གྲོག་མ།

སྟག་ལུང་མར་ཐང་དབྱི་ཤོད་དཔལ་གྱི་གདན་ས་མདོ་ཁམས་རི་བོ་ཆེ་དགོན་པའི་དུས་མཆོད་ཆེན་མོ་བཞི་ལས། “དབྱར་ཟླ་འབྲིང་པོའི་ནང་གི་མེ་ཏོག་བཀྲམ་མཆོད”དམ་ཡང་ན“དབྱར་མཆོད”ཟེར་བའི་དུས་ཆེན་འདི་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། དད་ལྡན་ལྷ་འབངས་རྣམ་པའི་སེམས་ཀྱི་གཏིང་རུམ་དུ་རྩ་བ་བརྟན་པོར་ཚུགས་ཟིན་པའི་གལ་ཆེན་རང་བཞིན་ཅན་གྱི་ཆོས་ལུགས་དང་འབྲེལ་བའི་གནའ་བོའི་དུས་མཆོད་ཆེན་མོ་ཞིག་ཆགས་ཡོད། དེང་སང་ཡིན་ན་དུས་མཆོད་འདི་ཉིད་བོད་ཟླ་ལྔ་པའི་ཚེས་པ་བདུན་ནས་བཅུ་གཅིག་གི་བར་དུ་འཚོགས་དགོས་ཤིང་། དབྱ༵ར་ཟླ་འབྲིང་པོའི་ནང་གི་མེ་ཏོག་བཀྲམ་མཆོ༵ད་འདི་ལ་མི་རྣམས་ཀྱིས་བརྗོད་བདེ་བའི་ཕྱིར་དུ་དུས་རྒྱུན་མིང་བསྡུས་ཏེ“དབྱར་མཆོད”ཅེས་འབོད་ཀྱིན་འདུག  མེ་ཏོག་བཀྲམ་མཆོད་ནི་མར་ཐང་རི་བོ་ཆེའི་ཁྲི་རབས་གཉིས་པ་ཆོས་སྐུ་ཨོ་རྒྱན་མགོན་པོའི (1293-1366)དུས་ཆེན་ཡིན་པ་སྟེ། དེ་ཡང«ཆོས་འབྱུང་ངོ་མཚར་རྒྱ་མཚོ»ལས་སྟག་ལུང་ཡར་ཐང་གི་ཁྲི་རབས་བཅུ་པ་ཆོས་རྗེ་བྱང་ཆུབ་རྒྱ་མཚོ (1403-1448) མར་ཐང་དུ་ཕེབས་ཚུལ་འཆད་སྐབས་སུ་འདི་ལྟར“སླར་ཡང་ཨོ་རྒྱན་མགོན་པོའི་དུས་ཆེན་དབྱར་མཆོད་ཀྱི་སྟེང་དུ་རྔ་བྲོ་ལ་གཟིགས་རྟོག་དང་རྟེན་ཕྱི་ནང་གི་མཇལ་ཁ་ཞིབ་མོ་གནང”ཞེས་འཁོད་ཡོད། དེ་ལྟར་ན་དབྱར་མཆོད་ནི་ཆོས་སྐུ་ཨོ་རྒྱན་མགོན་པོའི་དུས་ཆེན་ཡིན་པ་དང་། རི་བོ་ཆེའི་ཁྲི་རབས་དྲུག་པ་ཆོས་རྗེ་མི་གཡོ་མགོན་པོའི (1409-1454)སྐབས་ནས་བཟུང་རི་བོ་ཆེར་དབྱར་མཆོད་ཀྱི་རྔ་བྲོ་གར་འཆམ་བྱེད་ཀྱིན་ཡོད་པ་ཡང་ཤེས་ཐུབ་ལ། དེར་མ་ཟད་དུས་མཆོད་འདི་ལ“ཨོ་རྒྱན་མགོན་པོའི་འདས་མཆོད”མི་ཟེར་བར། “ཨོ་རྒྱན་མགོན་པོའིདུས་ཆེན”ཞེས་འབོད་པ་འདི་ལའང་གལ་གནད་ཆེན་པོ་ཡོད་དེ། དུས་ཚིགས་འདིའི་ནང་དུ་ཆོས་སྐུ་ཨོ་རྒྱན་མགོན་པོ་སྐུ་བལྟམས་པ་དང་། རབ་ཏུ་བྱུང