ཕ་ཡུལ་ཡུལ་ཤུལ་ནང་ཆེན་ཟུར་མང་ནས་ཡིན། དངོས་མིང་ལ་ཀརྨ་བདེ་སྐྱིད་ཟེར། ཆུང་ནས་ད་བར་དུ་ས་གནས་ཀྱི་སློབ་གྲྭ་ཆུང་འབྲིང་བརྒྱུད་ཅིང་ད་ལྟ་སྐད་ཡིག་གི་དགེ་རྒན་ཞིག་ཡིན། ང་ལ་མཚོན་ན། སྙན་ངག་ནི་བདེ་སྡུག་གི་ཁུར་བོས་ལྕི་བའི་ས་ཚིགས་དང་། དོ་མི་མཉམ་པའི་སྤྱི་ཚོགས་ཀྱི་འོབ་དོང་ཟབ་མོ་རུ་འཁྱིལ་བའི་རང་དབང་གི་མིག་ཆུ་ཐིག་པ་གང་དེ་ཡིན
ཚོར་བའི་མཐའ།
མཚན་མོ་ནི་ནག་ཧོར་ཧོར་གྱི་ཤོག་ལྷེ་ཞིག་སྟེ
ང་ཚོས་མུན་པའི་མཁའ་རུ་ནག་གོར་གོར་གྱི་ཟླ་བ་བཀལ་ཆོག
ད་དུང་རང་ཉིད་ཀྱོ་ངོ་གདོང་ནག་པོ་མངོན་ལྐོགས་མེད་པར་ཕྱི་རོལ་དུ་བསྟན་ཆོག
གང་ལྟར ངས་མིག་མདུན་ནས་མུན་པ་ལས་ཅི་ཡང་མི་སྣང་ཡང
ང་རང་ཤར་ཕྱོགས་ལ་ཁ་གཏད་དེ་ཉལ་བར་སྤྲོ
འོད་ཟེར་གྱི་ཐིག་པ་རེ་རེས་ངལ་དུབ་ཀྱི་སེམས་པ་སིམ་པར་བྱས
ཐོག་རེག་མེད་པའི་སྣང་བའི་ཆོ་འཕྲུལ་གྱིས་བཞེངས་བའི
འཇའ་ཚོན་གྱི་རི་མོར་ཞེན་ལ
ལོག་ཕེབས་མེད་པའི་རྒྱང་བཞུད་ཀྱི་གཙང་བོར་འཐམ་གྱིན
བདེ་སྡུག་གི་འཐབ་རྩོད་བར་ནས་འགྲེད་ལྡོག་རྒྱབ་ཀྱང
ཡང་སྙིང འུ་ཅག་ལ་ཁ་དོག་དང་རྒྱལ་ཕམ་མེད་པའི
སྐྱ་ཐང་ཐང་གི་ཕ་མཐར་འདེད་འགྲོ
འབུ་གྲོག་མ་བྱེ་ཐང་ནས་འཚིགས་པ་བཞིན
སེམས་འགྱུ།
སྔར་བཞིན་མུན་པར་དགའ
མུན་ནག་ཁྲོད་ནས
རྣམ་རྟོག་སྙེམ་པར་བཏེགས་ཏེ
རྐང་བས་མནན་པའི་ས་ཆེན་ལ་འཁེན་བཞིན
སེམས་པ་སེམས་ཀྱིས་སྲུང་ཆོག
ཆར་བ་ཤག་ཤག་ཏུ་བྱོ་བའི་ནམ་སྨད་རེ་རེར
སྙིང་ལ་འཛེར་བའི་འཁྱག་རླུང་གིས་སྒྱུད་གཞུག་སྦྲིད་དུས
རེ་སྨོན་གྱི་གཏིང་མཐའ་གཞལ་བའི་ངོ་གདོང་བཤུས
སུ་ལ་ཡང་རེ་ལྟོས་མེད་པའི་འཚོ་བའི་ལས་དབང་གི་ཁུད་ནས
མདུན་དུ་སྤོ་དགོས་པའི་གོམ་པའི་ཡང་ལྕི་ཤོར་འགྲོ
ཐ་སྙད་ཀྱིས་བཞེངས་བའི་མཁར་ཤུལ་རེ་རེར
ཐང་ཆད་པའི་རྔུལ་ཆུའི་བྲག་རྡོ་ཉུལ་ཡང
སེམས་པ་གསོ་བའི་སྙན་ངག་ཐན་ཐུན་རེ་ཡོད་མྱོང་བས
ཁེར་རྐྱང་གི་མི་ཚེའི་འགྲུལ་བཞུད་ནན་གྱིས་བསྐྱལ་འགྲོ
ཡུ་མུག་པའི་འཁོར་བ།
སེམས་གཅོང་ཚབ་ཆེན་གྱིས་མནར་འགྲོ་བ་ནི
བདེན་དོན་དང་གནས་ལུས་ཀྱིས་རྒས་པའི
གནས་ལུགས་ཀྱི་ལོང་ཞར་བའི་པང་ལ་འཁོར་བའོ
བརྩེ་དུང་གི་ཆོ་ལོ་ཁུར་བའི་སྐྱེས་པ་ཚོ་ནི
ཤ་ཁྲག་ལ་རྔོམ་པའི་བྱ་རྒོད་དང་འདྲ
བུད་མེད་ཀྱི་ནུ་འབུར་ཏོག་ཅིང
བུད་མེད་ཀྱི་སྐྲ་ལོ་ནས་འདྲུད་ཀྱིན
བུད་མེད་ཀྱི་བསྒལ་ལུད་གཞིབས་ཀྱིན
རུས་རྐང་དང་རྣག་ཁྲག་གསེང་ན་འཚང་བའི་སྐྱག་འབུ་དང་མཚུངས
བདག་གིས་ལང་ཚོ་རྒྱས་པའི་བུད་མེད་དག་མཐོང་མོལ་དུ
སེམས་ཀྱི་ནགས་ཀློང་འོ་དོད་ཀྱིས
གང་འགྲོ་བ་སུ་ལ་ཡང་བཤད་མ་ཕོད
བདག་གིས་ཆག་གྲུམ་ཤོར་ཞིང
ཡུལ་སྡེ་འདིའི་སྲང་ལམ་དུ་འཐོར་བའི
རྣམ་ཤེས་ཀྱི་ལྷུ་ལག་དག་རྒུམ་བཞིན་གྲོས
ལྷིང་འཇགས་ཀྱི་མཚན་མོ་དེར
མི་ཚོགས་དང་ཐག་རིང་ས་ཞིག་ནས་ཡང་ཡང་དུ་ངུས
གཅེས་ཤིང་ཕངས་བ།
དུང་བ་ལྷོད་ལྷོད་ཀྱི་ཚ་རླབས་མཆེད་མྱོང་ཞིང
ཡི་ཆད་མུག་མུག་གི་ཆར་ཤག་བྱོ་མྱོང་བའི
ངའི་སྣང་བའི་མེ་ལོང་དུ་འཁྲབ་སྟོན་གྱི་གར་ལ་མ་བརྩོན་རོགས
སེམས་དང་སེམས་པའི་ས་ཚིགས་ཀྱི་གནའ་གྲོང་དུ
ཆང་དམ་ཧྲུག་ཆག་ཏུ་གཡུག་མྱོང་བ་བདེན་ལ
ཞེ་དང་འདང་བརྩེའི་རྒྱུ་སྐུད་ཀྱི་ཕྱི་ནང་དུ
ཕྱི་ཐག་གི་འཕྱིང་བལ་གཏིང་མྱོང་བ་ཡང་བདེན་དགོས
བདེ་སྡུག་གི་རི་མོ་ལག་ཟུང་གིས་བསྟན་མི་ཐུབ་པ་ཇི་བཞིན
