང་བྱའི་དམ་ཚིག་ནི།   ནོར་བུ་རྣམ་བཞི་གསང་སྔགས་དབང་བཞིའི་ཉམས་ལེན་དང་རྒྱུན་ཁྱེར་ཚུལ་བཞིན་བྱེད་དགོས་པས།  དེ་ལྟར་མི་ནུས་པ་རྣམས་རང་གནས་སུ་ཕྱིར་ལོག་པར་ཞུ་བ་ལས་བྱ་ཐབས་མེད།  དེ་སྔོན་ངས་ཀྱང་མི་ལོ་ཉི་ཤུའི་ལྷག་གི་རིང་ལ་ཟབ་ཆོས་འདི་འདྲ་འཆད་སྤེལ་བྱེད་སྐབས་ཉམས་ལེན་དང་རྒྱུན་ཁྱེར་ཁས་ལེན་མི་བྱེད་པའི་རིགས་ལ་སྨིན་གྲོལ་འདི་འདྲ་བ་གནང་མ་མྱོང་བས་ད་ལྟ་ཡང་དེ་འདྲ་ཡིན་གསུངས་པས།   ཉམས་ལེན་དང་རྒྱུན་ཁྱེར་གྱི་ཁུར་མི་ཐེགས་པའི་ལོ་ཆུང་གི་མཆེད་པོ་མི་ཉུང་བ་ཞིག་ནོར་བུའི་གླིང་ནས་ལག་སྟོང་དུ་ཕྱིར་ལོག་དགོས་པ་བྱུང་སོང་།   ནོར་བུ་རྣམ་བཞི་རྒྱུན་ཁྱེར་གྱི་སྐོར་ནི།  དང་པོ་བརྒྱུད་པ་ཡིད་བཞིན་ནོར་བུ་ལ།  ངག་བྱིན་རླབས་དང་གསོལ་འདེབས་གང་རིགས་ནས་མི་ལའི་བླ་སྒྲུབ་དང་ཕྱག་ཆེན་སྔོན་འགྲོ་སོགས་དང་།   གཉིས་པ་སྨིན་ལམ་ཡིད་བཞིན་ནོར་བུ་ལ།  བདེ་མཆོག་དྲུག་ཅུ་རྩ་གཉིས་དང་ཕག་མོ་བཀའ་བབས་སུམ་ལྡན་གཉིས་ཀྱི་བདག་བསྐྱེད་བསྙེན་པ་ཅི་འགྲུབ་ནས་ཐུན་མཚམས་གཏོར་མ་རྗེས་ཆོག་དང་བཅས།   གསུམ་པ་གྲོལ་ལམ་ཡིད་བཞིན་ནོར་བུ་ལ།  ཐབས་གྲོལ་གཉིས་ཀྱི་མན་ངག་དང་།  བཞི་པ་ཁ་སྐོང་ཡིད་བཞིན་ནོར་བུ་ལ།  དངོས་གྲུབ་ཀུན་འབྱུང་མ་དང་ཚེ་རིང་མ་སྤྲག་དབྱི་གཉིས་སོགས་དང་།  གཞན་ཡང་སྦྱིན་པ་རྣམ་བཞིའི་སྐོར་སོགས་ཀྱང་ཡོད།  དེ་ལྟར་རྒྱུན་ཁྱེར་དང་ཉམས་ལེན་གྱི་སྐབས་སུ།  ཞེན་ལོག་གི་རྐང་གཙུག   མོས་གུས་ཀྱི་མགོ་བོ་གཏེགས།  བྱང་ཆུབ་སེམས་ཀྱི་སྣ་དྲངས།  བསྐྱེད་རྫོགས་ཀྱི་གདེང་བཅའ།  བསྔོ་བའི་རྒྱས་འདེབས་པའི་དམ་པ་གསུམ་གྱི་ར་བ་ལས་མ་འདའ་བར་བྱ་དགོས་པར་གསུངས།   དེ་ལྟར་སློབ་གཉེར་བྱེད་མཁན་རྣམས་ལ་ཆེད་དུ་གསུང་དོན། ཐོས་བསམ་མི་བྱེད་པ་ནི་མི་རུང་བ་ཞིག་ཡིན།  འོན་ཀྱང་དེང་སང་བཀའ་བརྒྱུད་པའི་མཁས་པ་ཚོས་བཀའ་བརྒྱུད་གོང་མའི་ཕྱག་རྒྱ་ཆེན་པོའི་གདམས་ངག་གི་སྙིང་བཅུད་དེ་དག་ལ་ཚིག་གི་བཀྲོལ་བཤད་ཁོ་ནར་བྱེད་ནས་ཉམས་ལེན་ཉམས་མྱོང་དེ་ཉིད་ཉི་མ་སྤྲིན་གྱིས་སྒྲིབ་པ་ལྟར་བྱེད་ཀྱི་ཡོད་པ་ནི།  