་བ། གཙུག་ལག་ཁང་ཆེན་མོའི་ས་འདུལ་མཛད་པ། སྐུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། བླ་མ་ཁོང་དང་འབྲེལ་བའི་དུས་ཆེན་བཞི་འཛོམ་གྱི་གལ་ཆེན་དུས་ཚིགས་ཤིག་ཡིན་པ་རེད། དེ་ཡང«ལྷོ་རོང་ཆོས་འབྱུང»ལས་ཨུ་རྒྱན་མགོན་པོའི་རྣམ་ཐར་འཆད་སྐབས་སུ“ཆུ་མོ་སྦྲུལ་གྱི་ལོ་དབྱར་ཟླ་འབྲིང་པོའི་ཚེས་བརྒྱད་ལ་ཤ་ར་ཐང་སྟོད་དུ་སྐུ་བལྟམས”ཞེས་དང་། “དེ་ནས་དགུང་ལོ་བཅུ་གཉིས་ཤིང་ཕོ་འབྲུག་གི་ལོ་མེ་ཏོག་མཆོད་ཟླའི་ཚེས་བརྒྱད་ཀྱི་དུས་ལ་བབས་པའི་ཚེ……རབ་ཏུ་བྱུང”ཞེས་དང་། ཡང“དེ་ནས་དགུང་ལོ་ཉི་ཤུ་རྩ་བརྒྱད་ཀྱི་ཐོག་ཏུ་ལྕགས་ཕོ་སྤྲེལ་གྱི་ལོ་སྤྲེལ་གྱི་ཟླ་བ་སྤྲེལ་གྱི་ཉི་མ་ལ་གཙུག་ལག་ཁང་ཆེན་པོ་བཀྲ་ཤིས་ལྷུན་གྲུབ་འཛམ་གླིང་རྒྱན་བཞེངས་པའི་ས་འདུལ་དང” ཞེས་དང་། “དགུང་ལོ་བདུན་ཅུ་དོན་བཞི་མེ་ཕོ་རྟའི་ལོ་ཟླ་བ་ལྔ་པའི་ཚེས་བརྒྱད་ལ་གཞན་དོན་དུ་གཤེགས་པར་གྱུར”ཅེས་སོགས་གསལ་བར་འཁོད་ཡོད་པ་བཞིན་ནོ།།

དེ་ལྟར་བརྩིས་ན་ད་ལྟའི་དབྱར་མཆོད་འདི་ནི་ཆོས་སྐུ་ཨོ་རྒྱན་མགོན་པོ་སྐུ་གཤེགས་པའི་ཕྱི་ལོ་སྟེ་རབ་བྱུང་དྲུག་པའི་མེ་མོ་ལུག་གི་ལོར་དབུ་བཟུང་ཡོད་པར་ངེས་ལ། ད་ལོ་སྟེ་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་བྱི་བའི་ལོའི་བར་དུ་མི་ལོ་དྲུག་བརྒྱ་དང་ལྔ་བཅུ་ང་བཞི་ཏག་ཏག་སོང་ཟིན་ཅིང་། རི་བོ་ཆེ་དགོན་པའི་ནང་དུ་སྤྲེལ་ཟླའི་རྔ་འཆམ་བྱས་པའི་ལོ་རྒྱུས་ནི་དེ་ལས་ཀྱང་རིང་བ་སྟེ། དེ་ཡང«ཆོས་འབྱུང་ངོ་མཚར་རྒྱ་མཚོ»ཡི་ནང་དུ“དགུང་ལོ་ཉི་ཤུ་རྩ་བརྒྱད་པ་ལྕགས་ཕོ་སྤྲེའུའི་ལོ་སྤྲེལ་ཟླ་བའི་སྤྲེལ་གྱི་ཉི་མ་ལ་གཙུག་ལག་ཁང་ཆེན་མོ་བཞེངས་པའི་ས་འདུལ་ལ་རྗེ་ཉིད(ཆོས་སྐུ་ཨོ་རྒྱན་མགོན་པོ)ཀྱིས་ཁྲོ་བོ་བཅུ་དྲུག་གི་འགྲོས་དང་། རྒྱལ་ཆེན་སྡེ་བཞིའི་འགྲོས་ལ་སོགས་པའི་རྔ་འཆམ་ཆེན་མོ་མཛད”ཅེས་བྲིས་ཡོད། དེས་ན་བོད་རབ་བྱུང་ལྔ་པའི་ལྕགས་སྤྲེལ་ཏེ་སྤྱི་ལོ༡༣༢༠ལོའི་སྤྲེལ་ཟླ་བའི་རྔ་འཆམ་ཆེན་མོ་བྱས་པ་ནས་ད་ལོ་སྟེ་སྤྱི་ལོ༢༠༢༠ལོའི་སྤྲེལ་ཟླའི་གར་འཆམ་གྱི་བར་དུ་མི་ལོ་བདུན་བརྒྱའི་རིང་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་དོན་སྙིང་ལྡན་ཡོད།

གོང་གི་ལུང་ཚིག་ནང་དུ་སྤྲེལ་ལོ་སྤྲེལ་ཟླའི་སྤྲེལ་ཚེས་ཤིག་ལ་ལྷ་ཁང་ཆེན་མོའི་ས་འདུལ་བྱས་པར་འཁོད་ཡོད་ཀྱང་། སྤྲེལ་ཟླ་གཅིག་གི་ནང་དུ་སྤྲེལ་ཚེས་གཉིས་ནས་གསུམ་གྱི་བར་ཡོད་པས། སྤྲེལ་ཚེས་དེ་ཚེས་གྲངས་གང་ལ་ཁེལ་ཡོད་པ་ནི་ཡིག་ཆ་གཞན་པར་ཡང་མི་གསལ། འོན་ཀྱང་སྤྲེལ་ལོ་སྤྲེལ་ཟླའི་ཚེས་པ་བཅུ་ལ་ལྷ་ཁང་ཆེན་མོའི་ས་འདུལ་གར་འཆམ་དེ་བྱས་མེད་དམ་སྙམ་མོ།། གང་ཡིན་ཟེར་ན། སྤྲེལ་ལོ་སྤྲེལ་ཟླའི་ཚེས་པ་བཅུ་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོ་རུ་སྐུ་འཁྲུངས་པའི་དུས་ཆེན་ཁྱད་པར་བ་དེ་ཡིན་པ་དང་གཅིག  ཆོས་སྐུ་ཨོ་རྒྱན་མགོན་པོ་ཁོང་རང་ཉིད་ཀྱང་ཨོ་རྒྱན་པདྨའི་སྤྲུལ་པ་ཡིན་པར་སྟག་ལུང་གི་བྲག་པ་རིན་ཆེན་རྡོ་རྗེ་ཟེར་བའི་བླ་མ་གྲུབ་ཐོབ་ཅིག་གིས་ལུང་བསྟན་ཡོད་པ་དང་གཉིས། གཙུག་ལག་ཁང་ཆེན་མོའི་ས་འདུལ་དུས་ཚོད་དེ་སྤྲེལ་ལོ་སྤྲེལ་ཟླ་ཞིག་ལ་ཆེད་དུ་བསྟུན་ཡོད་པ་དང་གསུམ་གྱིས་རྗེས་སུ་དཔོག་རུང་བར་འདོད། (གནས་སྐབས་སུ་དེ་ཙམ་ལས་རབ་བྱུང་ལྔ་པའི་ནང་གི་སྤྲེལ་ལོ་སྤྲེལ་ཟླའི་སྤྲེལ་ཚེས་དེ་ཚེས་གྲངས་གང་ལ་ཁེལ་བ་ཕྱིར་རྩིས་བྱེད་པར་རྔོ་མ་ཐོགས་སོ།།)

དེ་ནས་རི་བོ་ཆེའི་ཁྲི་རབས་བཅུ་གཉིས་པ་རྗེ་དྲུང་གྲགས་པ་ལེགས་གྲུབ (1646-1711)ཀྱི་སྐབས་སུ“རྙིང་མ་གྲྭ་ཚང་ཚོགས་ཡོངས་ལ་རྒྱལ་དབང་བདེ་ཆེན་རྡོ་རྗེའི་ཟབ་གཏེར་ཐུགས་སྒྲུབ་ཀྱི་སྒྲུབ་མཆོད་གར་འཆམ་དང་བཅས་པ་ཧོར་ཟླ་ལྔ་པའི་ཚེས་པ་བཅུ་ལ་རྒྱུན་བཙུགས་གནང”བ་ཡིན་ཚུལ«དེབ་ཐེར་རྒྱ་མཚོའི་ཉིང་བཅུད»དུ་གསལ་བར་འཁོད་ཡོད་པ་བཞིན། སྔར