ངལ་དུབ་ཀྱི་སེམས་པ་ཐ་སྙད་ཀྱིས་ཇི་ལྟར་འགྲེལ
ཕྱོགས་ལྷུང་ཆགས་སྡང་གི་བུ་ཡུག་ཇི་ལྟར་འཚུབ་རུང
ངས་ཁྱོད་ལ་རེ་སྨོ་གྱི་སྟོན་ལོ་རྒུམ་གྱིན་ཡོད་པས
རྒྱང་རིང་གི་མཛེས་སྡུག་ལ་ཡིད་ཆེས་བྱོས
འུ་གཉིས།
ཡིད་གཞུང་ཆར་ཐིག་གིས་བརླན་དུས་ཤིག་ལ
ངས་ཁྱོད་ལ་འོ་ཇ་ཞིམ་ཐག་ཆོད་པ་ཞིག་བཀོལ་ངེས
ཁྱེད་ཀྱི་ཚེ་རབས་འདི་ལ
ལས་ཀྱིས་བསྐོས་པའི་ཆུང་མ་ང་ཡིན་པས
སྙིང་ཉེ
ངས་ཚོད་མ་ཞིམ་ཐག་ཆོག་པ་ཞིག་བཟོ་སློབ་ཀྱིན་ཡོད
རྣམ་རྟོག་ཉི་ཚེ་བ་ཞིག་ལ
ང་རང་རླུང་བུ་བཞིན་གང་སར་ལྡིང་ན་འདོད
ང་རང་བྱེའུ་ཆུང་བཞིན་གང་སར་འཕུར་ན་འདོད
འོན་ཀྱང ཐང་དཀར་གྱི་གནས་མལ་བྲག་ཐེམ་འདྲ་བོའི་ཁྱེད་ཨང
ངའི་སེམས་པ་ཡང་ཡང་བསླུས་ཤིང་བཀུག
སྐྱེ་བ་ད་རེས་ལ
མི་ཚེའི་སྐྱ་ཡ་ཟེར་བའི་ཁྱེད་ལགས
ངའི་སྐྱོ་སྣང་གིས་སྦྲིད་སླ་བའི་སེམས་པ་གསོ་རོགས
ལོ་ཟླའི་རྨ་ཤུལ་བཞག་པའི་བདག་གི་ལག་ཟུང་ནས་འཇུ་རོགས
ང་ནི་དེ་འདྲའི་སྐྱོ་བ་མོད་པའི་བུད་མེད་ཅིག་སྟེ
ང་ཁྱེད་ཀྱི་འཛུམ་ཀོང་ཉར་ཏེ་ལོ་ཟླའི་ཁུད་ནས་ངུ་མཁན་ཞིག་ཡིན
ལོ་འདི་དག་ལ་སྙན་ངག་མང་པོ་བྲིས་པའི་ང
ལོ་འདི་དག་ལ་མིག་ཆུ་མང་པོ་གཏོང་བའི་ང
རུས་རྐང་ལ་འཐིམ་པའི་སེམས་ཀྱི་ན་ཚ་རེ་རེས
ཡང་ཤི་ཡང་སོས་ཀྱི་མནར་གཅོད་ཚད་མེད་མྱང་མོད
ད་ནས་ང་ལ་ཁྱོད་ཅེས་པ་ཞིག་ཡོད
ཕ་སྐད་མ་ཡིག་གི་སྒལ་ཚིགས་བཏེགས་པའི་ཁྱོད
མི་ཚེའི་བདེ་སྡུག་གི་ལས་དབང་བཀལ་སའི་ཁྱེད
ངའི་འཁོར་བའི་ཡང་སྙིང་བཅོལ་སའི་ཁྱེད་ཨང
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1358
དཔྱད་མཆན་སྤེལ།