རྒྱལ་བ་བཀའ་བརྒྱུད་པའི་བསྟན་པའི་ཉམས་རྒུད་ཡིན།   བཀའ་བརྒྱུད་གོང་མ་རྣམས་ཀྱི་བཤད་ཡམ་ཚིག་གི་སྤྲོས་པ་དེ་དག་དོར་ནས།   བླ་མེད་ངེས་དོན་གྱི་སྙིང་པོ་མཐར་ཐུག་འོད་གསལ་ཕྱག་རྒྱ་ཆེན་པོའི་མན་ངག་དེ་ཉིད།  དཀའ་སྤྱད་དང་དཀའ་ཐུབ་ཉམས་ལེན་གྱི་སྲང་ནས་བཏོན་ཏེ།  ཉམས་མྱོང་གི་རྟོགས་པའི་རྒྱན་པས།  བདེ་ཆེན་ཐང་ལ་སྐྱུས་ཐོག་བཅད་ནས་རྡུལ་བྲལ་ཞིང་ལ་སྐྱུས་མགོ་ཐོན་པ་ཤ་སྟག་ཏུ་བྱོན་པ་ཡིན་པར་འདུག་སྟེ།   དེང་སང་གི་བཀའ་བརྒྱུད་པ་རྣམས་ཀྱི་བཀའ་བརྒྱུད་པའི་ལྟ་གྲུབ་དེ་དག་མདོ་ཐེག་ཆེན་ལ་འགྲེལ་རྒྱུ་ཁོ་ནར་རྩལ་འདོན་བྱེད་ཀྱིན་འདུག་པས།  སྔགས་བླ་མེད་ཀྱི་མན་ངག་སྟེ། བཀའ་བརྒྱུད་པའི་མེས་པོ་ཏཻ་ནཱ་མར་མི་དྭགས་ནས་བརྒྱུད་པའི་བཀའ་བརྒྱུད་ཆེ་བཞི་མཆོག་བརྒྱད་རྣམས་ལས་རིམ་པར་བརྒྱུད་པའི་ཐུགས་དམ་གྱི་རྩ་བ།   ཉམས་ལེན་གྱི་སྙིང་པོ་ཐབས་གྲོལ་གཉིས་དང་སྙན་བརྒྱུད་ནོར་བུ་སྐོར་གསུམ་སོགས་ཀྱི་ལྟ་གྲུབ་དག་ཤུགས་ཀྱིས་ཉམས་རྒུད་ལ་འགྲོ་བཞིན་ཡོད།  དེ་ནི་སྟོན་དུས་ཀྱི་ཆར་སྤྲིན་མཁའ་རུ་འཁྲིགས་ཏེ་ཉི་མའི་འོད་མདངས་སྒྲིབ་པ་དང་མཚུངས་པ་རེད།  རྒྱལ་བའི་ལུང་རྟོགས་གཉིས་ཀྱི་བསྟན་པའི་གནས་གཞི་གཙོ་བོ་དེ་ནི།  བཤད་གྲྭ་དང་སྒྲུབ་གྲྭ་གཉིས་ཡིན་པས།   དེ་གཉིས་མེ་ཆུ་འཕྲད་པ་ལྟ་བུར་མི་འཛིན་པར་ཕན་ཚུན་དུ་སློབ་སྦྱོང་དང་ཉམས་ལེན་ལ་བརྩོན་དགོས་པ་རེད།   དེ་ལྟར་མ་བྱས་ཚེ་ལུང་རྟོགས་གཉིས་ཀྱི་བསྡུས་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཇིག་རྟེན་གྱི་ཁམས་འདིར་ཡུན་རིང་དུ་གནས་ཐབས་མེད་ཅེས་གསུངས།   ཁྱེད་རྣམ་པ་སྟག་ལུང་བཀའ་བརྒྱུད་ཀྱི་རིང་ལུགས་བཟང་པོའི་རྗེས་ཤུལ་འཛིན་མི་ཁས་འཆེས་པ་ཞིག་ཡིན་ན།  རང་གི་ཕྲག་ཐོག་གི་ཁུར་པོ་ནམ་ཡང་དོར་དུ་མི་རུང་བ་དེ་དཔེ་ཆ་སློབ་སྦྱོང་ལ་འཐུས་ཤོར་དུ་མི་གཏོང་བའི་ཐོག།   གཙོ་བོ་མེ་ཏོག་ཕོག་པའི་ཟབ་ཆོས་ནོར་བུ་བཞི་སྐོར་ནོར་འཁྲུལ་ལྷད་གསུམ་གྱི་སྐྱོན་དང་བྲལ་བ་འདི་ཉིད།  སྔོན་བྱོན་གོང་མའི་གཞུང་རྐང་ཚད་ལྡན་གྱི་ལམ་ནས་འཛིན་སྐྱོང་སྤེལ་གསུམ་གྱི་ལམ་དུ་བསྐྱོད་དགོས་པར་ཐུགས་ལ་ངེས་དགོས།  ངས་གྲུབ་མཐའ་གཞན་གྱི་ལྟ་སྒོམ་སྐོར་ནས་ཀྱང་བསྙེན་མཚམས་སུ་དུས་ཡུན་ངེས་ཅན་དུ་འདུག་མྱོང་།  འོན་ཀྱང་ཉམས་ལེན་གྱི་གནད་རྣམས་ཕན་ཚུན་ལ་བསྲེས་ཏེ་གཏན་ནས་བསྒྲུབས་མྱོང་མེད།  ཁྱེད་རྣམས་པས་ཀྱང་རང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་གྲུབ་འདི་དག་རང་གཞུང་ཚད་ལྡན་གྱི་ལམ་ནས་འཛིན་སྐྱོང་སྤེལ་གསུམ་གནང་དགོས།  དེ་མ་གཏོགས་རྒྱལ་ཁམས་ཨ་ལོང་བཞིན་དུ་བསྐོར།  གྲོང་ནག་ཐགས་སྤུན་བཞིན་དུ་འགྲིམས་ནས་བསྟན་པ་ནམ་ཡང་བཤིགས་མི་རུང་།   དེ་ཡང་ཚུགས་མེད་པ།  ཨ་སླ་བའི་རྒྱལ་ཁམས་ཨ་ལོང་བཞིན་དུ་བསྐོར་ནས་རང་མགོ་མི་ཐོན་རོགས་མགོ་འཚོ་མདོག་ལྟར་དུ་བྱེད།  ད་དུང་ཆོས་ལུགས་དང་གྲུབ་མཐའ་ལ་ཕྱོགས་ལྷུང་ཁོ་ན་བྱེད་པ་དེང་སང་དུ་ཆེས་མང་བས།  མཁན་འཇིགས་མེད་ཕུན་ཚོགས་ཀྱི་ཞལ་ནས།  རང་ཚུགས་མ་འཆོར།  གཞན་སེམས་མ་དཀྲུག་ཅེས་པའི་གསུང་འདི་ལ་མནོ་བསམ་ཞིག་ཐོངས་དང་ཤིན་ཏུ་ལེགས་ཏེ་འོང་།   དེ་བཞིན་གསང་སྔགས་ཀྱི་ཆོ་ག་ལ་མིག་གིས་བལྟས་པ་ཙམ་དང་།  ངག་ནས་བཏོན་པ་ཙམ་ཞིག་གིས་ཆོག་པར་སེམས་པའི་གྲོང་ནག་ཐགས་སྤུན་བཞིན་དུ་འགྲིམ་མཁན།  ལས་ངན་གྱི་དཀོར་རྒན་གདུག་པ་ཅན་རྣམས་ནི།  རྫ་དཔལ་སྤྲུལ་རིན་པོ་ཆེས།  སྨིན་གྲོལ་གདམ་ངག་དང་བསྙེན་སྒྲུབ་ལས་གསུམ་བསྐྱེད་རྫོགས་ཉམས་ལེན་མེད་ཅིང་།  དམ་ཚིག་མི་གཙང་བ་དང་།  ཆགས་སྡང་རྨོངས་གསུམ་ཁ་ཡེངས་མིག་ཡེངས་ཀྱི་ནོར་འཁྲུལ་ལྷག་ཆད་སོགས་ཀྱི་གསང་སྔགས་ཀྱི་ཆོ་ག་འདོན་པ་ནི།  ཚེ་ལས་འདས་པའི་བར་དོའི་རྣམ་ཤེས་ཀྱི་དེ་ཉིད་ཤེས་ཤིང་རིག་ནས་ཞེ་སྡང་དང་ལོག་ལྟའི་རྒྱུ་བྱས་ནས།  ངན་སོང་དམྱལ་བའི་གནས་སུ་འཕེན་པའི་རྐྱེན་བྱེད་པར་གསུངས་ཡོད་པས།  དེས་ན་སྟོན་ཁའི་ཕྱུགས་གསོད་པའི་ལས་ཀ་བྱེད་མཁན་གྱི་ཤན་པ་ལས་ཀྱང་གྲོང་ནག་གི་དཀོར་རྒན་དག་གི་སྡིག་པ་ཆེ་བ་ཡིན་པས།  ཤི་མ་ཐག་འདྲེ་སྲིན་འབྱུང་པོ་རུ་སྐྱེ་བ་ནི།  གུ་རུ་རིན་པོ་ཆེས།  བཙུན་པ་འཁྲུལ་བ་མ་རིག་པའི།  །དུག་ལྔ་རང་ཁར་འཆོར་བའི་འདྲེ།  །ཞེས་གསུངས་པ་དང་།  ཆགས་མེད་རིན་པོ་ཆེའི་གསུར་བསྔོ་ལས།   དགུན་གསུམ་གྲོང་ཆོག་དཀོར་ལ་བག་མེད་སྤྱོད།   །དེ་བཞིན་འདས་པའི་སྐབས་སུ་དབུལ་ཞིང་བཀྲེས།  །སད་དང་སེར་བ་མུ་གེའི་སྣ་འདྲེན་པ།  །ཁས་ཉེན་དབང་ཆུང་ལྷག་མའི་མགྲོན་རིགས་བསྔོ།  །ཞེས་གསུངས་པ་སོགས་ལའང་ཤེས་པར་མཛོད། དེས་ན་ཁྱེད་རྣམས་རང་ཚུགས་མེད་པའི་ཁར་གཞན་སེམས་དཀྲུག་པར་བྱེད་པའི་རྒྱལ་ཁམས་ཨ་ལོང་བཞིན་དུ་བསྐོར།  གྲོང་ནག་ཐགས་སྤུན་བཞིན་དུ་འགྲིམ་ནས་ཆོས་སྤང་གི་ལས་ངན་བསགས་པ་དང་།  ངན་སོང་གི་རྒྱུ་སྒྲུབ་མཁན་རྣམས་ཀྱི་རྗེས་སུ་མི་འབྲངས་པར།  དལ་འབྱོར་གྱི་མི་ལུས་ལན་གཅིག་ཐོབ་པའི་དུས་འདིར།  སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནི།  བཤད་སྒྲུབ་གཉིས་ལ་འདུས་པ་ཡིན་པས།  བཤད་བརྒྱུད་ཀྱི་གཞུང་ལས་ཐོས་པའི་སྒྲོ་འདོགས་ཆོད་པ་དང་།   སྒྲུབ་བརྒྱུད་ཀྱི་གཞུང་ལས་སྒོམ་སྒྲུབ་ཀྱི་རྒྱལ་ས་ཟིན་པའི་དལ་འབྱོར་གྱི་དོན་འབྲས་ལོན་པ་ཞིག་ཅི་ནས་ཀྱང་མ་འཆུག་ཨང་ཞེས་བཀའ་སློབ་གསེར་ལས་ལྷག་པ་གནང་བའི་སྐབས་སུ་སྙིང་པོ་ཁ་ཤས་ཟིན་ཐོ་རུ་བཀོད་པ་དགེའོ། །

              རྒྱལ་བསྟན་སྙིང་པོ་འགྲོ་མགོན་བཀའ་བརྒྱུད་པའི།  །
བསྟན་པའི་ཡང་སྙིང་ངེས་དོན་ནོར་བཞི་ཡི།  །
བསྟན་པ་རིན་ཆེན་འཛིན་ལ་ཟླ་མེད་པ།  །
དཔལ་ལྡན་སྟག་ལུང་བཀའ་བརྒྱུད་འདི་ཡིན་ནོ།  །

ཞེས་རང་ལུགས་ཀྱི་སྨིན་གྲོལ་ཟབ་མོ་ཐོབ་པ་རྣམས་བརྗེད་ངས་རྐུན་པོས་འཕྲོག་པར་དོགས་ཏེ་རང་དང་མཆེད་གྲོགས་ཡོངས་ལ་ཕན་དུ་རེ་ནས།  བོད་རྒྱལ་ལོ་༢༡༤༧ལོའི་རབ་བྱུང་༡༧པའི་ལྕགས་བྱི་ལོའི་ཧོར་ཟླ་༡ཚེས་༥སྟེ། ཕྱི་ལོ་༢༠༢༠ལོའི་ཟླ་བ་༢པའི་ཚེས་༢༨ནས་བཟུང་བཅུ་ཕྲག་གཅིག་ལྷག་གི་སྐལ་བ་ཐོབ་པའི་ཡུན་དེའི་བར་སྐབས་སུ་གུས་བཙན་སྲས་སམ་སྙིང་པོའི་མིང་ཅན་གྱིས་དྲན་ཐོ་ཡིག་ཐོར་བསྟར་བ་འདིས་ཀྱང་བསྟན་འགྲོར་སྨན་པའི་རྒྱུར་གྱུར་ཅིག་གུ།།  །།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1365