་གྱི་དབྱར་མཆོད་དུས་ཆེན་གྱི་སྟེང་དུ་སླར་ཡང“ཚེས་བཅུ་གར་འཆམ་ཆེན་མོ”ཞེས་པའི་སྒྲུབ་མཆོད་ཅིག་བསྣན་ཏེ། སྔར་ལས་ལྷག་པའི་གྲ་རྒྱས་ཕུན་སུམ་ཚོགས་པའི་དུས་མཆོད་ཅིག་ཏུ་ཡར་རྒྱས་བཏང་ཡོད་པར་མངོན། འོན་ཀྱང་ཕྱིས་སུ་རྒྱལ་དབང་བདེ་ཆེན་རྡོ་རྗེ་དང་རི་བོ་ཆེའི་བསྟན་སྲུང་དགེ་བསྙེན་ཆེན་པོ་གཉིས་ཀྱི་བར་ལ་འཁོན་པ་ཞེ་འགྲས་བྱུང་བའི་ལོ་རྒྱུས་གནས་ཚུལ་འོག་ནས། རྒྱལ་དབང་བདེ་ཆེན་རྡོ་རྗེའི་ཟབ་གཏེར་ཐུགས་སྒྲུབ་ཀྱི་སྒྲུབ་མཆོད་དེ་ཉིད་རྒྱུན་འཁྱོང་ཡུན་རིང་མ་བྱུང་བ་འདྲ་ཡང་། ད་ལྟའི་ཚེས་བཅུའི“རྒྱལ་དབང་ཤྭ་འཆམ”འདི་ནི་དེའི་རྗེས་ཤུལ་ལྟ་བུ་ཞིག་ཡིན་པར་གསུངས།

དེའི་ཕྱིས་སུ་སྡོམ་སྟེང་ཁ་སྐྱ་བ་ཚང་དུ་སྐུ་འཁྲུངས་པའི་རྙིང་མའི་བླ་མ་སྐལ་བཟང་ལྷ་སྲས་ཀྱིས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས (1893-1959) ལ་བཀའ་འདྲི་ཐུགས་གྲོས་ཞུས་ཏེ། སྔར་གྱི་དབྱར་མཆོད་ཀྱི་སྟེང་དུ་གཏེར་སྟོན་ཨོ་རྒྱན་གླིང་པས་སྤྱན་དྲངས་པའི«བཀའ་འདུས་ཆོས་ཀྱི་རྒྱ་མཚོ»དང་གུ་རུ་ཆོས་དབང་གི་ཟབ་གཏེར«གསང་འདུས་བླ་མའི་ལས་བྱང»གི་ལེའུ་བརྒྱད་པ་དང་འབྲེལ་བའི་སྒྲུབ་མཆོད་སྦྲགས་མ་གར་འཆམ་དང་བཅས་པ་འདི་ཉིད། སྐྱ་བ་བླ་མས་སྦྱིན་བདག་བྱས་ཏེ་རབ་བྱུང་བཅུ་དྲུག་པའི་ས་བྱི་ལོར་གསར་འཛུགས་མཛད་ཡོད། དེ་ཡང་ཕོ་བྲང་ཆེན་པོ་སྣེའུ་གདོང་རྩེའི་ཕྱག་བཞེས་དང་། ཁྱད་པར་འཇིག་རྟེན་དབང་ཕྱུག་ཀརྨ་པ་སྐུ་ཕྲེང་བཅུ་བཞི་པ་རྒྱལ་དབང་ཐེག་མཆོག་རྡོ་རྗེ (1799-1869)སྐུ་དངོས་ཀྱིས། རྒྱུད་ལུང་མན་ངག་ཚད་མའི་སྒོ་ནས་འཆར་འགོད་གཏན་འབེབ་གནང་བའི་ཚེས་བཅུའི་གར་འཆམ་གཞིར་བཅས་ཏེ། ཕྱོགས་དུས་རྒྱལ་བ་ཀུན་གྱི་ཐུགས་རྗེ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་གྲུབ་པའི་སློབ་དཔོན་པདྨ་སཾ་བྷ་བའི་མཛད་པའི་ཆ་ཤས་ངོ་མཚར་ཚེས་བཅུའི་བཀོད་པ་འདི་ཉིད་རི་ཆེ་སྔ་འགྱུར་རྙིང་མ་གྲྭ་ཚང་གསང་སྔགས་བདུད་འདུལ་གླིང་དུ་འཛུགས་སྲོལ་གནང་བ་བཞིན། འོད་མིན་པདྨ་དྲ་བའི་ཞིང་ཁམས་འཛིན་མའི་ལྗོངས་འདིར་འཕོས་འདྲའི་མཐོང་གྲོལ་ཚེས་བཅུའི་གར་འཆམ་ཆེན་མོ་འདི་ནི་རིག་འཛིན་གོང་མའི་མན་ངག་དང་། མཐོང་བ་བརྒྱུད་པའི་ཕྱག་བཞེས་ཇི་མ་ཇི་བཞིན་དུ་སྤྱི་ལོ༡༩༤༨ནས༡༩༥༨ལོའི་བར་དུ་ལེགས་པར་ཚུགས། དེ་ནས་དམངས་གཙོ་བཅོ་བསྒྱུར་གྱི་སྐབས་སུ་རེ་ཞིག་མཚམས་འཇོག་དགོས་བྱུང་ན་ཡང་། སྲིད་ཇུས་ལྷོད་ཡང་གི་སྐབས་དང་བསྟུན་བཞིན་བླ་མ་གྲགས་པ་རྒྱལ་མཚན་དང་དཔལ་ལྡན་མི་འགྱུར་སོགས་ཀྱིས་གཙོར་བྱས་པའི་སྒོ་ནས་སྔར་གྱི་དབྱར་མཆོད་དང་ཚེས་བཅུའི་གར་འཆམ་ཆེན་མོ་སོགས་རིམ་བཞིན་རི་བོ་ཆེའི་དགོན་པ་རུ་སླར་གསོ་བྱེད་ཐུབ་པ་འདི་བྱུང་།

སྟག་ལུང་རི་བོ་ཆེ་དགོན་པའི་དབྱར་མཆོད་ཀྱི་བྱུང་རིམ་ལ་བལྟས་ན་དུས་ཆེན་སྔ་མའི་རྨང་གཞིའི་ཐོག་ཏུ་སྒྲུབ་མཆོད་ཕྱི་མ་དག་ཁ་སྣོན་བྱས་ཤིང་། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་དག་གྲ་ཇེ་རྒྱས་སུ་སོང་བའི་འཕེལ་རིམ་ཡར་རྒྱས་དང་ལྡན་པ་ཞིག་ཏུ་མཐོང་ཡོང་བ་ཡིན། གོང་འཕེལ་གྱི་རིམ་པ་དང་ལྡན་པའི་དུས་མཆོད་ཆེན་མོ་འདི་ཉིད་དང་པོ་དགོན་པའི་ཡིན་ལ། བར་དུ་སྡེ་དགོན་གཉིས་ཀའི་ཡིན་པ། ཐ་མ་རྒྱལ་ཁབ་དང་འཛམ་གླིང་གི་ཡིན་པའི་འོད་སྟོང་འབར་བའི་དངོས་མིན་རིག་གནས་ཤུལ་བཞག་ཅིག་ཏུ་གྱུར་ཡོད།

མིང་ལ“དབྱར་མཆོད”ཟེར་བའི་རི་བོ་ཆེའི་དུས་ཆེན་འདི་ཉིད་དེང་སང་བོད་ཟླ་ལྔ་པའི་ཚེས་པ་བདུན་ནས་བཅུ་གཅིག་གི་བར་གྱི་ཉིན་ལྔ་ཡི་རིང་ལ་གཏོང་དགོས་ཤིང་། ཚེས་པ་དགུ་དང་། ཚེས་པ་བཅུ། ཚེས་པ་བཅུ་གཅིག་སྟེ་ཉིན་གསུམ་ལ་གར་འཆམ་མི་འདྲ་བ་དཔེར་ན། གསེར་སྐྱེམས། མཚམས་གཅོད། ཤྭ་འཆམ། ཀེང་རུས། གཏུམ་རྔམ། ཚོགས་ལེན། གིང་འཆམ། བྱིན་འབེབ། ཨོ་རྒྱན་གདན་འདྲེན་སོགས་འབག་འཆམ་དང་དམག་འཆམ་རེས་མོས་སུ་སྤེལ་ཏེ་ཚན་པ་དང་རིགས་མི་གཅིག་པ་ཉི་ཤུ་ལྷག་ཙམ་ལྡན་ཞིང་། རྒྱ་ཆེ་བའི་ལྷ་སྡེ་རྣམས་ལ་ཟད་མི་ཤེས་པའི་གཟིགས་མོ་སྤྲོ་བཞིན་ཡོད་པ་རེད། དེ་ལ་མོས་གུས་དང་ལྡན་པས་མཇལ་ན་དང་འདོད་ཡིད་ཆེས་ཀྱི་དད་པས་མཆི་མ་འཁྲུག་ཅིང་བ་སྤུ་ཟིང་བར་བྱེད་ལ། དད་པ་མེད་པའི་མི་ཞིག་གིས་བལྟས་ན་ཡང་གར་གྱི་ཉམས་དགུ་ལ་སོགས་པའི་སྒྱུ་རྩལ་གྱི་བཟི་ཁས། མི་སེམས་ཀྱི་རྒྱ་མཚོ་དྲག་ཏུ་སྐྱོམ་པར་བྱེད་ནུས་སོ།། ནུས་པ་དེ་དང་དེ་དག་གིས་ལྷ་འབངས་མི་མང་ཁྲི་ཕྲག་ཁ་ཤས་ལྷན་གཅིག་ཏུ་སྡུད་པར་བྱེད་ཅིང་། འབྲོག་པ་དང་སོ་ནམ་པ་གཙོ་བོར་བྱས་འཚོ་བའི་ཁ་དོག་དང་རྣམ་པ་མི་འདྲ་བའི་དད་ལྡན་གྱི་ཕོ་མོ་རྒན་གཞོན་ཚང་མས་དགའ་གུས་ཡི་རང་བར་བྱེད། མཆོད་མཇལ་དང་ཚོང་འདུས་ཀྱི་དགའ་སྟོན་ལ་ངོམ་པ་མེད་པར་ཉིན་མང་པོའི་བར་དུ་ལོངས་སུ་སྤྱོད་པར་བྱེད། དེ་ལ་བརྡ་ཁྱབ་དང་སྙན་སྦྱོར་མི་དགོས། ཁྱབ་བསྒྲགས་དང་འུད་སྒྲོག་མི་དགོས་པ་ཡིན་ནོ།།

འདི་དང་འདི་འདྲ་བའི་ཤུལ་བཞག་གི་དངོས་མིན་རིག་གནས་ཤིག་བསྐྲུན་པར་བྱེད་པ་ལ། སྐྱེས་བུ་ཁྲི་སྟོང་མང་པོའི་བློ་གྲོས་དང་འབད་འབུང་ལ་བརྟེན་དགོས་ཤིང་། མི་ལོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འོག་ནས་འབྱུང་དགོས། འདི་ནི་ཤོག་སྒོར་དུང་ཕྱུར་ཡོད་ཀྱང་བསྐྲུན་མི་ནུས་པའི་འཛུགས་སྐྲུན་ཡིན་ནོ།། འདི་ནི་དགོན་པ་དང་ལྷ་སྡེའི་བར་གྱི་དམ་པའི་ཆོས་དང་མཐུན་པའི་མཆོད་སྦྱིན་གསེར་གྱི་ཟམ་པ་ཡིན་ནོ།། འདི་ནི་ཆོས་དང་འཇིག་རྟེན་བར་གྱི་མི་འབྲལ་ལྷན་དུ་འགྲོགས་པའི་འབྲེལ་ཐག་ཡིན་ནོ།།

 

ཞེས་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་བྱི་བའི་ལོ་ཧོར་ཟླ་ལྔ་པའི་ཚེས་པ་བདུན་ཉིན་རི་བོ་ཆེའི་གནའ་བོའི་སྒྲུབ་སྡེ་ཨ་ཅོག་དབེན་པའི་རི་བོ་ནས་བྲིས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttps://www.tbwriters.com/?p=1345